རིན་ཆེན་གསེར་གྱི་ས་གཞི་གདན་ལ་བཏིང་ནས། །སྔོན་པོ་གོས་ཀྱིས་བནབས་བཟའ་ལུས་ལ་གཡོགས་ཏེ།།
མི་ངོམས་རྩྭ་ཐང་ཡངས་པའི་མིག་རྒྱ་བསྐྱེད་ས། །སོག་ཡུལ་མཐོང་བ་ཀུན་སྨོན་བདག་གི་ཕ་ས།།

ཀླུ་མོ་སྟོང་གི་གར་ས་ཀླུ་ཡི་ཆབ་བྲག། དཔའ་བོ་སྟོང་གི་མཆོད་གནས་དཔའ་བོ་ངར་ལངས།།
བྲག་དགོན་བླ་མ་དམ་པའི་གདན་ས་ཁྱད་མཚར།། མདའ་ཚན་བཀྲ་ཤིས་དགའ་ལྡན་བདག་གི་དགོན་གླིང་།

 

སོག་མདའ་ཡི་སྙན་ངག་ཁག་གཉིས། སེམས་ངོགས་ན་བཞད་པའི་ཕ་ས། Bodrigs.com Best Results

 

རྨ་ལྷོ་སོག་རྫོང་གི་ལོ་རྒྱུས 

 

 

 

མཚོ་སྔོན་རྨ་ལྷོ་སོག་རྫོང་གི

 

河南蒙古族自治县

 

 

རྨ་ལྷོ་སོག་རྫོང་ནི་རྨ་ལྷོ་ཁུལ་གྱི་སོག་རིགས་རང་སྐྱོང་རྫོང་ཡིན་ལ། ལོ་རྒྱུས་སྟེང་རྨ་ཕ་རུའི་སོག་པོའམ་ཧོ་ནན་མོང་ཆི(河南蒙旗 )ཟེར། དུས་རབས་བཅུ་གསུམ་པར་ཐ་ལམ་བྱེ་ཐང་ཆེན་མོའི་ལྷོ་རྒྱུད་སོག་པོ་ཐུ་མེད་དར་ཝོ་སྡེ་བ་འདི་རུ་དམག་སྡོད་གཞིས་ཆགས་པ་དང་། དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་ནུབ་ཕྱོགས་སོག་པོ་ཨོ་རོད་ཧོ་ཐོན་དང་ཐོར་གོད་སྡེ་བ། ཐང་ལམ་བྱེ་ཐང་ཆེན་མོའི་ལྷོ་རྒྱུད་ཀྱི་སོག་པོ་ཐུ་མེད་ཧོ་ལོ་ཆི་སྡེ་བ་བཅས་ཞིན་ཆང་བོའུ་ལོས་མོས་ཆི་ཕྱོགས་ནས་རིམ་བཞིན་མཚོ་ལྷོ་བརྒྱུད་ནས་ཡོང་བ་ནི་རྫོང་འདིའི་སོག་པོའི་སྔ་རབས་པ་ཡིན་པར་བཤད།

 

 

རྨ་ལྷོ་སོག་རྫོང་གི་ལོ་རྒྱུས 

 

 

 

 

 

 

 

 

 

 

མཚོ་སྔོན་རྨ་ལྷོ་སོག་རྫོང་གི ..

..

河南蒙古族自治县_百度百科

ཕ་ཡུལ་གྱི་<ངའི་ཕ་ས་ཕ་ཡུལ་གྱི་སྙན་ངག་གྱེར་འདོན་འགྲན་བསྡུར>སྐོར་ལ་བཅར་འདྲི།

 

དྲི་བ། ཐེངས་འདིའི་སྙན་ངག་གྱེར་འདོན་ལ་འགན་ཁུར་མཁན་སུ་དང་སུ་ཡིན།

དྲིས་ལན། ༢༠༡༡ལོའི་ཟླ་༨པའི་ཚེས་༨ཉིན་རྨ་ལྷོ་སོག་རྫོང་གི་སྐབས་དང་པོའི་ངའི་ཕ་ས་ཕ་ཡུལ་ཞེས་པའི་རྫོང་ཡོངས་ཀྱི་སློབ་ཆེན་དང་མཐོ་འབྲིང་གི་སློབ་མའི་སྙན་ངག་གྱེར་འདོན་འགྲན་བསྡུར་འདི། ༠༢ལོའི་མདའ་ཚན་མཐར་ཕྱིན་འཛིན་གྲྭས་གཙོ་སྒྲུབ་བྱས་ལ། འགན་ཁུར་མཁན་གཙོ་བོ་སོག་སེར་ཆོ་ནྰི་དང་མདའ་ལྗང་ལོ། མགོན་པོ་ཚེ་རིང་། ཚེ་རིང་དོན་གྲུབ་སོགས་ཡིན།

 

དྲི་བ། ཐེངས་འདིར་མཐུན་རྐྱེན་སྦྱོར་མཁན་ཅི་འདྲ་ཡོད།

དྲིས་ལན།ད་ཐེངས་ཀྱི་“ངའི་ཕ་ས་ཕ་ཡུལ”གྱི་སྙན་ངག་གྱེར་འདོན་འགྲན་བསྡུར་འདི་ལ་གཞུང་སྒེར་གཉིས་ཀྱི་ཆ་ནས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་ཡོད་དེ།བྱེ་བྲག་ལ་དགར་ནས་གླེང་ན་སྒེར་གྱི་ཆ་ནས་བླ་མ་རྒྱ་ཁྲི་ཚང་གཙོ་བྱས་པའི་མི་བཅུ་ལྷག་གིས་ཕལ་ཆེར་སྒོར་༨༠༠༠ཙམ་གྱིས་མཐུན་རྐྱེན་སྦྱར་ཞིང་།གཞུང་གི་ཆ་ནས་རྫོང་སློབ་གསོ་ཅུའུ་ཡིས་སྒོར་༥༠༠༠ལྷག་གིས་རྒྱབ་སྐྱོར་བྱས།དེའི་འཕྲོ་ཡི་འགྲོ་སོང་ཡོད་དོ་ཅོག་རང་འཛིན་གྲྭའི་ལྷན་འཛོམས་དེབ་ཆུང་གི་མ་དངུལ་གྱིས་ཐེངས་འདིའི་འགྲན་བསྡུར་གྱི་མགོ་མཇུག་བར་གསུམ་དུ་མཐུན་རྐྱེན་གྱི་རྨང་བཏིང།

 

དྲི་བ། སྙན་ངག་གྱེར་འདོན་དེ་འདྲ་བྱེད་དགོས་དོན་ཅི། 

དྲིས་ལན། ང་ཚོས་འདི་ལྟ་བུའི་བྱ་འགུལ་ཞིག་སྤེལ་བའི་དགོས་པའམ་དམིགས་ཡུལ་ནི་གསུམ་ཡོད་དེ། བྱ་འགུལ་འདི་ལྟ་བུ་ཞིག་བརྒྱུད་དེ་ཕ་ས་འདིའི་རིག་གནས་སློབ་གསོ་ལ་སྤྲོ་བ་སློང་རྒྱུ་དང་སྐུལ་ལྕག་རེ་བྱེད་ཐུབ་རྒྱུ་ནི་དམིགས་ཡུལ་དང་པོ་ཡིན། རང་མི་རིགས་ཀྱི་རིག་གནས་ལ་བརྩི་བཀུར་དང་ཕན་ཚུན་ལ་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱས་ཏེ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་བསམ་བློ་མཉམ་གནས་ཀྱི་མཁའ་དབུགས་གསར་བ་ཞིག་ཆགས་ཐུབ་རྒྱུ་ནི་ང་ཚོའི་དམིགས་ཡུལ་གཉིས་པ་ཡིན། མི་བུ་རེ་རེར་རང་ཉིད་ལ་དབང་བའི་གར་སྟེགས་ཤིག་མཁོ་སྤྲོད་བྱས་ཏེ།འགྲན་རྩོད་དང་འགན་ཁུར་གྱི་འདུ་ཤེས་སྐྱེ་རུ་བཅུག་ནས་རང་ཉིད་ལ་ཡིད་ཆེས་དང་སྤོབས་པས་ཁེངས་རྒྱུ་ནི་ང་ཚོའི་དམིགས་ཡུལ་གསུམ་པ་ཡིན།

དྲི་བ། ཐེངས་འདིར་སྙན་ངག་གྱེར་འདོན་བྱེད་མཁན་དུ་ཡོད། ས་ཆ་གང་གང་ནས་རེད།

དྲིས་ལན། “ངའི་ཕ་ས་ཕ་ཡུལ”གྱི་སྙན་ངག་གྱེར་འདོན་འགྲན་བསྡུར་ལ་འགྲན་ཞུགས་མི་སྣ་སུམ་བཅུ་ལྷག་ཡོད།རང་རྫོང་གི་སློབ་ཆེན་དང་མཐོ་འབྲིང་སློབ་མ་རྐྱང་རྐྱང་ཡིན།

དྲིབ། སྐར་མ་སྤྲོད་མཁན་སུ་དང་སུ་ཡོད།

དྲིས་ལན། དཔྱད་འདེམས་མི་སྣ་ལྔ་ཡོད་དེ།ཁོང་ཚོ་ནི་དགེ་རྒན་ཆེན་མོ་བ་བདུད་ལྷ་རྒྱལ།བོད་ཀྱི་སྙན་ངག་པ་ཆེན་མོ་སྐྱབས་ཆེན་བདེ་གྲོལ།སྙན་ངག་པ་མདའ་བཙན་པོ།དགེ་རྒན་ཆེན་མོ་བ་ཡོན་ཏན།ཆབ་བྲག་གདུགས་དཀར་སྐྱབས་བཅས་སོ།།

དྲི་བ། ཨང་དང་པོ་དང་གཉིས་པ་གསུམ་པ་སུ་སུ་རེད། བྱ་དགའ་ཅི་ཞིག་ཡོད།

དྲིས་ལན། བྱ་དགའ་ཨང་དང་པོ་ཐོབ་མཁན་བེ་སེའི་འཇིགས་མེད།ཨང་གཉིས་པ་ཐོབ་མཁན་གཉིས་ཡོད་དེ་མདའ་ཚན་འཕགས་པ་འཚོ་དང་གཙང་ཨ་རིག་ཇོས་སྐྱབས་ཡིན།ཨང་གསུམ་པ་ཐོབ་མཁན་གསུམ་ཡོད་དེ་ཁ་གསུམ་སྒྲོལ་མ་ཚེ་རིང་དང་མདའ་ཚན་ཚེ་རིང་དབང་རྒྱལ།གཙང་ཨ་རིག་སེང་གེ་རབ་བརྟན་ཡིན།ད་དུང་ཕུལ་བྱུང་བྱ་དགའ་མི་བཞི་ལ་བྱིན།བྱ་དགའ་ནི་གཙོ་བོ་རང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དངོས་པོ་དང་དཔེ་ཆའི་རིགས་ཡིན་ལ།བསྡོམས་པའི་སྒོར་༦༠༠༠ལ་ཉེ་བ་ལྷག་གི་འགྲོ་གྲོན་བཏང་ངོ་།།

དྲི་བ། ཁོ་ཚོའི་གྱེར་འདོན་གྱི་སྙན་ངག་གི་ཁ་བྱང་དང་ནང་དོན་ཅི་འདྲ་རེད།

དྲིས་ལན། ཁོ་ཚོའི་གྱེར་འདོན་གྱི་སྙན་ངག་གི་ཁ་བྱང་ནི་<<ངའི་ཕ་ས་ཕ་ཡུལ>>(བེ་སེའི་འཇིགས་མེད།)<<ཨ་མ་ལགས།ཁྱེད་ཀྱིས་རང་ཉིད་སྤྱན་ཆབ་འབྱིད་རོགས།>>(མདའ་ཚན་འཕགས་པ་འཚོ།)<<མ་བཅོས་དང་པོའི་འགྱུར་ཁུགས།>>(གཙང་ཨ་རིག་ཇོས་སྐྱབས།)<<ཕ་སའི་རྩེ་ཀླུང་སྔོན་མོ།>>(ཁ་གསུམ་སྒྲོལ་མ་ཚེ་རིང་།)<<ངའི་བརྩེ་བས་ཕྱུག་པའི་ཨ་མ།>>(གཙང་ཨ་རིག་སེང་གེ་རབ་བརྟན།)<<ཤ་རུས་ཀྱི་གསེང་ལ་བླུགས་པའི་ཕ་ཡུལ།>>(མདའ་ཚན་ཚེ་རིང་དབང་རྒྱལ།)གྱེར་བྱའི་ནང་དོན་གྱི་ཐད་ནས་གཙོ་བོ་ནི་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་ཡུལ་དུས་ཀྱིས་བསླངས་པའི་ན་ཟུག ད་དུང་ཕ་ས་ཕ་ཡུལ་འདིའི་སྐྱ་ཟད་སྔོ་སྡུག་གི་སློབ་གསོའི་གནས་བབ་ལ་བཏང་བའི་གདུང་འབོད་སོགས་གྱེར་བྱའི་སྙན་ངག་གི་ལྷུ་ཚིག་ཀུན་ན་ཁྲོལ་ཡོད།

དྲི་བ། སྙན་ངག་གྱེར་འདོན་གྱི་ལས་གཞི་འདི་མུ་མཐུད་སྤེལ་རྩིས་ཡོད་དམ། འདི་ཐད་ལ་དཀའ་ངལ་ཅང་ཡོད་དམ།

དྲིས་ལན། སྐབས་དང་པོའི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་ལས་གཞི་འདི་གཞིར་བྱས་ཏེ་འདི་དང་འདི་ལྟ་བུའི་སྣ་འཛོམས་ཀྱི་རིག་རྩལ་བྱ་འགུལ་སྤེལ་རྒྱུ་མ་ཟད།ཕྱོགས་གང་ཐད་ནས་རྒྱ་ཇེ་ཆེ་དང་འཐུས་ཇེ་ཚང་དུ་བཏང་ནས་ཕ་ས་འདིའི་འདས་མ་ད་གསུམ་གྱི་ལས་སྐལ་ལ་སེམས་ཀྱིས་དཔྱད་རྒྱུ་ནི་འུ་ཅག་གི་འོས་འགན་ཡིན་ལ།དུས་རབས་ཀྱིས་ང་ཚོ་ལ་སྤྲད་པའི་འགན་འཁྲི་ཡིན་ནོ། ཡིན་ནའང་།ང་ཚོ་འདིའི་ཐད་ལ་དཀའ་ངལ་དང་དཀའ་ཚེགས་ཡོད་པ་སྨྲ་མ་དགོས་པ་ཞིག་ཡིན།རྒྱུ་མཚན་ནི་ང་ཚོས་རང་ནུས་གང་ཡོད་ཀྱིས་རང་ཕ་སའི་ཐུན་མོང་སྤྱི་ལ་ཕན་པའི་བྱ་བ་ཞིག་སྒྲུབ་ཀྱང་དེ་ལ་རྒྱབ་སྐྱོར་གྱི་རོགས་རམ་ཉུང་རྐྱེན།ང་ཚོས་དཔུང་བ་མཉམ་གཤིབ་ཀྱིས་རྗེས་ལུས་ཀྱི་ཕ་ཡུལ་འདིའི་ཁོར་ཡུག་ལ་གདོང་ཇི་ལྟར་གཏད་ཀྱང་མྱི་ཁ་དང་གནོན་ཤུགས་ལས་གཞན་ཅི་ཡང་མེད།དེ་བས།རིག་གནས་དང་སློབ་གསོ་ལ་དུངངས་བ་ཟབ་པའི་བསམ་པའི་རྒྱབ་སྐྱོར་ཡོད་དགོས་པ་དང་ད་ལྟའི་ང་ཚོ་ནི་ལག་པ་གཞན་ལ་བཟེད་པའི་སློབ་མ་རྐྱང་ཡིན་པས།རྗེས་ཕྱོགས་ཡང་བྱ་འགུལ་འདི་ལྟ་བུ་སྤེལ་ན་མ་དངུལ་གྱི་རོགས་སྐྱོར་མེད་ན་ཧ་ཅང་གི་དཀའ་མོའི་གནས་སུ་གྱུར།གང་ལྟར་ང་ཚོས་མི་རང་ཉིད་མགོ་བརྩམས་པའི་ཡང་སྙིང་དེ་ཡིད་ལ་བཟུང་ནས་མུ་མཐུད་དུ་བསྐྱོད་བརྩིས་ཡོད།མི་རིགས་གང་དང་རིག་གནས་གང་ཞིག་གནས་ཐུབ་དགོས་ན་སློབ་གསོ་ནི་རྨང་གཞི་དང་ཤེས་ཡོན་པ་ནི་སྣེ་ཁྲིད་ཡིན་པས་སོ།། 

དྲི་བ། སྙན་ངག་གྱེར་འདོན་ལ་ཉན་གི་ཡོང་མཁན་སློབ་མ་གཅིག་པུ་ཡིན་ནམ།

དྲིས་ལན། མིན།རིག་གནས་དང་སློབ་གསོ་དུངས་བ་ཟབ་པའི་རིག་གནས་པའི་སྡེ་དང་འགོཁྲིད།འབྲོག་མི།གྲྭ་བ་སོགས་གང་མང་མང་འདུ།

དྲི་བ། སྙན་ངག་གྱེར་འདོན་དང་འབྲེལ་ནས་ལས་ཀ་གཞན་དག་ཡོད་དམ།

དྲིས་ལན། ཡོད། སྙན་ངག་གྱེར་འདོན་ལས་གཞན་ཐུང་མོང་སྤྱི་ལ་དབང་བའི་གར་སྟེགས་བྱིན་ནས་ཕན་ཚུན་ལ་ཁ་བརྡ་བྱེད་པ་དང་བགྲོ་གླེང་གི་གླེང་གཞི་ནི་སློབ་གསོ་ལས་འཕྲོས་ནས་ཀུན་གྱིས་དམིགས་བྱ་དང་བསམ་ཚུལ་བཤད་དེ་དུས་ཚོད་གཉིས་ལྷག་གི་རིང་ལ་བགྲོ་གླེང་བྱས་པ་ཡིན།

དྲི་བ། དམིགས་བསལ་བཤད་འདོད་པ་ཅི་ཡོད།

དྲིས་ལན། ང་ཚོས་ཐོག་མར་བཤད་འདོད་པ་ནི་མི་སུ་ཞིག་གིས་རང་ཉིད་ཀྱི་ཕ་ས་འདིའི་འཕེལ་རྒྱས་དང་མདུན་སྐྱོད་ལ་བསམ་གཞིགས་དང་མི་རིགས་འདིའི་སྐྱིད་སྡུག་ལ་དོ་ཁུར་བྱས་ན་ང་ཚོས་གཞུང་སྒེར་གང་གི་ཐད་ནས་ཀྱང་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ན་ལེགས།ལྷག་པར་དུ་རིག་གནས་པའི་སྡེ་ལ་མཚོན་ན་དཔལ་འབྱོར་དང་བསམ་བློ་སོགས་ཕྱོགས་ཡོངས་ནས་ཕན་ཚུན་ལ་མཉམ་འབྲེལ་དང་རམ་འདེགས་བྱས་ན་ད་གཟོད་ང་ཚོའི་ཧུར་བརྩོན་ལ་གཡུར་དུ་ཟ་བའི་འབྲས་བུ་ཞིག་སྨིན་པར་གདོན་མི་ཟ།དེ་བས།ང་ཚོའི་མ་འོངས་པའི་ལྷག་བསམ་གྱི་ལམ་བུར་ཁྱེད་ཀྱིས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྩོལ་རྒྱུ་ནི་ང་ཚོའི་རེ་བའི་དྭངས་མ་ཡིན།མཐར་ཁྱེད་དང་ཕ་ཡུལ་རྒྱང་ཐག་རིང་བའི་སྟོད་རྒྱ་གར་ནས་རང་ཉིད་ཕ་ཡུལ་ལ་བཅངས་པའི་བརྩེ་བ་མ་བོར་བར་ང་ཚོས་སྒྲུབ་པའི་བྱ་འགུལ་འདི་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ང་ཚོས་སྙིང་ཁོང་རུས་པའི་གཏིང་ནས་ཁ་ཞེ་གཉིས་མེད་ཀྱིས་བཀའ་དྲིན་ཆེ་ཞུའོ།།

 

ཡ་ཡ། ངས་སེམས་གཏིང་ནས་རྣམ་པ་གཉིས་ཀྱིས་དེ་རིང་དྲ་ལམ་ནས་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ་ཞུ་ལ། ལྷག་པར་ཀུན་སློང་བཟང་པོའི་བགྱི་བ་འདི་རིགས་ལ་ཡི་རང་བསྔགས་བརྗོད་ཞུ།

 

སྙན་ངག་འགྲན་བསྡུར་སྐབས་ཀྱི་བགྲོ་གླེང་གི་རྣམ་པ།

ད་འགན་ཁུར་བ་རྣམ་པ་གཉིས་ཀྱིས་རང་རང་གི་་ངོ་སྤྲོད་མདོར་བསྡུས་རེ་གནང་རོགས།

ངའི་མིང་ལ་འཕགས་པ་སྐྱབས་ཟེར་ཞིང་།པིར་མིང་ལ་སོག་སེར་ཆོ་ནྰི་ཟེར།ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཕྱི་སྐད་སློབ་གླིང་ན་སློབ་གཉེར་བྱེད་བཞིན་ཡོད།ཆེད་ལས་ནི་དབྱིན་ཡིག་ཡིན།༢༠༠༩ལོ་ནས་བཟུང་མདའ་ལྗང་ལོ་སོགས་དང་མཉམ་འབྲེལ་བྱས་ཏེ་དཔེ་རིན་དང་ཁྲིད་གླ་མ་བླངས་པར་རང་ཕ་ས་ནས་ཤེས་རིག་གསབ་སྦྱོང་འཛིན་གྲྭ་བཙུགས་ནས་ད་ལྟ་སྐབས་བཞི་བར་ཐོན་ཡོད།ཚོགས་གཙོའི་འགན་ཡང་ཁུར་ཡོད།༢༠༡༠ལོར་ངེད་༠༢ལོའི་མདའ་ཚན་མཐར་ཕྱིན་འཛིན་གྲྭའི་ལྷན་འཛོམས་དེབ་ཆུང<<ངའི་ཕ་ས་ཕ་ཡུལ>>པར་སྐྲུན་བྱེད་སྐབས་མདའ་ལྗང་ལོ་དང་མཉམ་དུ་ཞུ་དག་དང་རྩོམ་སྒྲིག་པའི་འགན་ཁུར་བ་ཡིན།ད་ལོའི“ངའི་ཕ་ས་ཕ་ཡུལ”གྱི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་བྱ་འགུལ་འདི་ལ་ཡང་ཚེ་རིང་དོན་གྲུབ་དང་མགོན་པོ་ཚེ་རིང་།མདའ་ལྗང་ལོ་སོགས་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་མདའ་ཚན་ཡུལ་ཚོ་ནས་གཟབ་རྒྱས་ངང་འཚོགས།ད་དུང་སྔ་གཞུག་ཏུ་སློབ་གྲྭའི་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་དང་ལྷུག་རྩོམ་རེ་འགའ་སྤེལ་མྱོང་།ད་ལོའི་ཟླ་དྲུག་པར་མཐུན་རྐྱེན་ཡོད་ཚད་སློབ་གྲྭས་བསྐྲུན་ནས་རྒྱལ་ས་པེ་ཅན་ལ་ལྟ་སྐོར་དུ་ཁྲིད།ངས་བསམ་ན“བླ་འཚོང་རྟགས་མ”དེའི་སླད་དུ་རང་རིག་གནས་ཀྱི་བླ་སྲོག་རྟིང་ནས་དོར་ཏེ་ཤ་ཁྲག་རྐྱང་རྐྱང་གི་མི་རིགས་ཤིག་བྱས་ན་རིགས་རྒྱུད་འདི་སྔར་བཞིན་མི་རིགས་ཤིག་གི་ཚུལ་དུ་འཚོ་ཐུབ་པར་ངེས་པ་ཧ་ཅང་ཕྲ།

 

ངའི་མིང་ལ་སངས་རྒྱས་སྐྱབས་དང་སྨྱུག་མིང་ལ་མདའ་ལྗང་ལོ་རུ་འབོད།ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དངོས་འཕར་འཛིན་གྲྭ་ན་བེམ་པོ་སྲེག་བཞིན་ཡོད།<<གངས་ཅན་མེ་ཏོག>>དང<<གངས་རྒྱན་ན་ཆུང་ཚགས་པར>><<མཚོ་སྔོན་ཁྲིམས་ལུགས་ཚགས་པར>><<ལྷ་ས་ཉིན་རེའི་ཚགས་པར>>སོགས་དང་བོད་ཁུལ་གྱི་གཞུང་སྒེར་གྱི་དུས་དེབ་གང་མང་ཞིག་གི་སྟེང་དུ་སྙན་ངག་དང་ལྷུག་རྩོམ་སྔ་གཞུག་ཏུ་སྤེལ་མྱོང་ལ།རྒྱལ་ཡོངས་སྐབས་གསུམ་པའི་སྨོན་ལམ་བུམ་པའི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་སྟེ་གཅན་ཚ་མི་རིགས་སློབ་འབྲིང་དང་པོ་ནས་སློབ་རའི་རྩོམ་པ་པོ་ཆུང་ཆུང་ཞེས་པའི་མིང་རྟགས་གནང་།སྤྱི་ལོ༢༠༠༩ལོའི་སྟོན་ཀར་རང་ཉིད་ཀྱི་ཆེས་ཐོག་མའི་སྙན་དེབ<<མཚན་མོའི་བསམ་གཞིགས>>པར་དུ་བསྐྲུན།དགའ་ཕྱོགས་ནི་ཆང་དང་སྙན་ངག་ཡིན།ངས་བཤད་འདོད་པའི་སྐད་ཆ་ནི“ས་སྲོད་ཀྱིས་བསྒྲིབས་པའི་འཇིག་རྟེན་ལ།གཏོར་ཤིག་གི་ཐ་སྙད་ཅིག་བསྒྲིག་རྒྱུ་ནི།འཇིག་རྟེན་གྱིས་ང་ཚོར་སྤྲད་པའི་སྟོང་ཆ་ལགས།”


 

སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་ཨང་དང་གཉིས་གསུམ་པོ།

ངའི་ཕ་ས་ཕ་ཡུལ  

རྩོམ་པ་པོ           གཡུ་སྒང་དཔལ་འབྱོར 

གྱེར་མཁན          རྩེ་འཇིགས་མེད

ཨང་རིམ           ཨང་དང་པོ

སློབ་གྲྭ            ནུབ་བྱང་མི་རིགས་སློབ་ཆེན

ཕ་ཡུལ            བེ་སི

 

ངའི་ཕ་ས་ཕ་ཡུལ

གནའ་སྔོན་མོ་གནམ་ས་འདྲེས་མཚམས་ཡིན་ལ

གནའ་སྔ་མོ་རྒོད་པོ་འཕུར་ས་ཡིན

གནའ་སྔ་མོ་རི་སྐྱེས་སྲོག་ཆགས་ཀྱི་རྩེད་ར་ཡིན་ལ

གནའ་སྔ་མོ་རིན་ཆེན་གཏེར་མཛོད་ཀྱི་འབྱུང་གནས་ཡིན

ངའི་ཕ་ས་ཕ་ཡུལ

ཡབ་མེས་ཚོའི་ཟུངས་ཁྲག་དང་ཚེ་སྲོག་གི་རིན་ཐང་ཡིན་ལ

མ་ཡུམ་ཚོའི་བྱམས་བརྩེ་སྦྱིན་པའི་མར་ལོ་ཡིན

ངའི་ཕ་ས་ཕ་ཡུལ

ཀུན་མཁྱེན་བླ་མའི་ཚེ་རབས་ཀྱི་ཕྱག་མཚན་ཡིན

ཆོས་རྒྱལ་བང་གི་མཐུ་སྟོབས་ཀྱི་འབྲས་རྟགས་ཡིན

བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་ཀྱི་དབུ་འཁྱུད་ཡིན་ལ

དགེ་ལྡན་ལུགས་བཟང་གི་ཁ་དབུགས་གཙང་ས་ཡིན

རིག་པའི་ཁྱུ་མཆོག་ཚོའི་འཁྲུངས་གཞིས་ཡིན་ལ

རིག་གཞུང་ཁྲི་འབུམ་གྱི་ཆུ་མགོ་བརྡོལ་ས་ཡིན

ངའི་ཕ་ས་ཕ་ཡུལ

རྨ་ཁུག་གིའཚེར་སྒྲའི་ནང་ན

དབོས་རའི་ལུག་གི་འབའ་སྒྲའི་ཁྲོད་ན

གནག་ཕྱུགས་ཀྱི་ངུར་སྒྲའི་གསེབ་ན

སྒོ་ཁྱིའི་ཟུག་སྐད་ཀྱི་གདངས་ན

གནའ་སྔ་མོ་སྔ་མོ་ཞིག་གི་གཏམ་རྒྱུད་ཉར་ཡོད

ངའི་ཕ་ས་ཕ་ཡུལ

མཐའ་ཡས་པའི་རྩྭ་ཐང་ནི་ངའི་ཡབ་ཆེན་གྱི་སེམས་རྒྱ་ཡིན

ཆུ་དྭངས་མོའི་བཞུར་རྒྱུ་ནི་ངའི་ཡུམ་ཆེན་གྱི་བྱམས་བརྩེ་ཡིན

རི་མཐོན་པོའི་མུ་འཁྱུད་ནི་ངའི་ཕུ་ནུ་ཚོའི་སྤོབས་པ་ཡིན

ཟླ་དྲུག་པའི་སེར་ཆེན་ནི་ངའི་མ་སྲི་ཚོའི་ལང་ཚོ་ཡིན

ངའི་ཕ་ས་ཕ་ཡུལ

གསར་རུ་ཚོ་ཕོ་རྩལ་སྣ་དགུའི་གཏིང་རིམ་ན་འགུལ

སྨན་ཤར་ཚོ་བརྩེ་བ་དྲོན་པོའི་བྲང་གཞོང་ན་འཛུམ

བྱིས་བ་ཚོའི་ཕྱིང་ངུའི་འཛིང་ཁུག་དང་ཐེ་ཁའི་རྩེད་ཆས་ཀྱི་ཀློང་ན

རོ་མྱང་བྱས་མི་ཚར་བའི་ལོ་རྒྱུས་རིང་མོ་ཞིག

ངའི་ཕ་ས་ཕ་ཡུལ

མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དུས་འདིར

མཐོ་བ་ཨ་སྔོན་ལ་ཕྲག་དོག་བྱེད་འདོད་མེད་ལ

དམའ་བ་ས་གཞི་ལ་བརྙོས་བཅོས་བྱེད་དོན་མེད

ཡབ་ཆེན་གྱི་རེ་སྨོན་རྟོགས་ན    ཡུམ་ཆེན་གྱི་རེ་སྨོན་འགྲུབ་ན

ཕུ་ནུ་ཚོའི་ལག་རྡང་མཉམ་ན    མ་སྲི་ཚོའི་ངང་རྒྱུད་རིང་ན

ཡ་ཁོག་རྟ་རྒྱུགས་ས་དང་མ་ཁོག་ན་མ་ཧྲོ་ས་ཡོད་དགོས

ངའི་ཕ་ས་ཕ་ཡུལ

རྒོད་ཐང་དཀར་ཞིག་གི་འཕུར་རྩལ་ཡོད་ན

རྟ་འདོ་བ་ཞིག་གི་རྒྱུགས་རྩལ་ཡོད་ན

དགུང་ཨ་སྔོན་ལ་བཀག་རྒྱ་མེད་ལ

ས་དོག་མོ་ལ་ཕྲག་དོག་མེད

ཤེས་རིག་གི་གླིང་གར་ཆས་ནས

འཛམ་གླིང་གི་ཡང་རྩེར་སྙེགས་དང

ངའི་ཕ་ས་ཕ་ཡུལ  ཡ་གླིང་གི་རྩྭ་ཐང་དང་པོ

 

ཨ་མ་ལགས   ཁྱོད་ཀྱིས་སྤྱན་ཆབ་འབྱིད་རོགས

རྩོམ་པ་པོ     འཕགས་པ་འཚོ 

གྱེར་མཁན    འཕགས་པ་འཚོ

ཨང་རིམ     ཨང་གཉིས་བ་

སློབ་གྲྭ      ནུབ་བྱང་མི་རིགས་སློབ་ཆེན

ཕ་ཡུལ      མདའ་ཚན

 

བརྩེ་འདང་གི་མིག་ཟུང་ལ་རེ་སྒུག་གི་མཆི་མ་འཁྱིལ་ཞིང

བཞིན་རས་ཀྱི་མེ་ལོང་ལ་སྐྱོ་གདུང་གི་ཆག་གྲུམ་ཤོར་བའི་བྱམས་ལྡན་ཀྱི་ཨ་མ་ལགས

གནམ་སྔོན་པོ་མགོ་བོས་བཏེགས་ཤིང    ས་ཆེན་པོ་གོམ་པས་ལྟེབ་ཀྱིན

སྐོམ་གདུང་གི་མེ་ལྕེའི་ཁྲོད་ནས་ལམ་ལ་ཆས་དུས

ནམ་རྒྱུན   ཨ་མ་ཁོ་ན་ཡིད་ལ་འཁོར་ཞིང

མཆི་མས་བརླན་པའི་མིག་ཟུང་འདིས་ཨ་མའི་ཕྱོགས་སུ་བལྟས་པ་བགྲང་གིས་མི་ལང

རེ་དོག་གཉིས་ཀྱི་འཕྲང་དུ་ཚུད་པའི་བདག་གི་སེམས་ཀྱི་སེམས་པ

འདབ་མ་སྟོང་ཕྲག་གིས་བཏུམས་པའི་རྐང་དྲུག་གི་བུང་བ་ཞིག་དང་འདྲ་བར

སྐྱོ་སྡུག་གིས་མནར་བའི་ཀྱག་ཀྱོག་གི་ལམ་ཕྲན་འདི་ནས

ངའི་དམར་ཆུང་གི་སེམས་པའི་ངོས་སུ   ན་བུན་གྱིས་བསྒྲིབས་དྲགས་པས་མེས་བོའི་གཡའ་དག་པའི་སོག་སེར་པོའི་བཀྲག་མདངས་ཀྱང་མོག་པོར་གྱུར   ཏག་ཏག་སྐབས་འདི་ལ

ངའི་བརྩེ་ལྡན་ཀྱི་མ་ལོའི་སེམས་པའི་གཏིང་རིམ་ན

ལྷག་བསམ་གྱི་འོད་སྣང་ཞིག་འཕྲོས་འདུག་པ་ཚོར་བྱུང    འོད་སྣང་དེས

ང་ཡི་སྡུག་བསྔལ་མུན་མཐའ་རུ་བསྐྲད་དེ    ལ་རྒྱ་དང་སྦོབས་པ་གྲོགས་སུ་འགུག་དགོས་བའི་རེ་བ་འདོན

འོད་སྣང་དེས     ངའི་རེ་བའི་མྱུ་གུ་འཚར་ལོངས་བྱུང་དུ་བཅུག

འོད་སྣང་དེས་ང་རང་ཡུན་དུ་ཡར་བསྐྱེད་ཡོང་དགོས་ཚུལ་དང

ཇི་ལྟར་འབྲས་བུ་སྨིན་ཚུལ་ལ་རམ་འདེགས་བྱེད་ཀྱིན་འདུག

འོད་སྣང་དེ་ནི་ཨ་མ་རེད   ངའི་རྒྱབ་རྟེན་བཅོལ་སའི་ཨ་མ་རེད

 

ལོ་ཟླ་གཙང་བོ་བཞིན་མདུན་ནས་མདུན་དུ་བསྐྱོད་ཅིང

འགྱུར་བག་གི་གོམ་ཁ་རླུང་ལྟར་མྱུར་བའི་དུས་དེ་རིང   ངའི་ཨ་མ་རྒས་འདུག་ཟེར་ནའང  དོན་དམ་དུ

ངའི་ཨ་མ་ནི་བྱམས་བརྩེ་ཡི་ལང་ཚོ་སྨིན་ཐག་ཆོད་པའི་མཛངས་མ་ཞིག་ཡིན

མོ་ལ་ལོ་ཟླ་ཡི་བསུབ་མི་ཐུབ་པའི་ལང་ཚོའི་མཛེས་སྡུག་ཡོད 

 མོ་ལ་ཡོད་ཚད་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས

བྱིས་དུས་སུ   ཨ་མའི་རྩུབ་ལ་འཇམ་པའི་ལག་ཟུང་གི་བར་ནས

གཡང་མོ་ལུག་གི་སློག་པའི་རུམ་ནས    

བདག་གི་ཐོག་དང་པོར་ཕ་ཡུལ་གྱི་ནམ་མཁའ་དང   ཕ་ཡུལ་སྤང་ཐང

ཕ་ཡུལ་གྱི་རྟ་ནོར་ལུག་གསུམ  ཆེས་ཐོག་མར་མིག་གིས་མཐོང་ཞིང་སེམས་ཀྱིས་ཚོར 

ཕ་ཡུལ་གྱི་ཕྱི་ནང་དང་ཨ་མའི་མཐའ་སྐོར་ནི་སུ་ཞིག་གི་ཆེད་དུ་བདག་ལ་བློས་བསླངས་བྱས་བའི་མཛེས་སྡུག་གི་འཇིག་རྟེན་དེ་ཡིན་སྲིད

ཕ་ཡུལ་གྱི་རི་ཆུ་དང་ཨ་མའི་བརྩེ་བ་ནི་གང་ཞིག་གི་ཆེད་དུ་བདག་ལ་བསྩལ་བའི་རིན་ཆེན་གྱི་ནོར་བུ་དེ་ཡིན་སྲིད   

ད་ལྟ་ངས་ཐག་རིང་ཐག་རིང་གི་ཡུལ་གྲུ་ཞིག་ལ་རེ་བཞིན་ཡོད

ཐག་རིང་གི་ཡུལ་གྲུ་དེ་ནམེ་ཏོག་གི་དགྱེས་འཛུམ་གྲོལ་ཞིང་ཁུ་བྱུག་གི་གསུང་དབྱངས་སྙན་ལ

ཞི་བདེ་ཡི་ཕུག་རོན་རྩེན་ཞིང་ཤེས་རིག་གི་ཁ་དོག་བཀྲ་བས

ངེད་བཟའ་མི་ཚོས་ཡུན་རིང་ངང་སྒུག་བྱས་ཤིང་རེ་ལྟོས་འཆང་སའི་ཞིང་བཀོད་དེ་ལགས

ཨ་མ་ལགས   ས་མཐའ་འདི་ནས   ངས་ཁྱེད་རང་ཚོ་རིང་བའི་ནམ་མཁའ་ཡི་དབང་དུ་བཏང་སྟེ

ཁྱེད་ཀྱི་ངོ་སོ་ཡར་ལ་བསྟོད་བཞིན་ཡོད   དྲན་གདུང་གིས་ཤོར་བའི་བདག་གི་གླུ་སྐད་ཡོད་ཚད

ནམ་ཞིག་པི་ཝང་རྟ་མགོ་མའི་དབྱངས་རྟ་དང་འགྲོགས་ཏེ

ཁྱོད་ཀྱི་སྙན་ལམ་དུ་གཏོང་སྲིད 

ཁྱེད་ཀྱི་ཡིད་དུ་འོང་བའི་གཡང་དཀར་དང་རྟེའུ་ཆུང་གིས་ཐོས་སྲིད

ཁྱེད་ཀྱི་སྙིང་དུ་སྡུག་པའི་འབྲི་མོ་བེའུ་ཆུང་གིས་ཐོས་སྲིད

ལོ་དང་ཟླ་བ་མང་བོ་ཞིག་སོང་བའི་དེ་རིང

ཁྱེད་ཀྱི་བུ་མོ་སླར་ཡང་རྨ་ཁུགས་དང་པོ་རུ་ཆགས་པའི་ཕ་ཡུལ་ལ་འབྱོར་ཡོད

ཨ་མ་ལགས  ཁྱོད་ཀྱི་བྱམས་བརྩེས་ཁེངས་བའི་ལག་པར་འཇུ་ཆེད

ང་རང་ཕ་ཡུལ་དུ་འབྱོར་ཡོད

 

བྲག་རི་མཐོན་པོ་དག་གིས་མཐོང་ལམ་བཅད་ནས གྲོག་རོང་ཟབ་མོ་དག་གིས་ངའི་འགྲོ་ལམ་བཀག་རུང

འཇིག་རྟེན་འདིར་བྱམས་ལྡན་གྱི་ཨ་མ་ཁྱོད་ཡོད་པས

ངའི་ཁེར་རྐྱང་གི་དྲན་པ་མཐའ་དག་སངས་ཐལ

ངའི་སྐྱོ་སྡུག་གི་རྨ་ཁ་ཡོད་ཚད་སོས་ཐལ

ཨ་མ་ལགས  འུ་ཚང་གི་རྒྱབ་རི་རླུང་གིས་མ་ཁུར་ན

འུ་ཚང་གི་འཐུང་ཆུ་ཉི་མས་མ་སྐམ་ན

ཁྱེད་ཀྱི་ལྷག་བསམ་གྱིས་བཞེངས་བའི་བདག་གི་འཇིག་རྟེན་ནས་བརྩེ་བའི་དྲོད་ཁོལ་ཉམས་མི་སྲིད་ལ

ཁྱེད་ཀྱིས་བདག་ལ་གནང་བའི་བསླབ་བྱ་ཡི་གསུང་དབྱངས་ཡལ་མི་སྲིད

གནས་གཡང་ཁྱིམ་གྲུ་བཞིའི་ནང་ན   ཟས་སྣ་སྒྲིག་བཞིན་པ་དེ་ང་ཡིན

ཆུ་ཀླུ་ཆུ་སྔོན་མོའི་འགྲམ་རྒྱུད་ན   འཐུང་ཆུ་འཆུ་བཞིན་པ་དེ་ང་ཡིན

ཨ་མ་ཡ        ཁྱེད་ཀྱི་རང་ཉིད་ཀྱི་སྤྱན་ཆབ་འབྱིད་རོགས

ངའི་རྨི་ལམ་ན་རོ་བཅུད་འཛོམས་པའི་རྒོད་མའི་འོ་ཆང་ཡོད

 

ཨ་མ་ལགས  ཁྱེད་ནི་ངའི་ཕྱི་མིག་གི་འཁྲེང་ཡུལ་ཡིན་ལ

ཁྱེད་ནི་ངའི་ལག་ཟུང་གི་འཐམ་ཤིང་ཡིན་པས

ངས་དྭངས་གཙང་གི་སེམས་པ་ཞིག་སྙིམ་པར་བཅངས་ནས

ངས་ཤེས་རིག་གི་མེ་ཏོག་ཅིག་མགུལ་དུ་བསྒྲོན་ནས

ཆུ་རྨ་ཆུའི་ཁུགས་པ་རྐྱལ་བས་བཅད་དེ

ཐང་ཆེན་པོའི་ཁ་ཞེང་གོམ་པས་གཞལ་ནས

ཉིན་མཚན་ལ་ལྟོས་བ་མེད་པར་ཡོང་ངེས་ཡིན

ཨ་མ་ལགས  བུ་མོ་ངའི་ཟུངས་ཁྲག་འབྱུང་བཞིར་མ་འཐིམ་ན

འཇིག་རྟེན་འདིའི་རྒྱུ་འབྲས་ཁྱི་ཡིས་མ་ཁུར་ན

ཨ་མ་ཁྱེད་ཀྱི་འདས་སོང་གི་ལོ་ཟླ་དང་གཞན་ཕན་གྱི་ལྷག་བསམ་བཅས་ཀྱིས་བཞེངས་སྐྲུན་བྱས་བའི་སོག་གུར་འདིའི་ཐེར་མེ་ལྷུང་མི་སྲིད་ལ་ཚན་ཁ་ཡང་ཡལ་མི་སྲིད

ཨ་མ་ལགས   ཁྱོད་ཀྱིས་སྤྱན་ཆབ་འབྱིད་རོགས

 

ཤ་རུས་ཀྱི་གསེང་ལ་བླུགས་པའི་ཕ་ཡུལ

རྩོམ་པ་པོ        ཚེ་རིང་དབང་རྒྱལ 

གྱེར་མཁན       ཚེ་རིང་དབང་རྒྱལ

ཨང་རིམ        ཨང་གསུམ་པ      

སློབ་གྲྭ         རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང

ཕ་ཡུལ         མདའ་ཚན

 

ལྐོག་གྱུར་གྱི་ཕ་རོལ་ནས་རྙེད་པའི་བརླན་གྱིས་བཟུང་བའི་བྲང་ཁོག་དེ

གློ་སྙིང་མཆིན་གསུམ་གྱི་ཧྲག་བར་ན་འགུལ་གྱིན་པའི་ཚོར་བ་རྣོན་པོ་དེ

ཉམ་ཆུང་གི་ལུས་སྟེང་ལ་ལྕགས་ཕུར་ལྟར་གདབ་པའི་ན་ཟུག་དེ

དེ་ནི་ཐ་སྙད་གང་གིས་ཀྱང་མཚོན་མ་ཐུབ་པར་ལུས་བའི

ངའི་ཤ་རུས་ཀྱི་གསེང་ལ་བླུགས་པའི་ཕ་ཡུལ་དེ་ཡིན

 

ཆུང་དུས་སུ

ཕ་ཡུལ་ནི་དྭངས་གཙང་གི་རྩེད་ར་ཙམ་དང

ཆུང་ཆུང་གི་བྱིས་བློར་ཤོང་བའི་དྲོད་ཀྱི་བརྩེ་བ་རྡོག་རྡོག་ཅིག་ལས

གཞན་ཅི་ཡང་མ་རེད

 

ནར་སོན་བྱུང  ང་རང་ཡང་རྒྱང་ལ་ཆས་སོང

དེ་དུས  ཕ་ཡུལ་ནི་སོང་མི་ཚར་བའི་ས་སྲོད་ཅིག་དང

སུས་ཀྱང་དཀྲོག་མ་ཐུབ་པའི་རྨི་ལམ་རིང་ཤོས་དེ་ཡིན་ལ

རང་ཉིད་ཀྱི་བྲང་ཁ་གཤགས་བྱེད་དེ་ཡིན་པའང་ཤེས་བྱུང

 

གཞན་གྱི་མདུན་ནས

ཕ་ཡུལ་གླེང་དུས  ཕ་ཡུལ་གྱི་ལྗང་མདོག་གླེང་དུས

ཕ་ཡུལ་ནི་ཅི་ཞིག་གིས་ཁུར་སོང་བའམ

གང་ཞིག་གིས་བསྣུབས་སོང་བ་དང་འདྲ་བར

དུས་ཚོད་ཀྱི་ཁ་ནང་ནས

རང་ཉིད་ནི་གསང་བ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ

སུ་ལའང་བཤད་མ་ཕོད་པར་ཁེར་རྐྱང་དུ་ལུས་ཡོད

 

སྐབས་འདི་འདྲར

ང་ནི་ཉེས་ཅན་ཞིག་ཡིན་པ་དྲན་བྱུང་ལ

རང་ཉིད་ཀྱི་ཕྱེད་ཀ་སྔ་མོ་ནས་བོར་ཚར་བའང་དྲན་བྱུང

 

ཕ་ཡུལ་ནི་སྒེར་གཅོད་པ་ལྟ་བུ་ཞིག་ཏུ་གྱུར་དུས

མི་དྲང་མོ་ཞིག་བྱེད་དགོས་པའི་ངོས་ཐད་ནས

ང་ཡིས་ཅི་ཡང་བཤད་མ་ཕོད  ཅི་ཡང་སྒྲུབ་མ་ཕོད

འདི་ལྟར

སྙན་ངག་པ་མང་པོ་ཞིག

རང་ཁྱིམ་ནས་ཀུ་རིང་རེ་འདེབས་བཞིན་རྒས་སོང་ལ

བསམ་བློ་བ་མང་པོ་ཞིག་ཀྱང་ཁུ་སིམ་མེར་ལུས་སོང

དམྱལ་ཁམས་ལྟ་བུའི་ཡུལ་འདི་ནས

ཁོ་ཚོར་རང་དབང་ཅི་ཡང་ལུས་མེད་པས

ཁོ་ཚོར་ཡང་གྲགས་མེད་འགུལ་མེད་ངང་ཁ་རོག་གེར་འཆི་དགོས་བྱུང

 

ཡུལ་མི་ཚོའི་སྣང་ངོར

ཕ་ཡུལ་ནི་ལྷ་ཡུལ་དེ་ཡིན་ལ

མཛེས་སྡུག་དང་འབྱོར་ཕྱུག  ཡང་རྩེ་དེ་ཡིན་པས

ཕ་ཡུལ་ན་ཁ་བ་དང་གྲང་ངར  ཙག་རླུང་ཞིག་ཡོད་མི་སྲིད

འདི་ལྟར   ཡུལ་མི་ཚོ་ཧ་ཅང་དྲོ་ལ

ཕ་ཡུལ་གྱི་མི་བུ་འགའ་རེ་ཧ་ཅང་འཁྱག་སོང

 

ངས་ཁྱེད་ལ་སྐྱོ་གདུང་ལྟ་བུའི་གཏམ་རྒྱུད་ཅིག་བཤད

དེ་ནི་མི་ལས་ངན་ཞིག་ཐབས་རྡུགས་ཏེ

རང་ཉིད་ཀྱི་ཚེ་སྲོག་དེ་ལྷག་བསམ་ཅིག་ལ་བརྗེས་ནས

རང་ཉིད་ཀྱི་ཕ་ཡུལ་ལ་ཅི་ཞིག་གསལ་བསྒྲགས་བྱས་སོང་བ་དེ་རེད

 

ཕ་ཡུལ་གྱིས་བདག་གི་ཁྲག་རྒྱུན་ཡོད་ཚད་ལ་དམར་གསོད་བཏང་ཚར་བས

ད་ལྟ

བདག་ཁྲག་དྲི་བྲོ་བའི་མཚན་ལམ་རིང་མོ་ཞིག་ལ་འཐམས་ནས

ཡུན་རིང་བོར་ངུས་ལ

ལག་དམར་དང་འདྲ་བའི་ཕ་ཡུལ་དེ་དྲན་བཞིན་ཡོད

 

རང་རློམ་དང་ཨུ་ཚུགས་ལ་དུངས་དྲགས་པས

ཕ་ཡུལ་གྱིས་རང་ཉིད་གཅེར་བུར་བུད་པའམ

ལྐུགས་པར་གྱུར་བ་མ་ཤེས་ལ

དམྱལ་ཁམས་ཀྱི་འོ་དོད་དང་སྡུག་ཡུས་ཁོ་ན་ཐོས་ཀྱིན་འདུག

 

ཉི་ནུབ  ས་སྲོད  འཆི་བ

བསམ་གཞིག  ཟུག་གཟེར  ངུ་འབོད

ངའི་རྐང་བ་སྤོ་ས་དང་མགོ་རུས་འཐོར་སའི་ཕ་ཡུལ་ལགས

མིག་ཆུ་རྡོག་གཅིག   མིག་ཆུ་རྡོག་གཉིས   མིག་ཆུ་རྡོག་གསུམ

ངའི་ཤ་རུས་ཀྱི་གསེང་ལ་བླུགས་པའི་ཕ་ཡུལ་ལགས

 

གཡུ་སྒང་གི་གནས་ཚུལ་ཞིག

 

   ཉེ་ཆར་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་ལ་བོད་ནས་གསར་དུ་འབྱོར་བའི་ཕ་ཡུལ་རྨ་ལྷོ་སོག་རྫོང་ནས་ཡིན་པའི་གྲྭ་བརྩོན་འགྲུས་རྒྱ་མཚོ་དང་དགེ་འདུན་བསོད་ནམས་གཉིས་སུ་གསར་འགོད་པས་བཅར་འདྲི་ཞུས་པར། གྲྭ་བརྩོན་འགྲུས་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གི་ལོ་གཅིག་ཙམ་གྱི་གོང་ནས་བརྙན་འཕྲིན་དང་ཚགས་ཤོག་སོགས་བརྒྱུད་ལམ་ཁག་ཏུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མི་མང་མཉམ་ལས་ཁང་རྒྱག་རྒྱུ་ཡིན་པ་དང་། དེ་ནི་མི་མང་གི་ཁེ་ཕན་ཆེད་ཡིན་སྐོར། མང་ཚོགས་ཀྱིས་ལས་གཞི་དེར་རྒྱབ་སྐྱོར་བྱ་དགོས་ཚུལ་སོགས་བརྗོད་དེ་མང་ཚོགས་ལ་ཐོ་འགོད་བྱེད་བཅུག་ཡོད་པ་དང་། སྔོན་མཉམ་ལས་ཁང་གི་སྐྱིད་སྡུག་མཐོང་མྱོང་མཁན་རྨ་ལྷོ་སོག་རྫོང་ས་ཁུལ་གྱི་རྒན་རབས་པ་དག་གིས་བཀག་འགོག་བྱས་མིན་ལ་མ་ལྟོས་པར། ཞོན་སྐྱེས་མང་པོ་ཞིག་རྒྱ་ནག་གི་མགོ་སྐོར་འོག་ཚུད་དེ་ཐོ་འགོད་བྱས་ཡོད་ཀྱང་། གཞུང་གིས་འདང་ངེས་ཀྱི་འགྲོ་སོང་མ་བཏང་བ་དང་། ས་གནས་དཔོན་རིགས་ཚོས་ལྐོག་ཟ་བྱས་པ་བཅས་ཀྱིས་ཐོག་མའི་དྲིལ་བསྒྲགས་ལྟར་ལེགས་འགྲུབ་བྱུང་མེད་པར། སྡོད་ཁང་མང་པོ་ཞིག་མི་མང་གནས་སྤོར་མ་བྱས་གོང་ནས་གས་ཆག་ཤོར་བ་དང་འཚོ་བའི་མཐུན་རྐྱེན་ཟླ་འགའི་རྗེས་སུ་མེད་པར་གྱུར་བ་སོགས་ཀྱི་དབང་གིས། ད་ལྟའི་ཆར་མི་མང་ཁྲོད་ལས་གཞི་དེར་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད།ལས་གཞིའི་དེའི་ཁོངས་སུ་ཐོ་འགོད་བྱེད་མེད་མཁན་ཚོར་ལས་གཞི་དེར་ཞུགས་མི་རུང་བའི་རེ་སྐུལ་ཡང་ཞུ་བཞིན་ཡོད་པ་དང་། ལས་གཞི་དེ་ལས་ཕྱིར་འཐོན་མཁན་ཡང་མང་པོ་འབྱུང་བཞིན་ཡོད་འདུག

ཡང་ཁོང་གིས་བརྗོད་དོན་ལྟར་ན། ལོ་གཅིག་གི་གོང་དུ་རྨ་ལྷོ་སོག་རྫོང་དུ་རྫོང་དཔོན་གསར་བ་ཞིག་བསླེབས་ཏེ།  རྫོང་གི་ལས་ཁུངས་ཁག་དང་ཚོང་ཁང་། ཟ་ཁང་སོགས་ཁྲོམ་གཞུང་གི་སྒོ་བྱང་ཡོད་ཚད་སོག་ཡིག་ཏུ་བསྒྱུར་ཞིང་། མང་ཚོགས་ནང་གཏམ་བཤད་བྱེད་སྐབས་སོག་པོ་ཡིན་པའི་ལོ་རྒྱུས་འདྲ་མིན་བཤད་པ་དང་། ལྷག་པར་དུ་གཞོན་སྐྱེས་ཚོར་དེའི་སྐོར་ཤུགས་ཆེན་པོས་བཤད་དེ། ད་ཆར་སོག་རྫོང་དུ་སོག་པོའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག་ལ། བོད་དང་སོག་པོ་ཞེས་མི་རིགས་དབྱེ་འབྱེད་ཀྱི་སྣང་ཚུལ་ཡང་ཡོང་གི་ཡོད་འདུག དེ་བཞིན། ས་གནས་ཀྱི་བླ་མ་སྤྲུལ་དང་མི་སྣ་མཁྱེན་ཡོན་ཅན་ཚོས་རྟ་རྒྱུག་རྒྱལ་འཇོག་རིགས་ལ་དགག་བྱ་གནང་གི་ཡོད་ཀྱང་། རྒྱ་གཞུང་གིས་འགྲོ་སོང་ཕོན་ཆེན་བཏང་སྟེ་ལོ་ལྟར་རྟ་རྒྱུག་འགྲན་ཚོགས་བསྡུས་ཏེ། བྱ་དགའ་སྤྲོད་པ་དང་མཛད་སྒོ་རྒྱས་སྤྲོས་ཆེན་པོ་བྱས་ཏེ། གཞོན་སྐྱེས་མང་ཞིག་རྟ་རྒྱུག་ལ་དབྱིངས་འཕར་ཏེ་ཤེས་ཡོན་སློབ་སྦྱོང་ལ་དོ་སྣང་མེད་པ་ཆགས་ཡོད་པ་དང་། ་གནས་མང་ཚོགས་ཕལ་ཆེ་བ་ཡིག་རྨོངས་ཡིན་སྟབས། རྒྱན་འཇོག་གི་རྣམ་པ་ཤུགས་ཆེ་རུ་ཕྱིན་པ་དངབསྟུན་ཏེ་ནང་འཁྲུག་གི་གནད་དོན་ཡང་བསྟུད་མུར་ཡོང་གི་ཡོད་འདུག

མཇུག་ཏུ་གྲྭ་དགེ་འདུན་བསོད་ནམས་ལགས་སུ་རྒྱ་ནག་གཞུང་གིས་དགོན་སྡེ་ཁག་ཏུ་ལས་འགུལ་གང་འདྲ་སྤེལ་གྱི་ཡོད་མེད་དྲིས་པར་ཁོང་གིས། ༢༠༠༨ ལོའི་རྗེས་སུ་སོག་རྫོང་བྲག་དམར་ཞང་ལྭ་ཁ་དགོན་པའི་ནང་སྲིད་གཞུང་ཆོས་ལུགས་སྡེ་ཁག་གི་མི་སྣ་སྐོར་ཞིག་ཡོང་སྟེ གྲྭ་བ་ཚོར་འགེངས་ཤོག་ཅིག་སྐོང་དུ་བཅུག་སྟེ། གོང་ས་མཆོག་བོད་ལ་ཕེབས་ན་བཟང་མིན་ཐད། མི་བཟང་བའི་ཐོག་མཚན་རྟགས་བཀོད་དགོས་ཚུལ་བཤད་འདུག གོང་ས་མཆོག་བོད་ལ་མ་ཕེབས་ཀྱང་། རྒྱ་ནག་གཞུང་གིས་བོད་མི་ཚོར་སློབ་གསོ་དང་འཚོ་བ་སོགས་ཕྱོགས་ཡོངས་ལ་རོགས་རམ་གནང་སྟེ་དཀའ་ངལ་གང་ཡང་མེད་པ་དང་། གོང་ས་མཆོག་བོད་དུ་ཕེབས་ཀྱང་དམིགས་བསལ་གྱི་བདེ་སྐྱིད་ཅི་ཡང་བསྐྲུན་མི་ཐུབ་པ་དང་། ཁོང་ཕེབས་པ་ཡིན་ན། རྒྱལ་ཁབ་ཁ་བྲལ་དང་ཟིང་ཆ་བསླང་རྒྱུ་ཡིན་ཚུལ་སོགས་བཤད་འདུག གནས་ཚུལ་དེ་གཞན་ལ་བཤད་མི་ཆོག་པ་དང་། གལ་སྲིད་བཤད་མཁན་བྱུང་ན་ཁྲིམས་ཁང་ལས་འགྲོ་ས་མེད་པའི་འཇིགས་སྐུལ་ཡང་བྱས་འདུག གྲྭ་བ་མང་པོ་ཞིག་གིས་མཚན་རྟགས་བཀོད་མེད་ཀྱང་། དགོན་པའི་དོ་དམ་ཁང་གིས་གྲྭ་ཚང་གི་ཚབ་བྱས་ཏེ་མཚན་རྟགས་བཀོད་འདུག་ལ། རྫོང་ཁུལ་གྱི་དགོན་སྡེ་གཞན་དག་གིས་ཀྱང་མཚན་རྟགས་བཀོད་འདུག ཅེས་བརྗོད་བྱུང་།  

ཁོས་མུ་མཐུད་དུ   རྒྱ་ནག་གཞུང་གིས་དགོན་པའི་བླ་སྤྲུལ་ཆེ་ཁག་གི་མཚན་བེད་སྤྱད་དེ་དགོན་པར་སྟངས་འཛིན་བྱེད་ཀྱི་འདུག ལྷག་པར་དུ་བླ་བྲང་ས་ཁུལ་ལ་མཚོན་ན་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་སེར་སྐྱ་གཉིས་ཀྱི་སྐྱབས་གནས་རེད། མཚམས་རེར་རྒྱ་གཞུང་གིས་དགོན་པའི་དོ་དམ་ཁང་བརྒྱུད་དེ་ཁོང་གི་མཚན་འཁོད་ཡིག་ཆ་སྣ་ཚོགས་དགོན་པར་བཀྲམས་ཏེ། དགོན་པའི་གྲྭ་པ་ཚོའི་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་དགོས་ཚུལ་དང་ དཀར་ནག་གི་དབྱེབ་དང་། རྒྱལ་ཁབ་ཀྱི་བཀའ་དྲིན་ངོ་ཤེས་དགོས་ཚུལ། གཞུང་གིས་བོད་སྐད་ཡིག་གི་འཕེལ་རྒྱས་ཐད་ལ་རོགས་སྐྱོར་བྱེད་ཀྱི་ཡོད་ཚུལ་སོགས་བཀོད་འདུགའོན་ཀྱང་གྲྭ་བ་ཚོས་ཡིག་ཆའི་སྟེང་གི་མཚན་རྟགས་དང་། ཡི་གེའི་ནང་དོན་སོགས་ཁོང་གི་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་རེད། ཅེས་བརྗོད་བྱུང་། 

མཇུག་ཏུ་ཁོས་བོད་ནང་གི་བོད་མི་ཚོས་དུས་རྒྱུན་༸གོང་ས་མཆོག་གཙོས་ཕྱི་སྡོད་བོད་མི་ཚོར་རེ་བ་བརྒྱབ་ཡོད་པ་དང་། བོད་ནང་ལས་འགུལ་གང་ཞིག་སྤེལ་ཡང་ཕྱི་ཕྱོགས་སུ་རྒྱབ་རྟེན་ཞིག་ཡོད་པའི་རེ་བའི་ཐོག་ནས་སྤེལ་གྱི་ཡོད་ཀྱང་། མཚམས་རེར་བོད་ནང་གི་བོད་མིའི་ཁྲོད་ཕྱི་ཕྱོགས་ནས་ནུས་པ་ཐོན་གྱི་མེད་པ་དང་། ཕྱི་རྒྱལ་རང་དབང་ལུང་པར་འབྱོར་རྗེས་བོད་ནང་གི་དཀའ་སྡུག་གི་ཚོར་བ་ཡལ་འགྲོ་བཞིན་ཡོད་པའི་བསམ་ཚུལ་རེ་ཟུང་ལ་ཡོང་གི་ཡོད་སྐོར་བརྗོད་སོང་ལ། ཁོ་རང་གི་ངོས་ནས་བོད་མི་ཚོ་རྒྱལ་ཁབ་གང་དང་ས་ཆ་གང་དུ་ཡོད་ཀྱང་། རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ཕྱི་ནང་ལྷན་འཛོམས་དང་། གོང་ས་མཆོག་བོད་ནང་གདན་འདྲེན་ཐོག་འབད་དགོས་ཚུལ་བརྗོད་བྱུང་།

Please enter the code:

Note: Please fill out the fields marked with an asterisk.

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php