༄༅། །ནུས་པ་འདོན་ན་ཚོགས་པར་ཞུགས།

 

 

          ༡༩༩༩་ལོར་མཐུན་ཚོགས་འདི་གསར་དུ་བཙུགས་པའི་ལོ་གཅིག་གཉིས་ནང་ཚོགས་མི་བརྒྱ་ལྷག་ཅིག་གིས་ཚོགས་ཞུགས་ཀྱི་རེ་འདུན་ཡི་གེ་བསྐུར་ཡོད་པ་ལས། ཚོགས་མི་མང་པོ་ཞིག་ལ་འགན་འཛིན་ལྷན་ཚོགས་ཀྱི་གྲོས་མོལ་ཐག་གཅོད་ཀྱི་གོ་རིམ་མ་བརྒྱུད་པར་ཚོགས་གཙོས་དབང་ཆ་སྒེར་གཅོད་ཀྱིས་ཚོགས་མིར་ངོས་འཛིན་བྱས་འདུག་ན་ཡང༌། ༢༠༠༢་ལོར་ཐོག་མར་རྒྱལ་སྤྱིའི་པེན་གྱི་མཐུན་ཚོགས་ནང་དུ་ཚོགས་ཞུགས་གནང་སྐབས་ཐོ་འགོད་བྱས་པ་མི་གྲངས་སུམ་ཅུ་ལས་མི་འདུག

          སྐབས་དེའི་ཚོགས་གཙོས་གཡོ་ཇུས་ལྐོག་ཟ་སོགས་ཀྱི་བྱེད་བབ་ཀྱིས་རིམ་པས་ཚོགས་མི་མང་པོ་ཞིག་ཡིད་ཕམ་ངོ་རྒོལ་དང་བཅས་རང་བཞིན་གྱིས་ཕྱིར་འབུད་བྱས་འདུག་པས། ཚོགས་ཆེན་ཐེངས་གཉིས་པའི་སྐབས་སུ་ཚོགས་ཞུགས་པ་ཉུང་ངུ་ཞིག་ལས་མ་བྱུང༌། དེར་ང་ཚོས་ཚོགས་མིའི་ལག་ཁྱེར་སྤྲད་ཡོད་པའི་ཚོགས་མི་ངོ་མ་དང༌། ཡང་ན་ཚོགས་མིར་ངོས་ལེན་གྱིས་རང་ཉིད་མཐུན་ཚོགས་འདིའི་ཚོགས་མི་ཡིན་སྙམ་ནས་ཡོད་མཁན་ཅི་ཙམ་ཡོད་མེད་དང༌། མུ་མཐུད་དེ་ཚོགས་མི་བྱས་ནས་འདུག་འདོད་ཡོད་མཁན་སུ་ཡོད་གསལ་རྟོགས་ཆེད་དུ་དུས་བཀག་གིས་ཚོགས་དངུལ་འབུལ་གནང་ཡོང་བའི་གསལ་བསྒྲགས་བྱས་ཀྱང་མི་སུམ་ཅུ་ལྷག་ལས་མ་བྱུང༌། དེ་དང་ལྷན་དུ་ཚོགས་མི་གསར་ཞུགས་ཡོང་བའི་རེ་བསྐུལ་ཡང་བྱས་ཡོད།

          ཡིད་ཕངས་པ་ཞིག་ལ་ཚོགས་མི་ཡིན་མིན་འགའ་ཞིག་གིས་ཕྱི་ལོགས་ནས་དཀྲུག་ཤིང་ལྟ་བུའི་འཆལ་གཏམ་དང་ཡིག་འཁྱར་འགྲེམས་པ་ལས། ལས་ཁུངས་སུ་ཡོང་ནས་སྐད་ཆ་བཤད་ཐུབ་ཀྱིན་མེད་ལ། བདེན་དོན་ཁུངས་སྐྱེལ་གྱི་དགག་རྒྱག་རྩོམ་ཡིག་ཚད་ལྡན་ཞིག་ཀྱང་སྤེལ་ཐུབ་ཀྱིན་མེད། གལ་ཏེ་ཁྱེད་རང་ཚོགས་པ་དང་སྤྱི་ཚོགས་ལ་ཤ་ཞེན་ཡོད་ཅིང་གནས་ལུགས་རྒྱུ་མཚན་བགྲང་རྒྱུ་ཡོད་པ་ཞིག་ཡིན་ན་མུན་ནག་མདའ་འཕེན་བྱེད་དགོས་དོན་མེད་དེ། ཁོར་ཡུག་འདི་ནི་རང་དབང་གི་སྨྲ་བརྗོད་ཡོངས་སུ་ཚང་བའི་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་པས་ཆབ་སྲིད་ཀྱི་ཉེས་མིང་བཏགས་ནས་ཁྱོད་ཁྲིམས་ལ་སྦྱོར་མཁན་མེད་ལ། ང་ཚོའི་ཚོགས་པ་འདི་ནི་དོལ་རྒྱལ་ཚོགས་པ་ལྟ་བུའི་འཇིགས་སྐུལ་རིང་ལུགས་པ་ཞིག་ཀྱང་མིན། ལྷག་པར་ཁོ་བོ་ནི་སྲོག་གཅོད་དང་རྐུ་རྫུན་སོགས་སྤངས་པའི་དགེ་བསྙེན་པ་ཉམ་ཆུང་ཞིག་ཀྱང་ཡིན་པས་དེ་བས་ཀྱང་ཞེད་དགོས་དོན་མེད་ན། ཁྱོད་སུ་ཞིག་ལ་འཇིགས་ཤིང་གང་ཞིག་ལ་འཚེར་ནས་ཅི་ཞིག་གི་ཆེད་དུ་ཡིག་འཁྱམ་སྤེལ་གྱིན་ཡོད་དམ། ཁྱོད་ཀྱིས་ད་དུང་རང་ཉིད་ནི་བཤད་ཕོད་པ་དང་སྒྲུབ་ཕོད་པའིདྲང་བདེན་སྐྱོང་པའི་རྩོམ་པ་པོ་ཞིག་ཡིན་པར་རློམ་ན་ངོ་མ་སྙིང་རྗེ་བའི་བྱིས་པ་ཞིག་ལས་མ་འདས།

          འགན་འཛིན་ལྷན་ཚོགས་གསར་བས་འགན་འཛིན་ལྷན་ཚོགས་སྔོན་མའི<<སྤྱི་ཚོགས་མེ་ལོང>>འདོན་ཐེངས་ཁ་ཤས་དང་ཁ་པར་བཅས་ཀྱི་ཆད་དངུལ་ཧིན་སྒོར་ཉིས་ཁྲི་ལྷག་ཅིག་ཡོད་པའི་བུ་ལོན་འཇལ་བ་དང་ལྷན་དུ་སྒོ་བརྒྱབ་པའི་ལས་ཁུངས་དེ་ཟླ་ཤས་རིང་ཕོགས་མེད་དང་བླང་གིས་དཀའ་ལས་བརྒྱབ་ནས་ཁྱིམ་གཞི་གསར་འཛུགས་དང་ལས་རིམ་གསར་འགོད། ཐབས་ཤེས་སྣ་ཚོགས་དང་གོམ་པ་རིམ་སྤོས་ཀྱིས་ལོ་གཉིས་བསྟུད་མར་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་དུ་ཞུགས་པས་མཚོན་གྲུབ་འབྲས་གང་འཚམ་ཐོན་བཞིན་པས་ང་ཚོ་དགའ་སྤོབས་སྐྱེ་གིན་ཡོད་ན། ཕྲག་དོག་དང་མ་དགའ་བའི་སྐྱོན་བརྗོད་གང་འདྲ་ཞིག་གིས་ཀྱང་ང་ཚོའི་སྤོབས་སེམས་དང་ལས་ཀ་ལ་དང་ལྷོད་སྤུ་ཙམ་ཡང་གཏོང་མི་ཐུབ།

          གྲོགས་པོ་ཚོ། ང་ཚོ་ཚང་མ་གནས་བབ་ཅི་འདྲ་ཞིག་གི་འོག་ཏུ་ཡོད་པ་དང༌། དེང་སང་འགྲན་རྩོད་ཀྱི་སྤྱི་ཚོགས་ཅི་འདྲ་ཞིག་གི་ནང་དུ་རྒྱལ་ཕམ་ཇི་ལྟར་རྩོད་ཀྱིན་པའི་གནས་ཚུལ་ཤེས་པའི་ཐོག དགོས་པའི་དབང་གིས་དགག་བྱ་གཙོ་ཚུལ་དང་ཐབས་ལ་མཁས་པ་ཐུབ་པས་གཡོ་སྒྱུར་མ་གསུངས་པའི་གཞན་ཕན་སྒྲུབ་སྟངས་ཀྱི་གནས་ལུགས་ཀྱང་ཤེས་ན། སྐབས་བབ་རང་གི་མི་རིགས་འདི་དང་སྤྱི་ཚོགས་ལ་ཕན་པའི་ཐབས་ལ་མཁས་པའི་བྱ་བ་གང་དག་སྒྲུབ་འོས་པ་དང་དགོས་པ་ཡང་རྟོགས་ཐུབབ་པའི་སྒོ་ནས་ཕན་པའི་བསམ་ཚུལ་འདོན་རྒྱུ་གལ་ཆེ།

གཞན་ཡང༌། ལས་ཀ་བྱེད་མཁན་དང་ཕྱི་ཚུལ་གྱི་སྤྱོད་ཚུལ་ཁོ་ནར་མི་བལྟ་བར་ལས་ཀའི་ངོ་བོ་དང་དམིགས་ཡུལ། ལྷག་པར་དུའང་བྱ་བའི་གྲུབ་འབྲས་ལ་བལྟས་ནས་དཀར་ནག་གི་དབྱེ་བ་དང་ཐིག་ནག་གི་མདུད་པ་འགྲོལ་རྒྱུ་ནི་ཡང་དག་པའི་ཚད་ཐིག་ཅིག་མ་ཡིན་ནམ། གང་ལྟར་བདེན་རྫུན་དང་བཟང་ངན་གྱི་དབྱེ་བ་དེ་འཚོ་བའི་ལག་ལེན་ངོ་མའི་ཐོག་ནས་བདག་གིས་མ་འོངས་པའི་མི་རབས་ཚོར་བདེན་དཔང་བྱེད་ཐག་ཆོད་ཡིན་ལ། ང་ཚོས་མི་རིགས་འདི་དང་སྤྱི་ཚོགས་འདིའི་ཁེ་ཕན་གང་ཞིག་གི་ཆེད་དུ་ཞྭ་མོ་ནག་པོའང་གོན་ཐུབ་པའི་སྙིང་སྟོབས་ཡོད་ལ། ལག་ལེན་དངོས་ཀྱིས་རང་ཉིད་དག་སེལ་ཐུབ་པའི་གདེང་ཚོད་ཀྱང་བརྟན་པོ་ཡོད་པས། ཐུགས་ཁྲལ་ངོ་མ་གནང་མཁན་སྤུན་ཟླ་རྣམས་ཀྱིས་ཐུགས་བདེ་བར་གཟིགས་འཚལ།

          བདག་གི་རེ་བ་ལ་ང་ཚོའི་རྩོམ་པ་པོ་རྒན་གཞོན་ཚང་མ་རྩོམ་པ་པོའི་མཐུན་ཚོགས་འདིར་ཞུགས་ནས་སོ་སོའི་འོས་འགན་སྒྲུབ་ན་ལེགས་བསམས། མཐུན་ཚོགས་འདི་ནི་ཕྱིསྡོད་བོད་ཀྱི་རྩོམ་པ་པོ་ཚང་མ་ལ་དབང་བའི་རང་དབང་གི་ཚོགས་པ་ཞིག་ཡིན་པས། གལ་ཏེ་ང་ཚོས་ནོར་འཁྲུལ་ཅི་ཞིག་བྱེད་ཀྱིན་ཡོད་པའམ་ང་ཚོས་ལས་དོན་གང་ཞིག་སྒྲུབ་ཐུབ་ཀྱིན་མེད་པ་སོགས་ཁྱོད་ཚོས་མཐོང་བཞིན་ཤེས་བཞིན་དུ་ལྐོག་ནས་ངན་བརྗོད་རེ་བྱས་ནས་ལྟད་མོ་བལྟས་བསྡད་པ་ཡིན་ན། ཁྱོད་ལའང་འོས་འགན་མ་བསྒྲུབས་པའི་ཉེས་པ་འབབ་ངེས། དེ་བས་སྙུག་ཐོགས་པ་ཁྱོད་རང་ངོ་མ་ཚོགས་པ་འདིའམ་བོད་སྤྱི་ཚོགས་ལ་འགན་འཁུར་མཁན་ཞིག་ཡིན་ན་ཐབས་ལམ་ལེགས་ཤོས་ནི་སོ་སོ་མཐུན་ཚོགས་འདིར་ཞུགས་ནས་ནུས་པ་འདོན་རྒྱུ་དེ་ཡིན། ང་ཚོ་ལས་ལྷག་པའི་ཤེས་འཇོན་ལྷག་བསམ་ཀུན་ལྡན་གྱི་རྩོམ་པ་པོ་ལོས་ཀྱང་ཡོད། འོན་ཀྱང་ཡོད་བཞིན་དུ་འགན་འདི་མ་བླངས་པ་ཡིན་ན་དེ་སུའི་ནོར་འཁྲུལ་ཡིན་ནམ། ཚོགས་པ་ཞིག་ལ་མཚོན་ན་ཚོགས་མི་ག་ཚོད་ཀྱིས་མང་ན་དེའི་ཚོད་ཀྱིས་ནུས་པ་ཐོན་ལ་དེའི་ཚོད་ཀྱིས་ཕན་གནོད་ཀྱང་འབྱུང་བས། རྩོམ་པ་པོ་རྣམས་ཀྱིས་ཕན་ཚུན་ལ་རེ་བསྐུལ་གྱིས་ཚོགས་པ་འདིར་ཞུགས་ནས་ད་གཟོད་རེ་བ་དང་བསམ་ཚུལ། ཐ་ན་ཛ་དྲག་གི་ཚོགས་ཆེན་ཚོགས་ནས་ཚོགས་གཙོ་གཞན་ནམ་འགན་འཛིན་ལྷན་ཚོགས་གསར་བསྐོ་བྱེད་ཆོག་པ་ཡིན།

          མདོར་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་ཉིད་འཛིན་སྐྱོང་ཚགས་ཚུད་ཀྱིས་རྒྱལ་སྤྱི་ལ་ཁ་ཕྱོགས་ཏེ་འཛམ་གླིང་གི་རྩོམ་རིག་གར་སྟེགས་སུ་གཟི་བརྗིད་ངོམ་ཐུབ་པར་ཅིས་ཀྱང་ནུས་པ་འདོན་དགོས། ང་ཚོའི་ད་ལྟའི་ཁ་ཕྱོགས་དང་ནུས་པ་འདོན་ས་གཙོ་བོའང་འདི་ཡིན་ལ་གྲུབ་འབྲས་རིམ་པར་སྨིན་བཞིན་པའང་འདི་ཡིན། གལ་ཏེ་ཁྱོད་རང་ཚོགས་མིར་མ་ཞུགས་པ་དང་ཚོགས་མི་ཡིན་ཡང་མུན་ནག་མདའ་འཕེན་བྱེད་པ་དེས་རང་གཞན་སུ་ཞིག་ལ་རྨས་སྐྱོན་གཏོང་གི་ཡོད་པའང་ཤེས་པར་གྱིས། དེ་བས་བདག་གིས་སླར་ཡང་ཆོལ་ཁ་གསུམ་གྱི་རྩོམ་པ་པོ་རྒན་རབས་རྣམ་པས་གཙོས་སྙུག་ཐོགས་པ་ཡོངས་ལ་མཐུན་ཚོགས་འདིར་ཞུགས་ནས་རྒྱལ་སྤྱིའི་ཐོག་ལ་ནུས་པ་ཐོན་པའི་ཕྱག་ལས་རླབས་ཆེན་གནང་རྒྱུར་རེ་བ་ཆེན་པོས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་པ་ལགས་སོ།།

༢༠༠༦།༧།༢༠།ལ།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php