༄༅།།དཔྱད་བརྗོད་ངང་བའི་བུ་མོའི་གཤོག་རླབས།

 

       འདིར་རྩོམ་རིག་དང། རིག་གཞུང། སློབ་གསོ། ཆབ་སྲིད་བཅས་ཀྱི་སྐོར་ལ་འཆར་སྣང་གང་བྱུང་ཟིན་ཐོར་བཀོད་པའི་འབོལ་རྩོམ་ཁག་ཅིག་ཡོད། དེ་དག་ནི་གཙོ་བོ་རང་གི་མྱོང་བ་དང་བཅས་པའི་ཚོར་སྣང་དག་ཡིན་ཡང། སྣང་ཚུལ་མི་མཐུན་ས་དང་འདོད་པ་མི་གཅིག་ས་གང་མང་ཡོད་ངེས་པས། བསམ་ཚུལ་བརྗེ་རེས་བྱ་རྒྱུར་དགའ་བསུ་ཞུ།

འབྲུག་དཀར་པོར་ལྕགས་རྩི་ནག་པོ་བྱུགས་པ།

 

གངས་དཀར་ཕྱོགས་ལས་རྣམ་རྒྱལ་ལས་འབྲུག་དཀར་རྒྱལ་པོ་ཟེར་བ་ཞིག་འཁྲུངས། དེ་བས་འབྲུག་འདིའི་ཁ་དོག་ཀྱང་གངས་རི་དང་འདྲ་ཞིང་སྙིང་ཡང་གངས་ལྟར་དཀར། དེ་ནི་གངས་སེང་དཀར་མོའི་སྐྱེ་རྒྱུད་ཀྱི་རིགས་སྲས་ཤིག དེ་བས་འབྲུག་སྐད་དང་སེང་སྐད་ལྷན་ཅིག་ཏུ་གྲགས། སྐད་གསངས་འདི་ཆེས་རྣ་བར་གཟན་པ་ནི་ནག་ཕྱོགས་པའི་སྡེ་ཁོ་ན་ཡིན། དེ་བས་གངས་རི་སྤར་མཐིལ་ལ་བཟུང་བའི་བཙན་བདུད་ནག་པོ་དེས་འབྲུག་འདི་དམ་ལ་འདོགས་པར། ཐོག་མར་འབྲུག་དཀར་དེ་འབྲུག་ནག་ཅིག་ཏུ་བསྒྱུར་དགོས་བྱུང་། དེ་བས་དེ་ལ་ལྕགས་རྩི་ནག་པོ་ཞིག་བཙན་གྱིས་བྱུགས། མངོན་སུམ་དུ་བྱུགས་ཏེ། སའི་འོག་རིམ་གསུམ་གྱི་དོང་ཞབས་སུ་བཅུག འོན་ཀྱང་སེང་འབྲུག་གི་གད་རྒྱངས་དེ་སའི་འོག་རིམ་ནས་མཆེད་དུ་བར་སྣང་དུ་ཁྱབ།

ངས་འདིར་སྒྲུང་ཞིག་རྩོམ་གྱིན་མེད་ལ་ལྷ་སྒྲུང་ཞིག་དེ་བས་ཀྱང་ཤོད་ཀྱིན་མེད། འདི་ནི་ཁ་སང་རང་བྱུང་མ་ཐག་པའི་དངོས་སྒྲུང་ཞིག་སྟེ། སྐུ་ཞབས་འབྲུག་དཀར་རྒྱལ་ལམ་འབྲུག་ལོ། ཡང་ན་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་རྒྱལ་གཅེས་ཀྱི་སྙིང་སྟོབས་དང་ལྷག་པར་དྲང་བདེན་སྐྱོང་བའི་དཔའ་ངར་སྙུག་རྩེ་དེ་ནི་འབྲུག་དཀར་ཞིག་བར་སྣང་དུ་འཁྱུག་པ་དང་འདྲ་ལ་སེང་སྐད་ཅིག་རི་ལུང་དུ་ཁྱབ་པ་དང་ཡང་འདྲའོ། དེ་བས་རྒྱལ་གཅེས་པ་འབྲུག་དཀར་ལགས་ལ་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཀྱིས་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ཉེས་འགེལ་གྱིས་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་དང་ལོ་གཉིས་ཀྱི་ཆབ་སྲིད་ཐོབ་ཐང་འཕྲོགས།  འདི་ནི་མི་དཀར་པོར་ཞྭ་ནག་པོ་གཡོགས་པའམ། འབྲུག་དཀར་པོ་ལ་ལྕགས་རྩི་ནག་པོ་བྱུགས་པ་ཞིག་མ་ཡིན་ནམ།

སྐབས་འདིར་ཁོང་གིས་སླར་ཡང<གོང་གཏུག>ཅེས་པའི་རང་ཉིད་དག་སེལ་གྱི་དོན་ཚན་དྲུག་ཅན་གྱི་ཁྲིམས་གཏུགས་སྙན་ཞུ་ཞིག་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དུ་ཕུལ་བ་དེ་ཡང་འབྲུག་སྐད་ཅིག་དང་འདྲ་བར་གང་ས་གང་དུ་ཁྱབ་ཀྱིན་འདུག

ཁོང་ལ་གཡོགས་པའི་ཉེས་མིང་གཙོ་བོ་དྲུག་གི་ནང་ནས་གཉིས་ནི་སྐུ་ཞབས་ཝང་ལི་ཞུང་གི<<བོད་ཀྱི་བྱ་གཏོར>>དང་སྐུ་ཞབས་ཞོགས་དུང་གི<<གནམ་ས་གོ་འབྱེད>>གཉིས་ལྟ་ཀློག་དང་ལུང་འདྲེན་བྱས་པ་འདུག་ཟེར་བ་དེ་རེད། དེས་ན་དེའི་རྩོམ་པ་པོ་གཉིས་བཙོན་འཇུག་ཁྲིམས་ཆད་མི་གཏོང་དོན་ཅི་ཡིན་ནམ། མ་གཞི་དེབ་དེ་གཉིས་ནང་ལ་རྒྱལ་ཁབ་ཁ་བྲལ་སྐོར་གྱི་སྐད་ཆ་ཅི་ཡང་བཤད་མེད་པས་འདི་ལྟར་བསྙོན་འཛུགས་དོན་ཅི་ཡིན་ནམ།

དོན་ཚན་གཉིས་ནི་ཉེན་རྟོག་པས་ཁོང་རང་ཉིད་བཙན་བཤེར་བྱས་ཚུལ་གྱི་རྩོམ་ཡིག་ཅིག་དང་དང་ཉེན་རྟོག་པས་རྒྱ་རིགས་མང་ཚོགས་ཁག་ཅིག་ལ་གཅར་རྡུང་བྱས་པའི་དྲ་ལམ་གྱི་བརྙན་ཐུང་ཞིག་བརྒྱུད་བསྐུར་བྱས་འདུག་པ་དེ་རེད། གནད་དོན་འདི་གཉིས་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ཉེས་པར་བགྲངས་པ་ནི་དེ་བས་ཀྱང་གཞི་རྩ་མེད། ༼འོན་ཀྱང་འདིས་རྒྱ་ནག་གི་ཉེན་རྟོག་པ་ཚོའི་སྤྱོད་ངན་ཐེར་འདོན་བྱས་ཡོད་པས་མ་དགའ་བ་ཁག་མེད། ༽

དོན་ཚན་གཞན་ཞིག་ནི་སྐུ་འབུམ་གྱི་མེ་ཏོག་མཆོད་མཇལ་སྐབས་དྲག་ཆས་སྤྲས་པའི་དམག་དཔུང་གིས་བསྐོར་ནས་འཇིགས་སྐུལ་བྱས་པ་དེ་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་ཕོག་ཐུག་སོང་ཚུལ་དང་འབྲེལ་ནས་ཆོས་དད་རང་དབང་སྐོར་གྱི་ཁྲིམས་ལུགས་རྒྱུན་ཤེས་རེ་མཁོ་སྤྲོད་བྱས་པའི་རྩོམ་ཡིག་དེ་རེད། ཁྲིམས་བཤད་ན་ཡང་ཁྲིམས་འགལ་དུ་བརྩི་བ་འདི་རྒྱ་ནག་གི་སྒེར་ཁྲིམས་ཤིག་མིན་ནམ། ལྷག་པར་དུའང་རྒྱལ་ཁབ་ཁ་བྲལ་དང་འབྲེལ་བ་ཅི་འདུག ༼དོན་ངོ་མ་མང་ཚོགས་ཀྱིས་ཁྲིམས་ཤེས་སོང་ན་ཁྲིམས་འགལ་གྱིས་ཁྲིམས་ཆད་གཏོང་སྲོལ་དེ་རྒྱུན་འཁྱོངས་དཀའ་བས་མ་དགའ་བ་ལོས་ཡིན།༽

དོན་ཚན་གཞན་ཞིག་ནི་བོད་རང་བཙན་དང་འབྲེལ་མེད་ཀྱི་བོད་ཀྱི་གནད་དོན་དག་ལ་ཀྲུང་དབྱང་གིས་༸གོང་ས་་མཆོག་དང་ལྷན་དུ་གྲོས་མོལ་གནང་ཆོག་ཚུལ་གྱི་ནང་ཁུལ་ཡིག་ཆ་ཞིག་བརྒྱུད་སྐུར་གནང་འདུག་པ་དེ་རེད། འདི་བོད་རྒྱའི་ཆབ་སྲིད་དང་ཐད་ཀར་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་ན་ཡང་འདིར་བོད་རྒྱ་མཉམ་གནས་བྱ་རྒྱུ་ལས་ཁ་བྲལ་གྱི་ནང་དོན་རྩ་བ་ནས་མེད། གསང་བ་ཕྱི་བསྒྲགས་ཀྱི་ཉེས་པའང་འགེལ་ཐབས་མེད་དེ། འདི་དེ་སྔ་ན་ཏིང་ཞའོ་ཕིང་གིས་གསུངས་ནས་ཕྱི་གསལ་ནང་གསལ་ཆགས་ཚར་བ་ཞིག་རེད། དེ་རྗེས་ནས་རྒྱ་ནག་གཞུང་ཕྱོགས་ནས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཚོགས་པ་དང་ཡང་འབྲེལ་མོལ་ཐེངས་འགའ་གནང་ཟིན་པ་ཡོངས་གྲགས་རེད། ༼འོན་ཀྱང་དེང་སང་ཁོ་ཚོས་སྐད་ཆ་དེ་ཁས་ལེན་འདོད་མེད་ལ། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་གི་བོད་རང་སྐྱོང་གི་བསམ་འཆར་ཡིག་ཆ་དེ་ཡང་བོད་རང་བཙན་གྱི་ངོ་བོ་ཞིག་ལ་དོགས་འདྲོགས་ཀྱིས་ངོས་ལེན་བྱེད་ཕོད་ཀྱིན་མེད།༽

དེ་ལྟར་ན་ཁོང་གི་ཉེས་འདོགས་དོན་ཚན་དྲུག་པོ་དེ་དག་ནི་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པ་ཕར་ཞོག་རྒྱ་ནག་གི་རྩ་ཁྲིམས་ཁྱབ་ཁོངས་ནས་མ་བརྒལ་བའི་གནད་དོན་ཞིག་ཡིན་པ་རྨ་ལྷོ་མི་ཁུལ་མི་དམངས་ཁྲིམས་ཁང་ནས་མ་ཤེས་པ་ཞིག་གཏན་ནས་མིན་པར་ཤེས་བཞིན་དུ་མ་ཉེས་ཁག་དཀྲི་བྱས་པ་ཞིག་རེད། དེས་ན་ཁྲིམས་ཁང་གིས་བསམ་བཞིན་དུ་ཁྲིམས་འགལ་རང་བཞིན་གྱི་ཉེས་ཆད་མངོན་སུམ་འཛེམས་མེད་དུ་གཅོད་དོན་ཅི་ཡིན་ནམ། ཡང་ན་དེའི་དགོས་པ་དང་དམིགས་ཡུལ་ཅི་ཡིན་ནམ། འདི་ནི་ང་ཚོས་སྐབས་སུ་བབས་པའི་བསམ་གཞིགས་གཏོང་དགོས་ས་དང་གླེང་དགོས་པ་དེ་རེད།

བདག་གིས་དཔྱད་ན། རྒྱ་ནག་གཞུང་ཕྱོགས་དབང་འཛིན་པ་མི་ཉུང་བ་ཞིག་གིས་གྲངས་ཉུང་མི་རིགས་བླུན་པོ་དང་གླེན་པར་བརྩིས་ཏེ་ཐུབ་ཚོད་འདྲ་མིན་གཏོང་གིན་ཡོད་ལ། ཡང་དབང་འཛིན་པ་གང་མང་ཞིག་གིས་བོད་དང་ཡུ་གུར་ལྟ་བུས་མི་རིགས་ཀྱི་ཁེ་དབང་གང་ཞིག་རྩོད་པ་དང་དེའི་ཆེད་དུ་ཞུ་རྒོལ་སོགས་ལས་འགུལ་གང་ཞིག་སྤེལ་ན་ཡང་ཚང་མ་རང་བཙན་ནམ་རྒྱལ་ཁབ་ཁ་བྲལ་གྱི་རྣམ་འགྱུར་དུ་བརྩི་བའི་རྣམ་རྟོག་ཆེན་པོ་ཞིག་གིས་ཀྱང་ཁྲིམས་ཆད་ཅི་ཡང་གཅོད་ཀྱིན་ཡོད།

གཉིས་ནས་རྒྱ་ནག་དམར་གཞུང་ཆེས་སྐྲག་ས་ནི་དམངས་གཙོ་བརྩོན་ལེན་གྱི་ལས་འགུལ་ཡིན། དེའི་རྒྱུ་མཚན་ནི་རྒྱ་ནག་ཁ་ཐོར་དུ་འགྲོ་རྒྱུར་སེམས་ཁྲལ་བྱེད་པ་མིན་པར་ད་ལྟའི་སྲིད་འཛིན་པ་དག་གི་དབང་ཆ་འཆོར་རྒྱུར་སེམས་ཁྲལ་ཆེ་བས་རེད། དེའི་རྒྱུ་མཚན་མི་ཕལ་མོ་ཆེ་དབང་གྲགས་དང་རྒྱུ་འབྱོར་ལ་རྔམས་པས་སྒེར་དོན་ནམ་ཡང་བློས་གཏོང་མི་ནུས། ལྷག་པར་དུ་རྒྱ་ནག་ནི་སྔོན་ཆད་ནས་དབང་ཆ་འཕྲོག་རྩོད་དང་བརྟན་སྲུང་གི་བྱུས་ངན་དེར་གོམས་རྒྱུས་ཡོད་པས་ནད་ཡམས་འདི་ཀུན་ལ་འགོས་ཡོད། དེ་ནི་རྒྱ་ནག་གི་གུང་ཁྲན་ཏང་མི་ཕལ་མོ་ཆེའི་རུལ་སུངས་ཀྱི་བྱ་སྤྱོད་དག་གིས་གསལ་བོར་མཚོན་ཡོད། དེས་ན་གཅིག་རྒྱབ་གཅིག་ལངས་ཀྱིས་དམར་ཤོག་ཚོགས་པ་སྲུང་སྐྱོབ་བྱེད་རྒྱུར་ཁ་གཡར་ནས་ནང་ཁུལ་གྱི་དབང་ཆ་རྩོད་རེས་ཀྱི་ལྐོག་གཡོ་ཡང་གང་མང་ཞིག་བཤམས་དང་གཤོམ་གྱིན་ཡོད། དེ་ཡང་ཁོ་ཚོ་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུར་དམངས་གཙོའི་ཁྱད་ཆོས་གལ་ཆེན་འགའ་ནམ་ཡང་ལག་བསྟར་བྱེད་འཇུག་གིན་མེད་དེ། གཅིག་ཁ་གཏད་ཆབ་སྲིད་ཚོགས་པ་དང་། གཉིས་མི་དམངས་ཀྱིས་ཐད་ཀར་འོས་ཤོག་འཕེན་རྒྱུ། གསུམ་རང་དབང་གསར་འགོད་པ་དང་ཆབ་སྲིད་རྩོམ་པ་པོའི་གཏམ་བཤད་དང་རྩོམ་ཡིག་བཅས་ྣམ་ཡང་སྤེལ་ས་མེད། དེ་བས་དམངས་གཙོ་རྩོད་ལེན་པ་སུ་དང་གང་ཡིན་ཡང་ཁོ་ཚོའི་དགྲ་ཟླ་གཙོ་བོ་ཡིན། འདིའི་ཁ་གཏད་དུ་ཁོ་ཚོས་མངོན་སུམ་འཛེམས་མེད་ཀྱིས་ཞུ་དྲག་གི་ཐབས་ཚུལ་ཅི་ཡང་སྤེལ་དང་སྤེལ་གྱིན་ཡོད། དཔེར་ན་གནམ་བདེ་སྒོ་མོ་ཆེའི་དམར་གསོད་ཆེན་མོ་ནི་འདིའི་དཔེ་མཚོན་གསོན་པོ་དེ་ཡིན།

འབྲུག་དཀར་རྒྱལ་གྱི་ངར་སྐད་དེ་ནི་དོན་ངོ་མ་དམངས་གཙོའི་ངར་སྐད་ཅིག་ཡིན། དེ་བས་ཁོ་ཚོས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་རྩོད་ལེན་བྱས་སོང་ཞེས་ཉེས་ཆད་གཅོད་ཐབས་བྲལ། བསྙོན་འདོགས་ས་ཉག་གཅིག་ནི་རྒྱལ་ཁབ་ཁ་བྲལ་གྱི་ནག་ཞྭ་གཡོག་རྒྱུ་དེ་ཉིད་དོ༎

འབྲུག་དཀར་རྒྱལ་གྱིས་རང་ཉིད་འབྲུག་ནག་པོ་ཞིག་མིན་པ་དང་རང་ཉིད་ལ་ཁུལ་ཁྲིམས་ཁང་གིས་ལྕགས་རྩི་ནག་པོ་བྱུགས་ཚུལ་གྱི་ཞུ་གཏུགས་ཤིག་ཞིང་ཆེན་རིམ་པའི་ཁྲིམས་ཁང་དུ་ཕུལ་བ་འདིས་ཁོང་ཉིད་དཀར་འདོན་གནང་སྲིད་དམ། གལ་ཏེ་མ་གནང་ན་ཁོང་གིས་བསྐྱར་དུ་རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུགས་འདི་འབུལ་ངེས། དེས་ཀྱང་དཀར་འདོན་མ་གནང་ཚེ། མཐར་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་སུ་ཞུ་གཏུགས་འབུལ་དགོས། དེར་ཡང་རེ་བ་ཅི་ཙམ་ཡོད་དམ། གང་ལྟར་འདི་ནི་ཁོང་གིས་རང་ཉིད་ཀྲུང་གོའི་ཉེས་མེད་སྤྱི་འབངས་ཤིག་ཡིན་པ་གཞིར་བཞག་གིས་ཁྲིམས་མཐུན་རང་བཞིན་གྱི་ཁྲིམས་གཏུགས་གོ་རིམ་ཞིག་ཀྱང་རེད།

ང་ཚོས་གང་ཐུབ་ཀྱིས་དངོས་དོན་འདི་དག་ཐད་ཞུ་གཏུགས་རོགས་རམ་དང་རྒྱ་ཁྱབ་ཏུ་གསལ་བསྒྲགས་བྱེད་དགོས་ལ། ཁོང་ཚོའི་བརྩམས་ཆོས་ཁག་ཀྱང་ཀུན་ཏུ་སྤེལ་དགོས།

 

གངས་ཀྱི་རི་ལས་བྱོན་པའི་དུང་གི་འབྲུག ལྕགས་རྩི་ནག་པོ་བྱུགས་ཏེ་དོང་དུ་བཅུག 

འོན་ཀྱང་ཁྲིམས་མཐུན་བདེན་སྐྱོང་དུང་གི་སྒྲ། སྤྲིན་ནག་བང་རིམ་གཤགས་ཏེ་མཁའ་ལ་ཁྱབ༎

 

ཐེ་ཝན་དམངས་གཙོས་
རྒྱ་ནག་ཟིལ་གྱིས་མནན།
 
རྒྱ་ཆེ་བའི་ཀྲུང་ཐེ་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་ཆེད་དྲང་བདེན་གྱི་འཐབ་རྩོད་ལས་འགུལ་སྤེལ་བའི་དབུ་ཁྲིད་རྣམ་པ་དང་ཚོགས་ཞུགས་པ་ཡོངས་ལ་ངས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
 
ངས་ཐེ་ཝན་གོ་མིན་ཏང་གིས་རྒྱ་ནག་གུང་ཁྲན་ཏང་ཟིལ་གྱིས་མནན་པའི་དམངས་གཙོའི་ཁྱད་ཆོས་ལྔ་ལྡན་པར་མཐོང་བའི་ཐོག་ནས་སྐད་ཆ་ཚིག་འགའ་བཤད་ན་འདོད།
༡༽ རྒྱལ་ཁབ་གཞན་དག་གི་མི་སུ་ཞིག་ཡིན་ཡང་ཐེ་ཝན་ལ་འགྲོ་སྡོད་ཀྱི་རང་དབང་ཡོད། ༼རྒྱ་ནག་ལ་མེད།༽ 
༢༽ ཐེ་ཝན་རང་ཁོངས་ཀྱི་མི་སེར་སུ་ཞིག་ཡིན་ཡང་འཛམ་གླིང་རྒྱལ་ཁབ་ཁག་ལ་འགྲོ་སྐྱོད་རང་དབང་ཡོད། ༼རྒྱ་ནག་ལ་མེད།༽ 
༣༽ ཐེ་ན་མི་སེར་ལ་གཏམ་བརྗོད་དང་རྩོམ་འབྲི། གསར་འགོད་རང་དབང་བཅས་སྨྲ་བརྗོད་རང་དབང་ལྡན། ༼རྒྱ་ནག་ལ་མེད།༽ 
༤༽  ཐེ་ཝན་མི་དམངས་ལ་ཐད་ཀར་རྒྱལ་ཁབ་ཀྱི་གཙོ་འཛིན་འོས་འདེམས་བྱེད་པའི་རང་དབང་ཡོད། ༼རྒྱ་ནག་ལ་མེད།༽ 
 ༥༽ ཐེ་ཝན་སྲིད་གཞུང་ལ་སྤྱི་ཚོགས་ཁྲིམས་ཀྱིས་སྐྱོང་བའི་དྲང་བདེན་གྱི་ལམ་ལུགས་བཟང་པོ་ལྡན་པ། ༼རྒྱ་ནག་ལ་མེད།༽
 
ཀ༽ རྒྱལ་ཁབ་ཕན་ཚུན་ནང་དུ་ཁྲིམས་མཐུན་འགྲོ་སྐྱོད་ཆོག་པ་དེ་གཅིག་ནས་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་ལ། གཉིས་ནས་མི་དམངས་ཀྱིས་འཛམ་གླིང་གི་གནས་ཚུལ་གང་མང་ཞིག་གསལ་རྟོགས་ཐུབ་པ་སོགས་ཀྱི་དགེ་མཚན་ལྡན། དཔེར་ན་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པ་ལ་མ་འཛེམས་པར་ང་ཚོ་བོད་མིའི་དབུ་ཁྲིད་ཏ་ལའི་བླ་མ་མཆོག་ཐེ་ཝན་ནང་དུ་སྔ་ཕྱི་ཐེངས་གསུམ་ལ་གདན་ཞུ་ཆིབས་བསྒྱུར་གནང་ཡོད། ༼ལི་ཏིན་ཝཱེ་སྲིད་འཛིན་སྐབས་ ༡༩༩༧ ལོའི་ཟླ་ ༣ པར་ཐེངས་དང་པོར་ཐའེ་ཝན་ནང་གདན་འདྲེན་ཞུས་ཡོད་པ་དང་། དེའི་རྗེས་སྲིད་འཛིན་ཁྲིན་ཧྲི་ཕིན་སྐབས་ ༢༠༠༡ ལོའི་ཟླ་ ༤ པར་ཐེངས་གཉིས་པར་གདན་འདྲེན་ཞུས་ཡོད། སྲིད་འཛིན་མ་ཡོན་ཅུག་སྐབས་ ༢༠༠༩ ལོའི་ཟླ་ ༨ པར་ཐེངས་གསུམ་པ་ཕེབས་ཡོད། སྐབས་དེར་དམངས་གཙོ་ཡར་ཐོན་ཚོགས་པའི་གཙོ་འཛིན་ཚེ་ཡེན་ཝིན་གྱིས་མཇལ་ཁ་ཞུས་ཡོད། འདི་དག་གིས་གོ་མིན་ཏང་ནི་གུང་ཁྲན་ཏང་ལས་ཁྱད་པར་དུ་འཕགས་པ་གསལ་མཚོན་ཐུབ། ༽
 སྐབས་དེ་དག་ལ་གཞུང་འབྲེལ་མི་སྣ་དང་བཅས་པའི་དད་ལྡན་མི་དམངས་ཁྲི་ཕྲག་གིས་ཏ་ལའི་བླ་མ་མཆོག་ལ་དགའ་བསུ་དང་ཆོས་འབྲེལ་བཞག་ཡོད། 
དེ་བཞིན་དུ། རྒྱ་ནག་སྐམ་ས་ཆེན་པོའི་མི་གཏན་ནས་འགྲོ་མི་ཆོག་སའི་རྒྱ་གར་རྡ་རམ་ས་ལར་ཡང་ཐེ་ཝན་གྱི་མི་སེར་གང་མང་ཞིག་ཏ་ལའི་བླ་མར་མཇལ་ཁ་ཞུ་བ་དང་གསུང་ཆོས་ཞུ་བར་ཡོང་གིན་ཡོད། ཁོ་ཚོའི་སེམས་ལ་ཞི་བདེ་ཐོབ་ཀྱིན་ཡོད། དེས་ཐེ་ཝན་གྱི་སྤྱི་ཚོགས་ལྷིང་འཇགས་དང་ཀུན་སྤྱོད་ལ་ཡང་ཤུགས་རྐྱེན་གང་ལེགས་ཐེབས་ཀྱིན་ཡོད་སྙམ། ཁོ་ཚོས་ད་དུང་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་དམངས་གཙོའི་རྣམ་པ་དང་སྲིད་བྱུས་ལ་ཡང་རྒྱུས་ལོན་ཐུབ་ཀྱི་ཡོད།
ཁ༽ སྨྲ་བརྗོད་རང་དབང་ནི་དོན་དངོས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་མང་ཚོགས་ཀྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཚུལ་ཞིག་ཡིན། འདིས་གཅིག་ནས་མི་དམངས་ཀྱི་བདེ་སྡུག་བསམ་ཚུལ་གང་ཡིན་ཕྱིར་འདོན་ཐུབ་པ་དང་། གཉིས་ནས་གོང་རིམ་གྱིས་དེ་ལ་རྒྱུས་ལོན་བྱེད་ཐུབ་པའི་དགོས་པ་ཡོད།
ག༽ ཐེ་ཝན་མི་དམངས་ཀྱིས་ཐད་ཀར་སྲིད་འཛིན་འོས་འཕེན་བྱེད་ཐུབ་པ་ནི་དམངས་གཙོའི་ཆེས་ཚད་མཐོའི་འོས་འདེམས་རང་དབང་ཞིག་རེད། འདི་ནི་མི་དམངས་ཀྱི་གཞུང་དེ་མི་དམངས་ཀྱི་ལག་ལ་དངོས་སུ་འཇོག་སྟངས་ཤིག་རེད། 
༼དེ་ཡང་༡༩༩༦ལོར་ཐེ་ཝན་མི་མང་གིས་ཐད་ཀར་སྲིད་འཛིན་འོས་འདེམས་ཐོག་མ་བྱས་ཏེ་གོ་མིན་ཏང་ཚོགས་པའི་སྐུ་ཞབས་ལི་ཏིན་ཝཱེ་ལ་མང་མོས་ཐོབ། དེ་རྗེས་༢༠༠༠ ལོ་ནས་ ༢ ༠༠༨ ལོའི་བར་དམངས་གཙོ་ཡར་ཐོན་ཚོགས་པའི་སྐུ་ཞབས་ཁྲིན་ཧྲི་ཕེན་ལ་ཐེངས་གཉིས་མང་མོས་ཐོབ། དེ་རྗེས་༢ ༠༠༨ ནས་ ༢༠༡༦ ལོའི་བར་སླར་ཡང་གོ་མིན་ཏང་ཚོགས་པའི་མཱ་ཡོན་ཅུག་ལ་སྲིད་འཛིན་མང་མོས་ཐོབ།༽
 འོས་འདེམས་འདིའི་ཐོག་ནས་བལྟས་ན་གོ་མིན་ཏང་དང་དམངས་གཙོ་ཚོགས་པ་གཉིས་ལ་ཁྱད་པར་ཆེན་པོ་མེད་པ་མཚོན་ཐུབ། གལ་ཏེ་རྒྱ་ནག་སྐམ་ས་ཆེན་པོར་འོས་འདེམས་ཀྱི་གོ་སྐབས་འདི་འདྲ་ཞིག་ཐོབ་ན་གུང་ཁྲན་ཏང་རྦད་དེ་ཕམ་པར་འགྱུར་ངེས།  

༼ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༧ ཉིན་ཏ་ལའི་བླ་མ་མཆོག་གིས་ལྕམ་སྐུ་ཚའི་ཡེན་ཝིནམཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་། ཐེ་ཝན་ནང་མང་གཙོའི་རིང་ལུགས་ཀྱི་གཞི་རྟེན་ཧ་ཅང་བརྟན་པོར་ཚུགས་ཡོད་པ་མཐོང་སྐབས་སེམས་ནང་བློ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད། འཛམ་གླིང་ཁྱོན་དུ་རང་དབང་དང་འགན་ཁུར་ལྡན་པའི་འགོ་ཁྲིད་ལ་མོས་པ་ཡོད་མཁན་རྣམས་ལ་མཚོན་ན་ཐེ་ཝན་ཡུལ་འདི་མིག་དཔེ་བཟང་པོ་ཞིག་དང་སྙིང་སྟོབས་སྤེལ་མཁན་ཞིག་ཏུ་གྱུར་ཐུབ་པ་བྱུང་ཡོད། ངོས་རང་མང་གཙོ་གོང་སྤེལ་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་མཁན་ཞིག་ཡིན་སྟབས། ཐེ་ཝན་མང་ཚོགས་རྣམས་ལ་གྲུབ་འབྲས་འདི་འདྲ་ཞིག་ཐོབ་པར་གུས་འདུད་ཞུ་རྒྱུ་ཡིན་ཞེས་ཀྱང་བཀོད་ཡོད།༽

ང༽ རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་ནི་སྲིད་དབང་སྒེར་སྤྱོད་དུ་མི་འགྱུར་བ་དང་དཔོན་ངན་རུལ་སུངས་པ་མི་ཡོང་བ། མང་ཚོགས་ཀྱི་བདེ་སྡུག་དྲང་བདེན་གྱིས་ཐག་གཅོད་པར་དགེ་མཚན་ཤིན་ཏུ་ཆེའོ༎
 
དེ་ལྟར་གོང་གསལ་དམངས་གཙོའི་ཁྱད་ཆོས་བཟང་པོ་འདི་དག་ནི་རྒྱ་ནག་གུང་ཁྲན་ཏང་གི་དམངས་གཙོ་ཞེས་པའི་ལམ་ལུགས་ནང་དུ་མེད་པ་ཞིག་དང་། སྐམ་ས་ཆེན་པོའི་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་ཡིད་སྨོན་དང་རེ་སྒུག་བྱས་ཡོད་ངེས་ཡིན་ཏེ། མི་ཚང་མ་དམངས་གཙོའི་རང་དབང་དང་དྲང་བདེན། ཞི་བདེ་ལ་དགའ་བ་ཆོས་ཉིད་ཡིན་ནོ༎
 
ྨམདོར་ན། ཐེ་ཝན་མུ་མཐུད་དུ་རང་བཙན་གྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་བརྟན་སྲུང་ཐུབ་པ་དང་། ཐེ་ཝན་གྱིས་རྒྱ་ནག་གཞུང་དམངས་གཉིས་ལ་དམངས་གཙོའི་སྐུལ་འདེད་དང་། བོད་དང་ཡུ་གུར་བ་དང་ནང་སྲོག་བཅས་པར་འགྲོ་བ་མིའི་ཐོང་ཐང་ཆ་ཚང་བ་ཞིག་དགོས་པ་དང་ལྷག་པར་དུ་དམངས་གཙོའི་ཁྲིམས་སྲོལ་ཅན་གྱི་མི་རིགས་ས་གནས་རང་སྐྱོང་ཚད་ལྡན་ཞིག་ཡོང་བར་རོགས་ཕན་གནང་དགོས། ང་ཚོ་བཙན་བྱོལ་བོད་པའི་སྒྲིག་འཛུགས་ཀྱིས་བཏོན་པའི་བོད་རང་སྐྱོང་གི་བསམ་འཆར་ཞེས་པའི་ཡིག་ཆ་དེ་ནི་ཀྲུང་གོའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བཟོས་པའི་རྒྱ་བོད་གཉིས་སྨན་གྱི་སྲིད་བྱུས་ལེགས་པོ་ཞིག་ཡིན་པར་ངོས་ལེན་གནང་ཐུབ་དགོས་པ་ཞིག་རེད། 
མཐའ་དོན། ད་ཐེངས་ཀྱི་ཚོགས་ཆེན་འདི་རྒྱལ་ཁའི་ངང་གྲོལ་ནས་གཟི་བརྗིད་ངང་ལས་དོན་རྒྱུན་བསྲིང་ཐུབ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཏུ་བདེན་སྐྱོང་དཔའ་རྒོད་ཆེན་པོ་བཙན་སྐར་གསར་བ་སྐུ་ཞབས་ཀའོ་ཝིན་ཀེས་ལགས་ཀྱིས་རྒྱ་ནག་དམར་པོའི་རུལ་སུངས་དང་འབྲེལ་བའི་དཔོན་ངན་དུ་མ་སུན་འབྱིན་བྱེད་དང་ལྷན་དུ་གུང་ཁྲན་ཏང་གི་གཅིད་སྡུད་ལམ་ལུགས་རྩ་མེད་བཏང་ནས་ཀྲུང་གོ་དོན་དམ་གྱི་དམངས་གཙོ་ཅན་དུ་བསྒྱུར་རྒྱུའི་དྲང་བདེན་གྱི་འཐབ་རྩོད་ལའང་ང་ཚོ་ཚང་མས་རྒྱབ་སྐྱོར་བྱེད་དགོས་པའི་རེ་སྐུལ་ཡང་ཞུ་ན་འདོད་དོ༎ ༎
 
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དེ་སྔའི་སྤྱི་འཐུས་ཟུར་བ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།
Comments: 1
  • #1

    ཉི་ཟེར་ (Wednesday, 05 November 2014 17:36)

    གུས་བའི་རང་ཉིད་ཀྱི་མ་ཡུམ་འཚོལ་བཞིན་ཡོད།
    མིང་ལ་བསོད་ནམས་དབྱངས་འཛོམས ༦༠ལོར་སོན་ཡོད
    དོན་དངོས་ཐོག་ཨ་ཕའི་མཚན་ལ་གོང་ས་ཟེར།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php