བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་གི་ནོར་འཁྲུལ་དང་ཉེས་པ་ཚབས་ཆེ་ཤོས་ཐོག་མ།

 

རྩོམ་ཡིག་འདི་ནི་སྤྱི་འཐུས་རྒྱུན་ལས་ཀྱི་ཁྲིམས་འགལ་རང་བཞིན་གྱི་བྱུང་རིམ་དང་གནད་དོན་ལ་དབྱེ་ཞིབ་རགས་ཙམ་བྱས་པའི་དཔྱད་བརྗོད་ཅིག་སྟེ། འདིའི་ཐད་ལ་རྨོངས་པ་ཚོར་ཅུང་ཕན་ན་སྙམ་པའོ།།

སྔོན་གླེང་།

༡༩༥༠ ལོར་རྒྱ་ནག་དམར་པོའི་དཔུང་གིས་བོད་གངས་ཅན་ལ་དངོས་སུ་དཔུང་འཇུག་བཙན་འཛུལ་བྱས་ཏེ། ཆབ་མདོའི་དཔུང་སྟོབས་ཆུང་བའི་བོད་ཀྱི་གཞུང་དམག་བཙན་འགོག་རྒྱལ་སྲུང་ལ་དྲག་རྒོལ་གཏོར་བཅོམ་བཏང་བའི་བཙན་དབང་འོག་ཏུ་༡༩༥༡་ཟླ་༥་ཚེས་༢༣ ཉིན་པེ་ཅིན་ཏུ་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་དོན་བཅུ་བདུན་ལ་མིང་རྟགས་འགོད་བཅུག་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་དབང་ཚད་ཡོད་ཚད་འཕྲོགས་པ་རེད། བོད་ཀྱི་རང་བདག་རང་བཙན་ཤོར་བ་རེད། 

བྱ་ཐབས་གཞན་མེད་པས་ལོ་དགུ་ཙམ་ལ་གཞན་དབང་སྟབས་བསྟུན་གྱིས་དོན་ཚན་༡༧ ལྟར་གནས་ཐབས་བྱས་ཀྱང་དེ་ཡང་ཡིག་ཐོག་ཙམ་ལས་དོན་ཐོག་ལ་ཇི་བཞིན་མ་བབས་པས་མཐར་རྒྱལ་ས་ལྷ་སའི་ཡུལ་མི་དང་མདོ་སྟོད་སྨད་ནས་བྲོས་བྱོལ་དུ་འབྱོར་བའི་བོད་མི་ཁྲི་ཚོ་འགས་༡༩༥༩ ཟླ་༣ ཚེས་༡༠ ལ་རང་དབང་སྒེར་ལངས་བྱས་ཤིང་༧གོང་ས་༧སྐྱབས་མགོན་ཆེན་པོ་དང་བཀའ་བློན་རྣམ་པས་གཙོས་བོད་ཆོལ་ཁ་གསུམ་པོའི་མི་མང་ཁྲི་ཚོ་བརྒྱད་རྒྱ་གར་དུ་བཙན་བྱོལ་སྐྱབས་བཅོལ་དུ་སྐྱོད་དགོས་བྱུང་། 

༡༩༦༠་༩་༢ ཉིན་ནས་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་གསར་འཛུགས་བྱས་པ་ནས་གོམ་པ་རིམ་བགྲོད་ཀྱིས་རྩ་ཁྲིམས་མམ་བཅའ་ཁྲིམས་གཏན་འབེབས་དང་མི་མང་གི་དབུ་ཁྲིད་ཐད་ཀར་མི་མང་གིས་འོས་འདེམས་བྱེད་ཐུབ་པའི་དམངས་གཙོ་དང་ཁྲིམས་ལུགས་ཚད་ལྡན་གྱི་ལམ་དུ་བསྐྱོད་ནས་ཀྱང་ལོ་ཉི་ཤུ་ལྷག་སོང་བ་འདི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པའི་ཁྱད་རྟགས་གཙོ་བོ་དེ་ཡིན་ན་ཡང་། ༢༠༢༠་ལོའི་ལོ་མཇུག་ནས་སྲིད་སྐྱོང་གི་ལས་མཇུག་རྫོགས་གྲབས་ཡོད་པའི་སྐབས་སུ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཀ་ཆེན་བཅག་ནས་དམངས་གཙོའི་ལམ་སྲོལ་བཟང་པོར་གཏོར་སྐྱོན་ཚབས་ཆེན་ཞིག་ཕོག་ཡོད། 

 

གཅིག ཁྲིམས་འགལ་རང་བཞིན་གྱི་ནོར་འཁྲུལ་བྱུང་རིམ།

 

ཀ༽ ཐོག་མར་བཅའ་ཁྲིམས་དོན་ཚན་༤༠ པ་དང་འགལ་ཚུལ།

བཅའ་ཁྲིམས་དོན་ཚན་བཞི་བཅུ་པརཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།ཞེས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་དེ་ཟླ་དྲུག་རེའི་ནང་ཐེངས་གཅིག་རེ་ངེས་པར་ཚོགས་དགོས་པ་གཏན་འཁེལ་ཡོད།

༢༠༢༠་༨་༡༧ ཉིན། སྤྱི་འཐུས་རྒྱུན་ལས་ཀྱི་གསར་འགོད་གསལ་བསྒྲགས་ནང་དུ། ༢༠༢༠་ལོའི་ཟླ་ ཚེས་ ༡༦ ཉིན་ནས་ཚེས་ ༢༤ བར་འཚོགས་གཏན་འཁེལ་ཡོད་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་༢༠༢༡ ལོའི་ཟླ་༣ པའི་བར་དུ་འཕར་འགྱངས་བྱས་པ་ཡིན ཞེས་བཤད་ཡོད།

ད་དུང་སྤྱི་འཐུས་ཚོགས་གཙོས། གྲོས་ཚོགས་ཚོགས་པའི་དབང་དུ་བཏང་ནའང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་འགྲོ་འོང་དཀའ་ངལ་གྱི་ཕྱོགས་ནས་རྒྱ་གར་ལས་གཞན་པའི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཅི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད་རྟོགས་ཐབས་དཀའ་བའི་གནས་སྟངས་བཅས་ཀྱི་ཆ་ནས་ཐག་གཅོད་དེ་མ་བྱས་ཐབས་མེད་བྱུང་སྐོར་གསལ་བཤད་གནང་ཡོད། 

བཅའ་ཁྲིམས་སུ། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ ཞེས་པ་འདི་ནམ་རྒྱུན་གྲོས་ཚོགས་འཚོགས་ནས་སུམ་ཆའི་གཉིས་མ་ལོངས་པའི་གནས་སྟངས་འོག་གི་ཚོགས་གཙོའི་དབང་ཚད་ཅིག་ཡིན་པ་ལས་ཚོགས་འདུའི་གྲངས་ཚད་ལོངས་མིན་ཚོད་དཔག་གིས་ཐག་བཅད་ན་ཆོག་པ་ཞིག་ཀྱང་མིན་ལ། སྐབས་དེར་རྒྱ་གར་གཞུང་ནས་མི་མང་འདུ་འཛོམས་འདུ་མི་ཆོག་པའི་བཀའ་རྒྱ་ཡང་གནང་མེད་ལ་ཉེན་ཁ་ཡང་དེ་ཙམ་མེད་པའི་སྐབས་ཡིན་ན་ཡང་། ཚོགས་དུས་ཐེངས་གཅིག་འཕར་འགྱངས་ཀྱི་མིང་ཐོག་ནས་རྦད་དེ་མ་ཚོགས་པ་དེ་སྤྱི་འཐུས་རྒྱུན་ལས་བཅའ་ཁྲིམས་དང་འགལ་ཚུལ་ཐོག་མ་རེད། 

 

ཁ༽ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལམ་སྟོན་བཀའ་ཁྱབ་ལག་བསྟར་མ་བྱས་ཚུལ།

༢༠༢༠་༨་༢༡ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ལ་བཀའ་ཁྱབ་ལམ་སྟོན་གནང་བའི་ནང་དུ། ཚོགས་འདུ་ཕྱིར་འགྱངས་བྱེད་དགོས་པའི་རྒྱུ་མཚན་དེ་དག་བཅའ་ཁྲིམས་བརྩི་སྲུང་མི་དགོས་པའི་རྒྱུ་མཚན་དུ་མི་འགྲོ་ཚུལ་གསལ་བཤད་ཐོག ཚོགས་དུས་༡༠ འཕར་འགྱངས་གསལ་བསྒྲགས་དེ་དུས་ཡུན་ངེས་ཅན་ཞིག་ལ་འཕར་འགྱངས་བྱས་པ་མིན་པར་ཕྱིར་བསྡུ་བྱས་པའམ་མེད་པར་བཟོས་པ་ལྟ་བུ་ཞིག་ཆགས་ཡོད་པས་བཅའ་ཁྲིམས་སུ་དེ་འདྲའི་དབང་ཚད་ཅིག་བསྐུར་མེད་པས་ཁྲིམས་དོན་༤༠ པར་འགལ་འཛོལ་བྱུང་འདུག་པས། སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་དེ་ཁྲིམས་འགལ་ཡིན་པར་ངོས་འཛིན་གྱིས་ནུས་མེད་དུ་བཏང་བ་ཡིན། གསལ་བསྒྲགས་དེ་ཕྱིར་འཐེན་གྱིས་༢༠༢༠་༩་༤་འགྱངས་མེད་བཅའ་ཁྲིམས་ཀྱི་བཀའ་རྒྱ་ལག་བསྟར་ཐུབ་པའི་ཐབས་ལམ་མ་བསྟེན་ཚེ་ཆད་འགེལ་བྱེད་དགོས་ཆགས་རྒྱུའི་བཀའ་ཁྱབ་ལམ་སྟོན་གསལ་པོ་གནང་ཡོད།

༢༠༢༠་༨་༢༤་སྔ་དྲོར། ཚོགས་དྲུང་ནས་ཁྲིམས་དྲུང་ལ་ཁ་པར་ཡང་ཡང་བཏང་ནས་སྤྱི་འཐུས་ཚོགས་གཙོ་གཞོན་ཁྲིམས་ཞིབ་པ་ཆེ་བར་མཇལ་འཕྲད་བྱེད་དགོས་ལུགས་ཨུ་ཚུགས་བྱས། 

ཁྲིམས་སྲོལ་ལྟར་ན། ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་བཏང་བ་ཞིག་ལ། བཀའ་ཁྱབ་གཏོང་ཡུལ་དང་ཁྲིམས་ཞིབ་ཁང་དབར་ལྷན་འཛོམས་གནང་རྒྱུའི་ཁྲིམས་ཡིག་གི་ཆ་རྐྱེན་དང་ལམ་སྲོལ་གཏན་ནས་མེད་པས་རྣམ་འགྱུར་སྟོན་སྟངས་དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གུས་བརྩི་མ་བྱས་པ་ཞིག་ཡིན་མོད་ཀྱང་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ལ་གུས་བརྩི་་མཚོན་ཆེད་མཇལ་འཕྲད་གནང་།

༢༠༢༠་༨་༢༧ ཉིན། སྤྱི་འཐུས་རྒྱུན་ལས་ནས་ཁོང་ཚོས་ཁྲིམས་འགལ་གང་ཡང་བྱས་མེད་པའི་གསལ་འདེབས་ཀྱི་ཡི་གེ་ཞིག་ཁྲིམས་ཞིབ་ཁང་ལ་བཏང། ཁྲིམས་ཞིབ་ཁང་ནས། སྤྱི་མང་གཏུགས་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་དུ་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལག་བསྟར་བྱ་རིམ་ནང་ལ་གསལ་འདེབས་ཡི་གེ་དེ་འདྲ་བདག་སྤྲོད་ཀྱི་ཆ་རྐྱེན་མེད་ཚུལ་གསལ་བཤད་དང་ལྷན། ༢༠༢༠་༨་༢༡ འཁོད་བཀའ་ཁྱབ་དགོངས་དོན་ཉམས་ལེན་དགོས་པའི་བརྡ་ཐོ་དང་བཅས་གསལ་འདེབས་ཡི་གེ་ཕྱིར་སློག་གནང་། 

༢༠༢༠་༨་༢༨ ཉིན། སྤྱི་རྒྱུན་ནས་སླར་ཡང་གསལ་འདེབས་ཡི་གེ་ཕྱིར་འབུལ་དང་ལྷན་དུ། བཀའ་ཁྱབ་དགོངས་དོན་ཉམས་ལེན་དགོས་སྐོར་གྱི་བརྡ་ཐོ་དེ་ཡང་ཁྲིམས་ཡིག་གང་གི་ཆེ་རྐྱེན་འོག་ནས་བཏང་བ་མི་གསལ་བས་མདོར་དོན་བཅའ་ཁྲིམས་དོན་ཚན་༥༨ པ་དང་འགལ་བའི་བཀའ་ཁྱབ ཅེས་ཁྲིམས་ཞིབ་ཁང་གི་ཕྱིར་སློག་བརྡ་ཐོ་དང་། ༢༠༢༠་༨་༢༡ འཁོད་བཀའ་ཁྱབ་དང་བཅས་པ་སྤྱིར་སློག་བྱས།

༢༠༢༠་༨་༣༡ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཀྱང་སླར་ཡང། བཀའ་ཁྱབ་ཉམས་ལེན་དགོས་ཚུལ་གྱི་བརྡ་ཐོ་གཉིས་པ་ཞིག་བཏང་བའི་ནང་དུ། བཅའ་ཁྲིམས་དོན་ཚན་༥༨ པ་ཁྲིམས་ཡིག་གི་བྱ་རིམ་ཞིག་མིན་པ་དང་། སྤྱི་མང་གཏུགས་གཤེར་དོན་ཚན་༦༩་ནང་གསེས་ཁྲིམས་ཀྱིས་ངོས་བཞེས་བརྒྱུད་གནང་བའི་བཀའ་ཁྱབ་ཕྱིར་སློག་དང་། སྤྱི་མང་ཁྲིམས་ཡིག་༣༣ ཁ་གཞིར་བཟུང་གི་བརྡ་ཐོ་ཕྱིར་སློག་བྱས་པ་དག་ཁྲིམས་དོན་དང་མཐུན་པ་བཟོ་བའི་ཐབས་ལམ་མ་བསྟེན་པར་རྩིས་མེད་བཏང་ན། སྤྱི་མང་ཁྲིམས་ཡིག་དོན་ཚན་༢༨ པ་བརྩི་འཇོག་མ་བྱས་པ་ཆགས་ཉེན་ཆེ་ཚུ། ༢༠༢༠་༨་༢༡་ ༏ཁོད་བཀའ་ཁྱབ་དགོངས་དོན་དུས་བཀག་ནང་ཚུན་ཉམས་ལེན་ཞུ་དགོས་པ་བཅས་ཁྲིམས་དོན་ལྟར་ལམ་སྟོན་ཁ་གསལ་གནང་འདུག 

༢༠༢༠་༩་༡ ཉིན། སྤྱི་རྒྱུན་ནས། ཁྲིམས་ཀྱི་བྱ་རིམ་བརྩེ་མེད་ཡོང་བའི་ཞུ་སྐུལ་ཞེས་པ་ཞིག་བཏང་འདུག

༢༠༢༠་༩་༤ ཉིན། ཁྲིམས་ཞིབ་ཁང་ནས། ཞུ་སྐུལ་ངོས་བཞེས་གནང་ཐབས་མེད་པ་དང་ཆད་འགེལ་ཕོག་རྒྱུའི་བཀའ་ཁྱབ་གསལ་ཞིང་རྒྱས་པ་ཞིག་བཏང་བའི་མཇུག་ཏུ། བཅའ་ཁྲིམས་དོན་ཚན་༤༠ པར་གནོད་འགལ་ཚབས་ཆེན་བྱས་པའི་ནོར་འཁྲུལ་དེ་རིགས་ཕྱི་ལོ་༢༠༢༠་༩་༢༨ ནང་ཚུན་ཁྲིམས་མཐུན་བཟོ་རྒྱུའི་ཐབས་ལམ་མ་བསྟེན་ཚེ། བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་མ་བསྒྲུབས་པ་དང་། བཅའ་ཁྲིམས་དང་ཁྲིམས་ཡིག་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན་ཞུ་དགོས་པའི་བོད་ཀྱི་ཡུལ་མིའི་ལས་འགན་མ་བླངས་པའི་བྱེད་འཛོལ་ལ་དམིགས་ཏེ། སྤྱི་མང་གཏུགས་གཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་༥༡ དགོངས་དོན་ལྟར། གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱེད་དགོས་ཆགས་རྒྱུ་ཞེས་བཀའ་ཁྱབ་གནང་ཡོད། 

གོང་གསལ་བརྒྱུད་རིམ་ཁག་ལ་ཞིབ་མོར་བརྟགས་ན་སྤྱི་རྒྱུན་གྱིས་ཁྲིམས་ཡིག་གི་དོན་ཚན་གང་རུང་ཞིག་དང་མཐུན་པའི་ལན་འདེབས་ཤིག་རྩ་བ་ནས་གནང་ཐུབ་མེད་པར་མ་ཟད་ཁྲིམས་རྨོངས་ཀྱི་སྤྱོད་ཚུལ་དུ་མ་ཞིག་བསྟན་ཡོད་པ་གཟུར་གནས་བློ་ལྡན་རྣམ་པས་གསལ་རྟོགས་ཐུབ་བོ།

དེ་ནས་ཁྲིམས་འགལ་གང་བྱས་ཡོད་དམ།

 

ག༽ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀའ་ཁྱབ་མ་བརྩིས་པ།

༢༠༢༠་༩་༢༥ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐོག་མའི་འབྱུང་རྐྱེན་དང་བར་གྱི་བྱུང་རིམ་བཅས་པ་ཧ་ཅང་ཞིབ་གསལ་གྱི་ཤོག་ངོས་༡༣ ཅན་གྱི་གསལ་བཤད་དང་བཅས། འོས་བསྡུའི་དོན་ཚན་༤ ནང་གསལ་བཞིན། བཀའ་ཁྱབ་བཏང་ཚེས་༢༠༢༠་༩་༢༥ ནས་༢༠༢༡ ཟླ་ ཚེས་ ༡༡ བར་དུ། སྤྱི་འཐུས་རྒྱུན་ལས་བཅུ་གཅིག་གི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་ཆད་འགེལ་བཀའ་ཁྱབ་བསྒྲགས་ཡོད།

ཉིན་དེའི་སྲོད་ལ། སྤྱི་འཐུས་རྒྱུན་ལས་ནས་ཀྱང་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀའ་ཁྱབ་ལ་ངོས་ལེན་མེད་པའི་ཤོག་ངོས་བཞི་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད་པ་མ་ཟད། མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གྱི་ས་མཚམས་ལས་བརྒལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་དེར་ངོས་ལེན་ཞུ་ཐབས་མེད་ཚུལ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གོང་དུ་བསྡད་ནས་ཐག་གཅོད་བྱས་པ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གཙོས་འབྲེལ་ཡོད་ཚང་མས་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་དེར་ངོས་བཞེས་གནང་ན་འགྲིག་ཐབས་མེད་པར་བརྟེན་དེ་དོན་དགོངས་འཇགས་དགོས་པ་དང་། གནད་དོན་འདི་འབྲེལ་དགྲ་དགའ་གཉེན་སྡུག་སོགས་ཀྱི་དཀའ་རྙོག་བྱུང་རིགས་ཡོངས་རྫོགས་ཁྲིམས་ཞིབ་ཕ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ། ཁྲིམས་པ་གཞན་བསྟན་འཛིན་ལུང་རྟོགས་རྣམས་ནས་འགན་འགན་འཁུར་དགོས་ཞེས་མ་རྟོགས་ལོག་རྟོག་དང་བཅས་པའི་ཧམ་བཤད་བྱས་ཡོད།

འོན་ཀྱང་། མཚར་པོ་ཞིག་ལ། སྲིད་སྤྱིའི་འོས་འདེམས་སྐབས་སུ་སྤྱི་རྒྱུན་༡༡ སུ་ཡང་འོས་ཤོག་འཕེན་པར་སོང་མེད་པས། ངོས་ལེན་མེད་པའི་ཁ་ཕོ་ཆེན་པོ་དེ་དབུགས་ལྒང་རྡོལ་བ་ལྟར་དུ་གྱུར་པ་མ་རེད་དམ། 

རྗེས་སུ་སྤྱི་ལྷན་ཚོགས་གཙོས་གྲོས་ཚོགས་ནང་ལ་དེ་ནི་ཁྲིམས་ཞིབ་ཁང་གི་བཀའ་རྒྱ་ལ་ངོས་ལེན་བྱས་པ་མིན་པར་མི་མང་ནང་རྙོག་གྲ་མི་ཡོང་ཆེད་བསམ་ཤེས་བྱས་པ་ཡིན་ཚུལ་གསུངས་འདུག དེ་ལྟར་ཡིན་ན་ཡང་ཅི་མ་རུང་སྟེ། དེ་ལས་ལྡོག་ཕྱོགས་སུ་གྱུར་ནས་ཁྲིམས་ཞིབ་ཁང་གི་སྒོ་བརྒྱབ་ནས་བཅའ་ཁྲིམས་སླ་བཅོས་བྱས། དེ་ཡང་མཇུག་སྐྱོང་གྲུབ་འབྲས་མ་ཐུབ་པར་ད་ལྟ་སྤྱི་ལྷན་གྱི་ཚོགས་ཁང་སྟོང་པར་ལྷགས་པའི་གནས་སྟངས་དང་མི་མང་ནང་ལ་ཡང་འགལ་ཟླ་ཆེན་པོ་ཞིག་ཆགས་པའི་གནས་སྟངས་འདི་བྱུང་བ་རེད། ད་སོམས་དང། གནད་དོན་འདི་འབྲེལ་དགྲ་དགའ་གཉེན་སྡུག་སོགས་ཀྱི་དཀའ་རྙོག་བྱུང་རིགས་ཡོངས་རྫོགསསུ་དང་སུས་བྱས་འདུག

དེའི་རྗེས་ཁྲིམས་འགལ་ཚབས་ཆེན་ཞིག་བྱས་ཡད་པ་དེ་ཅི་ཡིན་ནམ། མུ་མཐུད་ཀློགས།

 

ང༽ བཅའ་ཁྲིམས་དོན་ཚན་༥༤ པ་དང་འགལ་བའི་སྤྱི་ལྷན་གྱི་ནོར་འཁྲུལ་ཚབས་ཆེན།

༢༠༢༡་༣་༢༥ ཉིན། ཁྲིམས་ཞིབ་པ་རྣམ་པ་གསུམ་པོ་འཕོ་འགྱུར་གཏོང་རྒྱུའི་སྤྱི་རྒྱུན་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣༩ པ་གྲོས་ཚོགས་སུ་ཁྱེར་ཡོང་ནས། སྤྱི་ལྷན་ཚོགས་གཙོ་གཞོན་གཉིས་གཙོས་རྒྱུན་ལས་ཚོས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གནང་སྟངས་དེ་བཅའ་ཁྲིམས་དོན་ཚན་ ༦༦ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་དང་། དོན་ཚན་༥༨་པ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་དེར་འགལ་ཡོད་ཚུལ་སོགས་དང་། གྲོས་ཆོད་དེ་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཚུལ་བཤད་དེ་དུས་ཐུང་གི་བགྲོ་གླེང་ཙམ་བྱས་རྗེས། ཚོགས་གཙོའི་བཀའ་ལྟར་གསང་བའི་འོས་ཤོག་བླུགས་ནས་གྲོས་ཆོད་དེ་མང་མོས་ཐག་གཅོད་ཀྱི་གཏན་ཕབ་ཆགས་པ་རེད། སྐབས་དེར་སྤྱི་འཐུས་མང་པོ་ཞིག་མགོ་རྨོངས་ཡོད་པ་རྗེས་སུ་སྤྱི་འཐུས་མང་མོས་ནོར་འཁྲུལ་ངོས་ལེན་བྱས་གསལ་ལྟར་རེད།

གྲོས་ཆོད་དེ་ནི། བཅའ་ཁྲིམས་ཀྱི་ལེའུ་ལྔ་པ་ཁྲིམས་བཟོའི་དབང་འཛིན་གྱི་དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ་གྱི་བྱ་རིམ་དང་དབང་ཚད་ལས་ཆེས་ཆེར་འགལ་ཡོད་དེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག ཅེས་ཧ་ཅང་ཀ་གསལ་པོ་བསྟན་ཡོད། འོན་ཀྱང་སྤྱི་ལྷན་གྱིས་བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསེས་༤ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ།་་་ ་་་ཞེས་པ་འདི་ཁོ་ནའི་རྩ་འཛིན་གྱིས་དོན་ཚན་༥༤་གྲོས་བསྡུར་བཀག་སྡོམ་གྱི་བྱ་རིམ་དེ་རྩིས་མེད་བཏང་ཡོད། 

དེ་བས། བཅའ་ཁྲིམས་དོན་ཚན་ལྔ་པ་བཅའ་ཁྲིམས་ཀྱི་ཚད་འཛིན་ལས།  ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ཞེས་པའི་ཁྲིམས་ལུགས་དང་འབྲེལ་བའི་འགལ་འཛོལ་གྱི་གྲོས་ཆོད་ཅིག་ཡིན་པས་རང་བཞིན་གྱིས་རྩ་འཛིན་མེད་པའམ་ནུས་མེད་ཆགས་ཡོད།

ཉིན་འདི་ནས་བཟུང་ཁོ་ཚོ་མུ་མཐུད་དུ་ཁྲིམས་འགལ་དང་ནོར་འཁྲུལ་གྱི་ལམ་ལ་ཞུགས་དགོས་བྱུང་བ་རེད། མུ་མཐུད་ཀློགས་ཨ།

 

ཅ༽ བཅའ་ཁྲིམས་སླ་བཅོས་ཀྱི་ནོར་འཁྲུལ། 

༢༠༢༡་༣་༢༦ ཉིན། སྤྱི་རྒྱུན་ནས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༤༢ པ་སྟེ། བཅའ་ཁྲིམས་བསྐྱར་བཅོས་དོན་ཚན་ ཅན་ཞིག་བཏོན་ཡོད།

བཅའ་ཁྲིམས་དོན་ཚན་རེ་གསུམ་པ་དོན་ཚན་དང་པོ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” 

དེ་བཞིན་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང་། ཚོགས་མི་གཉིས་ནས་བཞི་བར་དགོས་པ་བསྐོ་བཞག་ཚུལ་ཡང་གཅིག་གྱུར་བཟོས་ཏེ། སྔོན་མ་དམངས་གཙོའི་ཀ་བ་གསུམ་པོ་ལྷན་འཛོམས་ཀྱིས་བསྐོ་འཛུགས་བྱ་དགོས་པ་དེ་ད་ལྟ་ཀ་པ་གཅིག་མ་ཚང་ཡང་འཐུས་པར་སླ་བཅོས་བྱས་ཡོད།

བཅའ་ཁྲིམས་དོན་ཚན་རེ་དྲུག་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་དོན་ཚན་བདུན་ལས། གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང༌།ཞེས་པ་ཕྱིར་བསྡུ་བྱས། རྩོད་གཞི་ཁག་དུ་མ་ཞིག་ལ་ཁྲིམས་ཞིབ་བྱེད་མི་དགོས་པ་ཡིན་ནམ་ཅི།

བཅའ་ཁྲིམས་དོན་ཚན་རེ་བདུན་པ། “ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། སྒྲིག་གཞི། བཅའ་ཁྲིམས་འདི་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་འཆར་འབུལ་ལ་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ ཞེས་པ་འདི་དེ་སྔོན་ཁྲིམས་ཞིབ་པ་གསུམ་སྤྱི་མོས་ཀྱིས་གཏན་འབེབ་གནང་ཆོག་པ་དེ་ཡང་སྤྱི་ལྷན་ནས་བཀའ་འཁྲོལ་དགོས་པར་བཟོས་ཏེ་ཡང་ཁྲིམས་ཞིབ་པའི་དབང་ཚད་ཇེ་ཆུང་ལ་བཏང་ཡོད།

བཅའ་ཁྲིམས་དོན་ཚན་བཞི་བཅུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་དང་འབྲེལ། འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང༌། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ། ཞེས་པ་དེར། འོན་ཀྱང་། ནད་ཡམས་དང་དམག་འཁྲུག འབྱུང་བའི་འཇིག་པ་བཅས་གང་རུང་དབང་གིས་དཀའ་ངལ་ལྡོག་མེད་འཕྲད་སྐབས་ཚོགས་འདུ་ཕར་འགྱངས་བྱ་ཆོག་པ་དང་། དུས་ཚོད་ངེས་ཅན་ནང་སྔོན་རྩིས་འཆར་འབུལ་དང་བཀའ་འཁྲོལ་བྱ་དགོས་རྣམས་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གིས་ཞིབ་འཇུག་དང་འབྲེལ་བཀའ་འཁྲོལ་གཏན་འབེབས་བྱ་ཆོག” ཅེས་སྤྱི་རྒྱུན་གྱི་དབང་ཚད་ཆེར་བཏང་བ་ཙམ་ལས་གྲོས་ཚོགས་ཚོགས་ཐུབ་པའི་ཐབས་ཚུལ་གསར་བ་བཟོས་མེད།

སྤྱི་རྒྱུན་ཚོས་ནད་ཡམས་དབང་གིས་གྲོས་ཚོགས་ཚོགས་མ་ཐུབ་པའི་སྡུག་སྐད་གྱིས་ཁྲིམས་འགལ་བྱས་པ་འགེབས་སྲུང་བྱས་ཡོད་ན་ཡང་། གྲོས་ཚོགས་དྲ་ལམ་བརྒྱུད་ཚོགས་ཆོག་པ་ལྟ་བུའི་སྟབས་བདེའི་ཐབས་ལམ་བཟོས་མེད་པས་དེའི་རྗེས་ནས་གྲོས་ཚོགས་འཕར་མ་ཡང་ཚོགས་མ་ཐུབ་པ་རེད། ཐབས་ལམ་བཟོ་དགོས་པ་དེ་མི་བཟོ་བ་དེ་ཅི་ཡིན་ནམ། གནད་དོན་རེད།

བཅའ་ཁྲིམས་དོན་ཚན་ང་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པའི་ནང་གསེས་དང་པོ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་རྒྱུན་ལས། གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག་གི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་། ཐག་གཅོད་བྱེད་ཕྱོགས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག འདིའི་ནང་ལ་གཙོ་བོ བཅའ་ཁྲིམས ཞེས་པ་ཁ་སྣོན་བྱས་ཡོད། 

དེ་སྔོན་སྤྱི་རྒྱུན་ཚོས། དོན་ཚན་༥༨ པའི།  སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ཅེས་པ་འདི་ལུང་དྲངས་ཏེ་ཁྲིམས་ཞིབ་ཁང་ནས་སྤྱི་ལྷན་ལ་བཀའ་ཁྱབ་བཏང་བ་དེ་བཅའ་ཁྲིམས་ཀྱི་གོང་དུ་བསྡད་པའི་དབང་ཆ་ཡིན་ཚུལ་ལ་བསྙོན་པ་རེད། ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་ལ་འགལ་མིན་བྱ་ར་བྱས་པ་ལས་སྤྱི་ལྷན་གྱི་སྒྲིག་གཞི་དང་མཐུན་མིན་ལ་རྩད་གཅོད་བྱས་པ་མིན་ཚུལ་བཤད་ན་ཡང་ཁས་བླངས་མེད། 

འོན་ཀྱང་བཅའ་ཁྲིམས་བསྐྱར་བཅོས་སྐབས་སུ། དོན་ཚན་༥༨ པ་དེའི་ནང་། བཅའ་ཁྲིམས ཞེས་ཁ་བསྣན་པ་དེས་ཁོ་ཚོའི་ཁས་ལེན་ཤོར་བ་གསལ་བོར་བསྟན་ཡོད། 

སྟབས་ལེགས་ནས་བསྐྱར་བཅོས་འདི་གཏན་འབེབས་ཐུབ་མེད་སོང་མ་གཏོགས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེས་སྤྱི་རྒྱུན་དང་སྤྱི་ལྷན་གཉིས་བཅའ་ཁྲིམས་ལ་འགལ་ཉེས་རིགས་བྱུང་ན་ཡང་རྩད་གཅོད་མི་ཆོག་པ་ཞིག་བཟོ་རྩིས་བྱས་པ་རེད། 

བསྐྱར་བཅོས་འདི་དག་གི་དམིགས་ཡུལ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཕྱོགས་ཡོངས་ནས་ཇེ་ཆུང་དུ་བཏང་ནས་སྤྱི་ལྷན་གྱི་དབང་ཚད་བཅའ་ཁྲིམས་ཀྱི་སྒང་ན་ཡོད་པ་ཞིག་བཟོ་རྩིས་མ་རེད་དམ། ཚོགས་གཙོ་གཞོན་གྱིས་གཙོས་པའི་རྒྱུན་ལས་དང་སྤྱི་འཐུས་རྣམས་ཀྱིས་འདི་དག་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པ་ངོས་མ་ཟིན་པ་ཡིན་ནམ་ཅི། མང་ཆེ་བ་ཁྲིམས་རྨོངས་པ་ཡིན་ཐག་ཆོད། 

དེ་ནས་ཡང་ནོར་འཁྲུལ་ཁྱད་མཚར་རིམ་ཅན་དུ་བྱས་ཡོད། ཀློག་འདོད་དམ།

 

ཆ༽ སྤྱི་ལྷན་ཚོགས་གཙོ་དང་རྒྱུན་ལས་མང་ཆེ་བས་དགོངས་པ་ཞུས་པའི་ནོར་འཁྲུལ།

༢༠༢༡་༤་༨ ཉིན། སྤྱི་འཐུས་ཚོགས་གཙོ་དང་རྒྱུན་ལས་བློ་བཟང་ཆོས་འབྱོར་གཉིས་ཀྱིས་རྒྱུན་ལས་ནས་དགོངས་པ་ཞུས། ཚོགས་གཙོས་དགྲ་དགའ་གཉེན་སྡུག་གི་གནས་སྟངས་འདི་ཁྲིམས་ཞིབ་པ་རྣམ་པར་བརྟེན་ནས་བྱུང་ཚུལ་ངོས་འཛིན་དང་ལྷན་དུ། ད་སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་ཤུགས་ཆེན་པོ་ཞེ་དྲགས་བྱུང་སོང་བས། དེར་བློ་ཕམ་ཡོད་ཅེས་ངས་དགོངས་ཞུའི་ནང་བྲིས་ཡོད། ཟམ་གདོང་རིན་པོ་ཆེར་བཅར་འདྲི་ཞུས་པ་དེའི་ཐོག་ནས་འགན་གཡོལ་ཐབས་མེད་པ་ཞིག་ཆགས་ཀྱི་འདུག རིན་པོ་ཆེ་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་དང་བསྐྱར་བཅོས་ཚོགས་ཆུང་གི་ཚོགས་མི་ཡིན་པ་དང་། བཅའ་ཁྲིམས་གཏན་འབེབ་སྐབས་ཚོགས་གཙོ་ཡིན་སྟབས། རིན་པོ་ཆེས་དེ་འདྲ་གསུངས་ཡོང་དུས་ངས་གོ་ནའང་མ་གོ་མདོག་མདོག་བྱས་ནས་འགན་མ་འཁུར་བའི་རྣམ་པ་ཞིག་མཐོང་གི་འདུག དེར་བརྟེན་དགོངས་པ་ཞུས་ཡིན། ཞེས་བཤད་ཡོད།

གལ་ཏེ་རང་གནོང་མེད་ན་ཟམ་གདོང་རིན་པོ་ཆེས་བཅའ་ཁྲིམས་ཀྱི་ཚིག་དོན་གསལ་བཤད་གནང་བ་ཙམ་ལ་བརྟེན་ནས་དགོངས་པ་ཞུ་དགོས་དོན་མེད། མུ་མཐུད་དུ་རང་གིས་སྒྲུབ་འོས་པ་དག་སྒྲུབ་དགོས། དེ་མ་བསྒྲུབས་པས་འགན་མ་ཁུར་བའི་ནོར་འཁྲུལ་དགོངས་ཞུ་ཡིན་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་ཞིག་ཀྱང་ཆགས་ཡོད།

དེ་ནས་སྤྱི་རྒྱུན་བློ་བཟང་ཆོས་འབྱོར་གྱིས། ཡིག་ཐོག་གསལ་བསྒྲགས་སྤེལ་བའི་ནང་། དེ་རིང་ ༢༠༢༡ ཟླ་ ཚེས་ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བདག་གི་སློབ་དཔོན་ཟམ་གདོང་རིན་པོ་ཆེར་གནད་འདིའི་ཐོག་བཅར་འདྲི་ཞུ་སྐབས། བཅའ་ཁྲིམས་དོན་ཚན་ ༦༧ འོག་ཁྲིམས་ཞིབ་ཁང་ལ་དེ་ལྟར་ཁྲིམས་བཟོ་བའི་དབང་ཚད་ཡོད་པ། དེ་ནི་བཅའ་ཁྲིམས་ཀྱི་གོང་དུ་བསྡད་མེད་པ། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་ ༤༩ གཙོས་པའི་གོ་བ་ལེན་སྟངས་ཐད་ཀྱང་རང་ཉིད་ལ་ནོར་འཁྲུལ་བྱུང་འདུག་ན། སྙིང་ཁོང་རུས་པའི་གཏིང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ། བོད་མི་མང་བཅས་ལ་དགོངས་སེལ་ཞུ་རྒྱུ་མ་ཟད། སྤྱི་འཐུས་ཀྱི་ལས་འགན་ནས་ཀྱང་དགོངས་པ་ཞུས་པ་ཡིན། གནད་དོན་འདིའི་སྔ་ཕྱི་བར་གསུམ་ཡོངས་རྫོགས་ལ་རང་ཉིད་ཀྱི་རྣམ་དཔྱོད་གཞན་བྲན་དུ་མ་བཏང་བར། སྤྱི་འཐུས་ཀྱི་ལས་འགན་འབད་སྒྲུབ་བྱས་པ་ལས། ཤེས་བཞིན་ཁྱད་གསོད་བྱས་པ་ཏིལ་འབྲུ་ཙམ་མེད་པ་དམ་གཙང་ལྷ་མི་ཡོངས་ནས་དགོངས་འཇགས་ཞུ། ཞེས་བཀོད་ཡོད་པ་ནི་ནོར་འཁྲུལ་ཡོ་བསྲང་བྱས་པའི་སྤྱོད་ཚུལ་བཟང་པོ་ཞིག་ཡིན་ན་ཡང། དགོངས་པ་མ་ཞུས་ན་མུ་མཐུད་རྒྱུན་ལས་ནང་དུ་ལས་དོན་མཇུག་གཙང་ཞིག་ཡོང་བར་ནུས་པ་འདོན་མ་ཐུབ་མོད་དེ་མ་བྱུང་བ་རེད། མ་གཞི་ཁོང་གཉིས་ཐོག་མར་བློ་མཐུན་ལྟ་བུ་ཞིག་ཡིན་མོད་རྗེས་སུ་དགོངས་པ་ཞུ་སྟངས་ལ་གནམ་སའི་བར་ཁྱད་བྱུང་།

དེ་རྗེས་ལ་ཚོགས་གཙོ་ཟུར་པས་སླར་ཡང་ནོར་འཁྲུལ་ཆེ་རུ་བཏང་ཡོད།

 

ཇ༽ བཅའ་ཁྲིམས་ལ་སླར་ཡང་ལོག་འགྲེལ་བྱས་པ།

༢༠༢༡་༥་༢༣ དགོང་མོར། ཚོགས་ཟུར་པད་མ་འབྱུང་གནས་ཀྱིས། དྲ་ལམ་ཐད་གཏོང་བརྒྱུད་རང་ཉིད་དཀར་འདོན་ལྟ་བུའི་གསལ་བཤད་ཅིག་བྱས་པའི་ནང་དུ། གཙོ་བོ་གཅིག་ནི། བཅའ་ཁྲིམས་དོན་ཚན་ང་བཞི་པ་གྲོས་བསྡུར་བཀག་སྡོམ་གྱི་བྱ་རིམ་བརྒྱུད་དེ་ཁྲིམས་ཞིབ་པ་འཕོ་འགྱུར་དང་བཀག་སྡོམ་གནང་དགོས་པ་དེའི་ནང་དུ་དང་སྒྲ་ཞིག་སྐྱབས་བཅོལ་ཏེ་ཆོག་པ་ཞིག་དང་མི་ཆོག་པ་ཞིག་གཉིས་ཡོད་ཚུལ་ལོག་འགྲེལ་བྱས་ཏེ་གྲོས་ཚོགས་ལ་ཁྲིམས་ཞིབ་པ་རྣམ་པ་སྡེབ་གཅིག་འཕོ་འགྱུར་གཏོང་དབང་ཡོད་པ་དང་བཏང་བ་དེ་འགྲིགས་ཚུལ་གྱི་ཧམ་བཤད་བྱས་འདུག 

གཉིས་པ་ནི། ཁྲིམས་ཀྱིས་ས་བཞེས་ Suo moto དེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བ་རེད། གལ་སྲིད་བཅའ་ཁྲིམས་དང་མཐུན་པ་ཞིག་བཟོ་དགོས་ཀྱི་ཡོད་ན། དང་པོ་དེ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ལྷན་ཚོགས་ལ་སྙན་གསན་ཞུ་དགོས་ཀྱི་ཡོདཔའི་སྐོར་བཤད་དེ་ཁྲིམས་ཞིབ་ཁང་ལ་དེ་འདྲའི་དབང་ཚད་ཅིག་ཡོད་ན་མི་འགྲིགས་ཚུལ་བཤད་པ་དེ་ཡང་ཧམ་བཤད་ཡིན། 

 

ཁྲིམས་ཀྱིས་ངོས་བཞེས་དེ། བཅའ་ཁྲིམས་དོན་ཚན་༦༧ པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི་ཞེས་པའི་དགོངས་དོན་ལྟར་དུ། སྤྱི་མང་གཏུག་བཤེར་བསྐྱར་བཅོས་ལྔ་པའི་སྐབས། ༢༠༡༩ ལོའི་ཟླ་༡༠ ཚེས་༡༤ ཉིན་གཏན་དུ་ཕབ་ཅིང་ཚེས་༡༦ བཀའ་སྤྱི་གཉིས་སུ་ཡིག་ཆ་ཕུལ་ཟིན་པ་ཞིག་ཡིན་པས། གལ་ཏེ་བཅའ་ཁྲིམས་དང་མི་མཐུན་པའི་དབང་ཚད་ཅིག་ལ་གཟིགས་ཀྱི་ཡོད་ན་སྐབས་དེ་དང་དེ་དུས་སུ་རྒྱུན་ལས་སམ་གྲོས་ཚོགས་ནང་མ་གླེང་བ་ཅི། དེ་དུས་ཁྲིམས་ཀྱིས་ངོས་བཞེས་དེ་ཅི་འདྲ་ཞིག་ཡིན་པ་ཧ་མ་གོ་བ་རེད་དམ། ཡང་ན་གལ་ཆེན་པོར་མ་མཐོང་བ་རེད། གང་ལྟར་ཡང་། ད་རང་གི་མགོ་ཐོག་ལ་བབས་དུས་གཞི་ནས་དེ་བཅའ་ཁྲིམས་དང་མི་མཐུན་ཚུལ་བཤད་པའི་བ་གླང་གི་སྐེ་ཤེད་འདི་གང་ནས་བྱུང་ངམ།

 

མ་གཞི་ནས། ཁྲིམས་ཀྱིས་ངོས་བཞེས་དེ་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་རེ་དགུ་པའི་དོན་ཚན་བྱེ་བྲག་པ་ཞིག་ཡིན། དེ་ཁྲིམས་ཞིབ་པ་རྣམ་པ་སྤྱི་མོས་ཐོག་ནས་གཏན་འབེབ་བྱེད་ཆོག་པའི་དབང་ཚད་ཀྱང་བཅའ་ཁྲིམས་དོན་ཚན་རེ་བདུན་པས་གནང་ཡོད་པས་གྲོས་ཚོགས་ལ་སྙན་ཞུ་ཕུལ་ནས་བཟོ་དགོས་པའི་ཁྲིམས་ལུགས་ཤིག་མ་ཡིན་པ་ཡང་མ་ཤེས་པ་ག་ལ་ཡིན། 

ད་དུང་། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལ་རེ་བ་དང་ཡིད་ཆེས། ཆེ་མཐོང་ཆེན་པོ་ཞུ་སྡོད་མཁན་གྱི་གང་ཟག་ཅིག་ཡིན། དེ་འདྲ་ཡིན་པས། དེ་རིང་འདིར་དེ་སྔ་རིན་པོ་ཆེས་འགྲེལ་བཤད་སྐྱོན་སྟངས་དེ་མ་ཡིན་པར་གཞན་དག་ཅིག་བསྐྱོན་ཡོང་དུས་འགན་བློས་མ་བཟོད་པ་འདྲ་བོ་ཞིག་བྱུང་། ཟེར། དེ་སྔ་རིན་པོ་ཆེས་ཁྲིམས་དོན་དེ་དག་ལ་ཇི་ལྟར་འབཀྲལ་པའི་ཟིན་བྲིས་ཡོད་དམ། བླ་མ་ལ་སྐུར་བ་བཏབ་པའི་ཉེས་པའང་མི་འབྱུང་ངམ།

 

ཉ༽ སྤྱི་རྒྱུན་གྱི་སྔ་ཕྱི་འགལ་བའི་འཁྲབ་སྟོན་ཞིག

༢༠༢༡་༥་༢༢ ཉིན། ཚོགས་དྲུང་ལས་ཁུངས་ནས། ཕྱི་ཚེས་ ༢༢ བར་དགོངས་ཞུ་་གནང་མཁན་སྤྱི་འཐུས་གྲངས་ ༡༨ དང་། ནད་དགོངས་ཞུ་མཁན་སྤྱི་འཐུས་གྲངས་ ཕྱི་འཐུས་ རྒྱལ་ཁབ་གཞན་ཞིག་ནང་ཡོད་སྟབས་ཚོགས་བཅར་ཐུབ་མིན་གྱི་དགོངས་ཞུ་བསྡོམས་སྤྱི་འཐུས་ ༢༡ གྲོས་ཚོགས་འཕར་མར་བཅར་ཐབས་བྲལ་བ་དང་། དེ་བཞིན་ཆོགས་བཅར་ཐུབ་མིན་གྱིས་ལན་གསལ་མེད་པའི་སྤྱི་འཐུས་གྲངས་ ཚོགས་བཅར་གནང་ཐུབ་མཁན་སྤྱི་འཐུས་གྲངས་ ༢༡ བཅས་ཀྱི་གནས་སྟངས་ཐོག་གང་ཅི་ཐད་ནས་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་གྲུབ་ཆ་ལོངས་མིན་ལ་སོང་། དེ་རིང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༦༦ པའི་ཐོག་བཀའ་བསྡུར་གྱིས་བཞུགས་མོལ་ཚོགས་འདུ་དང་གྲོས་ཚོགས་ཚོགས་དུས་འཕར་མ་གཉིས་ཀ་བསྐོང་ཚོགས་གནང་ཐབས་བྲལ་བའི་ཐག་གཅོད་བྱུང་སོང་ཞེས་བསྒྲགས་ཡོད། 

ཐོག་མར་ཚོགས་དུས་༡༠ ཕྱིར་འགྱངས་བྱེད་དུས་གཞུང་གི་བཀག་རྒྱ་མེད་ལ་ཏོག་ནད་འགོས་ཚབ་ཀྱང་མི་ཆེ་ན་ཡང། རྒྱུན་ལས་ཀྱིས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ཉི་མ་ནས་ཉི་ནས་མར་ཆེས་ཛ་དྲག་ཏུ་འགྱུར་བཞིན་པ། ལྷག་པར་རྡ་ས་ས་གནས་ནི་༧རྒྱལ་བའི་བཞུགས་སྒར་ལ་སོང་ང་ཚོས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་ཡུལ་ཁྲིམས་བརྩི་དགོས་ལུགས་བཅས་ཀྱིས་ཚོགས་འདུ་འཕར་འགྱངས་གཏོང་དགོས་ལུགས་བཤད་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལམ་སྟོན་ཡང་མ་བརྩིས་པའི་ཆད་འགེལ་བཀའ་རྒྱ་ཡང་འཁུར་དགོས་བྱུང་བ་རེད། 

འོན་ཀྱང་སྐབས་འདིར་མངའ་སྡེ་དང་རྫོང་སྲིད་གཞུང་ནས་ནད་ཡམས་འགོག་ཆེད་ཁྱིམ་སྡོད་བཀའ་རྒྱ་དང་། མི་ལྔ་ལས་མང་བ་འདུ་འཛོམས་མི་ཆོག་པའི་བཀའ་རྒྱ་དམ་པོ་ལག་བསྟར་བྱེད་བཞིན་ཡོད་ན་ཡང་ཚོགས་བརྡ་བཏང་བ་ཡོད། ཏོག་ནད་ཚབས་ཇེ་ཆེར་སོང་གཞུང་གི་བཀའ་རྒྱ་ཡང་བརྩི་མི་དགོས་པ་དང་བཞུགས་སྒར་ལ་ཡང་འགན་འཁུར་མི་དགོས་པ་དེ་ཅི་ཡིན་ནམ། ཉེན་ཁ་ཆུང་དུས་བཅའ་ཁྲིམས་ཡང་མ་བརྩིས་པར་ཚོགས་འདུ་ཕྱིར་འགྱངས་བྱས་པ་དང་ད་ཉེན་ཁ་ཆེ་དུས་རྒྱ་གར་གཞུང་གི་བཀའ་རྒྱ་ཡང་མི་བརྩི་བ་འདི་ཅི་ཡིན་ན། སྔ་ཕྱི་འགལ་བའི་སྤྱོད་ཚུལ་འདི་འདྲ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་གནང་སྟངས་ཤིག་རེད་དམ། ཁྱད་མཚར། 

ཡང་ཉིན་དེར་རྒྱུན་ལས་ཤིག་གིས། ང་ཚོ་རྒྱུན་ལས་ཚོའི་ངོས་ནས་གང་ཡོང་ཅི་ཡོང་བྱས་པ་ཡིན། ཡིན་ན་ཡང་། ད་ནི་དངོས་གནས་མངོོན་ཤེས་ཡོད་མཁན་ཞིག་ཡིན་ན་མ་གཏོགས། གྲོས་ཚོགས་འཕར་མ་འཚོགས་མ་ཐུབ་པའི་མཇུག་འབྲས་ཅི་འདྲ་ཞིག་ཡོང་སྲིད་པ་ཤེས་མི་ཐུབ་ ཞེས་གནས་སྟངས་ཚབས་ཆེན་མངོན་གསལ་འདི་འདྲའི་སྐབས་ད་དུང་མངོན་ཤེས་མེད་ན་མི་ཤེས་ཚུལ་བཤད་ཡོད། ཧ་ཧ་ཧ་་་་་ 

ཡ་མཚར་བའི་ནོར་འཁྲུལ་ད་དུང་མང་། 

 

ཏ༽ སྤྱི་རྒྱུན་གྱིས་འོས་འགན་མ་ཐེག་པའི་འགན་གཞན་ལ་དཀྲིས་པ།

༢༠༢༡་༥་༢༤ ཉིན། སྤྱི་འཐུས་རྒྱུན་ལས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཞུ་འཆར་བང་རིམ་སྒྲིག་བཞིན་པའི་གནས་སྐབས་སུ་གློ་བུར་དུ་དེ་སྔོན་ལས་འགན་བཤོལ་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་ཚོས་ཕྱི་ལོ་ ༢༠༢༡ ཟླ་ ཚེས་ ༢༤ ཉིན་གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་གནད་དོན་སྣ་ཚོགས་ལ་ཁག་དཀྲིས་ཏེ་ལས་ཁུར་རྒྱུན་སྐྱོང་བྱས་ཟིན་གནས་བཤད་པ་དེ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་ལ་དོ་ཕོག་བཏང་སྟེ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་བཞག་པའི་གྲོས་ཆོད་རྩིས་མེད་རྡོག་རོལ་བཏང་བ་དང་། སྤྱི་ཡོངས་མང་གཙོའི་ལམ་ལུགས་སམ་ཁྲིམས་ཀྱི་དབང་བསྦྱར་ལ་ཉམས་དམས་ཚབས་ཆེན་བཏང་བ་ཞིག་ཆགས་ཡོད་པས་བྱ་སྤྱོད་དེར་ངོས་ལེན་བྱ་ཤེས་ཐབས་མེད་པ་ཞིག་ཡིན་ནའང་། ཞེས་ཕྱོགས་གཅིག་ནས་ཁྲིམས་ཞིབ་པ་རྣམ་པས་ཁྲིམས་མཐུན་ལས་ཁུར་མཇུག་སྐྱོང་གནང་བར་ངོས་ལེན་བྱེད་མི་ཐུབ་ཚུལ་བཤད་ཡོད།

ཡང་། དེར་མཐུད་དེ། ད་ནས་བཟུང་སྟེ་སྤྱི་འཐུས་རྒྱུན་ལས་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གཏན་འབེབས་གནང་བའི་གྲོས་ཆོད་ཡིག་ཆ་ཨང་༣༩ པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག་ཅེས་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་གྲོས་ཆོད་ཁོ་ཚོས་མཇུག་གནོན་མ་ཐུབ་པར་ནུས་མེད་ཆགས་སོང་བའི་ངོས་འཛིན་ཡང་བྱས་འདུག  

གྲོས་ཚོགས་འཕར་མ་ཚོགས་མ་ཐུབ་པ་སོགས་ཁྲིམས་འགན་རང་བཞིན་གྱི་ལས་མཇུག་སྐྱོང་མ་ཐུབ་པ་དེ་རྐྱེན་ངན་གྲོགས་ཤར་ལྟ་བུ་ཆགས་ཡོད་མོད། སྤྱི་རྒྱུན་རང་གིས་མ་ནུས་པ་དང་ནོར་བ་དེ་གཞན་ལ་ཁག་དཀྲི་བྱེད་ས་མེད་ལ། ལྷག་དོན་དུ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཞུ་འཆར་ཡོད་པ་དེ་ནི་དེ་བས་ཀྱང་ཡ་ང་ངོ་ཚ་མེད་པ་མེད་པ་ཞིག་རེད། 

ཁོ་ཚོས་འཆར་གཞི་དེ་ལམ་འགྲོ་མ་རྒྱུགས་པའི་ཐོག་ད་དུང་ཁྲིམས་ཞིབ་པ་རྣམ་པ་ངོས་ལེན་བྱེད་རྩིས་མེད་པ་དེ་ནི། འབྱུང་ཉེའི་སྲིད་སྤྱི་གཉི་གའི་དམ་འབུལ་སོགས་ལ་བསམ་བཞིན་དུ་བར་ཆད་གཏོང་འདོད་པ་མིན་ནམ། གལ་ཏེ་ཡིད་མི་ཆེས་ན་མུ་མཐུད་དུ་ཀློགས།

 

ཐ༽སྲིད་སྐྱོང་གསར་བའི་དམ་འབུལ་མཛད་སྒོ་ལ་སྤྱི་རྒྱུན་སྐུ་ཚབ་མ་ཞུགས་པའི་ཆེད་བཟོས་ནོར་འཁྲུལ། 

༢༠༢༡་༥་༢༧ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ། བོད་མིའི་སྒྲིག་འཛུགས་ཀྱི་མང་མོས་བདམས་ཐོན་སྲིད་སྐྱོང་མཆོག་གི་ལས་འཁུར་དང་གསང་རྒྱའི་དམ་འབུལ་མཛད་སྒོ་དྲ་ལམ་བརྒྱུད་ཐད་གཏོང་གནང་སྟེ། བདམས་ཐོན་སྲིད་སྐྱོང་གསར་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་ནས་ལས་འཁུར་དང་གསང་རྒྱའི་དམ་འབུལ་གྲུབ་མ་ཐག་ཏུ། ལས་འཁྱུར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིསབཀའ་ཐམ་སྲིད་ཞི་བདེ་སྐྱིདསྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་མཆོག་ལ་རྩིས་སྤྲོད་གནང་གྲུབ་རྗེས། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས། སྲིད་སྐྱོང་གསར་པ་ལ་བཀྲ་ཤིས་བདེ་ལེགས་དང་སྲིད་སྐྱོང་ཟུར་པས་ད་ལྟ་བར་དུ་ཧུར་ཐག་བྱས་པར་ཐུགས་རྗེ་ཆེ་ཞེས་འཚམས་འདྲི་གནང་བ་དང་བཅས་ལོ་རྒྱུས་དང་འབྲེལ་བའི་བཀའ་སློབ་ཟབ་མོ་གནང་ཡོད།

འདི་འདྲའི་དམངས་གཙོའི་ཁྲིམས་སྲོལ་གལ་ཆེའི་མཛད་སྒོའི་ཐོག་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཚེས་༢༦ ཉིན་ནས་མི་ཞུགས་རྒྱུའི་ཐག་གཅོད་བྱས་པ་ལྟར་སྐུ་ཚབ་སུ་ཡང་མཛད་སྒོར་མཉམ་ཞུགས་བྱས་མེད། དེ་ནི་ཁྲིམས་འགལ་རང་བཞིན་གྱི་ནོར་འཁྲུལ་དེའི་མཇུག་སྐྱོང་བ་ཞིག་ཆགས་ཡོད་ལ་བཀའ་སྤྱི་གསར་བ་ལས་ཞུགས་ཐད་ལ་འགོག་རྐྱེན་གྱི་རྙོག་གྲ་ཆེན་པོ་འདིའི་མགོ་བརྩམས་པའང་ཡིན། དེ་བས་དེ་ནི་ཆེད་བཟོས་ནོར་འཁྲུལ་ཞིག་ཆགས་ཡོད།

བདག་གིས་སྐབས་འདིར། མ་འོངས་པར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཚབས་ཆེན་ཞིག་བྱེད་སྟངས་འདི་རིགས་ནང་སྦས་ཡོད།ཅེས་པའི་ཁྲིམས་ཞིབ་པ་རྣམ་པས་དེ་སྔ་ཚོད་དཔག་གནང་བ་དེ་དྲན་བྱུང་། ཨ་ཁ་ད་ཡིན་ན་ཡག་པོ་་ཞིག་ཆགས་ས་མ་རེད་སྙམ་བྱུང་། 

ད་མུ་མཐུད་ཀློག་སྙིང་འདོད་པ་ཞིག་མིན་ན་ཡང་ནོར་འཁྲུལ་དང་ཁྲིམས་འགལ་མུ་མཐུད་དུ་བྱུང་བས་ངས་མི་འབྲི་ཀ་མེད་རེད། དགོངས་དག

 

ད༽ སྤྱི་ལྷན་རྒྱུན་ལས་འགས་ངོ་རྒོལ་རང་བཞིན་གྱི་དགོངས་པ་ཞུས།

༢༠༢༡་༥་༢༧ ཉིན། སྤྱི་འཐུས་ཚོགས་གཙོ་གཞོན་པ་སོགས་རྒྱུན་ལས་བདུན་གྱིས་རྒྱུན་ལས་ནས་དགོངས་པ་ཞུས་ཡོད། དེ་ཡང་ཚོགས་གཞོན་གྱིས། གྲོས་ཚོགས་འཕར་མ་འཚོག་རྒྱུའི་ལས་རིམ་མཇུག་སྐྱོང་ཐུབ་མ་སོང་བའི་གནས་སྟངས་འོག་བློ་ཕམ་གྱིས་དགོངས་པ་ཞུས་ཚུལ་བཤད་འདུག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་གོ་བོ་བློ་བཟང་ཕན་བདེ་དང་ཀ་བྲག་དངོས་གྲུབ་བཅས་ཁྲིམས་ཞིབ་པ་གསུམ་གྱིས་ལས་འཁུར་རྒྱུན་སྐྱོང་གནང་བ་དེ་དང་སྲིད་སྐྱོང་གི་དམ་འབུལ་བཅས་ཁྲིམས་མཐུན་ཆགས་ཀྱི་མེད་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱུན་ལས་ནས་དགོངས་པ་ཞུས་ཚུལ་བཤད་ཡོད། ད་དུང་ཁོ་གཉིས་ཀྱི་དགོངས་ཤོག་ནང་ལ། ངན་ཤེད་ཀྱིས་ཧམ་འཛུལ་བྱས་པའི་ཁྲིམས་ཞིབ་པ ཞེས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཙན་འཛུལ་བྱས་པའི་ཁྲིམས་ཞིབ་པ་ཡིན་ཟེར་མཁན ཞེས་པ་ལྟ་བུའི་ཆེས་མ་འདོད་པའི་ཚིག་ཐལ་ཆ་ཅན་ཡང་བཀོད་ཡོད། དགེ་བཤེས་སྨོན་མཐར་ཕྱིན་དང་བསྟན་པ་ཡར་འཕེལ་གཉིས་ཀྱིས་ཚོགས་གཙོ་ཚོགས་གཞོན་གཉིས་དགོངས་པ་ཞུས་པས་རྒྱུན་ལས་གཙོ་སྐྱོང་བྱེད་མཁན་མེད་པ་དང་གྲུབ་ཆ་མ་ཚང་བས་རྒྱུན་ལས་ནས་དགོངས་པ་ཞུས་ཚུལ་བཀོད་ཡོད།

ཡིན་ན་ཡང་སྤྱི་འཐུས་རྒྱུན་ལས་དོན་གྲུབ་བཀྲ་ཤིས་སོགས་གསུམ་གྱིས། སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་ནས་ཚོགས་གཞོན་མཆོག་བདམས་ཐོན་སྲིད་སྐྱོང་མཆོག་གི་དམ་འབུལ་མཛད་སྒོའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་བོའི་ཐོག་ནས་ཕེབས་མི་དགོས་པའི་ཐག་གཅོད་གནང་བ་དེ། སྤྱི་འཐུས་རྒྱུན་ལས་ཀྱིས་དེའི་སྔོན་བཏང་བའི་གསལ་བསྒྲགས་ཡིག་ཆ་དེ་རྩིས་མེད་བཏང་བ་ཞིག་ཆགས་ཀྱི་ཡོད་སྟབས་ངོས་ལེན་མེད་ཅེས་ཚེས་༢༦ ཉིན་དགོངས་པ་ཞུས་ཚུལ་དེ་ལམ་ནོར་ལྡོག་ཤེས་ཤིག་ཡིན་ན་ཡང་། མདོར་ན་སྤྱི་རྒྱུན་རྙིང་པའི་གྲུབ་ཆ་རང་བཞིན་གྱིས་མ་ཚང་བར་གྱུར་པ་འདིའི་འབྱུང་རྩ་ནི་སྤྱི་རྒྱུན་ཚོ་ཐོག་མར་བཅའ་ཁྲིམས་དང་འགལ་བ་ནས་བདེན་དོན་སྐྱོང་བའི་ཁུངས་མ་འཁྱོངས་པ་ཞིག་ཆགས་ཡོད།

དེ་ལྟར་སྤྱི་རྒྱུན་རྙིང་པ་མཇུག་རྫོགས་པ་དང་ལྷན་དུ་རྙོག་གྲ་འདི་ཡང་མཉམ་དུ་ཚར་བ་ཡིན་ན་ཅི་མ་རུང་ཨང་། ཡིན་ཡངམུ་མཐུད་དེ་ཁྲིམས་འགལ་ཆེན་པོ་ཞིག་གི་མགོ་བརྩམས་ཡོད་པ་ཚང་མས་ཤེས་ཡོད།

 

ན༽ སྤྱི་འཐུས་ཁག་ཅིག་གིས་ཁྲིམས་འགལ་དམ་བཅའ་བཞག་པ།

ཟླ་༦ ཚེས་ ཉིན། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་དམ་འབུལ་གྱི་མཛད་རིམ་བརྡ་ཐོའི་ནང་དུ། བར་བརྒལ་ཚོགས་གཙོའི་བརྒྱུད་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུ་རྒྱུ། དང་། ཁ། སྤྱི་ནོར་༧གོང་ས༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་དམ་འབུལ་ཞུ་རྒྱུ། གང་གི་འོག་ནས་ཆ་ཤས་བཞེས་རྒྱུ་ཡིན་མིན་གློག་འཕྲིན་བརྒྱུད་དེ་རིང་ཕྱི་དྲོའི་ཆུ་ཚོད་༨་༣༠ ང་ཚུན་ལན་གསལ་གནང་སྐྱོང་ཡོང་བ ཞེས་ལས་རིམ་གསར་བ་ཞིག་བདམས་ཐོན་སྤྱི་འཐུས་འགས་ཚོགས་དྲུང་ལས་ཁུངས་སུ་སོང་ནས་བཟོ་བཅུག་ཡོད། འདི་ནི་ཁོ་ཚོས་བཤད་སྟངས་ལྟར་ན་བཅའ་ཁྲིམས་ཀྱི་གོང་ལ་བསྡད་པའི་གང་ཟག་གི་དབང་བསྒྱུར་ཟེར་བ་ངོ་མ་དེ་ཆགས་ཡོད།

དེ་བས་ཕྱི་ཟླ་༦་ཚེས་༨་ཉིན། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་གནང་མཁན་༢༡་དང་། ཁྲིམས་མཐུན་མ་ཡིན་པའི་དམ་འབུལ་བ་༢༢ བྱུང་ནས། བཅའ་ཁྲིམས་དགོངས་དོན་ལྟར་གྱི་སྤྱི་འཐུས་ངོ་མའི་གསུམ་ཆ་གཉིས་ཀྱི་གྲུབ་ཆ་མ་ཚང་བས་སྤྱི་འཐུས་ཚོགས་གཙོ་གཞོན་འདེམས་མ་ཐུབ་པའི་དཀའ་ངལ་ཆེན་པོ་དེ་བཟོས་པ་རེད། 

ད་དུང་མུ་མཐུད་ཅི་ཞིག་འབྱུང་རྒྱུ་ཡིན་ནམ། ད་མཐུ་ནུས་ཅན་རེ་ཡོད་པ་ཟློག་པ་ཞིག་རྒྱག་རོགས།

 

གཉིས།༽ ཁྲིམས་ལུགས་དང་དམངས་གཙོ་སྲུང་སྐྱོབ་བྱེད་མཁན་ཁག

 

གོང་གསལ་ཁྲིམས་འགལ་རང་བཞིན་གྱི་ནོར་འཁྲུལ་བསྟུད་མར་བྱུང་བ་དང་ཆབས་ཅིག་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཁྲིམས་ཞིབ་པ་ཟུར་པ། བཀའ་བློན་ཟུར་པ། སྤྱི་འཐུས་ཟུར་པ། ལས་བྱེད་ཟུར་པ། རྒྱ་ཆེའི་མི་མང་བཅས་ཐོག་མཐའ་བར་གསུམ་དུ་དེ་དག་གི་ཁ་གཏད་དུ་ལངས་ཏེ་བཅའ་ཁྲིམས་ཀྱིས་དམངས་གཙོ་སྲུང་སྐྱོབ་བྱས་ཏེ་བདེན་པ་རྣམ་པར་རྒྱལ་ཐབས་ལ་འབད་མཁན་ཡང་ཤིན་ཏུ་མང་པོ་བྱུང་ཡོད།

 

     ཀ༽ ཁྲིམས་ཞིབ་རྣམ་པའི་ཁྲིམས་ལུགས་ཡང་དག་གི་མཛད་སྤྱོད།

༢༠༢༡་༣་༢༦ ཉིན། ཁྲིམས་ཞིབ་པ་ལྷན་རྒྱས་ཀྱི་གསལ་བཤད་བསྒྲགས་གཏམ་དོན་ཚན་བརྒྱད་ཅན་ཞིག་སྤེལ་ཡོད་པར་ཞིབ་གཟིགས་གནང་ན་ཁྲིམས་ཞིབ་པ་རྣམ་པར་ཁྲིམས་འགལ་ཉེས་པ་ཅི་ཡང་མེད་པ་རྟོགས་ཐུབ།

བསྒྲགས་གཏམ་ནང་། ཁྲིམས་ཞིབ་པ་ཆེ་བ་དང༌ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་སྨོས་མེད་ཡིན་ནའང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྒྲིག་གཞི་ཁག་ནང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གཏོང་བའི་གཞི་རྩར་ཚབས་ཆེའི་ངན་སྤྱོད་དམ། ལས་འགན་མ་ཐེག་པ་ (ground of proved misbehavior or incapacity) ཇི་ཡིན་དང་། ལག་བསྟར་བྱ་རིམ་གང་ཡང་མེད་བཞིན་དུ། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དེའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ () གཞིར་བཟུང་སྟེ་འཕོ་འགྱུར་བཏང་བ་ཡིན་ལུགས་བཀོད་པ་ནི། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཡུན་ཚད་སྐོར་ལ་ཡིན་པ་ལས། འཕོ་འགྱུར་གཏོང་རྒྱུའི་བྱ་རིམ་ཞིག་མིན་ལ། ཁྲིམས་ཡིག་གི་གཞི་རྩ་མེད་པར་འཕོ་འགྱུར་གྱི་བྱ་རིམ་ལག་བསྟར་བྱས་པ་ནི་ཁྲིམས་འགལ་ཡིན་པས་མ་ཚད། མ་འོངས་པར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཚབས་ཆེན་ཞིག་བྱེད་སྟངས་འདི་རིགས་ནང་སྦས་ཡོད། ཅེས་ཚོད་དཔག་གནང་བ་ནོར་མེད་ལ། 

ཡང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་ཡོད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དེ་ཡིད་ལ་བཅངས་ཏེ། དེ་རིང་གསལ་བཤད་འདི་གྲུབ་པའི་རྗེས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ལས་འགན་བཤོལ་བ་ཡིན། ཞེས་ཁོང་རྣམ་པ་ཁྲིམས་དང་འགལ་མེད་ན་ཡང་རེ་ཞིག་ལས་བཤོལ་གནང་བ་དེ་བཟང་སྤྱོད་ཡིན་ལ། སྤྱི་ལྷན་གྱིས་མུ་མཐུད་ཁྲིམས་མཐུན་ལས་དོན་མཇུག་སྐྱོང་མ་ཐུབ་པ་ལ་བརྟེན་ནས་ཁོང་རྣམ་པ་ཕྱིར་ལས་འགན་མཇུག་སྐྱོང་གནང་དུ་ཕེབས་པ་ཡང་ཁྲིམས་མཐུན་གྱི་འོས་འགན་ལེགས་སྒྲུབ་བྱས་པའི་བཟང་སྤྱོད་ཅིག་ཡིན།

དེ་ཡང་༢༠༠༢༡་༥་༢༤ ཉིན། ཁྲིམས་ཞིབ་པ་གསུམ་པོས་ཁྲིམས་ཞིབ་ཁང་གི་ངོ་དེབ་ཐད་གཏོང་བརྒྱུད་ལས་ཁུར་མཇུག་སྐྱོང་བྱས་པའི་གསལ་བསྒྲགས་སྤེལ་བའི་ནང། ངེད་ཅག་གི་གསལ་བཤད་ནང་། ལས་འགན་བཤོལ་བ་(recuse)ཡིན་ཞེས་པ་ནི། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༢ པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༧༩ པར། གྱོད་ཡས་བདེ་སྙན་ཕུལ་བའམ། ཁྲིམས་ཞིབ་པ་རང་ཉིད་ཁ་མཆུ་དེ་དང་དམིགས་བསལ་འབྲེལ་བ་ཆགས་ཚེ། ཕྱོགས་ལྷུང་གི་ཉེན་སྐྱོན་འགོག་ཆེད་ལས་འགན་ཕྱིར་བཤོལ་བྱེད་སྲོལ་ཡོད་པ་ལྟར། ཁྲིམས་ཞིབ་པའི་ལས་འགན་རེ་ཞིག་བཤོལ་བ་མ་གཏོགས། ཁྲིམས་མཐུན་མ་ཡིན་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ནང་གསལ་འཕོ་འགྱུར་ངོས་ལེན་བྱས་པ་ཞིག་མིན་ལ། ལས་གནས་རྩ་དགོངས་ཞུས་པ་ཞིག་ཀྱང་མིན་ཞིང་། བཅའ་ཁྲིམས་དོན་ཚན་ ༤༥ ནང་གསེས་ པ་དང་། དོན་ཚན་ ༧༣ ནང་གསེས་ པ་ནང་གསལ་ལྟར་ལས་ཁུར་རྒྱུན་འཛིན་མ་ཆོག་པར་བཤོལ་དགོས་པའི་གོ་དོན་ཡང་མིན། སྐབས་དེར་ངེད་ཅག་ནས་བཅའ་ཁྲིམས་དོན་ཚན་ པས་མཚོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐར་ཐུག་གི་དབང་ཚད་སྤྱད་དེ། གྲོས་ཆོད་དེ་རྩིས་མེད་ཀྱི་བྱ་རིམ་ལག་བསྟར་བྱས་ཚེ། ལྷན་སྐྱེས་དྲང་བདེན་(natural justice)ཞེས་པའི་ཁྲིམས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ལ་གནོད་འགལ་འབྱུང་ཉེན་ཡོད་པའི་ཆ་ནས་ང་ཚོས་ལས་འགན་བཤོལ་བའི་ཐག་གཅོད་བྱས་པ་ཡིན། ཞེས་རེ་ཞིག་ལ་ཁྲིམས་མཐུན་ལས་བཤོལ་གནང་ཚུལ་གསལ་བཤད་དོན་ལྡན་གནང་ཡོད།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཞིག་སྐོང་རྒྱུའི་ཚོགས་བརྡ་བཏང་ཟིན་པ་དེའང་ཕྱི་ལོ་ ༢༠༢༡ ཟླ་ ཚེས་ ༢༢ ཉིན་ཉུང་མཐའི་གྲངས་ཚད་མ་ལོངས་པར་བསྐོང་ཚོགས་གནང་ཐབས་བྲལ་ལུགས་གསལ་བསྒྲགས་བྱས་འདུག་པར་བརྟེན། སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་ལུགས་ཀྱི་ཆ་རྐྱེན་མི་ལྡན་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་ཉིད་ཕྱིར་འཐེན་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་གསོ་ཞུ་རྒྱུའི་གོ་སྐབས་ཤོར་ཟིན་པ་དང་། གནས་སྟངས་འདི་མུར་སོང་ཚེ། སྐབས་གསར་པའི་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་འགོ་འཛུགས་མ་ཐུབ་པར། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ག་མེད་པ་ཆགས་ཉེའི་མཚམས་སུ་སླེབས་ཡོད། ཅེས་ཉེན་ཁའི་རང་བཞིན་ཅན་གྱི་དངོས་ཡོད་གནས་སྟངས་གསུངས་པ་བདེན། 

ཕྱི་ལོ་༢༠༢༡ ཟླ་༥ ཚེས་༢༣ ཉིན་སྐབས་༡༦ པའི་སྤྱི་འཐུས་ལས་ཐོག་གྲངས་༡༩ ནས་མཚན་རྟགས་སྡེབ་བཀོད་ཀྱི་ཕྱག་བྲིས་དང་། སྤྱི་འཐུས་ལས་ཐོག་གྲངས་༢ ནས་ཕྱག་བྲིས་སོ་སོར་ངེད་ཅག་མིང་སྨོས་ཀྱིས་གནང་འབྱོར་བྱུང་བའི་ནང་། གྲོས་ཚོགས་ཚོགས་དུས་སྔ་མའི་སྟེང་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་༣༩ པ་དེ་བཅའ་ཁྲིམས་དང་འགལ་བའི་ནོར་འཁྲུལ་ར་འཕྲོད་པའི་ཐོག་ནས་ངེད་ཅག་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་འདུག་པ་ལྟར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ལུགས་ཀྱི་གཞི་རྩ་བཤིག་ཟིན་ནས། ད་ཆ་ཁྲིམས་ཞིབ་པའི་ལས་འགན་ཕྱིར་བཤོལ་གྱི་རྐྱེན་རྩ་མེད་པ་ཆགས་པར་བརྟེན། གཞིས་ལུས་སྤུན་ཟླར་བློ་ཕམ་ཡི་ཆད་མི་འབྱུང་བ་དང་། བོད་མིའི་སྒྲིག་འཛུགས་རྒྱུན་གནས་དང་། མང་གཙོའི་ལམ་ལུགས་སྲུང་སྐྱོབ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་གསོ། མང་གཙོའི་ཀ་བ་གསུམ་སྔར་བཞིན་སྲ་བརྟན། བཙན་བྱོལ་སྤྱི་ཚོགས་ནང་ཞི་ལྷིང་ཡོང་བ། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་བསུན་མི་འབྱུང་བ་བཅས་ཀྱི་ཆེད་དུ་ང་ཚོས་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་ཏེ། ཕྱི་ཚེས་༢༣ ཉིན་སྤྱི་ཁྱབ་ཁྲིམས་དྲུང་ལ་བཀའ་སྤྱི་གཉིས་ཀར་དེ་དོན་གནས་ཚུལ་ཡིག་ཐོག་སྙན་གསན་ཞུ་དགོས་པའི་བཀོད་མངགས་བྱས་ཡོད་པ་དང་། དེ་རིང་ཡོངས་ཁྱབ་གསལ་བསྒྲགས་འདི་སྤེལ་བ་ཡིན། ཞེས་སོགས་རྒྱ་ཆེའི་མི་མང་གི་རེ་འདུན་མང་པོ་བཏོན་ཚུལ་དང་བཅས་ཁྲིམས་མཐུན་ངང་ལས་ཁུར་མཇུག་སྐྱོང་ཟིན་པའི་གསལ་བསྒྲགས་སྤེལ་པས་དྲ་ལམ་སོགས་བརྒྱུད་རྒྱ་ཆེའི་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱས་ཏེ་གཟི་བརྗིད་ལྡན་པའི་ངང་ནས་ལས་ཁུར་མཇུག་སྐྱོང་གནང་ཡོད།

གལ་ཏེ་ཁྲིམས་ཞིབ་པ་རྣམ་པས་ལས་འཁུར་མཇུག་སྐྱོང་མ་གནང་ཚེ། ང་ཚོའི་ད་ལྟའི་གནས་བབ་ནི། སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཀྱི་བྱ་རིམ་ཚུལ་མིན་སྤྱད་པ་དང་། སྤྱི་འཐུས་རྣམས་ལོག་འཁྲིད་བྱས་མཐར། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་འཇོག་ཏུ་བཅུག་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོ་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་རྨང་ནས་བསྒྱེལ་བ་ཞིག་ཡིན། ཞེས་པ་དེ་སྔ་ཁྲིམས་ཞིབ་པ་རྣམ་པས་གསལ་བཤད་བསྒྲགས་གཏམ་ནང་བཀོད་པ་ལྟར་ད་ལྟ་ཆེས་མཐོའི་ཁྲིམས་ཞིབ་ཁང་སྟོང་པ་ཡིན་པར་མ་ཟད་འཛིན་སྐྱོང་བཀའ་ཤག་དང་སྤྱི་ལྷན་གཉིས་ཀྱང་ཁང་སྟོང་ཞིག་ཏུ་གྱུར་པ་མིན་ནམ། དེ་བས་ཁྲིམས་ཞིབ་པ་རྣམ་པས་རྒྱ་ཆེའི་མི་མང་གི་རེ་བ་དངབོད་མིའི་སྒྲིག་འཛུགས་སྲ་བརྟན་གནས་ཆེད་ཉེན་ཚབས་ཆེ་བའི་དུས་འདིར་དམངས་གཙོ་ཁྲིམས་ཀྱིས་བསྐྱངས་གནང་བར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུའོ།།

 

ཁ༽ མི་མང་གི་ཁྲིམས་མཐུན་རྒྱབ་སྐྱོར།

དེ་ཡང་། ངེད་ཅག་ཁྲིམས་ཞིབ་པ་གསུམ་ནས་ལས་འགན་བཤོལ་བའི་ཐག་གཅོད་བྱས་པ་ནས་བཟུང་། སྐབས་ ༡༦ པའི་སྤྱི་འཐུས་ལས་ཐོག་གིས་མཚོན། བོད་མིའི་སྒྲིག་འཛུགས་ནང་ལོ་མང་མཛད་ཁུར་ཅི་རིགས་བཞེས་མྱོང་བའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ། བཀའ་ཁྲི་ཟུར་པ་དང་བཀའ་ཟུར། སྤྱི་ཟུར། གཞུང་ཞབས་ཟུར་པས་མཚོན་སྤྱི་ཚོགས་ཁྱོན་ཡོངས་ནས་ཚོགས་སྒེར་མང་དག་ཅིག་གིས་སྤྱི་འཐུས་རྒྱུན་ལས་ལ་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཕྱིར་འཐེན་དགོས་པའི་འབོད་སྐུལ་སྙན་ཞུའི་ངོ་བཤུས་འབོར་ཆེན་ཞིག་འབྱོར་འདུག་པ་མ་ཟད། ཉེ་ལམ་ནས་ངེད་ཅག་གིས་ལས་ཁུར་རྒྱུན་སྐྱོང་དགོས་སྐོར་གནད་ཡོད་མི་སྣ་དང་། ཚོགས་སྡེ་ཁག མང་ཚོགས་སྟོང་ཕྲག་དུ་མས་མཚན་རྟགས་སྡེབ་འགོད་དམ། ཚོགས་སྒེར་རྣམ་པ་ཅི་རིགས་ཀྱི་སྒོ་ནས་སྙན་ཞུ་རིམ་བསྟུད་དུ་བཏང་འབྱོར་བྱུང་དང་འབྱུང་མུས་ཡིན་པའི་སྐོར ཞེས་དང་། སྤྱི་འཐུས་ལས་ཐོག་གྲངས་ ༡༩ ནས་མཚན་རྟགས་སྡེབ་བཀོད་ཀྱི་ཕྱག་བྲིས་དང་། སྤྱི་འཐུས་ལས་ཐོག་གྲངས་ ནས་ཕྱག་བྲིས་སོ་སོར་ངེད་ཅག་མིང་སྨོས་ཀྱིས་གནང་འབྱོར་བྱུང་བ་་་ ་་་ངེད་ཅག་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་འདུག་པ་ལྟར། ཞེས་ཁྲིམས་ཞིབ་པ་རྣམ་པའི་ལས་ཁུར་མཇུག་སྐྱོང་བྱས་པའི་གསལ་བསྒྲགས་ནང་བཀོད་པ་དངོས་བདེན་ཡིན། 

དེ་ཡང་ཁྲིམས་ཞིབ་པ་ཟུར་པ་དང་བཀའ་ཟུར་རྣམ་པས་གཙོས་རྒྱབ་སྐྱོར་གནང་མཁན་མང་ཆེ་བས་བཅའ་ཁྲིམས་དང་སྤྱི་མང་གཏུག་བཤེར་རྩ་འཛིན་ཁྲིམས་ཡིག་དང་སྤྱི་ལྷན་སྒྲིག་གཞི་བཅས་གཞིར་བཞག་ཐོག་ནས་སྤྱི་རྒྱུན་དང་སྤྱི་ལྷན་གྱི་གནང་སྟངས་ཁྲིམས་དང་ཇི་ལྟར་འགལ་ཚུལ་སྐོར་གཙོ་འདོན་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཁྲིམས་ལུགས་དང་མཐུན་ཚུལ་ལུང་རིགས་དཔེ་གསུམ་གྱིས་བསྒྲུབས་ཡོད་པའི་བསྒྲགས་གཏམ་དང་རྩོམ་ཡིག་དང་གཏམ་བཤད་སོགས་སྤེལ་མཁན། དཔེར་ན་དམངས་གཙོ་སྲུང་སྐྱོབ་མི་མང་ལྟ་བུ་ལ་སོགས་པ་བོད་མིའི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་མང་པོ་བྱུང་དང་འབྱུང་བཞིན་པ་འདི་རེད། 

ཐ་ན་ཕྲན་གཅིག་པུས་ཀྱང་སྔ་ཕྱིར་རྩོམ་ཐུང་བཞི་དང་བཅས་ངོ་དེབ་ཐོག་ལ་ཡིག་ཆུང་མཆན་བཀོད་པ་བརྒྱ་ལྷག་ཡོད་ངེས། དེ་དག་ལ་ཡིག་ངག་གཉིས་ཐོག་ནས་དགག་ལན་ཡང་དག་རྒྱག་མཁན་སུ་ཡང་བྱུང་མེད་པ་དེས། ཁྲིམས་དང་བདེན་པའི་མཐུ་ལ་རྩོད་ལན་མི་ནུས་པ་མཚོན་ཡོད། དཔེར་ན། ༢༠༢༡་༣་༢༨་ཉིན་སྤེལ་བའི་བདག་གི་རྩོམ་ཡིག་ནང་། ་་་ལྷག་པར་དུ་ཡང་ཁྲིམས་ཞིབ་པ་རྣམ་གསུམ་སྐད་ཅིག་ལ་འཕོ་འགྱུར་བཏང་བ་འདི། དམངས་གཙོའི་ཀ་ཆེན་ཞིག་གློ་བུར་དུ་བཅག་པ་དང་འདྲ་བས་ནོར་འཁྲུལ་ཆེན་པོ་རེད། གལ་ཏེ་འཕོ་འགྱུར་གཏོང་དགོས་ངེས་ཀྱང་ཚབ་གསར་བསྐོ་འཇོག་གི་དུས་ཚོད་འདང་ངེས་ཞིག་ཡོད་པའི་སྒོ་ནས་འཕོ་འགྱུར་བཏང་ན། ལས་དོན་ཚང་མ་རྒྱུན་ཆད་མེད་པར་མཇུག་སྐྱོང་ཚགས་ཚུད་ཡོང་ཐུབ། དམངས་གཙོའི་གྲུབ་ཆ་གཙོ་བོ་ཀ་བ་ཞིག་སྟོངས་པར་གྱུར་བའི་བར་སྟོང་འདི་འདྲ་ཡོང་དགོས་དོན་མེད། ཅེས་ཀྱང་ཕངས་སེམས་དང་བཅས་ལེ་ལན་བདས་ཡོད།

 

ག༽ བར་བརྒལ་ཚོགས་གཙོ་འོས་འགན་སྒྲུབ་སྟངས་ཁྲིམས་དང་མཐུན་པ།

དེ་ཡང་བཅའ་ཁྲིམས་དོན་ཚན་༤༧ པར། འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང༌། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས། ཞེས་བར་བརྒལ་ཚོགས་གཙོ་བསྐོ་སྟངས་དང་དམ་བཅའ་ཇི་ལྟར་འཇོག་དགོས་ཁ་གསལ་གཏན་འབེབས་གནང་ཡོད་པ་ཇི་བཞིན་དུ། བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས། བཅའ་ཁྲིམས་དགོངས་དོན་ཇི་བཞིན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་བཅའ་བླངས་ཏེ་སྐབས་བབ་འོས་འགན་ཁུར་ནས་བཅའ་ཁྲིམས་དང་མ་འགལ་བའི་དམ་འབུལ་གཙང་མ་དགོས་པའི་ཕྱག་ལས་མཇུག་སྐྱོང་གཙང་མ་གནང་བཞིན་པར་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག་ཁྲིམས་དོན་ལྟར་ཁོང་གི་མདུན་ནས་དམ་འབུལ་ཞུས་པའི་སྤྱི་འཐུས་རྣམ་པར་ཡང་ཐུགས་རྗེ་ཆེ་ཞུ། 

སྤྱིར་ཡིན་ན་འདི་ནི་རྒྱུན་ལྡན་གྱི་ཁྲིམས་སྲོལ་འགྲོ་སྟངས་ཤིག་ཡིན་པས་འདི་ལྟར་ཞུ་དགོས་པ་ཞིག་མིན་ན་ཡང་། བདམས་ཐོན་སྤྱི་འཐུས་༢༢ ནས་བཅའ་ཁྲིམས་དོན་ཚན་༤༧ པའི་དགོངས་དོན་ལྟར་དམ་འབུལ་མ་ཞུས་པ་སོགས་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཀྱི་སྒྲོམ་གཞི་ཁ་ཆག་སྣ་རལ་དུ་བཏང་དང་གཏོང་བཞིན་པའི་ད་ལྟའི་གནས་སྟངས་འདི་འདྲའི་སྐབས་སུ་ཁོང་རྣམ་པས་ཁྲིམས་དོན་སྲུང་བརྩི་གནང་བ་ལ་འདི་ལྟར་ཞུ་འོས་པ་དང་དགོས་པ་ཞིག་རེད་སྙམ་མོ།།

མཇུག་གི་གཏམ། 

 

གོང་དུ་བརྗོད་པ་རྣམས་གཙོ་བོ་སྤྱི་རྒྱུན་དང་འབྲེལ་བའི་ཁྲིམས་འགལ་རང་བཞིན་གྱི་ནོར་འཁྲུལ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འབྲེལ་བའི་ཁྲིམས་མཐུན་ཐག་གཅོད་དང་རྒྱབ་སྐྱོར་སྐོར་མ་གཏོགས་འབྲེལ་ཡོད་གནད་དོན་ཆུང་ཚགས་དང་དྲ་ལམ་གྱི་ཆོ་མེད་གནས་ཚུལ་རིགས་གླེང་མེད། མཇུག་འདིར་ཁྲིམས་འགལ་རང་བཞིན་གྱི་ནོར་འཁྲུལ་དེ་དག་ལ་ཕྱོགས་སྡོམ་ཞིག་བྱས་ན། 

༡༽ ཐོག་མར་སྤྱི་རྒྱུན་ནས་ཚོགས་དུས་༡༠ མ་བསྐོངས་པར་མ་ཟད་སྤྱི་འཐུས་སུ་སུ་ཚོགས་བཅར་ཐུབ་མིན་གྱི་གྲངས་ཐོ་ཞིག་ཀྱང་མ་བླངས་པར་རིམས་ནད་ལ་ཁག་བཞག་ནས་ཚོགས་དུས་ཕྱིར་འགྱངས་མེད་པར་བཟོས་པ།

༢༽ ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་རྒྱུན་གྱི་ཐག་གཅོད་དེ་བཅའ་ཁྲིམས་དགོངས་དོན་དང་མཐུན་པ་ཞིག་བཟོ་དགོས་པའི་བཀའ་ཁྱབ་ལམ་སྟོན་ལ་བརྩི་བཀུར་མ་བྱས་པ།

༣༽ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀའ་ཁྱབ་ལ་ངོས་ལེན་མ་བྱས་པ།

༤༽ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་བ།

༥༽ ཁྲིམས་ཞིབ་ཁང་གི་དབང་ཚད་སྟངས་འཛིན་ཆེད་དུ་བཅའ་ཁྲིམས་སླ་བཅོས་བྱས་པ།

༦༽ ཚོགས་གཙོ་ཟུར་བས་སླར་ཡང་དྲ་ལམ་བརྒྱུད་ཁྲིམས་ཀྱི་བྱེད་པོ་ཟམ་གདོང་རིན་པོ་ཆེས་ཁྲིམས་དོན་གསལ་འགྲེལ་གནང་བར་ཟུར་ཟ་དང་བཅས་ཁྲིམས་ཡིག་ལོག་འགྲེལ་བྱས་པ།

༧༽ སྲིད་སྐྱོང་གསར་བའི་དམ་འབུལ་མཛད་སྒོར་སྤྱི་རྒྱུན་ཚོས་མི་ཞུགས་རྒྱུའི་ཐག་གཅོད་གནང་བ།

༨༽ སྤྱི་རྒྱུན་ཚོས་སྔ་ཕྱིར་དགོངས་པ་ཞུས་ཏེ་ལས་མཇུག་གཙང་སེལ་ཡོང་བར་ཐབས་ཤེས་མ་བྱས་པ།

༩༽ བདམས་ཐོན་སྤྱི་འཐུས་འགས་ཚོགས་དྲུང་ལས་ཁུངས་ལ་བཀའ་བཀོད་བཏང་སྟེ་བཅའ་ཁྲིམས་དགོངས་དོན་དང་མི་མཐུན་པའི་དམ་འབུལ་ལས་རིམ་གསར་བཟོ་བྱེད་བཅུག་སྟེ། སྐབས་༡༧ པའི་སྤྱི་འཐུས་ཀྱི་གྲུབ་ཆ་མ་ལོངས་པར་ཚོགས་གཙོ་གཞོན་བདམས་མ་ཐུབ་པའ

དེ་དག་ནི་སྤྱི་རྒྱུན་རྙིང་པ་དག་གི་ཐོག་མཐའ་བར་གསུམ་གྱི་ཁྲིམས་འགལ་བྱས་ཉེས་གཙོ་བོ་དགུ་སྟེ། བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་ནང་ད་བར་དུ་བྱུང་མ་མྱོང་བའི་ཁྲིམས་འགལ་རང་བཞིན་གྱི་ནོར་འཁྲུལ་ཚབས་ཆེན་ཡིན་ནོ།།

ཡང་སྤྱི་ཚོགས་དྲ་ལམ་ཁག་ཏུ། མི་འགའ་ཞིག་གིས་སྲིད་སྐྱོང་གསར་པས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུས་པ་དེ་ཁྲིམས་མཐུན་མིན་པས་ངོས་ལེན་བྱེད་མི་འོས་ཚུལ་གྱི་ཡིག་ཉོག་འབྲི་བ་དག་ལ། འགའ་རེས་འོ་ན་སྲིད་སྐྱོང་ཟུར་པས་བཀའ་ཐམསྲིད་ཞི་བདེ་སྐྱིད་མ་སྲིད་སྐྱོང་གསར་པར་རྩིས་འབུལ་ཞུས་པ་ཡང་ཁྲིམས་མཐུན་མ་ཡིན་པར་ངོས་འཛིན་བྱེད་དགོས་ཟེར། བདེན་པ་རེད། ངས་དེའི་ཐོག་ལ། དེ་ལྟར་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་དྲ་ལམ་མཛད་སྒོར་ཞུགས་ཏེ་སྲིད་སྐྱོང་ལ་འཚམས་འདྲི་དང་བཅས་བཀའ་སློབ་གནང་བ་དེ་ཡང་ཁྲིམས་མཐུན་མིན་པར་ཁས་ལེན་དགོས་པ་ཆགས་ཡོད་ཅེས་བཤད་ན་འདོད།

སྤྱི་འཐུས་ལས་ཐོག་ཉེར་གཅིག་གིས་གྲོས་ཆོད་ཡིག་ཆ་ཨང་༣༩ པ་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བ་དེ་ནོར་འཛོལ་ཡིན་པ་ངོས་ལེན་གནང་ནས་ཁྲིམས་ཞིབ་པ་རྣམ་པ་ལས་ཁུར་མཇུག་སྐྱོང་སྐྱོང་བའི་རེ་འདུན་བཏོན་ཚུལ་དང་། སྤྱི་རྒྱུན་ནས་ཀྱང་ད་ལྟ་གྲོས་ཆོད་༣༩ པ་དེ་མཇུག་སྐྱོང་ཐབས་མེད་པ་ཆགས་སོང་ཞེས་གསལ་བསྒྲགས་སྤེལ་ཡོད་པས་ཁྲིམས་ཞིབ་པའི་ལས་འགན་ཕྱིར་བཤོལ་གྱི་རྐྱེན་རྩ་མེད་པ་ཆགས་པ་དེ་གསལ་པོར་ཤེས་དགོས་པ་གཅིག་དང་། གཉིས་ནས་ཁྲིམས་ཞིབ་པ་རྣམ་པ་ཐོག་མཐའ་བར་གསུམ་དུ་ཁྲིམས་དང་འགལ་བ་མེད་པ་དང་ཁྲིམས་འགལ་བསྟུད་མར་བྱེད་མཁན་དེ་སྤྱི་རྒྱུན་ཡིན་པ་ཡང་གསལ་པོར་ཤེས་སོང་ན། ཁྲིམས་ཞིབ་པ་རྣམ་པ་རང་ཤེད་ཀྱིས་ཁྲིམས་ཞིབ་ཁང་ལ་ཧམ་འཛུལ་བྱས་པ་ཟེར་བ་དེ་དག་གཞི་མེད་སྐྱོན་འཛུགས་ཀྱི་ཚིག་རྩུབ་ཙམ་ཡིན་པ་ཤེས་ཐུབ།

 

གཞ་ཡང་ལ་ལས་སྲིད་སྐྱིང་ཟུར་པས་ལས་མཇུག་ལེགས་པར་གྲུབ་སྟེ་བཀྲ་ཤིས་པའི་ལེའུ་རྫོགས་སོང་བས་ད་བཀྲ་མ་ཤིས་པའི་དོན་དག་ཚང་མ་སྲིད་སྐྱོང་གསར་བའི་འགན་ཡིན་ཚུལ་གྱི་འུར་སྐད་འདོན་པ་ནི། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་གཞན་ལ་འབད་ནས་འབྱིད།།གསུངས་པ་རང་ཡིན་ཏེ། ད་ལྟའི་གནས་སྟངས་འདི་སྲིད་སྐྱོང་སྔོན་མའི་སྐབས་སུ་བྱུང་བ་ཡིན་པས་སྲིད་སྐྱོང་གསར་བ་ལ་ཁག་དཀྲི་སྙོན་འཛུགས་བྱེད་ས་མེད།

ངས་འདིར་བཤད་འདོད་པ་ཞིག་ལ། སྲིད་སྐྱོང་ཟུར་པ་ཁོང་ནི་ཁྲིམས་ལུགས་རམས་འབྱམས་པ་ཞིག་ཡིན་པར་མང་པོས་ཁས་ལེན་ན། འུ་ཅག་གི་བཅའ་ཁྲིམས་ལེགས་པར་མཁྱེན་དགོས་ངེས། དེ་བས་ཁྲིམས་ཞིབ་པ་རྣམ་པ་སྡེབ་གཅིག་འཕོ་འགྱུར་གཏོང་སྟངས་དེ་བཅའ་ཁྲིམས་དགོངས་དོན་དང་མི་འཚམ་པ་མ་མཁྱེན་པ་ག་ལ་ཡིན། ཁྲིམས་ཞིབ་པ་ཚང་མ་འཕོ་འགྱུར་བཏང་སོང་ན་རེ་ཞིག་ཁྲིམས་ཞིབ་ཁང་སྟོང་བ་ཆགས་སོང་བ་ཡིན་པ་ཡང་ལོས་མཁྱེན། དེ་ནས་བཅའ་ཁྲིམས་ལ་འགྱུར་བ་མང་པོ་ཞིག་མ་བཏང་ན་ཁྲིམས་ཞིབ་པ་གསར་བ་བསྐོ་བའི་ཐབས་ལམ་མེད་པ་དེ་ཡང་ལོས་མཁྱེན། མ་གཞི་ནས་ཁྲིམས་དང་མ་མཐུན་པའི་ཐག་གཅོད་དེ་འདྲ་ཞིག་བྱས་ན་མི་མང་གི་བསམ་འཆར་སྣ་ཚོགས་ཡོང་བ་ངེས་པ་དང་། ཁོང་རང་གི་ལས་མཇུག་དེ་ཡང་བཀྲ་མི་ཤིས་པ་ཞིག་ཆགས་རྒྱུ་ཡིན་པ། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་སྔར་བས་ཀྱང་རྩོད་གླེང་དང་ཁ་བྲལ་འགྲོ་ཉེན་ཡོད་པ་བཅས་ལ་ཚོད་དཔག་མ་ཐུབ་པ་ག་ལ་ཡིན། དེས་ན་སྐབས་དེར་གྲོས་ཚོགས་ནང་ཅི་ཡང་མི་ཤེས་པའི་ཚུལ་དུ་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་བཞུགས་པའི་དམིགས་ཡུལ་ཅི་ཡིན་ནམ། ངས་དེ་དུས་ནས་དེ་ལྟར་བསམ་མྱོང་ལ་བཤད་ཀྱང་མྱོང་།

བཀའ་ཤག་ལ་གྲོས་ཚོགས་ནང་དུ་དགོངས་འཆར་དང་རེ་བ་འདོན་པའི་སྐུ་དབང་ཡོད་པས་སྤྱི་སེམས་དང་འོས་འགན་ཁུར་ནས་ཁྲིམས་ལུགས་གཞིར་བཞག་ཐོག་དགོངས་འཆར་ཡག་པོ་ཞིག་གནང་ཡོད་ན། སྤྱི་ལྷན་གྱིས་ཐལ་ཆ་ཆེ་བའི་ནོར་འཁྲུལ་དེ་བཟོ་ཐུབ་མེད་པ་ཐག་གིས་ཆོད་ལ། ཁོང་རང་གི་མཛད་འཁུར་ཡང་བཀྲ་ཤིས་པའི་ངང་ནས་རྩིས་སྤྲོད་ཐུབ་པ་ཞིག་ཡོང་ཡོད་ངེས་ཀྱང་། ཡིད་སྐྱོ་བ་ཞིག་ལ་དེ་ལྟར་མ་བྱུང་བས་སྲིད་སྐྱོང་གི་འགན་དབང་རྩིས་སྤྲོད་རྩིས་ལེན་སྐབས་སུ་སྤྱི་རྒྱུན་གྱིས་ངོ་རྒོལ་བྱས་པ་རེད།

སྐད་ཆ་གཞན་ཞིག་གིས་བཤད་ན། ཁྲིམས་བཟོ་ལྷན་ཚོགས་ཀྱི་ཀ་བ་ལྷུང་སོང་བ་རེད། འདི་ནི་སྲིད་སྐྱོང་གསར་བའི་ལས་མགོ་རྩོམ་པ་ཁོ་ནར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་ཞིག་མ་ཡིན་པར་སྲིད་སྐྱོང་སྔོན་མས་འགན་དབང་རྩིས་སྤྲོད་ལ་མ་དགའ་བའི་རྣམ་འགྱུར་བསྟན་པ་ཞིག་ཀྱང་ཆགས་ཡོད་ལ། ཡང་ན་སྲིད་སྐྱོང་གསར་བས་མཛད་ཁུར་དབུ་རྩོམ་ཚུལ་བཀྲ་མ་ཤིས་པ་ཞིག་ཡིན་ན་སྲིད་སྐྱོང་ཟུར་པས་མཛད་ཁུར་མཇུག་སྡུད་ཚུལ་དེ་ཡང་བཀྲ་མ་ཤིས་པ་ཞིག་ཡིན་པ་སུས་ཀྱང་ཁས་ལེན་དགོས་ངེས་ཤིག་ཡིན། འདི་ནི་ཡིན་ཁྱབ་མཉམ་ཟེར་བ་དེ་མ་རེད་དམ། དེ་བས་ངས་རྩོམ་ཡིག་གི་མཇུག་འདིར་ཡང་བཀྲ་ཤིས་སྨོན་ཚིག་ཅིག་འཇོག་མི་ཤེས་པར་གྱུར་ཏོ།། 

སླར་སྨྲས་པ།

བདེན་དོན་སྐྱོང་ལ་བདག་གི་སྙིང་འདི་དཔའ་བར་གྱུར།།

ཁྲིམས་དོན་སྨྲ་ལ་བདག་གི་ལྕེ་འདི་རྣོ་བར་གྱུར།།

སྨག་རུམ་ཁྲོད་དུ་བདག་གི་ཤེས་རབ་འོད་དུ་འབར།།

 

བདེན་དོན་རྒྱལ་བའི་འཛུམ་པའི་གདོང་འདི་མཛེས་གྱུར་ཅིག།

༢༠༢༡་༦་༢༣ ལ་སྤེལ།

"རྔ་ཆེན་རོལ་དབྱངས།"

 

 དེ་རིང་གི་བསྒྲགས་ཡིག

 

རྒྱ་ནག་གུང་ཁྲན་ཏང་དང་དམག་དཔུང་གིས་༡༩༤༩ལོར་ཀྲུང་གོ་གསར་བའི་རྒྱལ་ཁབ་བཙུགས་པའི་ རྒྱལ་སྟོན་དང་དུས་མཉམ་གངས་ཅན་བོད་ལ་ལོ་རྒྱུས་ཀྱི་གོད་ཆག་གསར་བ་ཞིག་གི་ལམ་སྣེ་བཏོད་ཅིང་ལམ་སྣེ་དེ་ཐབས་བརྒྱ་ཇུས་སྟོང་གིས་ཆེར་བསྐྱེད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་སྙིང་ཁར་བརྟོལ། དུས་དེ་ནས་བཟུང་ས་ཡི་སྙིང་དང་མི་རིགས་ཀྱི་སྙིང་གཉིས་ཀ་ཚལ་བར་གཤགས་ཏེ་དུས་རབས་ཕྱེད་ལྷག་འདས་ཀྱང་གས་ཆག་ཏུ་སོང་བའི་སྙིང་དམར་པོ་དེ་གཉིས་ཀྱི་འཕར་རྩ་ནམ་ཡང་འཇགས་མྱོང་མེད། ས་གནས་ལ་ལར་སྲིད་གཞུང་གི་ཁང་པ་སོགས་ལ་མེ་རྒྱག་ཆུང་ངུ་རེ་དང་སྒོ་སྒེའུ་ཙམ་རེ་གཏོར་བཅོམ་གྱི་ཁུ་ཚུར་མང་པོ་ཞིག་ཀྱང་གཡུགས་མྱོང། དེ་དག་རེ་རེ་ལ་ཁག་དཀྲི་དང་བསྙོན་འཛུགས་དུ་མས་དྲག་གནོན་ཡ་ང་བ་དུ་མ་བྱས། ཁོ་ཚོས་མདའ་མཚོན་བཟུང་ཡོད་པས་ཁུ་ཚུར་ཕྱར་མཁན་དག་གནོན་ཐུབ་ངེས་ཀྱི་སྟོང་བསམ་ བཅངས། (དཔེར་ན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲག་གནོན་བཞིན་ཁུ་སིམ་མེར་འགྲོ་ རྒྱུར་ཚོད་དཔག་བྱས།)དེ་རིང་ཁོ་པ་ཚོས་ཚོད་དཔག་དེ་ནོར་ཡོད་པར་ངོས་ཟིན་འཐོབ་ པའི་ཆོ་ག་གསར་བ་ཞིག་མཐོང་ཡོད།

རྒྱ་གར་དུ་རྒྱ་གཞུང་ལ་མེ་གཏོང་དང་གཏོར་བཅོམ་སོགས་ཀྱི་བྱ་བ་རྩོམ་ས་མེད་ན་ཡང་རྒྱ་ གཞུང་གི་དཔོན་ངན་མང་པོ་ཞིག་གི་འདྲ་གཟུགས་གང་མང་ཞིག་བསྲེགས་ཡོད། ༡༩༩༨ལོའི་ཟླ་བཞི་བར་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་གསོབ་གཟུགས་དེ་དག་བསྲེགས་པས་འདོད་པ་མ་ཚིམ་པར་རང་ལུས་མཆོད་མེར་སྦར་ཡོད། གསར་འགྱུར་དེ་ལམ་སང་རྒྱལ་སྤྱིར་ཁྱབ་ཅིང་བོད་གཞིས་བྱེས་གཉི་གར་དྲན་སྐུལ་ཟབ་མོ་ཞིག་དང་སྤོབས་པ་གསར་བ་ཞིག་སྦར་ཡོད། འོན་ཀྱང་མཆོད་མེ་དེ་ག་ལེར་གཟིམ་ལ་ཉེ་དུས་སླར་ཡང་༢༠༠༩ལོའི་ཟླ་༢་ཚེས་༢༧ཉིན་ཨ་མདོ་རྔ་བར་དཔའ་རྒོད་བཀྲ་བྷེ་ཡིས་མཆོད་མེ་དེར་ཁ་གསོས་ཏེ་སླར་ཡང་བོད་མི་ཚོའི་སེམས་ལ་འོད་སྣང་ཞིག་སྦྱིན། དེ་རྗེས་༢༠༡༡་ཟླ་༣་ཚེས་༡༦ལ་དཔའ་རྒོད་བློ་བཟང་ཕུན་ཚོགས་དང། དེ་རྗེས་ཟླ་༨་ཚེས་༡༥་ལ་རྟ་བོའི་དཔའ་རྒོད་ཚེ་དབང་ནོར་བུ་དང། དེ་ནས་བསྟུད་མར་ཁ་སང་གི་བར་དུ་དཔའ་རྒོད་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་དང་བློ་བཟང་དབང་ཕྱུག་དང་ཆོས་འཕེལ་དང་མཁའ་དབྱིངས་དང་ནོར་བུ་དགྲ་འདུལ་དང་བཙུན་མ་བསྟན་འཛིན་དབང་མོ་སྟེ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་རང་ལུས་མཆོད་མེར་བསྒྲོན་ནས་འོད་སྣང་གིས་འཛམ་གླིང་ཁྱབ་པར་བྱས།

 

རང་སྲོག་ལ་རྒོལ་བའི་ད་ལྟའི་ཞི་རྒོལ་གསར་བ་འདི་ལ་སྔོན་མ་ལྟར་དམག་དཔུང་གི་མེ་ མདའ་བཀོལ་ས་མེད་པར་གྱུར་པ་མ་ཟད་ད་དུང་མེ་གསོད་དང་སྨན་བཅོས་ཀྱིས་ངོ་རྒོལ་བ་སྐྱོབ་ཐབས་བྱེད་དགོས་པའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཆགས། ཐ་ན་གསར་ལམ་ཁག་ཏུའང་ཞི་རྒོལ་བའི་སྲོག་ལ་ཉེན་ཁ་ཆེ་ན་ཡང་མི་ཆེ་ཚུལ་དང་དཔའ་བོ་ དེ་དག་བསམ་བློ་སྨིན་པའི་ལོ་ཚད་ལོངས་པ་ཏག་ཏག་ཡིན་ན་ཡང་བྱིས་པ་ཡིན་ཚུལ་ལ་རྫུན་བཟོ་བྱེད་དགོས་པའི་འུ་ཐུག་གི་གནས་སུ་གྱར། རྒྱུ་མཚན་ནི་ ཁོང་ཚོས་མི་རིགས་ཤིག་གི་བདེ་སྡུག་ཆེད་དུ་སྐུ་སྲོག་བློས་གཏོང་གིན་ཡོད་པས་མི་ རེ་རེས་རང་ལུས་གསོན་བསྲེགས་ཀྱི་ན་ཚ་དེ་ལས་ཀྱང་སེམས་ཁོང་གི་སྡུག་བསྔལ་ཆེ་བ་ མཚོན་ཡོད་ལ། དེའི་འབྱུང་རྩ་ཉིད་ནི་ཏང་ཀྲུང་དབྱང་དང་དེའི་དམག་དཔུང་ལ་ཐུག་ཡོད་པ་བསྟན་ཡོད། འཇིག་རྟེན་ན་བདེན་པའི་ར་སྤྲོད་ལ་རང་སྲོག་དཔང་དུ་འཛུགས་པ་ལས་ལྷག་ཅི་ཡོད། མཆོད་མེ་གསོན་པོ་འདི་དག་གིས་དགྲ་བོའི་སྙིང་རྩ་སྲེག་པར་བྱེད་པ་མ་ཟད་གཉེན་ གྱི་གདུང་སེམས་དང་དཔའ་ངར་ཡང་ཧ་ཅང་ཚད་མཐོར་སྐྱེལ་ཐུབ་པ་འདི་རེད། དེ་བས་ཚེ་སྲོག་གི་མཆོད་མེ་རེ་རེ་འདི་པེ་ཅིང་སྲིད་གཞུང་ལ་མཚོན་ན་མེ་སྒྱོགས་ཆེན་པོ་རེ་རེ་ལས་འཇིགས་སྣང་ཆེ་བ་ཡིན། ང་ཚོས་ཁོང་ཚོའི་སྐུ་སྲོག་ལ་ཕངས་སེམས་ཅི་འདྲ་ཆེ་ན་ཡང་སྙིང་ཅི་འདྲ་རྗེ་ན་ཡང། ཁོང་ཅག་གི་དང་བླང་གི་བློས་གཏོང་ཆེན་པོའི་ལྗིད་ཚད་དེ་ཇི་ལྟར་འཇལ་དགོས་པ་ཤེས་དགོས། རང་དབང། འདྲ་མཉམ། ཐོབ་ཐང། དྲང་བདེན། མདོར་ན་བོད་མི་རིགས་ཀྱི་བདེ་སྐྱིད་གསར་བ་ཞིག་གི་སླད་དུ་ཁོང་ཚོས་གཡུལ་སའི་དཔའ་རྟུལ་ཞིག་དང་འདྲ་བར་གདོང་མཆོང་གནང་བ་འདིས་བདག་ཡིད་ཚིམ་སོང་ལ། ཡིད་ཆེས་དང་རེ་བ་སྦར་སོང། རྒྱལ་ཁའི་གཡུལ་འགྱེད་ཅིག་གི་རྔ་ཆེན་རོལ་དབྱངས་ལྟ་བུར་འཛམ་གླིང་ལ་ཡང་གྲགས་སོང།

བཙན་ བྱོལ་བོད་གཞུང་དམངས་ཀྱིས་ཀྱང་ཐུགས་ཐག་ཆོད་པོའི་སྒོ་ནས་དཔའ་བོ་རྣམ་པར་མྱ་ངན་ གུས་འདུད་དང་བཅས་གཞིས་ལུས་རྒྱ་ཆེའི་མི་དམངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་བཅོས་མིན་རྣམ་འགྱུར་ཞིག་སྟོན་འགོ་ཚུགས་སོང་ལ། རྒྱལ་སྤྱིར་དྲིལ་བསྒྲགས་ཀྱི་ནུས་པ་ཡང་མི་དམན་པ་ཞིག་ཐོན་ངེས། ལྷག་པར་དུ་ཡང་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དང་༸རྒྱལ་བ་ཀརྨ་པ་མཆོག ཨ་ལགས་ཀིརྟི་རིན་པོ་ཆེ་མཆོག་རྣམ་གསུམ་དབུ་བཞུགས་ཀྱི་བཙན་བྱོལ་གཞུང་དམངས་སེར་སྐྱ་ལྔ་སྟོང་ལྷག་གིས་ཉིན་གཅིག་དུས་གཅིག་ལ་སྨྱུང་བར་གནས་ཏེ་སྐྱབས་འཇུག་ དང་སྨོན་ལམ་གྱི་ཆོ་ག་རླབས་ཆེན་ཞིག་མཛད་ཚུལ་འདི་ནི་སྐུ་གཤེགས་དཔའ་རྒོད་རྣམ་པའི་རྣམ་ཤེས་ལ་སྐྱེལ་མ་བླ་མེད་ཅིག་ཡིན་པར་མ་ཟད་ཤུལ་ལུས་གཉེན་ཉེ་དག་གིས་གཙོས་གཞིས་ལུས་མི་དམངས་ཡོངས་ལ་ཡང་དགའ་དད་དང་རེ་སྤོབས་གསར་བ་ཞིག་སྐྱེད་པའི་གཞི་རྩར་འགྱུར་ངེས་པ་ཡིན། ཕལ་ཆེར་རང་ལུས་མཆོད་སྦྱིན་གྱི་ཆོ་ག་འདི་ལས་གཞན་ཡང་ཞི་རྒོལ་གྱི་ཐབས་ཚུལ་སྣ་ མང་གི་ལས་འགུལ་ཆུ་བོའི་གཉེར་མ་བཞིན་བསླང་སྲིད།སློང་དགོས་ངེས། དཔའ་རྒོད་དུ་མ་ཞིག་རྦབ་རྡོ་བཞིན་དུ་འགྲིལ་འོང་ཡང་སྲིད།

དེས་ན་སྐབས་འདིར་ང་ཚོའི་གཞུང་དམངས་ཚང་མས་རྒྱལ་སྤྱིའི་མི་རིགས་སྤྱི་དང་ལྷག་པར་ ཀྲུང་གོའི་མི་རིགས་གཞན་དག་དང་སྐྱིད་སྡུག་མཉམ་མྱོང་གི་ལས་གཞི་གསར་བ་མྱུར་སྤེལ་གྱིས་རྒྱ་རིགས་དམངས་གཙོ་དོན་གཉེར་བས་གཙོས་ཞི་རྒོལ་ཆེན་མོའི་རྒྱ་མཚོའི་རྦ་རླབས་ཐེངས་གཉིས་པ་ཞིག་ཀྲུང་གོར་བསླངས་ཐུབ་ན་ད་གཟོད་ཀྲུང་གོ་དམངས་གཙོ་ཅན་དུ་འགྱུར་བའི་རླབས་ཆེའི་གསར་བརྗེ་ཞིག་འབྱུང་སྲིད་ལ། དེའི་མཚུངས་བོད་སོགས་ལ་ཡང་མཐོ་ས་རང་བཙན་ནས་དམའ་ས་རང་སྐྱོང་གང་ཞིག་འཐོབ་ངེས། དེ་འདྲའི་གཞི་རྒྱ་ཆེ་བའི་ཞི་རྒོལ་ཞིག་འབྱུང་སྲིད་པར་རྒྱུ་རྐྱེན་ཚང་བཞིན་ཡོད་ལ། དེ་ལ་དེ་སྔོན་ལྟར་གྱི་དྲག་གནོན་ཞིག་བྱེད་དཀའ་བ་ཡང་མོ་རྒྱག་མི་དགོས་པ་ཞིག་རེད། གལ་ཏེ་སླར་ཡང་བཅིངས་འགྲོལ་དམག་གིས་རང་གི་རྒྱལ་འབངས་ཁྲི་འབུམ་དུ་མ་ཞིག་དམར་ གསོད་གཏོང་རྒྱུར་ཐུག་ན་དམག་དཔུང་བར་ལ་ཡང་དམག་འཁྲུག་འབྱུང་ཉེན་ཆེ་བའི་གནས་ སྟངས་ཤིག་བདག་བློའི་ཆུ་བུར་མིག་ལ་གསལ་བར་སྣང་ངོ། དེ་བས་རང་ཉིད་ནས་ཀྱང་དྲ་ལམ་འདིར་དམག་སྤྱི་ཞིག་གི་ཚུལ་དུ་བཀོད་འདོམས་ལ་འབད་རྒྱུར་ཆོད་སེམས་བརྟན་པོ་བཞག་ཡོད།

ང་ཚོའི་ཁ་གཡང་ངམ་བརྩོན་ལེན་གྱི་དགོས་འདུན་ནི། 'མི་རིགས་འདྲ་མཉམ'དང། 'མི་རིགས་རང་སྐྱོང' 'མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང' 'ཀྲུང་གོ་ལ་ཡང་དག་པའི་དམངས་གཙོ་ཞིག་དགོས་ངེས་པ'བཞི་བོ་འདིས་བོད་ མི་རིགས་རང་ཉིད་དང་བཅས་པའི་ཀྲུང་གོའི་མི་རིགས་ཁག་ལྔ་བཅུ་ལྷག་གམ་མི་དམངས་ དུང་ཕྱུར་མང་པོའི་རེ་འདུན་སྐོང་ཐུབ་པ་དང་རེ་བ་འདི་དག་སྔ་ཕྱི་མ་གཏོགས་མངོན་འགྱུར་ཡོང་བར་ཡང་བདག་ཡིད་ཆེས་བརྟན་པོ་ཡོད། རེ་བ་རྒས་མེད་འཆི་མེད་ཡིན།

དེས་ན་བདེན་པའི་མཐུ་ཡིས་བདེན་མཐའ་གསལ་བ་ལ་བདེན་སྐྱོང་ཞི་རྒོལ་འདི་མུ་མཐུད་རླབས་བཞིན་འཕྱུར་དགོས་པས་ང་ཚོས་ཆིག་སྒྲིལ་གྱི་དཔུང་ཤུགས་ཀྱིས་འཚེ་མེད་བདེན་པའི་རྒྱལ་རྔ་ཤུགས་ཀྱིས་རྡུང་དགོས།

 "བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།"

 

སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།༢༠༡༡།༡༠།༡༩།དགོང་མོར།

 

 

དབུ་མའི་ལམ་དང་འབྲེལ་བའི་དྲི་བ་དགུ་དང་རེ་སྐུལ་གཅིག

 

          ༡། ཁ་ཅིག་གིས། དབུ་མའི་ལམ་ནི་ྋགོང་ས་མཆོག་སྐུ་སྒེར་གྱི་ཆབ་སྲིད་ལྟ་བ་ཙམ་ཞིག་ཡིན་ཚུལ་བརྗོད་པ་དེ་འགྲིག་གམ།

          ༢། ཁ་ཅིག་གིས། ྋགོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་བློན་ཁྲི་པའི་དབུ་མའི་ལམ་ཞེས་བརྗོད་པ་དེ་དེ་ལྟར་ཡིན་ནམ།

          ༣། ཁ་ཅིག་གིས། དབུ་མའི་ལམ་ནི་གཞིས་བྱེས་རྒྱ་ཆེའི་བོད་མི་དམངས་ཀྱི་མངོན་འདོད་མིན་ཚུལ་བརྗོད་པ་འགྲིག་གམ།

          ༤། ཁ་ཅིག་གིས། ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་དབུ་མའི་ལམ་ཞིག་ཡོང་ཐབས་མེད་ཚུལ་བརྗོད་པ་དེ་དེ་ལྟར་ཡིན་ནམ།

          ༥། རྒྱ་གཞུང་གིས། དབུ་མའི་ལམ་གྱི་རྒྱབ་ལོགས་སུ་རང་བཙན་ཡོད་པའི་དོགས་སློང་བྱེད་པར་རྒྱུ་མཚན་གང་ཡང་མེད་པ་ཞིག་ཡིན་ནམ།

          ༦། རྒྱ་གཞུང་གིས། ཏཱ་ལའི་བླ་མར་བོད་མི་དམངས་ཀྱི་མགྲིན་ཚབ་པའི་ཐོབ་དབང་མེད་ཚུལ་བརྗོད་པ་དང༌། རང་རེ་ཁ་ཅིག་གིས། དབུ་མའི་ལམ་ནི་ྋགོང་ས་མཆོག་གི་དགོངས་ཚུལ་ལས་བོད་མི་དམངས་ཀྱི་མངོན་འདོད་མིན་པར་འདོད་ཚུལ་གཉིས་ལ་ཁྱད་པར་གང་ཡོད་དམ།

          ༧། ཁ་ཅིག་གིས། ད་བར་གྱི་དབུ་མའི་ལམ་ལ་གྲུབ་འབྲས་གང་ཡང་མེད་པ་དང༌། སྲིད་ཇུས་འདི་ནོར་འཁྲུལ་ཞིག་ཡིན་ཚུལ་སྨྲ་བ་དེ་ཡང་དག་པ་ཞིག་རེད་དམ།

          ༨། ད་ལོའི་ས་བྱི་ཞི་རྒོལ་ཆེན་མོ་འདི་རྒྱུ་དང་རྐྱེན་གང་དག་ལ་བརྟེན་ནས་བྱུང་བ་དང༌། དེས་གཞིས་ལུས་བོད་མི་ཡོངས་ཀྱི་མངོན་འདོད་ངོ་མ་གང་ཞིག་མཚོན་གྱི་ཡོད་དམ།

          ༩། ད་ལྟའི་རྒྱལ་སྤྱིའི་གནས་བབ་འོག་ནས་བོད་ཀྱི་རྩ་དོན་ཐད། དབུ་མའི་ལམ་དང༌། རང་ཐག་རང་གཅོད། རང་བཙན་བཅས་ལས་གང་ཞིག་ལ་རྒྱབ་སྐྱོར་དང་ཐབས་ལམ་དང་རེ་བ་ཆེ་བ་ཡོད་དམ།

          ཁྱེད་ཅག་གིས་གོང་གསལ་དྲི་བ་རྣམས་ལ་བསམ་གཞིགས་དང་བགྲོ་གླེང་ཞིབ་མོ་ཞིག་གནང་རྒྱུ་དང་འབྲེལ་དྲི་བ་གང་རུང་རེ་ལ་དངོས་ཐོག་བདེན་འཚོལ་གྱི་ལན་འདེབས་ཉུང་བསྡུས་རེ་གནང་ཐུབ་བམ།

 

          བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་ཆུང་ནི། ྋགོང་ས་མཆོག་གིས་དབུས་བཙན་བྱོལ་བོད་གཞུང་ཙམ་དུ་མ་ཟད། གཞིས་བྱེས་བོད་མི་དམངས་ཡོངས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཏུ་ངོས་འཛིན་གྱིས། ྋགོང་ས་མཆོག་གི་སྐུ་དབང་ལ་གུས་བརྩི་དང༌། དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་ཡོད་དོ་ཅོག་གིས། མགྲིན་དབྱངས་གཅིག་གྱུར་སྒོས་ཀྲུང་གོ་སྲིད་གཞུང་ནས་ང་ཚོའི་སྐུ་ཚབ་ཚོགས་པར་མཐོང་ཆེན་གྱིས་འབྲེལ་མོལ་ཐེངས་བརྒྱད་པ་འདིར། བོད་རྒྱ་ཞི་མོལ་གནང་འདོད་ཡོད་མེད་ཀྱི་ཐག་གཅོད་ལན་འདེབས་ཤིག་ཤོག་ཐོག་རྒྱས་འདེབས་ཀྱིས་གནང་དགོས་པའི་འབོད་བསྐུལ་རྒྱ་ཁྱབ་ཏུ་ཤུགས་ཆེར་སྤེལ་དགོས་པའི་རེ་བསྐུལ་ཞུ་བཞིན་པ་བཅས། ༢༠༠༨།༡༠།༡༧ ཉིན་གྱི་དུས་དྲན་བརྩི་སྲུང་དང་ཆབས་ཅིག་ཏུ་ཕུལ་ལོ།།

Comments: 20
  • #20

    བླ་སྲོག (Monday, 10 November 2014 18:26)

    བོད་པ་ཚང་ལ་དཀར་ནག་གི་དབྱེ་བ་འབྱེད་ཀྱི་ལུགས་སྲོལ་ཡོད།
    ད་ལྟ་རང་དབང་ལུང་བའི་ནང་གོང་ས་ཚང་གི་དགའ་རོགས་སྐོར་གླེང་མོལ་མང་བོ་བྱེད་གྱིན་འདུག
    འགྲོ་བ་མི་ཡིན་ཕྱིན་དད་འདུན་དང་སྨྲ་བརྗོད་རང་དབང་ཡོད་ལ། འོན་ཀྱང་དད་འདུན་གཙོ་བོ་དགོས་བ་གལ་ཆེན་རེད།

  • #19

    གངས་རིའི་མིག་ཆུ (Monday, 10 November 2014 17:45)

    འདི་ནི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཞིག་གི་ཐབས་སྡུག་རེད། གོང་ས་ཚང་ལ་་དམའ་འབེབས་དང་རྡོག་བརྫིས་བྱས་སོང་། བཙན་བྱོལ་ནང་དོན་འདི་བདེན་ཟེར་བའི་རྒད་པོ་དེ་ཚོ་ངོ་ཚ་མེད། བོད་པ་ཚང་གིས་གོང་ས་ཚང་གི་སྐུ་ཤ་དང་མཚན་སྙན་གྲགས་ལ་སྲུང་སྐྱོབ་ནན་མོ་བྱེད་དགོས། ད་ལྟ་བཙན་བྱོལ་ནང་གོང་ས་ཚང་ལ་ཨ་རིར་བུད་མེད་ཡོད་སྨྲ་བའི་ན་གཞོན་མང་པོ་འདུག ལྷག་པར་ཏུ་རྡ་ལའི་གཞོན་ནུ་ཚོགས་པ་ན་མང་པོ་ཡོད། སྲིད་སྐྱོང་དང་བདེ་སྲུང་གིས་ངེས་བར་ཏུ་གོང་ས་ཚང་གི་བདེ་སྡུག་ལ་བསམ་བློ་བཏང་ནས་ལས་དོན་སྤེལ་རྒྱུ་གལ་ཆེ།

  • #18

    སྤྲོ་ཚེའི་སེམས་རིས། (Monday, 10 November 2014 16:46)

    བློ་བཟང་སེང་གེའི་སྲིད་དོན་གྱི་ཐབས་ཅི་ཡོད་མིག་ཙུམ་ནའང་ཡིད་ལ་འཆར་ཡོངས། སྨྲ་རིན་ཅི་ཡང་མེད།
    འོན་ཀྱང་གོང་ས་ཚང་ལ་དགའ་རོགས་ཡོད་ཟེར་བ་ཡིད་ཆེས་དཀའ་བ་ཞིག་རེད། སྔོན་ཆད་བཙན་བྱོལ་རྒད་པོ་ལ་ལོས་ཁ་ནས་གོ་མྱོང་། ཡིད་ཆེས་དཀའ་དཀའ་རེད།

  • #17

    ཉི་མ་སྒྲོལ་མ (Saturday, 08 November 2014 20:23)

    ཡིད་ཆེས་དཀའ་བ་ཞིག་རེད། དོར་རྒྱལ་གྱི་ཐབས་ཤེས་ཡིན་པ་གསལ་བོ་རེད། འོན་ཀྱང།
    སྔོན་ནས་བོད་ཀྱི་མཛངས་མ་ཚེ་རིང་མཚོས་བོད་ཀྱི་བླ་རྒན་ཚོས་བུད་མེད་ལ་བཙན་གཡེམ་བྱེད་པ་དགག་པ་ཆེན་པོ་རྒྱབ་ཡོད།

  • #16

    རྒྱ་མཚོ (Saturday, 08 November 2014 19:16)

    གུས་བ་ཏེ་ལོ་སྤྲུལ་སྐུ་ལ་དགའ་པོ་ཡོད། ཡིན་ཀྱང་བློ་བཟང་སེང་གེས་ཁོང་སྐུ་ཚབ་དོན་གཅོད་བསྐོས་པ་འདི་ལ་མོས་མཐུན་མེད།བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མི་མཐུན། བཅའ་ཁྲིམས་ནང་དུ་དོན་གཅོད་ཡིན་ན་བོད་ཀྱི་ཡུལ་མི་ཡིན་དགོས་ཅེས་བཀོད་ཡོད། དོན་ཚན་དོན་གཉིས་པ། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས།ས་གནས་སོ་སོར་འགོ་འཛིན་དང༌། ས་གནས་ཆེ་སར་འགོ་འཛིན་ལས་རོགས་རེ་དགོས་པ་ནི།
    བཅའ་ཁྲིམས་དོན་ཚན་ ༡༡ པ་དང་ ༣༨ པ་ནང་འཁོད་ལྟར་གྱི་ཁྱད་ཆོས་ལྡན་པའི་ས་གནས་དེ་གའི་ཁོངས་གཏོགས་བོད་མི་སེར་སྐྱ་ཕོ་མོ་ཡོངས་ལ་ས་གནས་འགོ་འཛིན་གྱི་འོས་གཞིར་གཞུག་པ་དང༌། འོས་འདེམས་བྱེད་པའི་ཐོབ་ཐང་ཡོད། འོན་ཀྱང་སྐུ་ཚབ་དོན་གཅོད་ཁག་འོས་འདེམས་མ་དགོས་པ་ཡིན།ཞེས་བཀོད་ཡོད།སྐུ་ཚབ་དོན་གཅོད་འོས་འདེབས་བྱེད་མི་དགོས་པ་མ་གཏོགས་དོན་ཚན་༣༨་པའི་ཆ་རྐྱེན་ཚང་དགོས། དོན་ཚན་༣༨་པའི་ཆ་རྐྱེན་ཚང་དགོས་ན་བོད་ཀྱི་ཡུལ་མི་ཡིན་དགོས།

    གོང་ས་ཚང་བོད་མིའི་སྐྱབས་མགོན་ཡིན་པ་སུས་ཀྱང་ཤེས། ཡིན་ཡང་ཁོང་གི་གཞོན་དུས་ཀྱི་དགའ་ས་ཨ་རིའི་རྒན་མོ་བསོད་ནམས་དབྱངས་འཛོམས་ཡིན་པ་ངེས་བར་ཏུ་ཐེར་འདོན་བྱེད་དགོས། འདི་ནི་དམངས་གཙོ་འོག་འཚོ་སྡོད་བྱེད་བཞིན་པའི་བོད་མི་ཡོངས་ཀྱི་རང་དབང་རེད།

  • #15

    ོརོ་ལངས (Wednesday, 05 November 2014 16:53)

    དྲང་བཤད་ན་མི་ཚང་མར་དགའ་ཕྱོགས་དང་སྡང་ཕྱོགས་ཡོད་པའི་ཐོག་ནས་བྲིས་མཁན་ཁོ་ན་རེད་འདུག

  • #14

    ཀརྨ་བློ་གསལ (Wednesday, 05 November 2014 16:47)

    བློ་བཟང་སེང་གེ་ཕྱི་སྡོད་བོད་མི་ཞིག་གི་རྣམ་པ་འདུག བཙན་བྱོལ་བོད་མིས་གསོས་བའི་བོད་པ་ཞིག་དང་མི་འདྲ།
    བོད་པ་ཡིན་ཞེས་པའི་ཆོད་སེམས་བརྟན་པོ་ཞིག་མི་དགོས།

  • #13

    ལ་དྭགས་བུ (Wednesday, 05 November 2014 16:40)

    བློ་སེང་ལ་སྐད་ཆ་ཤོད་འདོད་མེད། དང་ཐོག་བོད་མིའི་བདེན་དོན་འཚོལ་ཆེད་བཀའ་ཁྲིར་བཞུགས། ད་ལྟ་ཟམ་དོང་རིན་པོ་ཆེའི་བྱས་རྗེས་ཚང་མ་ཁེས་ལེན་མི་བྱེད། རྒན་པ་རྣམས་ཀྱི་བསམ་ཚུལ་དང་ལེན་མི་བྱེད།

  • #12

    ཨ་ཁུ (Tuesday, 04 November 2014 19:10)

    བློ་བཟང་སེང་གེ་ལགས་ཀྱིས་ཁོང་གི་མ་འོངས་པའི་ལས་འཆར་སྤྱིའི་རྩ་དོན་གསུམ་བསྟན་དོན། “ང་ལ་ལས་དོན་བསྒྲུབ་ཕྱོགས་ཀྱི་རྩ་དོན་གསུམ་ཡོད་པ་ནི། ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་ཡིན་ཞིང་། ཆིག་སྒྲིལ་གྱི་གཞི་རྩའི་རྨང་གཞིའི་ཐོག་གསར་གཏོད་ཀྱི་ཐབས་བྱུས་སྤེལ་བ་བརྒྱུད། མཐའ་མཇུག་གི་དམིགས་ཡུལ་རང་མགོ་རང་ཐོན་ཡོང་བར་འབད་བརྩོན་བྱས་ཏེ། བོད་ནང་རང་དབང་བསྐྱར་གསོའི་ལས་འགུལ་བརྩམ་རྒྱུ་ཡིན”ཟེར། འོན་ཀྱང་ད་བལྟ་གཅིག་ཀྱང་ལེགས་འགྲུབ་མ་བྱུང་། སྔོན་ཆད་ཁོས་སྤམ་བཤད་ཚང་མ་ཁོའི་འོས་ཤོག་ཁོ་ནའི་ཆེད་དུ་རེད།

  • #11

    ཚངས་གསར་འཕྲིན་ལས (Tuesday, 04 November 2014 17:24)

    དོར་རྒྱལ་བ་ཧམ་སེམས་ཆེ། འདྲེའི་བསམ་དོན་འགྲུབ་མི་སྲིད། འོན་ཀྱང་། བློ་བཟང་སེང་གེའི་བསམ་དོན་ཡང་འགྲུབ་དཀའ། ཆབ་སྲིད་ཀྱི་གོས་ལྭ་གྱོན་ནས་བོད་འབངས་མིའི་མགོ་གཡོག་སོང་། རྒྱུ་མཚན་གཅིག་ནི་ཁོས་བསྟན་སྲིད་གཉིས་ཀྱི་བརྗོད་སྙིང་ཤེས་རྟོགས་བྱུང་མེད། རྒྱུ་མཚན་གཉིས་ནི་འཅར་འདྲི་སྐབས་སྐད་ཆ་དྲང་མོ་བཤད་མ་མྱོང་། རྒྱུ་མཚན་གསུམ་ནི་བློ་བཟང་སེང་གེའི་སེམས་ནང་དུ་དོར་རྒྱལ་པ་དང་འགྲན་རྩོད་བྱེད་པ་དེ་ཆབ་སྲིད་ཀྱི་མདུན་ལམ་ཞིག་དང་བསྡུར་བཞིན་ཡོད།

  • #10

    སྐུ་ཚབ (Saturday, 25 October 2014 16:06)

    གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྒོ་ནས་དོར་རྒྱལ་བ་གནོད་འཚེ་བཟོ་མི་བཟོ་ཁོང་གི་བཀའ་སློབ་དང་བཙན་བྱོལ་སྤྱི་ཚོགས་ལས་མཐོང་ཐུབ།

  • #9

    ཁམས་སྨྱོན (Saturday, 25 October 2014 15:35)

    གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྒོ་ནས་དོར་རྒྱལ་བ་གནོད་འཚེ་མི་བཟོ་བ་བོད་པ་ཡོངས་ལ་ཡིད་ཆེས་ཟབ་མོ་ཡོད།

  • #8

    སྐུ་ཚབ (Saturday, 25 October 2014 15:30)

    གོང་ས་མཆོག་གིས་བཀའ་སློབ་སྩལ་བ་དེ་གུས་བས་གསལ་བོར་ཀློག་འདོན་བྱས་ཡོད། བཀའ་སློབ་ལས་དོལ་རྒྱལ་ནི་སྨོན་ལམ་ལོག་པའི་དབང་གིས་རྒྱལ་མཆོག་ལྔ་བ་ཆེན་པོའི་སྐུ་དུས་སུ་ཐོག་མར་འགལ་བ་བྱུང་བ་ནས་བཟུང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་འགོ་འཁྲིད་པའི་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་སྐྱོང་ཚུལ་ལ་མི་དགའ་བའི་ཞེ་འཁོན་སྡང་འཛིན་གྱིས་གནོད་འཚེ་བྱེད་པ་རེད་གསུངས། འོན་ཀྱང་གོང་ས་མཆོག་གི་མི་ཚེ་ལས་དོལ་རྒྱལ་བསྟེན་གསོལ་བྱས་བའི་ལོ་རྒྱུས་ཡོད། འདི་ནི་ཆོས་དང་གྲུབ་མཐའ་བཟང་ངན་རིས་སུ་བཅད་ནས་ཆགས་སྡང་འཁྲུག་རྩོད་སློང་དགོས་བའི་ངེས་བ་མེད་བསམ། གལ་སྲིད་གོང་ས་མཆོག་གི་ཆབ་སྲིད་དང་ཕན་པ་ཡོད་ཚེ་དོལ་རྒྱལ་བསྟེན་གསོལ་བྱེད་ཆོག་པ་ཡོད། འདི་ལྟར་ལྟོས་ན་ཡོད་ཚད་ཀྱི་ཡོད་ཚད་ཆབ་སྲིད་ཀྱི་དགོས་མཁོ་རེད། ཆོས་ལུགས་ཀྱི་སྐྱོན་མ་རེད་དོ།

  • #7

    ཁམས་སྨྱོན (Saturday, 25 October 2014 15:19)

    གུས་བའི་བསམ་པར་ཁྱེད་ཀྱིས་གོང་ས་མཆོག་གིས་དོལ་རྒྱལ་སྐོར་བླང་དོར་ལམ་སྟོན་གྱི་བཀའ་སློབ་སྩལ་ཡོད་པ་དཔེ་ལེན་པ་འདྲ། གོང་ས་མཆོག་གིས་བཀའ་སློབ་སྩལ་བ་ལས་འདི་ལྟར་གསུངས་ཡོད་དེ། དོལ་རྒྱལ་བསྟེན་གསོལ་བྱས་ན། དགེ་སྐྱོན་ཕན་གནོད་གང་ཡོད་པ་ངས་གསལ་པོ་ཤེས་བཞིན་དུ་མང་ཚོགས་ལ་འགྲེལ་བརྗོད་གསལ་བཤད་མ་བྱས་ན་ངའི་ནོར་འཁྲུལ་རེད། དེ་ལས་གཞན་དགེ་སྐྱོན་ཕན་གནོད་ཀྱི་རྒྱུ་མཚན་ཡང་གསལ་བོར་གསུངས་ཡོད་པ་རེད།

  • #6

    སྐུ་ཚབ (Saturday, 25 October 2014 15:07)

    གུས་བ་རང་ཉིད་བོད་མི་ཞིག་ཡིན་ཕྱིན་གུས་བས་འཇིག་རྟེན་འདིའི་རེ་བ་ཅན་གྱི་གངས་ཅན་བོད་པ་རྣམས་ལ་རེ་བ་ཅུང་ཙམ་བཞག་ཡོད་པ་ཡིན། གུས་བ་དོར་རྒྱལ་གྱི་མི་ཡིན་མིན་གཙོ་བོ་མ་རེད། གཙོ་བོ་ཆོས་ལུགས་གང་ཡིན་ནའང་ཆོས་དད་རང་དབང་དགོས། མི་སུ་ཞིག་གིས་ཀྱང་གནོད་འཚེ་གཏོང་ཆོག་པའི་དབང་ཆ་མེད། དེ་འདྲ་ཡིན་ནམ།

  • #5

    ཁམས་སྨྱོན (Saturday, 25 October 2014 14:56)

    སྐུ་ཚབ་ཞེས་བའི་སྐུ་ཞབས་ལགས། ཁྱེད་སུས་སྐུ་ཞབས་ཡིན་པ་མི་ཤེས་མོད། གུས་བས་བསམ་ན་དོར་རྒྱལ་གྱི་མི་ཡིན་པ་བསམ་མ་དགོས་བ་རེད། གོང་གསལ་གྱི་གསལ་བསྒྲགས་སུ་ཞིག་གིས་བཤད་པ་རེད། དམིགས་ཡུལ་གཙོ་བོ་གང་འདྲ་གོ་བ་ཡིན།

  • #4

    སྐུ་ཚབ (Saturday, 25 October 2014 06:04)

    གུས་བས་འཇིག་རྟེན་འདིའི་རེ་བ་ཅན་གྱི་གངས་ཅན་བོད་པ་རྣམས་ལ་རེ་བ་ཅུང་ཙམ་ཞུ
    གཅིག ཆོས་དད་རང་དབང་དགོས།
    གཉིས ཆོས་ལུགས་གྲུབ་མཐའ་དབར་མཐུན་སྒྲིལ་དང་འདྲ་མཉམ་དགོས།
    གསུམ ཆོས་ལུགས་དད་འདུན་པའི་འཚོ་རྟེན། དགོན་པ། ཁེ་དབང་སོགས་ལ་གནོད་འཚེ་གཏོང་མི་ཆོག
    བཞི ཆོས་ལུགས་སྐྱབས་མགོན་པས་རྫུན་གཏམ་མི་སྨྲ་བ།

  • #3

    ཆོད་དད་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན (Saturday, 25 October 2014 04:58)

    རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བརྟེན་གསོལ་མཚམས་འཇོག་མཛད་པའི་སྐོར་ལ་བཀའ་མང་པོ་ཞིག་གནང་ཡོད། ཡིན་ནའང་ཆོས་དད་ཀྱི་རང་དབང་ནི་མི་སུ་ཡིན་ཡང་ཐེར་གཏོགས་དཀའ་བ་ཞིག་རེད། རྒྱུ་མཚན་གཙོ་བོ་ཞིག་ནི་དོལ་རྒྱལ་དད་འདུན་པའང་བོད་པ་ཡིན་ལ་འགྲོ་བ་མིའང་ཡིན། གུས་བར་འོས་བའི་དྲང་བདེན་གྱི་གཙོ་འཛིན་རྒན་ལྷ་མོ་སྐྱབས་ལགས། འདིའི་ཐད་སྐད་ཆ་རེ་བཤད་རོགས། ང་ཚོ་ལ་སྐྱབས་བཅོལ་ས་མེད་དེ་འུ་ཐུགས་བ་རེད།

  • #2

    དུས་དབང་དུ་གསར་འགོད་པར་དོ་སྣང་མི་འདུག (Tuesday, 15 July 2014 18:27)

    བོད་ཀྱི་དུས་བབ་གསར་འགོད་པས་ད་ཐེངས་དུས་དབང་དུ་གསར་འགོད་པ་ཧ་ཅང་མང་པོ་བསླེབས་འདུག ཨ་རི་དང་ཡུ་རོབ། དབྱིན་ཡུལ་སོགས་ཀྱི་གསར་འགོད་པ་མང་པོ་འདུག ཨེ་པེ་AP དང་། སི་ཨན་ཨན་ CNN སོགས་ཀྱང་བསླེབས་འདུག ཉི་ཧོང་དང་ཐེ་ཝན་སོགས་ཨེ་ཤ་ཡའི་ཕྱོགས་ནས་གསར་འགོད་པ་གང་འཚམ་ཡོད་ས་རེད། དེ་ནས་བོད་པའི་གསར་འགོད་པ་བཅོ་ལྔ་ཉི་ཤུ་ཞིག་འདུག རྒྱ་གར་གྱི་གསར་འགོད་པ་དང་ལ་དྭགས་ས་གནས་ཀྱི་གསར་འགོད་པ་སོགས་ཁྱོན་གསར་འགོད་པ་ ༡༥༠ ཙམ་གྱིས་ཐོ་འགོད་བྱས་ཡོད་ཟེར། སྤྱིར་བཏང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཆོས་རྭའི་ནང་གསར་འགོད་པ་ཚོར་སྡོད་ས་ཞིག་གོ་སྒྲིག་བྱས་འདུག་ཀྱང་། གསར་འགྱུར་གཏོང་སྤེལ་བྱེད་ས་གོ་སྒྲིག་ཡག་པོ་མི་འདུག ༢༠༡༢ ལོའི་རྡོར་གདན་དུས་དབང་དང་བསྡུར་ན་དྲིལ་བསྒྲགས་ཀྱི་མཐུན་རྐྱེན་སྐྱོ་བོ་རེད། དེ་ནས་མི་མང་གི་ངོས་ནས་ཀྱང་གསར་འགོད་པར་དོ་སྣང་མི་འདུག་བསམ་པ་བྱུང་སོང་།ཞེས་བརྗོད་བྱུང་།

  • #1

    ད་ཐེངས་ཀྱི་དུས་དབང་སྐྱོ་བོ་འདུག (Tuesday, 15 July 2014 16:00)

    དྷ་རམ་ས་ལ་ནས་ཡོང་བའི་བསྟན་པ་ཆོས་འཕེལ་ལགས་ཀྱིས། ངས་ད་བར་དུས་འཁོར་དབང་ཆེན་ཐེངས་བཞི་ཞུས་ཚར་ཡིན། སྐབས་སྔོན་མ་དག་གི་ཚོགས་ས་རྒྱལ་ས་དང་གྲོང་ཁྱེར་དེ་འདྲ་རེད། གྲ་སྒྲིག་དང་མཐུན་རྐྱེན་གྱི་ཕྱོགས་ནས་ཀྱང་ཡག་པོ་འདུག ལ་དྭགས་ལ་མཚོན་ན་ས་ཆ་ཁུག་ཀྱོག་དང་། མཐུན་རྐྱེན་ཡག་པོ་མེད་སྟབས། ད་རེབ་གྲྭ་བ་དང་བཙུན་མ་ལས་མི་མང་མང་ཆེ་བ་གུར་ནང་གོ་སྒྲིག་གནང་འདུག གསུང་ཆོས་རྭ་བར་ཡང་གུར་ཡག་པོ་ཞིག་ཀྱང་བརྒྱབ་མེད་པར། མི་མང་གིས་དངུལ་གྱི་འགྲོ་སོང་བཏང་སྟེ་ཉི་གདུགས་སོགས་ཉོ་བ་དང་། རང་ངོས་ནས་རས་གུར་དེ་འདྲ་འཁུར་ནས་ཡོང་གི་འདུག དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་སྐབས་སྔོན་མ་དག་དང་བསྡུར་ན་སྐྱོ་བོ་འདུག སྔོན་མ་ཁོང་ཚོས་གྲ་སྒྲིག་ཡག་པོ་ཡོད་ཅེས་བརྙན་འཕྲིན་དང་ཚགས་པར་སོགས་སུ་བསྒྲགས་འདུག མུ་ན་ལེ་ནས་ལྕོག་ལམ་སར་ཡོང་རག་བར་སྣེ་ལེན་སོགས་ཀྱི་རིགས་གཅིག་ཀྱང་མཐོང་མ་སོང་། ས་ཆ་གོ་སྒྲིག་སོགས་མེད་སྟབས། ཁང་པ་གཅིག་ལ་ཧིན་སྒོར་ ༡༨༥༠༠ སྤྲད་པ་ཡིན། ཆུ་དང་གསང་སྤྱོད་སོགས་དཀའ་ངལ་ཆེན་པོ་འདུག ཆ་རྐྱེན་ཡག་པོ་ཁྱོན་ནས་མི་འདུག མ་འོངས་པར་དུས་འཁོར་དབང་ཆེན་གོ་སྒྲིག་གནང་ཚེ། ཁ་བཤད་དོན་ལ་གནས་རྒྱུ་གལ་ཆེན་པོ་རེད། བརྙན་འཕྲིན་དང་ཚགས་པར་ནང་འདྲ་ཆགས་པོ་བཤད། མང་ཚོགས་འདིར་ཡོང་དུས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དཀའ་ངལ་འཕྲད་མཁན་ཡང་ཉམ་ཐག་དང་སྐྱོ་བོ། དཔལ་འབྱོར་མེད་མཁན་རེད། དབང་དང་རྒྱུ། ཡོན་ཏན་ཡོད་མཁན་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་རེད། མ་འོངས་པར་དེ་འདྲ་མི་གནང་བར་ཐུགས་རྗེ་གཟིགས་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php