༄༅། །བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་རྩོམ་རིག་བགྲོ་གླེང་ཚོགས་ཆེན་གྱི་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་ཡི་གེ

 

        ཀ༽ ཐོག་མར་ངས་དེ་རིང་གི་ཚོགས་ཆེན་གྱི་སྐོར་ངོ་སྤྲོད་རགས་རམ་ཞུ་ན།

        ༡༽ ཚོགས་ཆེན་གྱི་མིང་།

        བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་དམིགས་བསལ་རྩོམ་རིག་བགྲོ་གླེང་ཚོགས་ཆེན། ཞེས་བཏགས་དོན། དུས་ཚོད་ཀྱི་ཆ་ནས་དང་གླེང་གཞིའི་ཆ་ནས། ཚོགས་ཞུགས་པའི་གྲུབ་ཆ་བཅས་ནས་དམིགས་བསལ་ཞིག་ཆགས་ཀྱིན་ཡོད།

        དང་པོ་དུས་ཚོད་ཀྱི་ཆ་ནས་ཀྱང་ཕྱོགས་གཅིག་ནས་ལོ་ངོ་ལྔ་བཅུ་སོང་བས་མི་རབས་རྙིང་པ་ཞིག་མཇུག་བསྡུ་གྲབས་དང་མི་རབས་གསར་བ་ཞིག་གིས་སྣེ་འཁྲིད་བཞིན་པའི་སྐབས་ཏེ་ཡུན་རིང་ཙམ་ཕྱིན་པ་དང།  ཕྱོགས་གཉིས་ནས་ད་ལོ་བཙན་བྱོལ་གཞུང་ངོས་ནས་དུས་དྲན་གྱི་ལས་འགུལ་ཞིག་སྤེལ་གྱིན་པའི་སྐབས་རེད།

        གཉིས་པ། གླེང་གཞིའི་ཆ་ནས་བཙན་བྱོལ་བོད་ཀྱི་རྩོམ་རིག་ཁོ་ནའི་བགྲོ་གླེང་རྒྱ་ཆེ་ཤོས་དང་ཐོག་དང་པོ་ཆགས་ཀྱིན་ཡོད།

        གསུམ་པ། ཚོགས་ཞུགས་པའི་ཆ་ནས། ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང། དེ་ལས་གཞན་པའི་རྩོམ་པ་པོ་དང། རྩོམ་སྒྲིག་པ། ཞིབ་འཇུག་པ། ཀློག་པ་པོ་བཅས་བོད་ཀྱི་རྩོམ་རིག་གི་ལས་དོན་དང་ཉེ་བར་འབྲེལ་བའི་ཤེས་ཡོན་པའི་དཔུང་སྡེ་རྒྱ་ཆེ་ཙམ་འདུས་ཡོད།

༢༽ ཚོགས་ཆེན་གྱི་དམིགས་འབེན།

        བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་རིང་གི་རྩོམ་རིག་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་ཀྱིས་ང་ཚོའི་རྩོམ་རིག་གི་གནས་བབ་ངོས་འཛིན་དང་འབྲེལ་འབྱུང་འགྱུར་བོད་ཀྱི་རྩོམ་རིག་གི་ཡར་རྒྱས་ཁ་ཕྱོགས་དང།  ཐབས་ཚུལ། རྩོམ་པ་པོའི་འོས་འགན་ལ་ངོས་འཛིན་ཡང་དག་གིས་སྒྱུ་རྩོམ་གྱིས་སྔར་བས་མི་རིགས་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་ནུས་འདོན་སྤེལ་བྱ་རྒྱུ་ནི་དམིགས་འབེན་གཙོ་བོར་བཟུང་ཡོད། འོན་ཀྱང་འདི་ནི་ང་ཚོས་དེ་རིང་འགོ་རྩོམ་པའི་ཕྱོགས་སྟོན་ནམ་སྣེ་ཁྲིད་པའི་གོམ་སྟབས་ཤིག་གི་ཚད་ལས་འགོངས་པར་སྨྲ་བའི་གདེང་སྤོབས་མེད།

        ༣༽ འཚོགས་པའི་དགོས་པ།

        འདས་པ་ལ་ཕྱི་མིག་བལྟ་རྒྱུ་ནི་མདུན་ལམ་ཇེ་གསལ་དུ་འགྲོ་བའི་ཆེད་ཡིན། དེ་བས་ང་ཚོས་མི་ལོ་ལྔ་བཅུའི་རྩོམ་རིག་ལ་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས། བསྐྱར་ཞིབ་ཅི་ཙམ་གྱིས་ལེགས་ན་དགེ་སྐྱོན་ཡང་དེ་ཙམ་གྱིས་མཐོང་ཐུབ་ཅིང། དེ་མཐོང་བས་བླང་དོར་གྱི་གནད་ལ་མི་རྨོངས་པར་ལག་ལེན་ལ་མཛུབ་སྟོན་ཐུབ། དེས་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་ཞུའི་ནུས་པ་སྔར་བས་མཐོར་འདེགས་གཏོང་ཐུབ། དེས་ན་རྩོམ་རིག་ལ་བསྐྱར་ཞིབ་དང་དཔྱད་བརྗོད་བྱེད་པ་འདི་དོན་གྱིས་རྩོམ་པ་པོ་རྣམས་ལ་ཞུ་དག་དང་བློ་འབྱེད། དོགས་སློང།  ལམ་སྟོན་སོགས་ཀྱི་དགེ་མཚན་རང་བཞིན་ཅན་ཞིག་ཡིན།

        ༤༽ ཚོགས་ཆེན་གྱི་ནང་དོན་རྩོམ་རིག་གི་གླེང་གཞི་ཁག

        བཙན་བྱོལ་བོད་ཀྱི་ལོ་ངོ་ལྔ་བཅུའི་རྩོམ་རིག་གི་འཕེལ་རིམ་ལ་སྤྱི་ཡོངས་ནས་ཕྱི་མིག་བལྟ་བ་དང། བྱེ་བྲག་ཏུ་རང་དབང་གི་རྩོམ་རིག་དུས་དེབ་དང་ཚགས་པར་རིགས། མི་སྒེར་བའི་རྩོམ་དེབ། དམིགས་བསལ་བུད་མེད་རྩོམ་པ་པོའི་བརྩམས་ཆོས་དང་བྱིས་པའི་རྩོམ་རིག་སྐོར། སློབ་གྲྭ་ཁག་གི་སྐད་ཡིག་སློབ་དེབ་དང་འབྲེལ་བའི་རྩོམ་རིག་སྐོར། གཞན་ཡང།  རྩོམ་གྱི་རིགས་བྱེ་བྲག་པ་སྙན་དངགས་དང་སྒྲུང་གཏམ་སྐོར། སྐད་ཡིག་གཞན་སྤྱོད་ཀྱི་བོད་རིགས་རྩོམ་པ་པོ་དང་བརྩམས་ཆོས། བོད་གཞིས་བྱེས་གཉིས་ཀྱི་རྩོམ་རིག་སྤྱི་ཡོངས་ནས་དཔྱོད་སྡུར་བྱེད་པ་སོགས་ཕྱོགས་ཡོངས་དང་སྣ་འདུས་རང་བཞིན་ཅན་ཞིག་ཡིན་ལ། བགྲོ་གླེང་བ་རྣམ་པའང་སྡེ་ཚན་བྱེ་བྲག་པ་སོ་སོར་ཆེད་མཁས་སམ་ཡང་ན་འབྲེལ་བ་ངེས་ཅན་ཡོད་པ་སྐོར་ཅིག་བདམས་པའི་ཁུལ་ཡིན།

        ཁ༽ གཉིས་པ་ཚོགས་ཆེན་གྱི་ནང་དོན་རྩོམ་རིག་དང་འབྲེལ་བའི་བསམ་ཚུལ་འགའ་ཞུ་རྒྱུར།

        གོང་གི་དོན་ཚན་བཞི་བོ་འདི་ངས་ཚོགས་ཆེན་ངོ་སྤྲོད་རགས་ཙམ་བྱས་པའི་ཁུལ་ཡིན། དེ་དང་འབྲེལ་ནས་འདིར་བོད་ཀྱི་རྩོམ་རིག་སྐོར་རགས་ཙམ་གླེང་འདོད་བྱུང།     

        ཀ༽ རྩོམ་རིག་གི་འགྱུར་བའི་རང་བཞིན།

        རྩོམ་རིག་ནི་མིའི་འཚོ་བ་ལས་བྱུང་བའི་མིའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པས། མིའི་རིགས་ཀྱི་སྤྱི་ཚོགས་འགྱུར་འགྲོས་ཀྱིས་རྩོམ་རིག་གི་རང་བཞིན་ལའང་འགྱུར་བ་ངེས་ཅན་ཞིག་འགྲོ་གིན་ཡོད།

        བོད་ཀྱི་རྩོམ་རིག་ལ་སྤྱི་ཡོངས་ནས་བལྟས་ན་འཇིག་རྟེན་པའི་རྩོམ་རིག་ནས་འཇིག་རྟེན་ལས་འདས་པའི་རྩོམ་རིག་ཏུ་གྱུར་ཅིང། སླར་ཡང་འཇིག་རྟེན་ཅན་དུ་འགྱུར་བཞིན་ཡོད་དེ།  བཙན་པོའི་སྐབས་ཀྱི་བོད་ཀྱི་རྩོམ་རིག་ལ་མཚོན་ན། ལྡེའུའི་རིག་པས་གཞོན་སྐྱེས་རིགས་ཀྱི་རྣམ་རིག་འཕེལ་ཐབས་དང། འཆར་སྒོ་ཡངས་པའི་སྤྱང་གྲུང་ཅན་གྱི་མི་སྣ་འདེམས་པའི་ཡིག་ཚད་ལྟ་བུ་དང། དམག་དོན་དང་འབྲེལ་བའི་གསང་ཡིག་གི་ཚབ་ལྟ་བུ་སོགས་ལ་སྤྱོད་སྒོ་ཆེ་ཞིང། དམངས་ཁྲོད་ཀྱི་གཏམ་དཔེ་དང་སྒྲུང་གཏམ་རིགས་ཀྱིས་ལས་ལ་བརྩོན་པ་དང།  དགེ་སྐྱོན་བླང་དོར་གྱི་སློབ་གསོ། བཙན་པོ་དང་བློན་ཆེན་དམག་དཔོན་སོགས་ཀྱི་མགུར་གྱིས་རང་གཞན་ལ་ཆེ་བསྟོད་དང་ཟུར་ཟ་སོགས་དགྲ་འདུལ་གཉེན་སྐྱོང་གི་ནུས་པ་འདོན་གྱིན་ཡོད་ངེས། དམག་དོན་གཙོ་བོར་གྱུར་བའི་སྐབས་དེ་འདྲ་ལའང་མི་དམངས་ལ་རྩོམ་རིག་གིས་སྒྱུར་བཀོད་བྱེད་པའི་ཐབས་ཚུལ་འདིས་སྐབས་དེ་དུས་ཀྱི་བོད་ཀྱི་རྩོམ་རིགས་ནི་འཇིག་རྟེན་པ་དང་ལྷག་པར་རྒྱལ་སྲིད་སྐྱོང་ཐབས་ཀྱི་རང་བཞིན་ཅན་ཞིག་ཡིན་པ་མཐོང་ཐུབ།

        རྒྱལ་རབས་མཇུག་འགྲིལ་ནས་དམག་འཁྲུག་ཉུང་དུ་གྱུར་ཅིང། བོད་མི་རྣམས་ཞི་བདེ་ལ་རང་བཞིན་གྱིས་སྨོན་པའི་སྐབས་སུ་སངས་རྒྱས་ཆོས་ལུགས་གདན་དྲངས་པ་ནས་བཟུང་བླ་མའི་མགུར་རྩོམ་གྱིས་གཙོས་འགྱུར་རྩོམ་དང་ལེགས་བཤད། བསླབ་བྱ། བསྟོད་སྨོན་ཅི་རིགས་ཀྱིས་དེ་སྔོན་གྱི་སྤྱང་གྲུང་དང་རྐུ་ཇག གཡོ་རྫུན། དམག་འཁྲུག་སོགས་ཀྱི་འཇིག་རྟེན་གྱི་འཚོ་ལམ་དེ་ལས་ཡོངས་སུ་འདས་པའི་སེམས་ཀྱི་ཞི་བདེ་འཚོལ་བའི་ལམ་ཡིག་གཞན་ཞིག་བསྟན་ཡོད།

        བོད་ཀྱི་རྩོམ་རིག་བྱུང་རིམ་གྱི་སྤྱིའི་ངོ་བོའི་ཆ་ནས་དེ་ལྟར་ཡིན་གྱི་དམངས་ཁྲོད་རྩོམ་རིག་གི་ཆ་ནས་འཇིག་རྟེན་པའི་རང་བཞིན་འདས་མེད་པར་འདོད།

        སྤྱིར་འཛམ་གླིང་གི་གསར་བརྗེའི་དམག་འཁྲུག་དང་ལྷག་པར་རྒྱ་དམར་གྱིས་བོད་ལ་དྲག་པོས་བཙན་འཛུལ་བྱས་ཏེ་ཡོད་ཚད་གསར་བརྗེ་ཅན་དུ་བསྒྱུར་བའི་ལོ་ཟླ་འདི་དག་གི་རིང་ལ། སླར་ཡང་བོད་ཀྱི་རྩོམ་རིག་གི་ངོས་གཅིག་ནས་འཇིག་རྟེན་འཚོ་བའི་རང་བཞིན་ཅན་དུ་འགྱུར་གྱིན་འདུག དེ་ཡང་ཐོག་མའི་ཆར་དམར་པོའི་སྲིད་དབང་ཁོ་ནའི་ཁེ་ཕན་གྱི་དྲིལ་བསྒྲགས་ལག་ཐབས་ཤིག་ཏུ་བསྒྱུར་བ་ནས། དེང་སང་འཇིག་རྟེན་འཚོ་བ་སྤྱིའམ་རྒྱལ་སྤྱིའི་རྩོམ་རིག་གི་རྣམ་པ་ཅན་དུ་ཁ་ཕྱོགས་ཀྱིན་འདུག

        ནུབ་ཕྱོགས་ཀྱི་དེང་རབས་རྩོམ་རིག་ཅེས་པ་དེའང་གནའ་རབས་རྩོམ་རིག་གི་རྣམ་པ་ལས་གསར་དུ་གྱུར་བ་གང་ཞིག་ལ་ནང་གསེས་རྩོམ་རིག་གི་གྲུབ་མཐའ་རྟ་མོག་མོག་གིསྤུ་བཞིན་འདྲེས་ཡོད། རང་རེའི་རྩོམ་རིག་ལ་གྲུབ་མཐའི་ལྟ་བའི་ཆ་ནས་ནང་པ་དང་མར་ལེའི་དགོངས་དོན་གཉིས་ཀྱི་ཕྱོགས་སུ་གྱེས་ཡོད་ལ། དེ་ཡང་ས་པན་གྱིས། སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། སྙན་ངག་མཁན་དུ་འགྱུར་བར་ཤོག ཅེས་པའི་དགོངས་དོན་བཞིན་ནང་པའི་སྙན་ངག་པའམ་རྩོམ་པ་པོ་རྣམ་པར་མཚོན་ན་གཞི་རྩའི་ལྟ་བ་གཅིག་དང་དགོས་འདུན་དམིགས་ཡུལ་ཐུན་མོང་བ་ཞིག་ལས་ཡོད་མི་འོས་པ་ཞིག་ལོས་ཡིན་སྙམ། ཡིན་ཡང་མིའི་རིགས་ཀྱི་འཚོ་གནས་ཁེ་ཕན་ལ་ཉེ་བར་བཅར་བའི་མི་སྐྱའི་རྩོམ་རིག་ལ་མཚོན་ན་ཆབ་སྲིད་དང།  དཔལ་འབྱོར། རིག་གནས། རང་བྱུང་ཁམས། བརྩེ་དུང་སོགས་འདུ་ཤེས་འཛིན་སྟངས་མི་འདྲ་བའི་སེམས་ཁམས་ཀྱི་དབང་གིས་རྩོམ་རིག་གི་གཞི་རྩའི་ལྟ་ཚུལ་མི་མཐུན་པའང་ཡོད། དཔེར་ན་རྩོམ་རིག་ནི་མི་མང་གི་ཡིན་པ་དང་མི་སྒེར་བའི་ཡིན་པ། རྩོམ་རིག་ནི་སྒྱུ་རྩལ་ཁོ་ན་ཞིག་ཡིན་པ་དང་སློབ་གསོའི་རྣམ་པ་ཞིག་ཡིན་པ་ལྟ་བུའི་འདོད་ཚུལ་སོགས་རེད།

        ངས་བལྟས་ན་རྩོམ་རིག་ནི་མི་སྒེར་བའི་རེད་ལ། མི་མང་ངམ་མི་རིགས་ཀྱི་ཡིན་པར་མ་ཟད། མིའི་རིགས་ཀྱི་ཡིན་པར་འདོད། རྩོམ་རིག་ནི་སྒྱུ་རྩལ་ཞིག་ཡིན་པར་མ་ཟད་སློབ་གསོའི་རྣམ་པ་ཞིག་ཀྱང་ཡིན་པར་འདོད། གཙོ་བོ་ལྟ་ཚུལ་ཕྱོགས་རེ་བ་དེ་དག་འགལ་བ་མེད་པར་ལྟ་སྟངས་ཤིག་དང་གཞི་མཐུན་གྱི་རྩོམ་ཐབས་དག་ཡོད་པས་ཡིན།

        ཁ༽ བོད་ཀྱི་ལོ་རྒྱུས་ཐོག་གི་རྩོམ་རིག་གི་གནས་བབ།

        གཉའ་ཁྲིའི་སྐབས་ཙམ་ནས་བོན་སྒྲུང་ལྡེའུ་གསུམ་གྱིས་རྒྱལ་ཁབ་བསྐྱངས་ཚུལ་གྱི་ལོ་རྒྱུས་གསལ་ཚུལ་གཞིར་བཞག་ན། བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་རིང་བར་མ་ཟད་རྩོམ་རིག་གི་སྤྱི་ཚོགས་ནུས་པའང་ཚད་མཐོ་ཞིང་ཁྱབ་ཆེ་བ་རྟོགས་ཐུབ།

        དམངས་ཁྲོད་རྩོམ་རིག་གི་རྣམ་གྲངས་དང་ནང་དོན། སྒྱུ་རྩལ་གྱི་ཕྱོགས་ནས་བལྟས་ནའང་རྩོམ་རིག་གི་ཐོག་མའི་གནས་བབ་དེ་ར་སྤྲོད་ཐུབ་པ་ཞིག་རེད།

        བར་སྐབས་ཤིག་ནས་སྙན་ངག་མེ་ལོང་མ་ལ་སོགས་པ་བསྒྱུར་བ་དང། རྩོམ་པ་དེ་མཁས་པའི་བྱ་བའི་གཙོ་བོ་ཞིག་ལ་བརྩིས་ཚུལ་དེས་ཀྱང་སྔོན་བྱོན་མཁས་དབང་རྣམ་པས་རྩོམ་རིག་གི་གོ་བབ་ལ་གདེང་འཇོག་བྱས་པ་ཧ་ཅང་མཐོ་ལ། བསམ་བློའི་གསོས་སུ་ཁྱབ་ཡུན་ཡང་རིང་བར་འདོད།

        ཡིག་ཐོག་རྩོམ་རིག་ལས་ཀྱང་དམངས་ཁྲོད་ངག་རྒྱུན་རྩོམ་རིག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། དཔེར་ན་ང་རང་ཆུང་དུས་ཀྱང་གནའ་གཏམ་དང། གླིང་སྒྲུང། ཁེད། གཏམ་དཔེ། གླུ་གཞས་རིགས། རོགས་མཐུན་བསྟོད་ར་སོགས་མང་པོ་ཤོད་ཀྱི་ཡོད།

        རྩོམ་རིག་ལ་ལོ་རྒྱུས་ཀྱི་རྨང་གཞི་འདི་འདྲ་ཞིག་ཡོད་པས་ད་ལྟའི་བོད་ཀྱི་རྩོམ་རིག་གིས་ཀྱང་དུས་འགྱུར་གྱི་གོ་སྐབས་དང་བསྟུན་དེང་རབས་སྤྱི་ཚོགས་ཀྱི་རྗེས་ཟིན་ཀྱིན་ཡོད། འོན་ཀྱང་ཡར་ཐོན་དམངས་གཙོའི་རྒྱལ་ཁབ་གཞན་དག་དང་བསྡུར་ན་མི་འདང་ས་མང་སྟེ། སྤྱིར་བོད་ནང་གི་རྩོམ་པ་པོ་རྣམ་པར་དམངས་གཙོའི་རྩོམ་འབྲིའི་རང་དབང་མེད་པ། དེའི་མཚུངས་རྩོམ་པ་པོ་མང་བོའི་ལྟ་རྒྱ་དང་ཐོས་རྒྱ་ཡང་ཆུང་བ། འཚོ་བའི་ཉམས་མྱོང་ཞན་པ། སྒྱུ་རྩལ་མཚོན་ཐབས་ཀྱང་ལད་ཟློས་ཀྱི་རྣམ་པ་ནས་ཆེར་བརྒལ་ཐུབ་ཀྱིན་མེད་པ། མདོར་ན་ཆེད་ལས་རྩོམ་པ་པོ་ཧ་ཅང་ཉུང་བས་ཚད་མཐོའི་རྩོམ་རིག་བརྩམས་ཆོས་ཀྱང་ཉུང་། དེ་དག་ནི་བོད་ཀྱི་རྩོམ་རིག་གི་སྤྱི་ཡོངས་ནས་བཤད་པ་ཡིན།

        ག༽ བཙན་བྱོལ་བོད་མིའི་རྩོམ་རིག

        མེད་པ་ནས་ཡོད་པར་གྱུར་པའི་ཆ་ནས་བལྟས་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྩོམ་རིག་གནས་བབ་ཀྱང་མི་བཟང་རྒྱུ་མེད། ལྷག་པར་རྩོམ་རིག་གི་རྣམ་གྲངས་དང། སྤུས་ཚད་ནས་ཀྱང་ལེགས་གྲས་སུ་ཚུད་པ་མི་ཉུང་བ་ཞིག་འདུག་སྙམ། ཡིན་ན་ཡང། ཡོད་པ་ཡར་རྒྱས་ཀྱི་རྣམ་པ་ནས་བལྟས་ན་གོམ་ཁ་ཧ་ཅང་དལ་ལ། རྩོམ་རིག་གི་སྤྱི་ཚོགས་ནུས་པའི་ཆ་ནས་བལྟས་ན་ཡང་ཚད་དམའ། ངས་ཚད་གཞི་འདི་ཀློག་མཁན་གྱི་མང་ཉུང་གིས་འཇལ་བ་ཡིན། ཀློག་མཁན་ཉུང་བ་མ་ཟད་རྩོམ་པ་པོའི་ཁྲིམས་དཔོན་གྱི་གོ་སར་འགྱིངས་པ་ཧ་ཅང་དཀོན།

        ང་ཚོའི་རྩོམ་རིག་གི་གོམ་ཁ་དལ་བ་དང་ནུས་པ་ཞན་པ་ལ་རྩོམ་པ་པོ་རང་ཉིད་ཀྱི་ཞན་ཆ་ལས་གཞན་སྤྱི་ཚོགས་ཁྲོད་ནས་མཐོང་དང་རོགས་འདེགས་ཞན་པའི་སྐྱོན་ཆེན་པོ་གསུམ་མུ་མཐུད་དེ་གནས་བཞིན་ཡོད།

ཀ༽ གཞུང་དང་ཚོགས་སྡེ་ཁག་གིས་རྩོམ་པ་པོ་བསྐྱེད་སྲིང་བྱས་པ་མི་འདང་བ།

ཁ༽ རྩོམ་རིག་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་དཀོན་པ།

ག༽ ཀློག་པ་པོའི་རྒྱབ་སྐྱོར་དང་ཁ་ཐག་རིང་བ།

གནད་དོན་འདི་གསུམ་བཙན་བྱོལ་བོད་མིའི་རྩོམ་རིག་ཡར་རྒྱས་ཐད་ལ་སྐྱོན་དུ་ཆེ་ལ། ལྷག་པར་རྩོམ་པ་པོའི་དཔུང་སྡེ་ཆིག་སྒྲིལ་གྱི་ནུས་པ་འདོན་རྒྱུར་འགལ་རྐྱེན་ཆགས་ཡོད།

        ང༽ རྩོམ་རིགགི་་དགོས་ཕན།

        སྙན་ངག་གི་གཞུང་ན།  གལ་ཏེ་སྒྲ་བོད་སྣང་བ་ཡིས། བསྐལ་བའི་བར་དུ་མ་གསལ་ན། འཇིག་རྟེན་གསུམ་པོ་མཐའ་དག་ནི། སྨག་རུམ་མུན་པ་ཉིད་དུ་འགྱུར། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། ངག་གི་རང་བཞིན་མེ་ལོང་ཐོབ། དེ་དག་ཉེ་བར་མི་གནས་ཀྱང། རང་ཉིད་ཉམས་པ་མེད་ལ་ལྟོས། ཞེས་སྐད་ཡིག་དང་རྩོམ་རིག་གི་རིན་ཐང་ལ་གནའ་སྔ་མོའི་རྒྱ་གར་ནཁས་པས་གདེང་འཇོག་བླ་ན་མེད་པ་གནང་ཡོད། དེང་དུས་མཁས་དབང་དག་གིས་ཀྱང། རྩོམ་རིག་ནི་ལོ་རྒྱུས་ཀྱི་མེ་ལོང་དང། རྩོམ་རིག་ནི་བསམ་བློའི་དཔལ་ཡོན། རྩོམ་རིག་ནི་མི་རིགས་ཤིག་གི་སྐད་ཡིག་དང་རིག་གནས་ཀྱི་ཆུ་ཚད་ཀྱི་ཚད་གཞི་མཚོན་བྱེད་ཅིག་ཡིན་པར་འདོད། འཛམ་གླིང་གི་ནའོ་བེལ་གཟེངས་རྟགས་ནང་ནའང་རྩོམ་རིག་གི་ནའོ་བེལ་གཟེངས་རྟགས་འབུལ་གྱིན་ཡོད། ང་ཚོས་རྩོམ་རིག་གི་དཔེ་ལྟ་ས་རྒྱ་གར་ཡིན་མོད། ཉི་དབང་མགོན་པོས་༡༩༡༣་ལོར་རྩོམ་རིག་གསར་བའི་ནའོ་བེལ་གཟེངས་རྟགས་བཞེས་དུས་རང་རེས་དེའི་ལད་ཟློས་ཙམ་ཡང་ཤེས་ཀྱིན་མེད་ལ། མིག་དཔེ་ལྟ་ས་ཞིག་ཡིན་པའང་ཡུན་རིང་ཚོར་མེད། རྒྱ་ནག་གི་སྐུ་ཞབས་ལོའུ་ཞུན་གྱི་རྗེས་འབྲང་བ་ངོ་མ་ཞིག་ཀྱང་དཀོན། ཁོང་གིས་ལུས་ནད་བཅོས་བྱེད་གསོ་རིག་གི་ཕྱག་ལས་བཞག་ནས་སེམས་ནད་བཅོས་བྱེད་རྩོམ་རིག་གི་གསེར་སྙུག་ཐོགས་པ་རེད།

        རང་རེའི་རྩོམ་བྱུང་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ནའང་རྩོམ་རིག་གིས་ཆོས་འཇིག་རྟེན་གཉིས་ཐད་ལ་ནུས་པ་བཏོན་དང་འདོན་བཞིན་པ་གསལ་རྟོགས་ཐུབ། འོན་ཀྱང་མའོ་ཙེ་ཏུང་གིས་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུ་བསྐོངས་པ་ནས་བཟུང་ཆབ་སྲིད་དང་པོ་དང་སྒྱུ་རྩལ་གཉིས་པའི་གཏན་འབེབས་ཀྱིས་རིག་རྩལ་མཐའ་དག་གིས་བསམ་བློ་བཅིངས་འགྲོལ་གཏོང་དགོས་པའི་བཀའ་ཁྱབ་བཏང་བ་ནས་བཟུང་བོད་ཀྱི་རྩོམ་རིག་ཀྱང་གནས་བབ་དེའི་འོག་ནས་གུང་ཁྲན་ཏང་གི་ཆབ་སྲིད་དྲིལ་སྒྲགས་ཀྱི་ལག་ཆར་གྱུར་ཀྱང། ཉེ་བའི་ལོ་འགའ་ནས་བོད་ཀྱི་རྩོམ་རིག་གི་གོམ་ཁ་མི་རིགས་རང་གི་དངོས་ཡོད་འཚོ་བའི་ལམ་དུ་ཕྱོགས་ཀྱིན་པ་ནི་དགའ་འོས་པ་ཞིག་རེད། ལྷག་པར་གླུ་གཞས་དང་གཏམ་བརྗོད་ཟློས་གར་རིགས་ཀྱིས་དམངས་ཁྲོད་ལ་མྱུར་ཚད་མཐོན་པོས་ནུས་པ་ཐོན་གྱིན་ཡོད། རྩོམ་རིག་ནི་སྒྱུ་རྩལ་གྱི་རང་བཞིན་ཅན་ཞིག་ཡིན་པས། འདིའི་ནུས་པའི་ཚད་གཞི་དེ་ཡང་གཙོ་བོ་སྒྱུ་རྩལ་ལ་རག་ལས་ཡོད།

        ཅ༽ རྩོམ་རིག་གི་ཁ་ཕྱོགས་སམ་མཛེས་དཔྱོད་ཕུགས་འདུན།

        རྩོམ་པ་པོ་ནི་མི་རིགས་དང་མིའི་རིགས་ཀྱི་མགྲིན་ཚབ་པ་ཞིག་ཡིན་པ་བདེན་ན། ཁྱོད་སྤྱིར་བཏང་མ་ཡིན་པའི་མི་ཞིག་ཡིན་དགོས། མ་མཐར་ཡང་ཁྱོད་གཟུ་བོར་གནས་དགོས་ལ་སྒེར་སེམས་སྐྱུང་དགོས། དེ་ནི་ཁྱོད་ལ་སྤྱི་དོན་གྱི་འོས་འགན་ཡོད་པས་ཡིན། གལ་ཏེ་རྩོམ་རིག་ནི་རང་ཉིད་ཁོ་ནའི་ཐོན་དངོས་ཤིག་ཡིན་ན་དེ་ཅི་ཡང་ཡིན་ཆོག་མོད། དེ་ལྟར་མིན་ཚེ་ཚད་གཞི་ཞིག་དང་ཁ་ཕྱོགས་ཤིག་དགོས་ངེས།

        ང་ཚོའི་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་ཡང་དག་པ་དེ་གང་ལགས་ཤེ་ན། རང་ཉིད་ཀྱི་སྒེར་རྩོམ་ནས་མི་རིགས་ཀྱི་ཐུན་མོང་རང་བཞིན་དུ་འགྱུར་དགོས་པར་མ་ཟད། མི་རིགས་ཀྱི་རྣམ་པ་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་ཅན་དུ་འགྱུར་དགོས། དེ་ཡང་གསལ་བོར་བཤད་ན་རང་ཉིད་ཙམ་གྱི་ཆེད་ནི་སྒེར་སེམས་ཁོ་ན་དེ་ཡིན་པར་མ་ཟད་མི་རིགས་ཀྱི་ལར་ཞེན་ལྟ་བ་ཙམ་པོ་དེ་དག་ཀྱང་ཕྱོགས་ཞེན་ཅན་གྱི་མི་རིགས་ཀྱི་སྒེར་སེམས་ཤིག་ཅི་ལ་མིན། མིའི་རིགས་ཧྲིལ་བོའི་ཁེ་ཕན་དང་བདེན་པ་ཁོ་ན་རྩ་དོན་དུ་བྱེད་པ་འདི་མཐོ་རིམ་གྱི་སྲོག་ཚགས་མི་ཞེས་པའི་ཚད་གཞིའི་ཐོག་ནས་བསམ་ན་སྒྲུབ་འོས་པ་ཞིག་ཡིན་པར་མ་ཟད་ཚད་ཧ་ཅང་མཐོ་བ་ཞིག་ཀྱང་མིན་པ་རྟོགས་ཐུབ། ཚད་མཐོ་ཤོས་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཟེར་བ་དེ་ཡིན་ལ་ཡང་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉིད་ལས་མེད། ངས་ཚད་གཞི་འདི་སྨྲ་ཤེས་དོན་གོའི་མཐོ་རིམ་མི་ཞེས་པའི་ཆེས་མཐོར་སྙེགས་ཀྱི་ཚད་གཞིའི་ཆ་ནས་དེ་ལྟར་བཤད་པ་ལས། ང་ཚོ་ཚང་མས་ཆེས་མཐོའི་དམིགས་འབེན་དེ་འདྲ་ཞིག་འཛིན་དགོས་པ་དང་འཛིན་ཐུབ་ཚུལ་ཤོད་ཀྱི་མེད།

        མདོར་ན།       དེང་གི་འཛམ་གླིང་འཆམ་མཐུན་དང་ཆིག་སྒྲིལ་དང་ཞི་བདེར་ཕྱོགས་བཞིན་པ་དང་གཅིག ང་ཚོ་རྩོམ་པ་པོའི་དཔུང་སྡེ་ལ་མཚོན་ན་སྐྱ་སེར་གཉིས་སམ་ཆོས་འཇིག་རྟེན་གཉི་གའི་ཚབ་བྱེད་རྩོམ་པ་པོ་ཡོད་པ་དང་གཉིས། ང་ཚོའི་མི་རིགས་ཀྱི་འཐབ་རྩོད་དེ་ཡང་གཞི་བདེན་པར་བཅོལ་ཅིང་ལམ་འཚེ་བ་མེད་པ། འབྲས་བུ་གཉིས་སྨན་ཞི་བདེའི་སྙིང་བོ་ཅན་གྱི་དབུ་མའི་ལམ་ཆེན་འདི་དང་གསུམ་གྱིས་འུ་ཅག་གི་གསེར་སྙུག་གི་འཁྱུག་ལམ་ཡང་གཟི་བརྗིད་འོད་སྟོང་འབར་བའི་མཁའ་ལམ་ཡངས་པོ་ཞིག་ལས་གུ་དོག་དང་ཀྱག་ཀྱོག་གི་ལམ་བུ་ཞིག་ཡིན་མི་འོས་པ་དེ་རེད། དེ་ཡང་༸གོང་ས་མཆོག་ནས།

        མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།།

        མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།།

        འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།།

        བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།།ཅེས་གསུངས་པ་ལས་ལྷག་པའི་མཛེས་དཔྱོད་ཕུགས་འདུན་ཞིག་ངེད་ཅག་ལ་ཡོད་དམ། ལྷག་པར་དུ་ཡང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་ད་ལྟ་རྒྱལ་སྤྱིའི་པེན་གྱི་ཡན་ལག་ཅིག་ཆགས་པའི་ཆ་ནས་རྒྱལ་སྤྱིའི་རིང་ལུགས་ཀྱི་བསམ་བློ་རྒྱ་བསྐྱེད་ཀྱིས་མི་རིགས་ཀྱི་འཐབ་རྩོད་དང་མི་རིགས་ཀྱི་ལས་དོན་གང་ཡིན་ཡང་མི་རིགས་རང་གཅེས་ཁོ་ནའི་འདུ་ཤེས་ལས་ཐར་དགོས་པ་ནི་ཚོགས་མི་སོ་སོས་གསལ་རྟོགས་དང་ཉམས་ལེན་འོས་པ་ཞིག་ཡིན།

 

        ཆ༽ པེན་བོད་ཀྱིརྩོམ་པ་པོའི་མཐུན་ཚོགས་ཀྱི་གལ་ཆེའི་རང་བཞིན་དང་འོས་འགན།

༡༽ དེ་ཡང་༸གོང་ས་མཆོག་གིས་མཐུན་ཚོགས་གསར་འཛུགས་སྐབས་སུ་གནང་བའི་གསུང་འཕྲིན་ནང།

        ༡༩༥༩་ལོའི་དུས་འགྱུར་བྱུང་རྗེས་བོད་ཀྱི་རིག་གཞུང་སྡེར་གཏོགས་དང་བཅས་པར་ཉམས་ཆག་གཏོར་བཤིག་ཚབས་ཆེ་ཕོག ཕྱི་རྒྱལ་རང་དབང་གི་ཡུལ་དུ་སླེབས་པའི་བོད་མི་ཤེས་ལྡན་རྒན་གྲས་རྣམས་རིམ་བཞིན་ཟད། གཞོན་སྐྱེས་རྣམས་ལ་ཡུལ་དུས་ཀྱི་མིག་ལྟོས་དང་འཕྲལ་མཁོའི་སྐད་ཡིག་གཞན་དག་གི་ཤན་ཤུགས་ཐེབས་པས། བོད་མི་རིགས་རང་ཉིད་ཀྱི་མིག་ལྟོས་དང་འཕྲལ་མཁོའི་སྐད་ཡིག་སྣ་མང་ཤེས་བྱའི་རྩོམ་བྲིས་སྤེལ་རྒྱུའི་བློ་སྤོབས་འཕེལ་རྒྱས་དཀའ་བའི་དུས་སྐབས་འདིར། རྩོམ་པ་པོའི་མཐུན་ཚོགས་གསར་འཛུགས་ལ་སོགས་པའི་ཐབས་ཚུལ་འདི་རིགས་དགོས་ངེས་དུས་བབས་སུ་མཐོང། ཞེས་གསུངས་པའི་དགོངས་དོན་ལྟར་ང་ཚོས་ཀྱང་འགྱངས་མེད་ན་སྔ་མེད་པའི་དུས་ཤིག་ཡིན་པ་མཐོང་ནས་སེམས་ཤུགས་བསྐྱེད་དེ་གསར་འཛུགས་བྱས་པ་ཡིན།

        ༢༽ འོས་འགན་གཙོ་བོ། དེ་ཡང་༸གོང་ས་མཆོག་གིས། མཐུན་ཚོགས་འདིའི་དམིགས་ཡུལ་ནང་ཇི་ལྟར་གསལ་བ་འཁོད་བཞིན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གཅེས་འཛིན་བྱ་རྒྱུ་དང། བོད་ཀྱི་རྒྱལ་རབས་ལོ་རྒྱུས་བྱུང་བ་དངོས་དང་མི་མཐུན་པའི་འཁྱོག་བཤད་ཀྱི་ཡིག་ཆ་སྣ་ཚོགས་ཐོན་བཞིན་པ་རྣམས་ལ་དག་ཐེར་དང། སུན་འབྱིན་བྱ་རྒྱུ། རང་རིགས་རྩོམ་པ་པོ་ཕུལ་བྱུང་རིགས་ལ་གཟེངས་བསྟོད་བྱ་རྒྱུ་བཅས་ནི་ངེས་པར་འབད་བསྒྲུབ་དགོས་པའི་བྱ་བ་ཡིན། ཞེས་ང་ཚོའི་དགོས་དམིགས་ཁག་ལ་རྒྱབ་སྐྱོར་གནང་བ་ཡོད། འོས་འགན་འདི་དག་མཐུན་ཚོགས་འདི་ཁོ་ནའི་འགན་ཞིག་མིན་པར་བོད་ཀྱི་ཤེས་ཡོན་ཅན་སྤྱི་ལ་འཁྲི་བ་ཞིག་ཡིན་པས་གཙོ་བོ་སོ་སོའི་ངོས་ནས་དང་ལེན་གྱིས་སྐབས་བསྟུན་ནུས་པ་འདོན་རྒྱུ་གལ་ཆེའོ།

        ༣༽ ༸གོང་ས་མཆོག་གིས། དེས་ན་རང་ཅག་པུར་རྒྱལ་ཕ་མེས་རྒྱུད་པ་བཟང་པོའི་ཁྱད་ཆོས་ཐུན་མོང་མིན་པ་ཡ་རབས་སྤྱོད་གཤིས་བཟང་པོའི་ལང་ཚོ་དར་ལ་དྲག་ཅིང། སྐྱེ་རྒུའི་ཡིད་དབང་འཕྲོག་པའི་རྩོམ་རིག་སྒྱུ་རྩལ་མཁན་རང་རིགས་ན་གཞོན་དཔུང་སྡེ་རྒྱ་ཆེ་བསྐྱེད་བསྲིང་གིས་བོད་ཀྱི་ལོ་རྒྱུས་ཐོག་བྱས་རྗེས་ཀྱི་ལེའུ་གསར་པ་ཡིད་དུ་འོང་བ་ཞིག་འགོད་བྲིས་ཐུབ་པའི་འབད་བརྩོནབྱེད་གལ། ཞེས་གཞེན་བསྐུལ་ཐུགས་རེ་གནང་ཡོད་པ་འདི་ཚོགས་མི་ཚང་མས་ཡིད་ཀྱི་རྒྱན་དུ་བསྲེལ་བར་རིགས།

        བོད་ཕྱི་ནང་གཉི་གར་སྒྱུ་རྩལ་རྩོམ་རིག་ལ་དགའ་མཁན་དང་འཇུག་མཁན་མང་ན་ཡང་བོད་མིའི་བཟང་སྤྱོད་ཀྱི་མི་གཤིས་དང་བརྩམས་ཆོས་གཉིས་ཀ་དོ་མཉམ་མཁན་ཉུང། མཐུན་ཚོགས་འདིར་ཞུགས་མཁན་སུ་དང་སུ་ཡིན་ཡང་རང་གི་སྙན་གྲགས་ཙམ་དང་ཡང་ན་ཕྱི་སྐྱོད་ཀྱི་རང་ཁེ་ཙམ་དུ་མི་བསམ་པར་སྒྱུ་རྩལ་གྱི་དུངས་ཞེན་དང་མི་རིགས་བརྩེ་སེམས་དབྱེར་མེད་ཀྱིས་གནས་གང་དུ་སོང་ཡང་ལས་ཅི་ཞིག་བགྱིས་ཀྱང་རང་ཉིད་རྒྱལ་སྤྱིའི་པེན་གྱི་ཚོགས་མི་ཞིག་དང་དམིགས་བསལ་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་འོས་འགན་མ་བརྗེད་པར་རྩོམ་རིག་གི་མཛེས་དཔྱོད་ཕུགས་འདུན་ལ་སྙེག་པར་འཚལ་འཚལ་ཞེས་རེ་བ་ཞུ་གིན་ཡོད།

        དེ་བཞིན་ཚོགས་པ་འདི་བོད་སྤྱིའི་རྩོམ་པ་པོའི་དཔུང་སྡེ་ཞིག་ཡིན་པས་སྙུག་ཐོགས་ཚང་མ་མཉམ་ཞུགས་ཀྱིས་ལོ་རྒྱུས་ཀྱི་འོས་འགན་འཁུར་རྒྱུར་སྔ་ཕྱི་བར་གསུམ་དུ་རེ་བསྐུལ་ཞུ་གིན་ཡོད།

        མཇུག་མཐར་ད་རེས་ཀྱི་ཚོགས་ཆེན་ལམ་ལྷོང་ལེགས་འགྲུབ་དང་ཚོགས་ཆེན་འདི་བརྒྱུད་ནས་འབྲེལ་ཡོད་ཚོགས་སྡེ་གཞན་དག་ནས་ཀྱང་རྩོམ་རིག་དང་རྩོམ་པ་པོའི་སྐོར་ལ་དོ་སྣང་གསར་བ་དང་མཐུན་རྐྱེན་ཅི་རིགས་སྦྱོར་གནང་གིས་བོད་ཀྱི་རྩོམ་རིག་གིས་དུས་རབས་ཉེར་གཅིག་པའི་ནང་དུ་གཟི་བརྗིད་ཀྱི་ཟིན་ཐོ་དགོད་ཐུབ་རྒྱུའི་སྨོན་འདུན་ཞུའོ།།

 

༢༠༠༩།༨།༢༩།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php