འཆི་ཁ་དང་བར་དོའི་རྣམ་ཤེས་ལ་
ཕན་པའི་ཆོས།
དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ༎འཕགས་པ་འདའ་ཀ་ཡེ་ཤེས་སྒོམ་པར་བྱེད་དོ༎
ཆོས་རྣམས་རང་བཞིན་རྣམ་དག་པས༎ དངོས་པོ་མེད་པའི་འདུ་ཤེས་བསྒོམ༎
བྱང་ཆུབ་སེམས་དང་རབ་ལྡན་པས༎ སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ༎
རང་བཞིན་མི་དམིགས་འོད་གསལ་བས༎ དངོས་པོ་ཅི་ལའང་མི་ཆགས་བསྒོམ༎
སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ༎ སངས་རྒྱས་གཞན་དུ་མ་ཚོལ་ཅིག།
གསུང་པ་པོ ནི་བཅོམ་ལྡན་འདས། བཀའ་འདྲི་ཞུ་བ་བོ་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་བོ། ཞུ་བའི་གནས་ནི་འོག་མིན་ལྷའི་རྒྱལ་བོའི་ཁང་བཟང་ངོ༎ མདོ་ཆ་ཚང་ནི་འདི་ལྟར།
༄༅། །རྒྱ་གར་སྐད་དུ། །ཨཱརྱ་ཨ་ཏ་ཇ༹ཉཱ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། །
བོད་སྐད་དུ། །འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་ལྷ་ཡི་ཁང་བཟང་ན་བཞུགས་ཏེ། འཁོར་ཐམས་ཅད་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ། བཅོམ་འདས་བྱང་ཆུབ་སེམས་དཔའ་ནམ་འཆི་ཀ་མའི་སེམས་ཇི་ལྟར་བལྟ་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་ནམ་འཆི་བའི་ཚེ། འདའ་ཀ་ཡེ་ཤེས་བསྒོམ་པར་བྱའོ། དེ་ལ་འདའ་ཀ་ཡེ་ཤེས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན།དངོས་པོ་མེད་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན། །སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་ཤིང་འོད་གསལ་བས་ན། །དངོས་པོ་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན། །སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ།།
བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་རྣམས་རང་བཞིན་རྣམ་དག་པས། །དངོས་པོ་མེད་པའི་འདུ་ཤེས་བསྒོམ། །བྱང་ཆུབ་སེམས་དང་རབ་ལྡན་པས༎སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ༎རང་བཞིན་མི་དམིགས་འོད་གསལ་བས། །དངོས་པོ་ཅི་ལའང་མི་ཆགས་བསྒོམ། །སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག།
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སོགས་པའི་འཁོར་ཐམས་ཅད་རབ་ཏུ་དགའ་སྟེ། བཅོམ་འདན་འདས་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་རྗོ༹གས་སོ༎ ༎
༼འདི་ལ་འགྱུར་ཅུང་མི་འདྲ་བ་ཞིག་ཀྱང་འདུག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བས་ན་མི་དམིགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །དངོས་པོ་ཐམས་ཅད་མི་རྟག་པས་ན་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པ་དང་དེའི་ཚིགས་སུ་བཅད་པར་ཡང་། ཆོས་རྣམས་རང་བཞིན་འོད་གསལ་བས། །དམིགས་པ་མེད་པའི་འདུ་ཤེས་བསྒོམ། །དངོས་པོ་ཐམས་ཅད་མི་རྟག་པས། །ཆགས་པ་མེད་པའི་འདུ་ཤེས་བསྒོམ། ཞེས་སོ༎༽
བྱང་ཆུབ་སེམས་དཔའ་རྣམས་ནམ་འཆི་ཀ་མའི་སེམས་དེ་ལྟར་བལྟ་བའམ་བསྒོམ་པར་བྱ་དགོས་གསུངས་པ་ལྟར་ཐེག་པ་ཆེན་པོའི་རྗེས་འཇུག་པ་དག་གིས་ཀྱང་དེ་བཞིན་རང་གིས་ཅི་ཙམ་ནུས་པའི་ཚོད་ཀྱིས་བསྒོམ་རྒྱུ་ཤིན་ཏུགལ་ཆེ་སྙམ་མོ༎
གཞན་ཡང་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྟོབས་ཤིན་ཏུ་བ་ནི་དཔེར་ན།
ཆོས་རྒྱལ་བྱམས་པའི་སྨོན་ལམ་གྱིས། །
གནོད་སྦྱིན་ལྔ་ནི་རྗེས་བཟུང་བཞིན།།
སྨོན་ལམ་སྟོབས་ཀྱིས་རང་གཞན་སྐྱོབ།།
རྣམ་ཤེས་ལུས་དང་བྲལ་རྗེས་ཀྱི་བར་དོའི་གནས་སྐབས་སུ་ཡང་འདས་ཆོས་ཀྱིས་ཕན་པར་འགྱུར་ཏེ།
དྲི་ཟའི་རིགས་མཐུན་བར་དོའི་རྣམ་ཤེས་ལ། །
བསངས་དང་ཚ་གསུར་དྲི་ཡིས་ཕན་པར་འགྱུར། །
ཏིང་འཛིན་སྒོམ་ལ་སིམ་པའི་མི་ལར་ཡང། །
ཚ་གསུར་བདུགས་པའི་དྲི་ཡིས་སྨན་པར་གསུངས།།
དེ་བས་ཀྱང་ཆོས་སྒྲོགས་པ་དང་གསུངས་པས་ཕན་ངེས་ཏེ།
ཚེ་འདིར་ཐོས་པས་ཅི་ཕན་པ། །བར་དོར་དེ་བས་ཤིན་ཏུ་ཕན། །རྣམ་ཤེས་རྒྱུན་གཅིག་གསལ་བས་སོ།།
མིག་ལ་སྐུ་དང་རྣ་བར་ཆོས། གསུངས་པས་འཆི་སེམས་དགེ་བར་འདྲེན། བར་དོའི་རྣམ་ཤེས་རྫུ་འཕྲུལ་ཆེ། དེ་བས་གཤིན་ཆོས་བསྒྲུབ་པ་གལ།།
རང་གིས་འཕོ་དང་གཞན་གྱིས་འཕོ། །འདའ་ཁའི་ཆོས་ནི་སྟོབས་པོ་ཆེ། །དཀོན་མཆོག་རྗེས་དྲན་བསྒོམ་པར་བྱ། །བླ་མས་བསྒོ་བ་བསྔོ་སྨོན་བྱ།།
ཞེས་པའང་སྤྲང་སྤྲུལ་འདའ་ཁ་ཐར་བདག་གིས་རང་ལ་ཕན་པའི་གསོས་སུ་ཡི་གེར་བཀོད་པའོ༎