བརྩམས་སྒྲུང་ནི་འཚོ་བའི་མེ་ལོང་དང་

སྒྱུ་རྩལ་གྱི་བསླུ་ཁ་མཚར་བའི་

རྨི་ལམ་མངོན་སུམ་ཞིག

 

བདག་གི་བརྩམས་སྒྲུང་རྙིང་བ་ཁག་ཅིག་གི་རྩོམ་བྱང།

 

<<སྨན་ཁང་གི་གསང་བ།>>  <<གཉན་པོ་བཙན་རྒྱལ།>>  <<ཨ་ཕའི་ཞལ་ཆེམས།>>

<<གསང་བ་མིན་པའི་གསང་བ།>>  <<རྒྱ་ཅོག་གྲུ་བཞིའི་ཐོག་གི་བྱུར་འདྲེན།>> 

<<ཐོ་རེངས་སྐར་ཆེན།>>  <<མིག་ཆུའི་ཕྲེང་བ།>>  <<ནོར་བུ།>>  <<ནུབ་གླིང་དུ་ནུབ་པ།>>

<<མི་ཚེའི་རྨ་ཁ།>> (སྒྲུང་འབྲིང)   <<རི་སྤྱང་གི་སྒོ་ཟོག>> (སྒྲུང་རིང་། སྟོད་ཆ།) <<བཙན་བྱོལ་བ>> (སྒྲུང་རིང་རྩོམ་འཕྲོ་མ་ཞི)   <<འབུམ། >> <<ཁ་པར་ནང་གི་མི།>> 

 

 

 འབུམ།

 

  

ཀ༽

 

"ས་ག་ཟླ་བ་ཚེས་སོང་།

སྲོག་བླུའི་སྐལ་བ་ལྡན་སོང་།

སྐྲ་ལོ་གཙང་མར་བཞར་ནས།

ཆོས་གོས་སེར་པོ་གོན་རན། 

ཕྱུག་འགྱུར་གོ་སྐབས་མི་འཆོར།

   ཁོས་ཐོལ་བྱུང་གཞས་ཚིག་དེ་འདྲ་ཞིག་དབྱངས་ལ་འགུགས་བཞིན་ཐོག་མར་སྐྲ་བཞར་ཁང་ཞིག་ལ་འཛུལ་ཞིང་དེ་ནས་སླར་ཡང་ཆོས་གོས་ཚོང་ཁང་ཞིག་ལ་སོང་།

ཁ༽

   "ཆོས་ལྡན་བོད་ཀྱི་ཞིང་ཁམས་ཡིན། ལག་ཕྲེང་བ་ཅན་དང་ཁ་མ་ཎི་ཅན། སྙིང་རྗེའི་བདག་པོ་ཡིན་ཟེར། དེ་བས་ད་ས་ག་ཟླ་བ་དགེ་བ་འབུམ་འགྱུར་གྱི་དུས་བཟང་པོ་བསླེབས་སོང་བས་ངས་ན་ནིང་ལྟར་ཉ་གང་མང་ཞིག་ཚེ་ཐར་སྲོག་བླུ་གཏོང་རྒྱུའི་དགེ་བ་མཉམ་གསོག་གི་སྐད་འཕྲིན་གླིང་ཚོམས་སྲོག་བླུ་དགེ་འབུམ་གླིང་འདི་བཙུགས་པ་ཡིན། དད་ལྡན་རྒྱ་ཆེའི་མང་ཚོགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་དགེ་སྒྲུབ་འདིར་རྒྱབ་སྐྱོར་གནང་རོགས། དགེ་བ་བསྒྲུབས་རྗེས་བླ་མ་ཡིད་བཞིན་ནོར་བུ་ཚང་གི་མདུན་ལ་སོང་ནས་དགེ་བ་བསྔོ་རྒྱུ་ཡིན། ་་་ ་་་"

   ཁོས་སྤྲུལ་སྐུ་ཞེས་པའི་སྐད་འཕྲིན་གྱི་མིང་ཐོག་ནས། གཟབ་ནན་དང་ལྷོད་ཆ་ཅན་གྱི་གཏམ་བཤད་ཐུང་ངུ་ཞིག་དང་ལྷན་དུ་ཡིག་ནོར་མང་བའི་གསལ་བསྒྲགས་ཉ་སྲོག་བླུའི་པར་ཅན་ཞིག་ཚོགས་པའི་ནང་བསྐུར་སོང།

ག༽

ཐོག་མར་དགེ་འདུན་མིང་ཅན་ཟེར་བ་ཞིག་གིས། "སྤྲུལ་སྐུ་མཆོག་བཀའ་དྲིན་ཆེ། ད་ལོར་ཡང་བདག་དངོས་སུ་ཁྱེད་ཚང་གི་ཕྱག་རོགས་ལ་ཡོང་རྒྱུ་མ་ཟད་སྒོར་ཆིག་སྟོང་གི་ཞལ་འདེབས་རྒྱག་རྒྱུ"ཞེས་བཤད་དེ། ཉ་ཚེ་ཐར་བཏང་བའི་བརྙན་ཐུང་ཞིག་ཀྱང་བསྐུར་ནས་ན་ནིང་ཁོང་ཚང་གིས་དགེ་སྐུལ་དགེ་སྒྲུབ་གནང་ཚུལ་སྐོར་གསལ་བཤད་གང་མང་ཞིག་བྱས།

   "སྐྱབས་སུ་མཆི་རྒྱུ་ཚང་། དགེ་བ་འབུམ་གསོག་གི་གོ་སྐབས་བཟང་པོ་འདི་འདྲ་ཞིག་གནང་བ་སྐུ་དྲིན་ཆེ། ད་ལོར་ང་ཡང་ཁྱེད་ཚང་གི་ཞབས་ཕྱིར་ཡོང་རྒྱུ། ཞལ་འདེབས་སྒོར་ལྔ་བརྒྱ་ཡོད།"ཅེས་སྲོག་བླུ་བ་ཟེར་བ་ཞིག་གིས་ཀྱང་དེ་ལྟར་བཤད་དེ། ཁོང་ཚང་གི་སྐུ་པར་དང་དགེ་སྒྲུབ་སྐོར་གྱི་པར་ཡིན་ཞེས་མང་པོ་ཞིག་བསྐུར་ནས་སྐད་ཆ་སྙན་མོ་མང་པོ་ཞིག་བཤད།

   དེར་མཐུད་དེ་ཨ་མྱེ་དད་པ་ཅན་དང་གངས་ཅན་སྒྲོལ་མ། སེམས་བཟང་མ། འབྲོག་མོ་ཟེར་བ་སོགས་ཚོགས་མི་བརྒྱ་ལྷག་གིས་སྒོར་སུམ་བརྒྱ་དང་ཉིས་བརྒྱ། བརྒྱ་ཐམ་པ། ལྔ་བཅུ་ཅན་སོགས་ཀྱི་ཞལ་འདེབས་ཁུག་དམར་ཕྲེང་བར་བསྟར་ཅིང་ཉིན་གསུམ་རིང་ལ་སྲོག་བླུ་དགེ་འབུམ་གླིང་ལ་ཚོགས་ཞུགས་པ་ལྔ་བརྒྱ་ལོངས་སོང་། 

ང༽

    དྲ་ལམ་ཀུན་ན་ཉ་ཚེ་ཐར་གཏོང་བཞིན་པའི་བརྙན་ཐུང་དང་པར་རིས་འདྲ་མིན་མང་པོ་ཞིག་བརྒྱུད་སྐུར་དང་ལྷན་དུ་ལ་ལས་རྗེས་ཡི་རང་ཞུ་བ་དང་འགའ་རེས་དེ་དག་ནི་དད་ལྡན་མང་ཚོགས་ལ་མགོ་སྐོར་བཏང་ནས་སྒོར་མོ་གཡོ་ལེན་བྱེད་པ་ཡིན་ཚུལ་བཤད། ལ་ལས་རྒྱ་བླ་དང་གྲྭ་རྫུན་ཞེས་སྡང་ཞིང་དམོད། ལ་ལས་མང་ཚོགས་ཀྱི་རྨོངས་དད་ལ་སྐྱོན་བརྗོད་བྱེད། བདག་གིས་ཀྱང་སྒྲུང་ཐུང་ཡིག་བརྒྱ་མ་ཞིག་རྩོམ་ན་འདོད།

ཅ༽

 

"ཚེས་ཆེན་བཅོ་ལྔ་ཚར་ཐལ།

དགེ་བ་འབུམ་འགྱུར་བཀྲ་ཤིས།

ཡོང་སྒོ་འབུམ་གཅིག་དོན་གྲུབ།

རྒྱ་གྲོང་སྐོར་ནས་ཉུལ་འགྲོ

རྒྱ་མོ་མཛེས་མ་འཚོལ་འགྲོ "

 

   ཁོས་སླར་ཡང་ཐོལ་བྱུང་གི་གཞས་ཚིག་འདི་འདྲ་ཞིག་སྤྲོ་སྣང་གི་དབྱངས་སུ་འགུགས་བཞིན་དགེ་འདུན་མིང་ཅན་དང་སྲོག་བླུ་མིང་ཅན་གཉིས་དང་ལྷན་དུ་རླངས་འཁོར་ཞིག་ནང་ན་གློག་འོད་རྣམ་པར་བཀྲ་བའི་ཁང་བཟངས་ཤིག་ལ་སྐོར་བ་རྒྱག་གིན་འདུག། །།

 

 

ཁ་པར་ནང་གི་མི།

                                                                                        

 

 

 

  

 

   བཟང་པོས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དགུ་བ་ཞིག་ཁ་ལ་སྦྱར་ཅིང་ཁ་ཆེན་པོ་ཞིག་གདངས། མིག་ཤེལ་ཆེན་པོ་ཞིག་ཀྱང་གོན་ནས་ཉལ་ཁྲིའི་ཐོག་ན་བསྣར་ཏེ་ངལ་གསོས་འདུག ཕལ་ཆེར་གཉིད་ཁུག་འདུག གཉིད་ནི་ངལ་གསོ་ཡག་པོ་ཞིག་ཅི་ལ་མིན། ལྷག་པར་མི་ཚེ་སྟོང་ཟད་དུ་གཏོང་མཁན་ཞིག་ལ་མཚོན་ན་དེ་ནི་ཆེས་ངལ་གསོ་ཐབས་ཡག་ཤོས་དེ་ཡིན། ཁོ་ཅུང་ཙམ་གཉིད་དུ་ཆུག་དང་ངས་ཁྱོད་ཚོར་ཁོའི་གཏམ་རྒྱུད་ཅིག་བཤད་ཆོག

 

   བཟང་པོས་ཐོག་མར་ཁ་པར་བཀོལ་མི་ཤེས། མ་གཞི་ཁོ་ལ་ཁ་པར་ཞིག་ཀྱང་མེད།  ཁ་པར་ཀུ་ཤུ་རྟགས་ཅན་ཐེངས་དང་པོ་ཐོན་པ་དེས། རིག་བཟང་སོགས་ཁོའི་རོགས་པ་ཚོས་མི་ངོ་ཤེས་མི་ཤེས་མང་པོར་སྐད་འཕྲིན་ནང་ནས་འབྲེལ་བ་བྱེད་པ་དང་། བུད་མེད་མང་པོས་ཁ་པར་ནང་ནས་ལ་གཞས་ལེན་པ། ལ་ལས་ཆགས་སྲེད་ཀྱི་པར་དང་བརྙན་ཐུང་ཡང་བརྒྱུད་སྐུར་བྱེད་པ་ལ་སོགས་པ་དེ་འདྲ་མང་པོ་ཞིག་གིས་བཟང་པོའི་ཡིད་རབ་ཏུ་བཀུག 

    དེ་ནས་བཟང་པོས་ཀྱང་རིག་བཟང་གི་ཁ་པར་དེ་དང་ཨ་ན་མ་ན་ཞིག་ཉོས་ནས་རོགས་པ་དེ་དག་དང་ཨ་ན་མ་ནར་སྐད་འཕྲིན་བཀོལ། ཁོ་ཆུང་དུས་སློབ་ཆུང་ལོ་རིམ་གསུམ་པ་ཙམ་ལ་འགྲོ་མྱོང་བས་བོད་ཡིག་ཅུང་ཙམ་ཞིག་ཀློག་ཤེས་པ་དེས་ཁ་པར་བཀོལ་སྤྱོད་ཐད་ལ་ཅང་མི་ཕན་ན་ཡང་དུས་ཡུན་ཐུང་ཐུང་ནང་རྩེད་སྟངས་དེ་རིགས་ལ་བྱང་ཆུབ་པ་དང་ལྷན་དུ་ཁོ་ཁ་པར་ནང་གི་མི་སྣ་གཙོ་བོ་ཞིག་ཏུ་གྱུར་ཏེ། ཚོགས་པ་གང་མང་ཞིག་གི་ནང་ལ་ཞུགས་པ་དང་མི་སྣ་གང་མང་ཞིག་དང་འབྲེལ་བ་བྱུང་།

   མ་གཞི་བཟང་པོ་ནི་ཁྱོ་ག་དཔེ་བཟང་ཞིག་ཡིན། རྟ་ནོར་ལུག་གསུམ་ཚང་མ་བཙོང་ནས་རོང་སྡེ་གསར་བའི་ནང་ལ་སྤོར་ནས་ཚོང་ཁང་ཆུང་ཆུང་ཞིག་བཟུང་སྟེ་ཡོང་སྒོ་ཡང་འགྲིག་ཙམ་ཡོད། ཁོས་བུ་ནོར་བུ་སློབ་གྲྭར་སྐྱེལ་ལེན་བྱེད་པ་དང་།  ཐ་ན་མཚམས་རེར་ཁྱིམ་ནས་ཟ་མ་གཡོ་སྐོལ་སོགས་ཀྱང་བྱེད་ཀྱིན་ཡོད་པས། ཆུང་མ་དཔལ་མོས་ཀྱང་རང་གི་ཁྱོ་གས་མོ་ལ་གཅེས་ཚུལ་དང་འཇོན་ཐང་ཡོད་ཚུལ་སོགས་གཞན་ལ་ངོམ་གྱིན་ཡོད། བུད་མེད་མང་པོ་ཞིག་གིས་ཀྱང་ཁོ་གཉིས་ལ་ཡིད་སྨོན་ཤོར།

   བཟང་པོ་དང་ཐོག་དཔལ་མོ་དང་ལྷན་དུ་ཁ་པར་རྩེད་རྒྱུར་གོམས་པས་དཔལ་མོ་ཡང་ངང་གིས་དེར་སྤྲོ་བ་འཕེལ་ནས་སྐབས་རེར་ཁོ་གཉི་གས་ཁ་པར་འཕྲོག་རྩོད་ཀྱང་བྱེད། དེ་ནས་ཡང་ཀུ་ཤུ་ཁ་པར་གཉིས་པ་གསར་དུ་ཐོན་པས་བཟང་པོས་རྙིང་པ་དེ་དཔལ་མོ་ལ་ལག་རྟགས་སུ་བྱིན་ནས་རང་གིས་གསར་བ་ཞིག་ཉོས། དེ་ནས་བཟུང་ཁོ་གཉིས་སོ་སོའི་ས་ནས་ཁ་པར་རྩེད་ཅིང་དང་ཐོག་སུས་ཀྱང་སུ་ལ་ཇུས་གཏོགས་ཆེར་མི་བྱེད། ད་དུང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གསར་བ་རེ་ཐོན་དུས་རེ་རེ་ཉོ་རྒྱུར་གྲོས་ཀྱང་མཐུན། དེ་ཡང་བཟང་པོས་གསར་བ་རེ་ཉོས་པ་དང་རྙིང་པ་དེ་དཔལ་མོར་བདག་འགྲོ་བ་དང་ལྷན་དུ་དཔལ་མོའི་དེ་ཡང་བུ་ནོར་བུ་ལ་དབང་འགྲོ་བ་དེ་སྲོལ་དུ་གྱུར། དེ་བས་ནོར་བུ་ཡང་ཅང་མ་འགོར་བར་ཁ་པར་ནང་གི་མི་སྣ་ཆུང་ཆུང་ཞིག་ཏུ་གྱུར།

  ཁོ་གསུམ་པོར་སྐད་འཕྲིན་གྱི་མིང་རེ་ཡང་ཡོད་དེ། ཨ་ཁུ་འབྲོག་པ་དང། ཨ་ཅེ་འབྲོག་མོ། འབྲོག་ཕྲུག་ཅེས་ཁ་པར་ནང་གི་འབྲོག་ཁྱིམ་ཆུང་ཆུང་ཞིག་ཏུ་གྱུར་ཅིང་སྐབས་རེར་བཟང་པོས་དཔལ་མོ་ལ། ཨ་ཅེ་འབྲོག་མོ་ལགས ཞེས་བོས་ན་མོས་ཀྱང་ཕྱིར། ཅི་རེད། ཨ་ཁུ་འབྲོག་པ་་་ཟེར།

   ད་ལྟ་དཔལ་མོའི་ལག་ན་ཀུ་ཤུ་བཅུ་བ་ཞིག་འདུག  འོན་ཀྱང་མོ་ད་ལྟ་རང་ཁྱིམ་ན་མི་འདུག མོ་མོའི་ཁ་པར་ནང་གི་མི་ཞིག་བཙལ་ནས་བུད་སོང། དཔལ་མོ་ནི་དམའ་འབྲིང་མཐར་ཕྱིན་ཡོད་པས་བོད་རྒྱའི་ཡི་གེ་གཉིས་ཐད་ནས་བཟང་པོའི་དགེ་རྒན་བྱེད་ཆོག་ཆོག་ཡོད། དེ་བས་རྩྭ་ཐང་ནས་གྲོང་བརྡལ་དུ་གནས་སྤོར་བ་ནས་བཟུང་དཔལ་མོའི་འཇོན་ཐང་བཟང་པོ་ལས་ལྷག་པ་མ་ཟད་ཁ་པར་ནང་གི་དྲྭ་གྲོགས་འཚོལ་བར་ཡང་ཁོ་ལས་ལྡབ་འགས་འཇོན་ཐང་ཆེ་བར་གྱུར་ཏེ་ཚོགས་པ་འགའ་ཡི་ཚོགས་གཙོར་ཡང་གྱུར།ད་དུང་ཁུག་དམར་སྐུར་མཁན་ཡང་མངས།

    ཁོ་གཉིས་ཁ་པར་བཀོལ་སྤྱོད་ལ་དགའ་བར་གྱུར་བ་ནས། མ་རེད། ཁ་པར་གྱིས་ཁོ་གཉིས་བྲན་དུ་བཀོལ་བ་ནས་བཟུང་ཕན་ཚུན་བར་ལ་ཁ་བརྡ་ཇེ་ཉུང་དུ་གྱུར་ཅིང་སེམས་ཐག་ཀྱང་ཇེ་རིང་དུ་གྱུར་ནས་བྱ་བ་ཙག་ཙིག་རེའི་ཐོག་ལ་ཡང་ཁྱོད་དང་ང་ཞེས་ཁ་རྩོད་བྱེད་པ་ཇེ་མང་དུ་གྱུར་ཏེ། བར་སྐབས་ཤིག་ནས་ཁོ་གཉི་གའི་ཉལ་ཁང་ཡང་སོ་སོར་བགོས་པར་མ་ཟད་བཟའ་བཏུང་ལྷན་དུ་བྱེད་པའི་སྐབས་ཀྱང་ཧ་ཅང་ཉུང། ཞོགས་ཟས་དང་ཉིན་གུང་གི་ཟ་མ་ཡང་མང་ཆེ་བ་ཕྱི་ནས་ཉོ། 

བཟང་པོས་ཀུ་ཤུ་ཁ་པར་ལྔ་བ་ཞིག་ཉོ་རན་དུས་མེ་ཤུགས་ཆེ་ཅན་གྱི་མིག་ཤེལ་ཞིག་ཀྱང་ཉོ་དགོས་བྱུང་། རིམ་བཞིན་དཔལ་མོ་དང་ནོར་བུ་གཉིས་ཀྱིས་ཀྱང་མིག་ཤེལ་གྱོན་དགོས་པར་གྱུར། ཁོ་ཚོ་རེ་རེ་ལ་ཡོན་ཏན་པ་ཞིག་གི་བཟོ་ལྟ་ཡང་མངོན། ཡིན་ན་ཡང་། འབྲོག་ཕྲུག་གིས་མཐོ་སློབ་ལ་རྒྱུགས་མ་ཕྲོད་པར་ཕྱིར་ཡོང་ནས་ཁོ་ཚང་གི་ཡོང་སྒོ་ཆུང་ཆུང་སྟེ། དོན་ལ་ཀུ་ཤུ་ཁ་པར་སྐུ་ཕྲེང་རིམ་བྱོན་གྱི་ཆེད་དུ་ཞལ་འདེབས་འབུལ་སྤྱད་དུ་གྱུར་པའི་ཚོང་ཁང་གྱན་གཅིག་པོ་དེའི་བདག་པོར་གྱུར། ད་ལྟ་ཚོང་ཁང་གི་མ་རྩ་ཡང་རྡིབ་ལ་ཉེ། 

    བདག་གི་ཀློག་མཁན་རྣམ་པ། གཏམ་ཉོག་འདིའི་བྱུང་རིམ་ཞིབ་ཏུ་བཀོད་ན་སྒྲུང་རིང་ཞིག་ལོངས་པར་ཐེ་ཚོམ་མེད་ཀྱང་དེ་ནི་དུས་ཚོད་ཆུད་ཟོས་སུ་གཏོང་བ་ཙམ་ཡིན་པས་ད་འདི་ནས་མཚམས་འཇོག

 

   འོ་་་ བཟང་པོ་ད་དུང་གཉིད་འདུག ཁོས་སེམས་སྐྱོ་བའི་རྨི་ལམ་རིང་པོ་ཞིག་རྨིས་ཡོད་ངེས་ཏེ། སྔས་མགོ་མིག་ཆུས་བརླན་འདུག  ཁོས་གློ་བུར་དུ་དངངས་འདར་ཞིག་བྱེད་ཀྱིན་གཉིད་མ་སད་ཀྱི་ངང་ནས།

   “ངའི་་་ཁྱིམ་ཚང་་་ དཔལ་མོ་་་ ཁ་པར་འདིས་་་ ཞེས་སྐད་ཧ་ཅང་དམའ་མོས་ཤི་མ་གསོན་གྱི་སྐད་ཆ་མགོ་མཇུག་མེད་པ་ཞིག་བཤད་རྗེས་ཕྱིར་གཉིད་སོང་། ད་ཐེངས་ཁོ་ལ་སྔུར་བ་མི་འདུག ཧ་ཅང་ཁུ་སིམ་པོར་གཉིད་སོང་། ད་ཐེངས་ཁོས་ངོ་མ་ངལ་གསོ་བྱས་སོང་སྟེ། ཀུ་ཤུ་ཁ་པར་ཡང་ལག་ནས་ཤོར་སོང། ས་ལ་ཟགས་སོང། ངོ་ཤེལ་ཆག་སོང།ཀུ་ཤུ་ཁ་པར་དགུ་བ་ཞིག་དང་ཁ་པར་དེའི་ནང་གི་མི་དེ་གཉིས་ཀ་དེ་ལྟར་ལྷན་ཅིག་ཏུ་ཆག་སོང་།

 

   སྐབས་འདིར་གས་ཆག་ཤོར་བའི་ཁ་པར་གྱི་ཤེལ་ངོས་སུ་ཡིག་འབྲུ་འགའ་ཤར་བྱུང།ཁྱོད་གཉིས་དྲན་གི ང་ཕྱིར་ཡོང་ན་འདོད་ཀི སྐད་འཕྲིན་དེའི་མིང་ནི་ཨ་ཅེ་འབྲོག་མོ་ཟེར་བ་ཞིག་རེད་འདུག། །།

 

Comments: 1
  • #1

    དོན་གྲུབ། (Wednesday, 06 November 2013 10:20)

    བཀྲིས་བདེ་ལེགས། ངེད་དྲ་བ་དེའི་ནང་འཛུལ་བྱེད་ན་ཆཽག་གམ།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php