<<བོད་ཀྱི་དུས་བབ>>ནི<<དམངས་གཙོ>>འི་ཡང་སྲིད་ཡིན།

 


          <<བོད་ཀྱི་དུས་བབ>>འདི་ཇི་ལྟར་སྐུ་འཁྲུངས་པའི་སྐོར་ལ་ཕྱིར་དྲན་ཞིག་བྱས་ཚེ། བདག་གིས་རང་དབང་མེད་པར<<དམངས་གཙོ>>དྲན་ཡོང༌། <<བོད་ཀྱི་དུས་བབ>>ནི<<དམངས་གཙོ>>ཡི་ཡང་སྲིད་ངོ་མ་དེ་ཡིན་པ་རྒྱ་ཆེའི་ཀློག་པ་ཚོའི་དྲན་འཛིན་དུའང་ཡོད་ངེས། <<དམངས་གཙོ>>ཡི་འཕྲིན་ལས་ཧ་ཅང་དར་མྱོང་བས་ང་ཚོས་དྲན་གསོ་བྱ་རིན་ཡོད་མོད། མཐར<<དམངས་གཙོ>>རང་ཉིད་སྤེལ་མཁན་གྱིས<<དམངས་གཙོ>>བཀྲོངས་པའི་སྐྱོ་གནས་དེ་ཡང་ལས་སླ་བོར་བརྗེད་འགྲོ་བ་ཞིག་ག་ལ་ཡིན།  <<དམངས་གཙོ>>ཡི་སྐུ་ཚེ་ནི་ལོ་ངོ་ལྔ་ཙམ་རེད། ཡང་སྲིད་འདིའི་སྐུ་ན་ཡང་ཧ་ཅང་ཕྲ་བས་བདག་གིས་ཐོག་མ་ནས་སྐྱབས་འཇུག་ཅིག་ཞུ་དགོས་པ་ནི་སྐུ་ཚེ་རིང་རྒྱུ་ཁོ་ན་ཡིན།

          ལོ་བཅུའི་གསར་ཤོག་འདིས་བོད་ཀྱི་དུས་བབ་ཀྱིས་གཙོས་བོད་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པའི་རྒྱལ་སྤྱིའི་གསར་གནས་ཁག་ཀྱང་ཉིན་བཅུ་རེ་ནས་མཁོ་འདོན་ཐུབ་ཡོད་པས། ང་ཚོའི་ཁ་འཐོར་གྱི་སྤྱི་ཚོགས་འདིར་མཚོན་ན་གསར་ཤོག་མྱུར་ཤོས་གྲས་ཀྱང་ཡིན་ལ། ད་དུང་བདུན་རེའི་ཚགས་པར་དུ་འགྱུར་ཐུབ་པ་ནས་ནམ་ཞིག་ཉིན་རེའི་གསར་ཤོག་ཏུ་འགྱུར་བའི་རྨི་ལམ་ཡང་མང་པོ་ཞིག་ལ་ཡོད།

          ཕྱོགས་གཞན་ཞིག་ནས་གསར་འགྱུར་ཁོ་ན་མ་ཡིན་པའི་རྒན་དར་གཞོན་གསུམ་དང་མཁས་བླུན་ཅི་རིགས་པའི་ལྟ་ཚུལ་མཐོང་ཚུལ་སོགས་ཀྱང་ཉེ་དགའ་ཕྱོགས་ཞེན་མེད་པའི་སྒོ་ནས་བཏོན་ཡོད་ལ། དེ་དག་གི་ཁྲོད་དུ་ཚོགས་སྡེ་ཁག་བར་གྱི་དགག་བྱ་ཆེ་བའི་རིགས་ཀྱང་འདོན་སྤེལ་བྱས་པས། ཐ་ན་ཁོ་ཚོ་ཁྲིམས་ཁང་དུ་ཁ་མཆུ་ཐུག་པའི་གནས་ཚུལ་ཡང་བྱུང་མྱོང༌།

          བྱ་བ་ཚང་མར་ཉེན་ཁ་རིགས་གཉིས་ལས་འབྱུང་བ་སྟེ། གཅིག་ནི་རྫུན་དང་ཅིག་ཤོས་ནི་བདེན་པའོ། རྫུན་གྱི་ཕྱོགས་སུ་ལྷུང་ན་བདེན་པས་ཉེན་ཁར་བསྐྱལ་ངེས་ལ། བདེན་གྱི་ཕྱོགས་སུ་ལྷུང་ནའང་རྫུན་པས་ཉེན་ཁར་འདེད་སྲིད། གནའ་ནས་ད་བར་དུ་ཡུལ་གྲུ་མི་ཉུང་བའི་ནང་གསར་ཤོག་སྒོ་རྒྱག་དང་གསར་འགོད་པ་འཛིན་བཟུང་ལྐོག་གསོད་དག་མཚམས་ཆད་མྱོང་མེད་ལ། མང་ཆེ་ཤོས་རྫུན་པས་ཉེན་བཟོས་ཡིན། དམངས་གཙོའི་རང་དབང་གི་གསར་ཤོག་མཚན་ཉིད་པ་ཞིག་ཡིན་ན་ནམ་ཡང་བདེན་པའི་ཕྱོགས་ཁོ་ནར་ཕྱོགས་དགོས་ལ། དེའི་མཚུངས་འཇིགས་བསྐུལ་སོགས་ཀྱི་ཉེན་ཁའང་བརྒྱུད་ཐུབ་དགོས། ཡང་སྲིད་འདིར་ཡང་སྐུ་གོང་མ་ལྟར་ཐུགས་སྟོབས་ཤིན་ཏུ་ཆེ་བའི་ཁར་ཡུལ་དུས་གནས་བབ་ལའང་ཕལ་ཆེར་བསྟུན་འཇོན་ཆེ་བར་མཐོང༌། འདི་ནི་བདག་གིས་བསྔགས་འོས་པ་དང་མུ་མཐུད་མཇུག་སྐྱོང་དགོས་པའི་རེ་བ་ཡང་ཡིན།

 

བོད་ཀྱི་དུས་བབ་ཤེས་འདོད་ན།

<<བོད་ཀྱི་དུས་བབ>>ལྟ་ཀློག་བྱོས།

བོད་ཡིག་ཡར་རྒྱས་ཞོར་དུ་འབྱུང༌།

བོད་ཀྱི་ལ་རྒྱ་ཡང་དོན་ལྡན་འགྱུར། །

༢༠༠༧།༡།༡༠།ལ་ཕུལ

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php