༄༅།།རྗེས་སུ་འབྲང་རྒྱུ་ནི་རྗེས་དྲན་གྱི་མཆོག་ཡིན།

 

          ང་ཚོ་བོད་ཕྱི་ནང་གཉིས་ནས་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་མཛད་རྗེས་ལ་གདེང་འཇོག་འོས་ཤིང་འཚམ་པ་གནང་ཚར་ཡོད་པས་བསྐྱར་དུ་གདེང་འཇོག་གསར་བ་ཅི་ཞིག་བྱ་རྒྱུ་ཡོད་མེད་མི་ཤེས་མོད། ང་ཚོས་པཎ་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ་དང་གླེང་སློང་བྱེད་པ་ནི་ངེས་པར་དགོས་ངེས་པའི་དོན་བྱ་བཟང་པོ་ཞིག་ཡིན་པས། བདག་གིས་ཀྱང་ཇི་ལྟར་རེ་བསྐུལ་གནང་བ་ལྟར་དུ་སླར་ཡང་ཁོང་གི་སྐོར་རགས་ཙམ་གླེང་བར་བྱེད།

 

སྐུ་ན་ཕྲ་བའི་དུས་ནི་བླ་མ་རྣམས་རང་དབང་མེད་པའི་དུས་ཡིན།

 

          སྤྱིར་གང་ཟག་ཅིག་ལ་ནག་ཐིག་གཅིག་ཀྱང་མེད་པར་དཀར་སིང་སིང་འབའ་ཞིག་ཡིན་པ་མེད་པ་བཞིན་པཎ་ཆེན་རིན་པོ་ཆེ་ཡང་སྐུ་ན་ཕྲ་བའི་སྐབས་སུ་ཅིན་འཇིགས་མེད་སོགས་ཀྱིས་ངན་བསྐུལ་དང་སྟངས་འཛིན་གྱིས་ཁོང་གི་མཚན་ཐོག་ནས་༡༩༤༩།༡༠།༡།ལ་ཏང་ཀྲུང་དབྱང་ལ་ཏར་འཕྲིན་བཏང་ནས་རྒྱལ་ཁབ་དབུ་བརྙེས་པའི་འཚམས་འདྲི་དགའ་བསུ་བྱས་ཚུལ་སོགས་འཁང་ར་བྱེད་འོས་པ་འགའ་རེ་མེད་པ་མིན་ནའང༌། དེ་ནི་གཅིག་ནས་སྐུ་ན་ཕྲ་བའི་དུས་ཏེ་བླ་མ་རྣམས་རང་དབང་མེད་པའི་དུས་ཡིན་པས་ལེགས་ཉེས་ཀྱི་འགན་གཙོ་བོ་དེ་ཡང་བདག་སྐྱོང་བྱེད་པོ་ཚོར་ཡོད་ལ། གཉིས་ནས་ཏང་ཀྲུང་དབྱང་གི་གཡོ་ཐབས་འོག་ཏུ་ཚུད་པ་ཞིག་ཀྱང་ཡིན་པས་ང་ཚོས་བསམ་ཤེས་བྱེད་ཐུབ་དགོས།

 

མཁྱེན་ཡོན་རྒྱས་པའི་དུས་ནི་བླ་མའི་གཟི་བརྗིད་ཀྱི་དུས་ཡིན།

 

          སྐུ་ནར་སོན་ཞིང་མཁྱེན་ཡོན་རྒྱས་འགོ་ཚུགས་པ་ནས་རང་ཚུགས་ཐུབ་ཅིང་དྲང་བདེན་གྱི་ལམ་བུར་ཞུགས་ཏེ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་རིང་མོས་མཚོན་རྒྱང་རིང་གི་ཕུགས་འདུན་དོན་དུ་གཉེར་བ་ནས་བཟུང་ཁོང་གིས་སྐུ་ཚེ་ཧྲིལ་པོར་བོད་མི་རིགས་དང་བསྟན་འགྲོའི་ཆེད་དུ་དྲིན་དུ་ཆེ་བའི་མཛད་རྗེས་རླབས་ཆེན་བཞག་གནང་ཡོད་ལ། ལྷག་པར་དུ་ཡང་བོད་ཀྱི་ཆོས་དང་སྐད་ཡིག་རིག་གནས་གོང་སྤེལ་དང་འབྲེལ་དཔའ་ངར་ལྡན་ཞིང་ལས་ལ་བརྩོན་པའི་མི་རིགས་ཀྱི་སྙིང་སྟོབས་སླར་གསོ་དང༌། རང་འགན་རང་སྒྲུབ་ཀྱིས་དུས་རབས་ཀྱི་རྗེས་ཟིན་དགོས་པའི་བསམ་བློའི་རྨང་གཞི་ཞིག་བསླངས་ཐུབ་ཡོད་པ་ནི་ཆེས་གཟི་བརྗིད་ཀྱི་མཛད་པ་ཞིག་ཡིན།

 

དུས་མིན་ཞིང་གཤེགས་ཀྱང་དགོངས་པ་ཅན་གྱི་མཛད་པ་ཡིན།

 

          བདག་གིས་དེ་སྔོནཨོཾརྟག་ཏུ་བོད་ལྭ་མནབས་པའི་རླབས་ཆེན་བླ་དཔོན་ཞིག་གི་འདས་རྐྱེནཧཱུྂཞེས་པའི་ལྷུག་རྩོམ་ནང་དུ་ཁོང་གིས་ཡུལ་དུས་གནས་བབ་ལ་གཟིགས་ཏེ་བསམ་བཞིན་སྐུ་ཚེའི་འཕེན་པ་བཏང་བ་ཞིག་ཡིན་ཚུལ་གྱི་ཚོར་རྟོགས་བརྗོད་ཡོད་ལ། ད་དུང་ཡང་དེ་ལྟར་བསམས། རྒྱུ་མཚན་ནི་ཏང་ཀྲུང་དབྱང་གིས་ཁོང་ལ་བཅོལ་བའི་ལས་འགན་གཙོ་བོ་ྋགོང་ས་མཆོག་གི་ཁ་གཏད་དུ་ལངས་དགོས་པའི་བཀའ་དེ་ཡིན་པས། གལ་ཏེ་བཀའ་བཞིན་བསྒྲུབས་ན་ཁོང་གིས་བོད་ཀྱི་བུ་རབས་ཚ་རྒྱུད་ལ་ཆེས་ངོ་གནོང་དགོས་པའི་ཤུལ་རྗེས་ནག་པོ་ཞིག་བཞག་པ་ཡིན་ལ། གལ་ཏེ་བཀའ་མ་བརྩིས་ན་མངོན་ལྐོག་གི་གནོན་ཤུགས་མང་པོ་ཞིག་གི་འོག་ནས་མིང་སྐམ་པོ་ཞིག་ལས་ཅི་ཡང་རེག་དཀའ་བས། རླབས་ཆེན་གྱི་སྐྱེས་མཆོག་རྣམ་པ་ནི་བསྟན་འགྲོའི་ཆེད་ཁོ་ནར་འཚོ་བཞེས་གནང་བ་ཡིན་པས་གལ་ཏེ་གཞན་ལ་མི་ཕན་ཞིང་ལྷག་པར་གནོད་རྐྱེན་དུ་འགྱུར་ཉེན་ཞིག་ཡིན་ཚེ་སྐུ་ཚེའི་མཇུག་སྡུད་ངེས་པ་ནི་དམ་པའི་རང་བཞིན་ལགས།

          ད་ལྟ་ད་དུང་ཡང་ཁོང་གི་བདེན་དོན་བརྩོན་ལེན་གྱི་སྙིང་སྟོབས་ཆེ་བའི་མཛད་རྗེས་དེ་དག་གིས་ང་ཚོར་དཔའ་ངར་སྒོས་མདུན་སྐྱོད་བྱེད་པར་སྐུལ་མ་ཐོབ་ཀྱིན་ཡོད། དེ་ལྟར་ཁོང་གི་གཤེགས་ཤུལ་ན་གཟི་བརྗིད་ཀྱི་འོད་སྣང་རྟག་ཏུ་འཚེར་གྱིན་པས་ཁོང་ཇི་སྲིད་ང་ཚོའི་མིག་མདུན་དུ་བརྗིད་ཅིང་སེམས་ནང་དུ་གནས་པའི་མི་རབས་ཚ་རྒྱུད་ཀྱི་ངོ་གནོང་མི་དགོས་པའི་དཔའ་མཛངས་ལྡན་པའི་དྲན་གསོའི་རྡོ་རིང་ཞིག་ལགས་སོ།

 

མགོན་པོ་རྣམ་པས་མཛད་འཕྲོ་སྐྱོང་ཕྱིར་སླར་ཡང་སྲིད་པ་འཛིན།

 

          སྐྱེས་ཆེན་རྣམ་པས་སླར་ཡང་སྲིད་པ་འཛིན་པ་ནི་སྐུ་ཚེ་གོང་མའི་མཛད་འཕྲོ་སྐྱོང་ཕྱིར་ཡིན་པས་ང་ཚོས་སུ་ཞིག་ཡང་སྲིད་ཡིན་པ་ངོས་འཛིན་མ་ཐུབ་ཀྱང་སྤྱིར་ན་སྐྱོན་མེད་མོད། རྗེས་འཇུག་གདུལ་བྱའི་མྱ་ངན་སངས་པ་དང་རེ་འདུན་འགྲུབ་ཕྱིར་དམ་པ་མང་པོ་ཞིག་གི་སྐུ་སྐྱེ་ང་ཚོས་སླར་ཡང་ངོས་འཛིན་བྱེད་ཀྱིན་ཡོད། བདག་གིས་པཎ་ཆེན་གྱི་ཡང་སྲིད་ངོས་འཛིན་གནང་མེད་ནའང་བཟང་སྙམ་མྱོང་སྟེ། དཔེར་ན་སྐྱེས་བུ་ཞིག་གིས་དོན་ཆེན་བསྒྲུབ་རྒྱུར་དགྲ་བོས་མངོན་སུམ་དུ་བར་གཅོད་གཏོང་དུས་མི་གཞན་ཞིག་ལ་བརྫུས་ཏེ་དགྲས་མི་ཤེས་པར་བྱས་ནས་དོན་ཆེན་བསྒྲུབ་པ་ལྟ་བུར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱང་ངོས་འཛིན་མ་གནང་བའམ་ཡང་ན་ཧ་ཅང་གསང་བས་ངོས་འཛིན་གནང་ཡོད་ཚེ་ད་ལྟའི་ཆུང་སྲིད་རིན་པོ་ཆེར་བར་ཆད་འདི་མི་འོང་བའི་ཐོག་ནས་མཛད་འཕྲིན་སྐྱོང་ཐུབ་པ་ཞིག་འོང་སྲིད་སྙམ་མོ། ཡིན་ན་ཡང་རྐྱེན་ངན་གྲོགས་སུ་འཆར་བ་དང་བསྒྱུར་བའི་སྐབས་ཀྱང་མང་པོ་ཡོད་པ་བཞིན་ང་ཚོར་བཀྲ་ཤིས་པའི་ཉི་མ་ཞིག་འཆར་ཡང་སྲིད། གང་ལྟར་བོད་མིའི་སེམས་ན་སླར་ཡང་པཎ་ཆེན་གསོན་པོ་ཞིག་བཞུགས་ཡོད་པ་འདིས་མཛད་འཕྲིན་རླབས་ཆེན་ཞིག་སྐྱོང་མ་ཐུབ་ཀྱང་སྤྲུལ་རྫུན་ཞིག་གིས་མཛད་རྣམ་ནག་བསུབ་ཏུ་གཏོང་བའི་ལམ་དེ་ཡོངས་སུ་བཀག་ཡོད་པ་འདི་ཡང་གཅིག་བྱས་ན་བར་གཅོད་ཆེན་པོ་ཞིག་བཟློག་པ་ཡིན་ནོ།

 

པཎ་ཆེན་གྱི་སྐུ་ཚབ་ཉན་མིན་ནི་མཛད་འཕྲོ་སྐྱོང་ཐུབ་མིན་ལ་ཐུག

 

          བསྟན་འགྲོའི་མགོན་དཔུང་རྣམས་ཀྱིས་དུས་ལ་བབས་ན་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་མཛད་སྲིད་པར་སྨྲ་བས། གལ་ཏེ་དེ་ལྟར་ལགས་ཚེ་ང་ཚོར་པཎ་ཆེན་གསུམ་དང་འབྱུང་འགྱུར་ཡང་ཏཱ་ལའི་བླ་མ་ཡང་གསུམ་བྱུང་ན་ཅིས་མི་དགའ། ཏང་ཀྲུང་དབྱང་གིས་ད་ལྟའི་པཎ་ཆེན་བླ་མའི་ཁྲི་སྟེང་དུ་བསྐོས་པའི་རྒྱལ་མཚན་ནོར་བུ་ཡང་སྐྱེས་བུ་རང་ག་བ་ཞིག་མིན་པའི་ཚོད་དཔག་བྱེད་ཆོག་ལ། གལ་ཏེ་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་གང་ཞིག་མིན་ཡང་བསྟན་འགྲོར་ཕན་པའི་སྐྱེས་ཆེན་ཞིག་ཡིན་པའམ་གྱུར་ན་དེ་ཡང་པཎ་ཆེན་གསར་བ་ཞིག་ཅི་ལ་མིན། གནད་དོན་འདི་བདག་གིས་དེ་སྔོན་རྩོམ་ཡིག་ཅིག་ཏུ་གླེང་མྱོང་བ་བཞིན་ད་དུང་ཡང་ང་ཚོས་ཁོང་ལ་རེ་བ་ནན་མོ་བཅངས་ཏེ་པཎ་ཆེན་བླ་མའི་རྗེས་རབས་པ་ཡག་པོ་ཞིག་འོང་རྒྱུར་མཐུན་འགྱུར་རོགས་འདེགས་བྱེད་པ་ལས་རྒྱ་ནག་གཞུང་ལ་མ་དགའ་བའི་འཁོན་སེམས་ཀྱིས་ཁོང་ལའང་དམའ་འབེབས་སོགས་བྱ་མི་འོས་སྙམ།

          རྒྱལ་མཚན་ནོར་བུ་གང་གིས་ཀྱང་རང་ཉིད་པཎ་ཆེན་བླ་མའི་ཡང་སྲིད་ཅིག་ཏུ་རློམ་གྱིན་ཡོད་ཚེ་སྐུ་གོང་མའི་མཛད་འཕྲིན་མིག་དཔེར་མཛད་དེ་བོད་ཀྱི་བསྟན་སྲིད་ལ་ཕན་པའི་བྱ་གཞག་རླབས་ཆེན་སྒྲུབ་དགོས་ལ། གལ་ཏེ་དེ་ལྟར་མ་འཁྱོངས་ཀྱང་མ་མཐར་ཡང། སྐུ་གོང་མས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་རང་གི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཅིང་དོན་ལ་འཁྱོལ་གནང་མཛད་ཡོད་པ་ཇི་བཞིན་བོད་ཀྱི་བསྟན་སྲིད་གང་ཐད་ལའང་ཞབས་འདྲེན་མི་ཞུ་བ་ཞིག་གནང་མ་ཐུབ་ཚེ་པཎ་ཆེན་བླ་མའི་གསེར་ཁྲིར་བཞུགས་པ་དོན་གྱིས་སྟོང་ཞིང་དམངས་ཀྱིས་རྒོལ་ཡང་སྲིད།

          ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་སྐུ་ཚེའི་བར་ཆད་མེད་པར་ནམ་ཞིག་བཙོན་གྲོལ་ཐོབ་ནས་སྐུ་གོང་མའི་རླབས་ཆེན་མཛད་འཕྲོ་སྐྱོང་རྒྱུར་ང་རང་ཡིད་ཆེས་ཡོད་ལ། གལ་ཏེ་དེ་ལྟར་གནང་མ་ཐུབ་ཚེ་བདག་གིས་སྐུ་གོང་མར་ཡང་འཁང་ར་བྱ་སྲིད།

 

ང་ཚོ་རྗེས་སུ་འབྲངས་ཏེ་རྗེས་དྲན་བྱ་དགོས།

 

          ང་ཚོ་པཎ་ཆེན་བླ་མར་དད་མོས་དང་ཡི་རངས། གདེང་འཇོག་གནང་མཁན་སུ་ཞིག་ཡིན་ན་ཡང་བོད་མི་རིགས་ལ་ཕན་མ་ཐོགས་ཀྱང་གནོད་དང་ཞབས་འདྲེན་དུ་མི་འགྱུར་བ་ཞིག་ཅིས་ཀྱང་བྱེད་དགོས་ལ། ཁོང་གི་སྙིང་སྟོབས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་པའི་ཆ་གང་དག་རེ་རང་རང་གི་ལག་ལེན་དུ་བསྟར་མ་ཐུབ་ཚེ་ང་ཚོས་ཇི་ལྟར་དད་མོས་དང་གདེང་འཇོག་བྱས་ཀྱང་དེ་དོན་གྱིས་སྟོང༌།

          དེ་བས། ང་ཚོས་ཇི་ལྟར་དྲན་གསོ་དང་རྗེས་སུ་འབྲང་དགོས་ཟེར་ན། པཎ་ཆེན་བླ་མའི་མཛད་སྤྱོད་ཤེས་པའི་ཐོག་ནས་དེ་འདྲ་ཞིག་འོང་བའི་འབད་བརྩོན་གནང་རྒྱུ་དེ་ལས་མ་འདས་མོད། བྱེ་བྲག་ཏུ་ངེས་པར་བསམ་ཞིང་འཇུག་འོས་པའི་བཀའ་སློབ་སྙིང་བོ་འགའ་ཡོད་དེ།

          གཅིག “བོད་མི་རིགས་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཡིན། ངས་སྔ་ཕྱི་བར་གསུམ་དུ་བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་སེམས་ཁུར་བྱེད་ཀྱིན་ཡོད། གནད་དོན་ཡོད་པའི་བྱ་བ་ཚང་མར་ངོ་རྒོལ་དང་དགག་པ་རྒྱག་གིན་ཡོད།ཅེས་གསུངས་པ་ལྟར་ང་ཚོས་ཆོལ་གསུམ་དཔུང་གདང་སྦྲེལ་དགོས་པ་ནི་བྱ་བ་ཚང་མའི་རྨང་གཞིའམ་ནུས་པའི་འབྱུང་ཁུངས་ཡིན་པས། སུ་ཞིག་གིས་ནང་ཁུལ་དཀྲུག་ཤིང་སོགས་བྱེད་པ་ལ་ཁ་ལག་གཉིས་ཀྱིས་ཁ་གཏད་འཇལ་དགོས་པར་མཐོང་ངོ༌།

          གཉིས། “བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ཆུང་ཆུང་ཞིག་གཏན་ནས་མིན། དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན།དེའི་གནད་དོན་ནི་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་གི་ཚབ་རྒྱ་ཡིག་གིས་བྱེད་ཀྱིན་པ་དེ་ཡང་ཆབ་སྲིད་ཀྱི་གཡོ་སྒྱུ་ཞིག་ཡིན་པ་དང༌། དེ་བས་ང་ཚོས་རང་གི་སྐད་ཡིག་སློབ་གཉེར་བེད་སྤྱོད་ཐུབ་མིན་དེ་ཡང་ཐད་ཀར་མི་རིགས་ཀྱི་ཆབ་སྲིད་ཀྱི་རང་དབང་ལོངས་སུ་སྤྱོད་ཐུབ་མིན་དང་འབྲེལ་བ་ཡོད་པའི་གནད་དོན་བསྟན་པ་ཡིན་པས། ད་ལྟའི་སྐབས་འདིར་ང་ཚོས་སློབ་སྦྱོང་ཚང་མར་ཆབ་སྲིད་ཀྱི་གོ་དོན་ནམ་འབྲེལ་བ་ཡོད་པའི་ངོས་འཛིན་ཐུབ་དགོས་པའང་ང་ཚོའི་དམིགས་ཡུལ་དང་ཧ་ཅང་འཚམ་མོ།

          གསུམ། “མི་རིགས་ས་ཁུལ་རང་སྐྱོང་གི་སྲིད་ཇུས་དེ་ཐོག་མར་མི་རིགས་ས་ཁུལ་རང་དུ་ལག་ལེན་བསྟར་དགོས་ཤིང༌། དེ་ཡང་མིང་དོན་མཚུངས་པ་ཞིག་ལག་ལེན་བསྟར་དགོས།གསུངས་པ་ལྟར་བོད་ནང་གི་ལས་བྱེད་དཔོན་རིགས་ཀྱིས་གཅོས་ཤེས་ཡོན་ཅན་ཚང་མས་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གང་ཡོད་ཚང་མ་ལག་བསྟར་ཐུབ་དགོས་པའི་ཐོག་ད་དུང་ཁ་སྣོན་གསར་འཇུག་གི་ཐད་ལ་ནུས་པ་འདོན་རྒྱུར་ཡང་འབད་དགོས།

          བཞི། “བོད་མི་རིགས་ནི་བོད་ཀྱི་བདག་པོ་རེད། བོད་མི་དམངས་ཀྱིས་ཡག་པོ་བསམས་ན་དེ་ཡག་པོ་ཡིན་དགོས་པ་དང༌། དེ་འདྲ་མ་བྱས་ན་མ་འགྲིགས་པ་ལོས་ཡིན།འདི་ནི་ཆོས་དང་རིག་གནས། ཆབ་སྲིད། དཔལ་འབྱོར་གང་གི་ཆ་ནས་ཡིན་ན་ཡང་བོད་མི་དམངས་ཀྱི་མང་མོས་མངོན་འདོད་གཞིར་བཞག་གིས་དམངས་གཙོའི་ལམ་སྲོལ་ལག་བསྟར་གནང་དགོས་པ་བསྟན་ཡོད་པས། ལས་བྱེད་དཔོན་རིགས་རྣམས་ལ་ལྷག་པར་འགན་འདི་བབ་ཡོད།

          ལྔ༌། “གཅིག་གྱུར་གྱི་བོད་རིགས་རང་སྐྱོང་འཛུགས་རྒྱུའི་རེ་འདུན་ནི་ཚུལ་ལུགས་དང་མཐུན་པ། ཁྲིམས་དང་མཐུན་པ། རྒྱ་ཆེའི་བོད་མི་མང་གི་བསམ་འདུན་དང་མཐུན་པས། དེ་ནི་ཆ་རྐྱེན་འཛོམས་མིན་གྱི་གནད་དོན་ཞིག་ལས་ཕྱིར་བཤོལ་དང་ལོག་སྤྱོད་ཟེར་བའི་གནད་དོན་གང་ཡང་མ་རེད།ཅེས་པ་འདིས་ཀྲུང་དབྱང་གིས་ཏཱ་ལའི་ལོག་སྤྱོད་པས་མི་རིགས་ཁ་བྲལ་གཏོང་བ་ཟེར་བའི་བསམ་སྤྱོད་དག་ལ་ཞལ་གསལ་གནང་ནས་དགག་པ་བརྒྱབ་གནང་ཡོད་ལ། འབའ་བ་ཕུན་དབང་མཆོག་གིས་ཀྱང་ལམ་དབུ་མ་ནི་མར་ལེའི་དགོངས་དོན་དང་རྩ་ཁྲིམས་ཀྱི་སྒྲོམ་གཞི་ལས་མ་བརྒལ་བའི་ཡུལ་དུས་གནས་བབ་དང་མཐུན་པའི་བོད་རྒྱ་གཉིས་སྨན་གྱི་ཐབས་མཆོག་ཏུ་རྒྱབ་སྐྱོར་གནང་བཞིན་པ་དག་ནི་གཞིས་ལུས་མི་མང་གི་ཚབ་མཚོན་ཐུབ་པའི་བཀའ་སློབ་དང་ཚད་མཐོའི་ལམ་སྟོན་ཡང་དག་ཀྱང་ཡིན་པས། གཞིས་ལུས་མི་མང་སྤྱི་དང་ལྷག་པར་ལས་བྱེད་དང་ཤེས་ཡོན་ཅན་ཚོས་ཁ་ལག་སྙུག་གསུམ་ནས་དེ་དོན་ལ་འབད་བརྩོན་ཡོད་དགུ་རྩལ་སྤྲུགས་བྱ་རྒྱུ་ནི་ཁ་སང་དེ་རིང་གི་ཆེས་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཆེ་ཤོས་ལགས་སོ།

          དྲུག “ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ཕྱིན་རང་ཉིད་ཀྱི་ཆོས་ལུགས་དང་མི་རིགས་ལ་དད་འདུན་དང་ཤ་ཚ། ལར་ཞེན་ཆེན་པོ་ཡོད་ངེས་པ་མ་ཟད། དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་རང་སྲོག་ཀྱང་བློས་གཏོང་སྲིད།” ཅེས་གསུངས་ཏེ། མདོར་ན། ཁོང་གི་སྐུ་ཚེའི་ཉམས་ལེན་གྱི་སྙིང་སྟོབས་འདི་འདྲ་ཞིག་གིས་ཁོང་ཉིད་འཇིག་རྟེན་འདིར་འཚོ་བཞེས་གནང་བ་ཡིན་ལ་སྐུ་སྲོག་དོར་བ་ཡང་ཡིན་པས་ང་ཚོས་ཀྱང་དེ་ལྟའི་མཛད་སྤྱོད་སྙིང་སྟོབས་དྲན་པས་ཁོང་ལ་དྲན་གསོ་དང་ཁོང་གི་རྗེས་འཇུག་པ་ངོ་གནོང་མི་དགོས་པ་ཞིག་བྱ་རྒྱུར་ང་རང་གིས་ཐོག་དྲངས་ཏེ་སྤུན་ཟླ་མི་རིགས་འདི་ལ་སྙིང་ནས་གཞེན་སྐུལ་ཞུ་བ་ལགས་སོ།།

།དྲན་འོས་རྣམས་ནི་རྣམ་ཀུན་དྲན་ཞིང་གླེང༌།

།བྱ་འོས་དག་ཀྱང་ལྷག་བསམ་དག་པས་བགྱིད།

།པཎ་ཆེན་བླ་མ་གཤེགས་པའི་གསེར་ཟམ་དུ།

།རྐང་གཉིས་རུལ་དྲིས་གོས་བར་མི་བྱའོ།།

དགེའོ།།༢༠༠༦།༡༡།༢༢།

 

2006ü11ü22ü¾-ƒÛÅ-q-hGïºôüü

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php