༄༅།།འབེལ་གཏམ་སྒྲ་ལྡན་མྱོས་པའི་རོལ་དབྱངས།

 

 ལེ་ཚན་འདི་ནི་ཆེད་དུ་གང་ཞིག་ལ་དམིགས་ཏེ་བརྗོད་པའི་རང་གི་མྱོང་ཚོར་ངོ་མའི་སྐད་ཆ་དམར་རྗེན་མ་འབའ་ཞིག་གོ། 

 

འཇིག་རྟེན་མི་ཆོས་བཟང་པོ་བཅུ།

 

༡༽ ཚང་མར་འདྲ་མཉམ་འདུ་ཤེས་འཛིན།

༢༽ འཛུམ་གྱིས་བསུ་ཞིང་སྙན་པར་སྨྲ།

༣༽ བདེན་པའི་དོན་དག་གཙིགས་སུ་འཛིན།

༤༽ ཕ་མ་ཡོན་ཏན་ཅན་ལ་བཀུར། 

༥༽ཉེ་དུ་མཛའ་བཤེས་ཕྱི་ཐག་རིང་། 

༦༽ ལོངས་སྤྱོད་དག་ལ་ཆོག་ཤེས་པ།

༧༽ ཚོང་ལས་ཚུལ་ལྡན་ཁྲིམས་མཐུན་བྱེད།

༨༽ འཕྲོད་བསྟེན་ཁོར་ཡུག་བདག་གཅེས་བྱེད།

༩༽ ཆོས་ལུགས་འཆམ་མཐུན་གོང་སྤེལ་བརྩོན།

༡༠༽ འཚེ་མེད་ཞི་བདེ་དོན་དུ་གཉེར།

 

དེང་གི་ཞི་བདེའི་དེད་དཔོན་རྣམ་པའི་དགོངས་དོན་དང་དེང་རབས་སྤྱི་ཚོགས་ཀྱི་གནད་དོན་གཉིས་ལ་བསམ་གཞིགས་ཀྱིས་དཔྱད་གཞི་ཞིག་གི་ཚུལ་དུ་ཕུལ་བ་དགེ་ལེགས་འཕེལ༎

 

ལྷག་དཀར་ཚང་ནས་སྤེལ་བ་དགེའོ༎༢༠༡༦ ༠༩ ༢༡

 

 

 

 ཚིག་གསུམ།

 

 

 གཅིག ཡིད་བཞིན་ནོར་བུའི་ནོར་ངོ་ཆོད་དགོས། བཀའ་བརྩི་དགོས། 

 

ང་ཚོ་ཐོག་མར་སྐྱབས་བཅོལ་བ་ཡོང་བའི་དམིགས་ཡུལ་འདྲ་མིན་སྣ་ཚོགས་ཡོད་སྲིད། འོན་ཀྱང་༸རྒྱལ་བ་རིན་པོ་ཆེར་མཇལ་རྒྱུ་དེ་བརྒྱ་ཆའི་གོ་དགུའི་རེ་བ་ལོས་ཡིན། དེ་ཡིན་ན་ཁོང་གི་དགོངས་བཞེད་ཇི་བཞིན་སྒྲུབ་མ་ཐུབ་ན་ཡང་གསལ་རྟོགས་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན། རྒྱུ་མཚན་ཁོང་ཚང་ནི་བོད་མི་རིགས་ཀྱི་ཆོས་སྲིད་ལུགས་གཉིས་དང་་ཚེ་འདི་ཕྱི་གཉི་གའི་སྐྱབས་གནས་ཡིན་ལ། འཛམ་གླིང་ཞི་བདེའི་ཁ་ལོ་བ་ཆེན་མོ་ཞིག་ཡིན་པས་ཀྱང་རེད། སྤྱིར་ན་ཚང་མས་ཤེས་གསལ་བཞིན་ཆོལ་ཁ་གསུམ་ལས་མདོ་སྨད་མི་དམངས་ནི་ཡིད་བཞིན་ནོར་བུའི་ཐུགས་དགོངས་དང་མཐུན་ཤོས་ཀྱི་ལས་ཀ་བྱེད་མཁན་ཞིག་ཆགས་ཡོད། འོན་ཀྱང་ང་ཚོའི་ནང་ན་ཞབས་འདྲེན་ཞུ་མཁན་ཡང་མི་ཉུང་བ་ཞིག་བྱུང་དང་འབྱུར་བཞིན་པ་རེད། དེ་ཚོ་ཡང་གསལ་བོ་ཤེས་དགོས། ཡིད་བཞིན་ནོར་བུའི་བཀའ་དགོངས་ཟེར་བ་འདི་གང་ཟག་བྱེ་བྲག་པ་ཞིག་གི་མི་ཚེའི་དགོས་འདུན་ཞིག་གཏན་ནས་མིན་པར་ཆུང་ས་རང་རང་སོ་སོའི་མི་ཚེ་མ་ནོར་བ་ཞིག་ཇི་ལྟར་སྐྱེལ་ཚུལ་ནས་ཆེ་ས་གནམ་འོག་གི་དོན་ཆེན་དང་འབྲེལ་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པར་ངེས་ཤེས་ཐུབ་དགོས།

 

གཉིས། བཙན་བྱོལ་བོད་གཞུང་གི་རིན་ཐང་ཤེས་དགོས། བརྩི་བཀུར་ཞུ་དགོས།

 

དེ་ནས། ང་ཚོའི་བོད་ཕྱི་ནང་གི་གནས་སྟངས་ངོ་མ་གསལ་བོ་ཞིག་ཤེས་ཐབས་བྱེད་དགོས། རྒྱ་གར་ནས་བསྡད་དེ་རྡ་རམ་ས་ལའི་ཕྱི་ནང་མ་མཐོང་བ་ཡང་མི་ཉུང་བ་རེ་ཡོད།  ལྷག་པར་སྲིད་དོན་ཟེར་བ་འདི་ཉོག་འཛིང་གི་བྱ་བ་ཞིག་ཀྱང་རེད། སྤྱིར་ན་ནོར་འཁྲུལ་མིས་བཟོ་གིན་ཡོད་ན་ཡང་། གཞུང་དང་ལས་བྱེད་བྱེ་བྲག་པའི་བར་ལ་ཁྱད་པར་འབྱེད་དགོས། སྲིད་བྱུས་ཤིག་འགྲིག་གི་མེད་ན་གཞུང་གི་སྐྱོན་དང་སྲིད་བྱུས་ལག་ལེན་དེ་འགྲིག་གི་མེད་ན་དབང་འཛིན་པའི་སྐྱོན་ཡིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཧ་ཅང་གལ་འགངས་ཆེ་བ་ངོས་ཟིན་དགོས། འདི་བོད་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཞིག་གི་བཞུར་རྒྱུན་དང་འབྲེལ་བའི་བོད་མི་རིགས་ཀྱི་འཚོ་གནས་སྲུང་སྐྱོབ་ལ་དགོས་ཕན་ཡོད་པ་ཞིག་ཡིན། ང་ཚོས་གྲོས་ཚོག་ཀྱི་ར་བ་ནས་དམངས་གཙོའི་ཕན་གནོད་གཉིས་ཀ་རྟོགས་ཐུབ། གཞུང་ལ་བློ་དཀར་དང་ཡིད་ཆེས་ཀྱིས་རང་ཉིད་ནམ་ཡང་བཙན་བྱོལ་གཞུང་འདིའི་ཁོངས་མི་ཞིག་བྱེད་དགོས་པ་ཧ་ཅང་གལ་ཆེ། དེས་ན་ངེས་པར་གཞུང་ཁྲལ་འཇལ་དགོས། གཞུང་གི་སྲིད་བྱུས་ལ་རམ་འདེགས་སྒྲུབ་དགོས།

 

གསུམ། རང་རང་གི་མི་ཚེ་དོན་ལྡན་ཞིག་སྐྱེལ་དགོས། སྒྲིག་ཁྲིམས་བརྩི་དགོས།

 

ང་ཚོ་ཚང་མ་རང་ཡུལ་བྲལ་ནས་མི་ཡུལ་དུ་སྐྱབས་བཅོལ་མཁན་གཅིག་པ་རེད། བདེ་སྡུག་གཅིག་པ་རེད། དེས་ན་དམིགས་འདུན་ཡང་ཕལ་ཆེར་མཐུན་ངེས། མི་ཚེའི་རིན་ཐང་ཟེར་བ་དེ་ཧ་ཅང་གི་མཐོ་ས་ཞིག་ལ་བསམ་བློ་གཏོང་མི་འོས། ལྷག་པར་དུ་རྒྱང་རིང་ཞིག་ལ་འདང་རྒྱག་མི་དགོས། དེ་ནི་བསམ་བློ་གཏོང་སྟངས་ཤིག་དང་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་རེད། མདོར་བསྡུས་ན་དེ་ནི་རང་རིགས་ཀྱི་ཞབས་འདྲེན་མ་ཞུས་ཤིང་ལས་འབྲས་ཁྱད་དུ་མ་བསད་པ་དེ་ནི་ང་ཚོ་བོད་མི་ཞིག་གི་མི་ཚེའི་རིན་ཐང་གལ་ཆེ་ཤོས་ཤིག་ཡིན་པར་འདོད།

ང་ཚོ་རྒྱལ་ཁབ་གཉིས་པ་ཞིག་ནས་གསུམ་པ་ཞིག་ལ་སྐྱབས་བཅོལ་བར་ཡོང་བ་འདི་ཆབ་སྲིད་གཙོ་བོ་མིན་པར་དཔལ་འབྱོར་གྱི་ཁེ་ཕན་གཙོ་བོར་བཟུང་བ་ཞིག་ཡིན་པ་ཚང་མས་ཁས་ལེན་ངེས། རྒྱལ་ཁབ་འདི་དག་ང་ཚོའི་དྲིན་ཆེན་ཡིན་པ་ཚོར་དགོས། ང་ཚོས་ནམ་ཡང་ཁྲིམས་འགལ་ཚབས་ཆེའི་རིགས་ལས་མི་ཉན། ང་ཚོས་རྒྱལ་ཁབ་དང་འདིའི་མི་སེར་ལ་ཕོག་ཐུག་གཏོང་མི་རུང། དེ་ཡང་གནད་དོན་ཆེ་ས་ཞིག་ནས་ལྟ་མི་དགོས། ཉིན་རེའི་མི་ཚེ་སྐྱེལ་སྟངས་དེ་ཁྲིམས་མཐུན་ཡིན་དགོས། ཁྲིམས་ཟེར་བ་ཞིག་མེད་ན་མིའི་སྤྱི་ཚོགས་དེ་དུད་འགྲོའི་སྤྱི་ཚོགས་ལས་སྡུག་ཆགས་ཡོད་སྲིད། ང་ཚོས་ཁྲིམས་ཟེར་བ་འདི་བསམ་ངན་སྤྱོད་ངན་དག་གི་ཆེད་དུ་བཟོས་པ་ཤེས་དགོས། དེ་བས་གལ་ཏེ་ཁྱོད་ཀྱིས་ཁྲིམས་ལུགས་ཀྱང་བརྩི་སྲུང་མི་ཐུབ་ཚེ་རང་ཉིད་ཆེས་མ་རབས་ཀྱི་མི་ཞིག་ཡིན་པ་ཚོར་དགོས། དེ་ལྟར་བསམ་ན་རང་གིས་རང་ཉིད་ལ་ཚོད་འཛིན་བྱེད་ཐུབ།

ང་ཚོ་མི་རེ་རེས་རང་ཉིད་ཀྱི་ཉིན་རེའི་བྱ་སྤྱོད་དག་རང་ཉིད་དང་སྤྱི་ཚོགས་ལ་མ་ཕན་ན་ཡང་མི་གནོད་པ་ཞིག་སྐྱེལ་ཐུབ་ཚེ། ཁྱོད་ལ་རིམ་བཞིན་དགེ་མཚན་ཞིག་ཡོད་པ་གཞན་དག་གིས་ཚོར་སྲིད། དེང་སང་སྤྱིའི་ཆ་ནས་བོད་མི་རིགས་ལ་སྐྱབས་བཅོལ་བ་གཞན་ལས་མཐོང་ཆེ་བ་འདི་ཡང་ང་ཚོའི་ཆོས་དང་རིག་གཞུང་གི་བག་ཆགས་བཟང་བོའི་ནུས་པ་དང་འབྲེལ་བ་ཤེས་དགོས། དེས་ན་བྱིས་པ་ཚོར་རིག་གཞུང་གི་བག་ཆགས་འདི་འཇོག་རྒྱུར་འོས་འགན་ཡོད། གལ་ཏེ་ཁྱོད་ཀྱིས་བོད་ཀྱི་མཚན་སྙན་ལ་གནོད་པ་ཞིག་བྱས་ཚེ་དེས་རང་རིགས་ལ་ཡང་ནག་ཐིག་རེ་་ཕབ་ཀྱིན་པ་ཚོར་དགོས། 

 

 

         

 

མི་རེ་རེའི་ཞི་བདེའི་འཚོ་བ་

འཚོལ་སྟངས།

 

 

ཞི་བདེའི་འཚོ་བ་ཟེར་བ་ནི་འཚེ་བ་མེད་པའི་འཚོ་ལམ་ཞིག་ལ་ཞི་བདེའི་འཚོ་བ་ཟེར་ཆོག དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོའི་ཞལ་ལས། མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།།ཞེས་གསུངས་སོ། 

དེ་ཡང་འཚེ་བ་ནི་འདིར་རང་དོན་དོན་གཉེར་གྱི་ཁེ་ཕན་ཆེད་གཞན་སུ་དག་ལ་ཞི་དྲག་གང་རུང་དང་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་ངན་བྱེད་པའི་བྱ་སྤྱོད་མཐའ་དག་ལ་གོ་འོས། དེ་འདྲའི་བསམ་སྤྱོད་དག་ནི་མ་རབས་ཏེ་སུ་ཡང་མི་དགའ་བ་དང་མི་འདོད་པ་ཞིག་ཡིན་ལ། དེ་འདྲ་བའི་མི་ཅི་ཙམ་གྱིས་ཇེ་མངས་ལ་སོང་ན་དེ་ཙམ་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ནི་ལྷིང་འཇགས་མེད་པ་འཇིགས་སྣང་དང་དོགས་སྣང་གིས་འཚོ་དགོས་པ་ཞིག་ཆགས་ངེས།

དེ་བས་ང་ཚོས་འཚེ་བ་མེད་པའམ་འཚེ་བའི་ལས་དག་སྤོང་བའི་ཐབས་ལམ་ཅི་ཡོད་འཚོལ་དགོས་པ་ནི་མི་རེ་རེར་རག་ལས་པའི་འོས་འགན་ཞིག་རེད། 

འཚེ་བའི་ལས་སྤོང་བ་ལ་ཐོག་མར་འཚེ་བའི་ལས་ཀྱི་ཉེས་དམིགས་གང་ཡོད་བསམ་བློ་གཏོང་ཤེས་དགོས་ཤིང་དེ་ནས་འཚེ་བ་མེད་པའི་དགེ་མཚན་ལ་ཡང་བསམ་བློ་གཏོང་དགོས། དེ་དོན་ལ་ངེས་ཤེས་བརྙེད་ན་གཞི་ནས་འཚེ་བ་སྤོང་འདོད་ཀྱི་བློ་ཡང་སྐྱེའོ།།

བློ་དེ་ནི་བྱམས་བརྩེའི་རང་བཞིན་ཅན་ཞིག་ཡིན་པར་འདོད་ལ་དེ་ཡང་མི་རེ་རེར་མི་མངོན་པའི་ས་བོན་གྱི་ཚུལ་དུ་ཡོད་པར་འདོད། དེ་ཡིན་ན་ང་ཚོས་ཅིས་ཀྱང་བྱམས་བརྩེའི་ས་བོན་དེ་ལེགས་པར་སྐྱོང་ཐབས་ལ་བསམ་གཞིགས་བཏང་ནས་འབད་བརྩོན་བྱེད་དགོས། 

དེས་ན་ང་ཚོས་རང་གི་གཤིས་རྒྱུད་ཇེ་འཇམ་ལ་གཏོང་དགོས། དེ་ནི་མཉེས་ཤིང་གཤིན་པ་སྟེ་སེམས་ངང་གིས་དགའ་བ་དང་གཞན་ལ་ཤ་ཚ་བའམ་སྙིང་ཉེ་བའོ༎

དེ་བཞིན་དུ་གཞན་ལ་བྱམས་པ་དང་བརྩེ་བ་སྐྱེད་ཐུབ། དེ་ཐུབ་ན་གཞན་ཕན་གྱི་བློ་དང་གཞན་དོན་སྒྲུབ་པར་བྱེད། དེ་འདྲའི་བསམ་སྤྱོད་ཅིག་གི་སྒོ་ནས་མི་སུ་ཡང་འགྲོགས་འདྲིས་བྱེད་པའི་ཐབས་ཚུལ་དག་ནི་འཚེ་བ་མེད་པའི་ལམ་ཡང་དག་པའོ༎

ཁ་བ་གངས་ཅན་པ་ནི་ཆོས་ས་ཆོས་ཡུལ་ཡིན་པས་མི་སུས་ཀྱང་ལས་དགེ་བ་དང་མི་དགེ་བ་ཟེར་བ་གོ་མྱོང་ཡོད་ལ།བྱམས་བརྩེ་དང་སྙིང་རྗེ་ཟེར་བ་དེ་གལ་ཆེན་པོར་བརྩིས་ཀྱང་ཡོད།དེང་སང་༧གོང་ས༧་སྐྱབས་མགོན་ཆེན་པོའི་གཙོས་སྐྱེས་ཆེན་དམ་པ་གང་མང་ཞིག་གི་བཀའ་ཆོས་ལ་ཉན་པ་དང་བཀའ་སློབ་ལམ་སྟོན་ལ་ཉན་གིན་ཡོད་པ་རེད།དེ་བས་ང་ཚོར་བྱམས་བརྩེ་གོང་མཐོར་སྤེལ་བའི་ནུས་པ་གཞན་ལས་ཆེ་བའམ་མཐུན་རྐྱེན་དེ་ཚང་བ་ཞིག་རེད།

 

གོང་དུ་གཞི་རྩའི་ཆ་ནས་འཚེ་བ་མེད་པའི་འཚོ་བའི་ཐབས་ལམ་དེ་མཉེས་གཤིན་བྱམས་བརྩེས་འགྲོགས་དགོས་པ་ཞིག་ཡིན་པ་བཤད་ཡོད།དེ་ནི་དོན་གྱིས་མི་རེར་ཡང་ཁྱབ་པ་ཞིག་རེད།

འོན་ཀྱང་ང་ཚོ་ཁམས་དང་མོས་པ་མི་མཐུན་པ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བ་མང་པོ་ཞིག་གི་ནང་ན་འཚོ་བས་མི་ཚང་མ་ནམ་ཡང་བསམ་སྤྱོད་གཅིག་པ་གཅིག་རྐྱང་ཞིག་ཡོང་ཐབས་མེད་པ་རེད། དེ་བས་ལ་ལས་མི་རིགས་ཀྱི་འཐབ་རྩོད་འདི་ཡང་དྲག་ཐབས་བྱེད་དགོས་པར་འདོད་ཀྱིན་ཡོད་ལ།ཁོང་ཁྲོ་ལངས་ཏེ་རྒྱག་རེས་དང་གསོད་རེས་བྱེད་ཀྱིན་པ་ཡང་མི་ཉུང་བ་རེ་འདུག ཐ་ན་སྐྱེས་པ་ལ་ལས་རང་གི་ཆུང་མ་ལ་ཡང་རྡུང་རྡེག་ཚབ་ཆེན་བྱེད་ཀྱིན་ཡོད།ཕ་མ་ལ་ལས་རང་གི་བྱིས་པར་ཡང་གཤེ་རྡུང་གང་བྱེད་མཁན་འདུག འདི་དག་ཀྱང་མི་ཚེ་སྐྱིད་པོ་མཐུན་པོ་འཆམ་པོ་ཞིག་སྐྱེལ་མ་འདོད་པ་ནི་གཏན་ནས་ཡིན་མི་སྲིད། འཇམ་པོ་བྱས་ནས་གནས་ལུགས་རྒྱུ་མཚན་གསལ་བོ་བཤད་ན་གོ་ཤེས་ཀྱང་ཐུབ་ཀི་རེད། དེ་བས་དེ་དག་ལ་རོགས་བྱེད་དགོས། རོགས་བྱེད་མཁན་ནི་དེ་དག་གི་རོགས་པ་ཚོ་ཡིན། ཁྱིམ་མཚེས་དང་སྡེ་བ། ལྷག་པར་དུ་ཆོས་པ་རྣམ་པས་སློབ་གསོ་གཏོང་དགོས།

 

གཤམ་དུ་མི་རེ་རེས་ཞི་བདེའི་འཚོ་བ་འཚོལ་ཐབས་ཀྱི་དོན་ཚན་བཅུ་མཁས་པ་རྣམ་པའི་དཔྱད་གཞི་དང་རང་མཐུན་དྲ་གྲོགས་ཚོར་རེ་སྐུལ་གྱི་ཚུལ་དུ་ཞུ་རྒྱུ།

༡༽རང་ཉིད་ཀྱིས་ད་བར་དུ་ཅི་ཞིག་བསྒྲུབས་པ་ལ་བསམ་བློ་གཏོང་དགོས།

༢༽རང་ཉིད་ཀྱིས་མི་གཞན་དག་ལ་ཅི་ཞིག་བཤད་ཡོད་པར་བསམ་ཞིབ་བྱེད་དགོས།

༣༽རང་ཉིད་ཀྱིས་ནོར་འཁྲུལ་གང་དག་བྱས་པར་བསམ་བློ་གཏོང་དགོས།

༤༽རང་ཉིད་ལ་སྐྱོན་ཆ་ཆེན་པོ་གང་དག་ཡོད་པར་བསམ་ཞིབ་བྱེད་དགོས།

༥༽རང་ཉིད་ལ་ཕན་གནོད་གང་ཞིག་བྱེད་པ་དག་གིས་དེ་ལྟར་བྱེད་དགོས་དོན་རྩད་གཅོད་དགོས།

༦༽མི་ཚང་མ་བདེ་བ་ལས་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་ཤེས་དགོས།

༧༽རང་གཞན་ཚང་མ་གཅིག་ལ་གཅིག་བརྟེན་གྱིས་མི་ཚེའི་བདེ་སྐྱིད་འཚོལ་དགོས་དོན་ཤེས་དགོས།

༨༽ནང་སེམས་ཀྱི་ཞི་བདེ་ནི་ཕྱིའི་མཐུན་རྐྱེན་ཁོ་ནས་སྒྲུབ་མི་ཐུབ་ཚུལ་ཤེས་དགོས།

༩༽སེམས་ཀྱི་བདེ་བ་འཚོལ་ན་བྱམས་བརྩེ་གོང་སྤེལ་གཏོང་རྒྱུར་འབད་དགོས།

༡༠༽འཚེ་བ་མེད་པའི་སྤྱོད་པ་དང་རྟེན་འབྱུང་གི་ལྟ་བ་ཟུང་དུ་སྦྲེལ་ན་གཞི་ནས་བླ་ན་མེད་པའི་ཞི་བདེ་འཚོལ་ཐུབ།

 

བྱམས་བརྩེ་བླ་ན་མེད་པའི་བླ་མ་ཞིག་ཡོད༎འཛམ་གླིང་ཞི་བདེར་འགོད་པའི་དེད་དཔོན་དེ་ཡིན༎

 

མཉེས་གཤིན་བྱམས་བརྩེས་ཀུན་ལ་འཚོ་ལམ་ཞིག་བསྟན་པ༎འཚེ་བ་མེད་པའི་ཞི་བདེའི་གཞུང་ལམ་དེ་ཡིན་ནོ༎

 

 ༄།ང་བོད་ལ་ཡིད་ཆེས་དང་རེ་བ་ཡོད།

 

 

          གལ་ཏེ། རང་གི་མི་རིགས་ལ་ཡིད་ཆེས་དང་རེ་བ་མེད་ན། ཁྱོད་ཀྱིས་མི་རིགས་ཀྱི་ཁེ་ཕན་ཚང་མ་འདོར་སྲིད་ལ། གལ་ཏེ་ངོ་མ་མི་རིགས་དེར་རེ་བ་གང་ཡང་མེད་ཚེ། ཁྱོད་ཀྱིས་མི་རིགས་དེར་བརྩེ་སེམས་དང་བྱ་བ་སྒྲུབ་པར་ཡང་སྙིང་བོ་མེད། ཡིད་ཆེས་དང་རེ་བའི་གཞི་རྟེན་ནི་འཚོ་གནས་ཀྱི་བརྩོན་སེམས་ཁོ་ན་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་ནས་འཚང་རྒྱ་དགོས་ལ། དཔའ་ངར་གྱི་ཡང་རྩེར་གནས་ནས་འཚོ་གནས་ཀྱང་བྱ་དགོས། བརྩོན་སེམས་དང་དཔའ་ངར་ནི་སྙིང་སྟོབས་ཀྱི་མཚོན་ཚུལ་གཙོ་བོ་གཉིས་ཡིན། ཁྱོད་ཀྱིས་སོམས་དང་བོད་མི་རིགས་ལ་དེ་འདྲའི་ཡིད་ཆེས་དང་རེ་བ་བྱེད་རིན་ཡོད་པའི་སྙིང་སྟོབས་ཀྱི་གསོན་ཤུགས་དེ་ཡོད་དམ།

          ‘ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པཞེས་པ་ནི་སྔོན་བྱོན་ལོ་རྒྱུས་མཁས་པས་བཀོད་པའི་བོད་མི་རིགས་འདིའི་སྡོམ་ཚིག་ཅིག་རེད། དེ་བས་ན་སྡོམ་ཚིག་འདིར་ལོ་རྒྱུས་ཀྱི་རང་བཞིན་ལས་གཞན་གཏན་ཚིགས་ཀྱི་རང་བཞིན་ཡང་ལྡན་ངེས། བདག་གིས་བསམས་ན་ད་ལྟའང་དེ་བཞིན་རེད། འོན་ཀྱང་མང་པོ་ཞིག་གིས་སྔོན་ཆད་དེ་འདྲ་ཞིག་ཡིན་ཡང་དེང་སང་མིན་ཟེར་ལ། ཉུང་ངུ་ཞིག་གིས། བོད་མི་རྣམས་གནའ་སྔ་མོ་ཞིག་ནས་སྒྱིད་ལུག་དང་བག་འཁུམས་ཡིན་ཚུལ་སྨྲ། ཁྱོད་ཀྱི་བསམ་ཚུལ་གང་ལ་གཏོགས།

          ཁྱོད་ཀྱིས་ཕལ་ཆེར་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ལ་སྡུར་རྟགས་བཀོད་ཚེ་ལྟ་ཚུལ་གཅིག་དང༌། ཡང་བོད་རང་བཙན་ཤོར་ཚུལ་གྱི་དོན་སྤྱི་ཙམ་ལ་བསམས་ཚེ་དྲན་ཚུལ་གཅིག གཞན་ཡང་སྔོན་ཐོན་རྒྱལ་ཁབ་ཁག་ལ་བལྟས་ནས་བསམས་ཚེ་ལྟ་ཚུལ་གཞན་ཞིག་ཡོང་ངེས། དེ་དག་ནི་སྡུར་དཔྱད་ཀྱི་རིགས་ལམ་ཞིག་ལེགས་པོ་ཞིག་ཡིན་མོད། ཐོག་མ་ནས་སྡུར་གཞི་གཉིས་འོས་འཚམ་ཞིག་ཐག་མ་ཆོད་ན་བསྡུར་འབྲས་ཀྱང་དོན་ལ་གནས་པ་ཞིག་ཡོང་དཀའ། ངས་བལྟས་ན་མི་སྒེར་དང་མི་རིགས་ཤིག་གི་བརྩོན་སེམས་སྙིང་སྟོབས་ངོ་མ་དེ་དཀའ་ངལ་གྱི་ལོ་ཟླའི་ཆར་རླུང་ཁྲོད་ནས་ད་གཟོད་མཐོང་ཐུབ་པར་ཡིད་ཆེས་ཡོད། དེ་བས་ང་ཚོས་ལོ་རྒྱུས་ཀྱི་གོད་ཆག་སྤྱི་དང་སྒོས་སུ་རྒྱ་དམར་གྱིས་དྲག་པོས་བཙན་འཛུལ་གྱིས་ཐོག་མར་དབང་དུ་སྡུད་སྐབས། སེར་མོ་སྐྱ་བབ་ཚུན་ཆད་ནས་དམག་འཐབ་ལ་ཞུགས་ཚུལ་དང༌། མ་བསྐུལ་དང་བླང་སྒོས་ཆོལ་གསུམ་སྐྱིད་སྡུག་གཅིག་མྱོང་གི་བྲོས་བྱོལ། ས་མཐའི་དཀའ་ངལ་བརྒྱ་ཕྲག་ཁྱད་བསད་ཀྱི་འཚོ་གནས། རིག་གནས་གསར་བརྗེའི་རླུང་དམར་གྱི་གཤགས་གཏུབ་ཁྲོད་ནས་ལྷག་ཅིང་སླར་ཡང་འཚོ་གནས་གསར་བའི་ཚེ་སྲོག་གི་གསོན་ཤུགས་འཕྱུར་བའི་སྣང་ཚུལ་འདི་དག་ལ་ཞིབ་ཏུ་བསམས་ན་ཤ་གཟན་གདོང་དམར་འདིའི་རུས་པ་རྣོ་ལྕགས་དང་གློ་སྙིང་རྡོ་རྗེ་ལས་གྲུབ་པའི་མི་རིགས་མཁྲེགས་པོ་ཞིག་ཡིན་པར་ཡིད་ཆེས་རྙེད་ཐུབ།

          ྋརྒྱལ་བ་པཎ་ཆེན་རྣམ་གཉིས་དང་འབའ་བ་ཕུན་དབང་སོགས་ནི་དུས་རབས་ཉི་ཤུ་བའི་མི་རབས་ཀྱི་དཔེ་མཚོན་མི་སྣ་ཞིག་ཡིན། མང་པོ་ཞིག་གིས་འདི་དག་དཔེ་མཚོན་ལས་འགོངས་པའི་དཔེ་ཟླ་བྲལ་བ་ཞིག་ཏུ་ངོས་འཛིན་པ་ནི་གདེང་འཇོག་བླ་མེད་ཅིག་རེད། གལ་ཏེ་ཁོང་ཚོའི་རྗེའི་འབྲང་གི་སེར་སྐྱ་མི་མང་མང་ཚོགས་ཀྱི་དཔུང་ཤུགས་མེད་པ་ཡིན་ནའགྱེལ་ས་ནས་ལངསཐུབ་པའི་ངར་ཤུགས་འདི་དག་ཡོང་མི་སྲིད། ད་ལྟའང་བོད་རང་བཙན་དང༌། ལམ་དབུ་མ། མི་རིགས་ཀྱི་ཐོབ་ཐང་དང་ལས་སྐལ་ཆེད་དུ་མངོན་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་བྱེད་ཀྱིན་པ་འདི་དག་ཀྱང་སྙིང་སྟོབས་ཤིག་ལ་རག་ལས་པ་མ་ཟད། དེ་ཡང་བདེན་པའི་སྤོབས་པ་ཞིག་གི་རྒྱབ་རྟེན་ལ་བརྙེས་ཡོད། ཐ་ན་བདག་ལྟ་བུས་མི་རིགས་འདིར་རོགས་ཕན་ཏོག་ཙམ་ཞིག་བྱེད་པ་འདི་ཡང་མཐར་གཏུགས་ན་མི་རིགས་འདིར་རེ་བ་དང་ཡིད་ཆེས་བྱེད་རིན་ཡོད་པའི་བསམ་ཚུལ་བརྟན་པོ་ཞིག་ཆགས་པའི་རྨང་གཞིའམ། ཡང་ན་མི་རིགས་འདིས་རང་ཉིད་ལ་སྤྲད་པའི་གདེང་སྤོབས་དེའི་མཐུ་སྟོབས་ལ་རག་ལས་ཡོད། གལ་ཏེ། ང་ལ་དེ་འདྲའི་གདེང་སྤོབས་ཤིག་སྤྲད་མེད་ན་ང་འཚོ་ལམ་གཞན་ཞིག་ཏུ་བསྐྱོད་རྒྱུར་ཐེ་ཚོམ་ཅི་ཡང་མེད།

          བོད་མི་མི་ཉུང་བ་ཞིག་གིས། མི་རིགས་འདི་མགོ་རྨོངས། ལེ་ལོ། བག་འཁུམས། རུལ་སུངས། སྐྱོབ་ཐབས་མེད་པའི་ནད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་གྱིན་ཡོད། ངོ་མ་དེ་འདྲའི་བལྟ་བཟོ་གང་ཡང་མེད་ལ་རེ་བ་ཅི་ཡང་མེད་པ་ཞིག་ཡིན་ན། ཁྱོད་ཀྱིས་རང་གི་འཚོ་ལམ་གཞན་ཞིག་འཚོལ་བ་ནི་ཆེས་ཡང་དག་པ་ཞིག་རེད། ལ་ལ་ཞིག་གིས་དེ་འདྲ་བསམས་ཀྱང་ད་དུང་འདིའི་ཆེད་དུ་ཨུ་ཚུགས་བྱེད་པ་དེ་གླེན་རྟགས་སུ་སྣང་མོད། འོན་ཀྱང་ངོས་འཛིན་དེ་ནི་རྦད་དེ་ནོར་འཁྲུལ་ཞིག་ཡིན་པས་མི་རིགས་འདོར་མཁན་ལས་མ་དོར་མཁན་དེ་ལམ་ཡང་དག་ཏུ་སྐྱོད་ཀྱིན་ཡོད།

          སྤུན་ཟླ་ཚོ། ང་ལ་ཡོད་པའི་སེམས་ཤུགས་དང་ལྷག་བསམ་གྱི་ཆ་ཤས་གང་ཡིན་ཚང་མ་མི་རིགས་འདི་དང་འདིའི་རིག་གཞུང་གིས་སྦྱིན་པ་ཡིན་པས། ངས་ཀྱང་རང་གི་ཡོན་ཏན་འདི་དག་གིས་ཕྱིར་མི་རིགས་འདིར་ལེགས་སྐྱེས་ཅུང་ཟད་རེ་འབུལ་རྒྱུ་འདི་བསམ་ཤེས་ཤིག་གི་དྲིན་ལན་འཇལ་ཚུལ་ཙམ་ལས་ཅི་ཡང་མིན། མཐའ་མའི་རེ་བ་ཡང༌། ཁྱོད་ཀྱིས་མི་རིགས་འདིའི་འདས་པའི་ལོ་རྒྱུས་དང་གནས་བབ་ངོ་མའི་ཡུལ་དུས་གནས་བབ་ལ་བསམ་གཞིགས་ལེགས་པོ་ཞིག་བཏང་ན་ཡིད་ཆེས་དང་རེ་བ་མེད་པ་ཚོར་ཡིད་ཆེས་དང་རེ་བ་གསར་པ་རེ་སྐྱེ་བ་དང༌། ཅུང་ཟད་ཡོད་པ་ཚོ་ཇེ་བརྟན་ཇེ་རྒྱས་སུ་འགྲོ་རྒྱུར་ང་ལ་ཡིད་ཆེས་ཡོད། རྒྱུ་མཚན་ནི་ཁྱོད་ཅག་ཚང་མལས་ལ་བརྩོན་ཞིང་དཔའ་ངར་ལྡནཔའི་མི་རིགས་འདིའི་ཆ་ཤས་རེ་རེ་ཡིན་པས་སོ།

༢༠༠༧།༥།༢༨།

 

  

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php