༅།སྐད་ཡིག་གི་ཁོར་ཡུག་རྒྱ་སྐྱེད་ཐབས།

 

 

          དེང་སང་བོད་ཀྱི་སྐད་ཡིག་གི་ལས་སྐལ་ལ་སེམས་ཁྲལ་གནང་མཁན་མང་པོ་ཞིག་ཡོང་བཞིན་པ་ནི་དགའ་འོས་པ་ཞིག་རེད། གལ་ཏེ་མི་རིགས་རང་ལ་དོན་གྱི་ལ་རྒྱ་འཛིན་མཁན་ཚོས་ཐབས་བརྒྱ་ཇུས་སྟོང་གིས་འཕྲལ་ཕུགས་གཉི་གར་ཁེ་ཕན་ཆེ་བའི་རང་གི་རིག་གནས་དག་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སེམས་ཀྱི་གཏིང་ནས་ཐུགས་ཁུར་དང་འབད་བརྩོན་གནང་བ་འདི་ནི་མཛད་ཕྱོགས་བཟང་པོ་ཞིག་དང་ངེས་པར་མཐུན་འགྱུར་རྒྱབ་སྐྱོར་གནང་འོས་པ་ཞིག་ཡིན་པ་བོད་མི་ཚང་མས་ཤེས་དགོས། དེ་བས་བདག་གིས་ཀྱང་ལས་དོན་འདིའི་ཐད་ལ་ནམ་རྒྱུན་ཤོད་ཀྱིན་པའི་བསམ་ཚུལ་ཕྲན་བུ་ཞིག་ཞུ་འདོད་པ་ནི། བོད་ཀྱི་སྐད་ཡིག་གི་ཁོར་ཡུག་རྒྱ་བསྐྱེད་ཐབས་སྐོར་དེ་ཡིན།

          བོད་པ་ཚང་མས་ཐོག་མ་ཉིད་ནས་ངེས་དགོས་པ་ནི། བོད་ཀྱི་སྐད་ཡིག་གི་ཁོར་ཡུག་ཟེར་བ་འདི་བོད་མི་མི་རེ་ངོ་རེ་ཚང་མ་ཐེ་བའི་བོད་རིགས་ཡོངས་རྫོགས་ལ་གོ་དགོས་པ་དེ་ཡིན། སོམས་དང༌། མི་སྐྱ་ཚོའི་སོ་སོའི་ངོས་ནས་རང་གི་སྐད་ཡིག་གི་ཁོར་ཡུག་ཅི་ཙམ་ཞིག་བསྐྲུན་དང་སྐྲུན་གྱིན་ཡོད་དམ། ལྷག་པར་དུ་མི་མང་མང་ཚོགས་ཀྱི་ནང་ན་སུ་ཞིག་གིས་རང་མོས་ཀྱིས་དུས་རྒྱུན་དུ་དཔེ་དེབ་རིགས་ལྟ་ཀློག་བྱེད་མཁན་ག་ཚོད་ཅིག་འདུག མ་མཐའ་ཡང་ཁྱིམ་ཚང་གཅིག་ན་གཅིག་རེ་ཡོད་དམ། ངས་འདི་ལྟར་བཤད་ན་སློབ་གྲྭ་བ་དང༌། སྐད་ཡིག་དགེ་རྒན་རྣམ་པ། གཞུང་གི་ལས་བྱེད་མང་པོ་ཞིག་གིས་རང་ཉིད་ནི་རང་མོས་ཀྱིས་མིན་ན་ཡང་གང་ལྟར་བོད་ཀྱི་སྐད་ཡིག་དང་ཁ་འབྲལ་གྱི་མེད་པའི་སྐད་ཡིག་གི་ཁོར་ཡུག་སྐྲུན་མཁན་ཡག་ཤོས་ཀྱི་གྲས་རེད་བསམ་སྲིད་ན། དེ་ནི་མི་འོས་པའི་ཆོག་ཤེས་ཙམ་ཞིག་ལས་མ་འདས།

          དགེ་རྒན་ཞིག་ཡིན་ན་ལྷག་པར་དུ་ཡང་དཔེ་དེབ་མང་པོ་ཀློག་དགོས་ལ། རྩོམ་ཡིག་ཀྱང་གང་མང་འབྲི་དགོས་པ་ལས། སྐད་ཡིག་སློབ་ཁྲིད་ཙམ་གྱིས་ཆོག་ཤེས་བྱ་མི་འོས། དེ་བཞིན་སློབ་མ་ཚོས་ཀྱང་དུས་དེབ་དང་ཚགས་པར་རིགས་གང་མང་ལྟ་ཀློག་བྱེད་དགོས་ལ། རྩོམ་ཡིག་འབྲི་སྦྱོང་ལ་ལྷག་པར་བརྩོན་དགོས། སློབ་མ་མང་པོ་ཞིག་གིས་ཀློག་ཤེས་ན་དོན་མི་གོ དོན་གོ་ཡང་རང་གིས་འབྲི་མི་ཤེས་པའི་རིགས་ཧ་ཅང་མངས། གཞུང་ཞབས་སྲི་ཞུ་བའི་ནང་ནའང་རྒྱུན་དུ་བོད་ཡིག་གི་དཔེ་དེབ་ལྟ་ཀློག་དང་ཚགས་པར་རིགས་མངག་ཉོ་གནང་མཁན་ཧ་ཅང་ཉུང༌། དེ་བས་བོད་ཡིག་གི་དེབ་ཅིག་པར་སྐྲུན་བྱས་ནའང་ཉོ་མཁན་ཧ་ཅང་ཉུང༌། བོད་མི་རང་གིས་རང་གི་སྐད་ཡིག་གིས་བྲིས་པའི་དེབ་རིགས་དང་ཚགས་པར་རིགས་མ་ཉོས་མ་བཀླགས་ན་གཞན་དུ་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ཅིག་ག་ལ་ཡོད།

          གལ་ཏེ་ཕྱི་རྒྱལ་སོགས་ས་ཆ་ཁུག་ཀྱོག་ཅིག་ན་ཡོད་མཁན་ཞིག་ཡིན་ནའང་བོད་ཡིག་གི་ཚགས་པར་སོགས་མངག་ཉོ་དང༌། ཡང་ན་བོད་ཡིག་གི་དྲ་རྒྱ་སྔོག་པ། ནམ་རྒྱུན་བོད་མི་ཕན་ཚུན་བར་ལ་བོད་ཡིག་གི་ཡིག་འབྲེལ་བྱེད་པ་དེ་ཙམ་ཞིག་ངེས་པར་བྱེད་དགོས་མོད་ཧ་ཅང་དཀོན།

          གཞན་ཡང༌། ང་ཚོའི་ཕ་མ་ཕལ་མོ་ཆེས་རང་ཉིད་དེབ་ལྟ་ཀློག་ལ་གོམས་པ་མེད་པའི་ཐོག་ཕྲུ་གུ་ཚོར་ཡང་གོམས་གཤིས་དེ་འཇགས་རྒྱུའི་མཐུན་རྐྱེན་བསྐྲུན་ཐུབ་ཀྱི་མེད། ཕ་མ་ཚོའི་ནང་ན་དཔེ་དེབ་རིགས་ཉོས་ནས་ཕྲུ་གུ་ལ་རྔན་པ་སྟེར་མཁན་ཧ་ཅང་ཉུང་ལ། གྲོགས་པོ་སོགས་མི་རྒན་པའི་བར་ལའང་དཔེ་དེབ་རིགས་ཀྱི་འཚམས་རྟགས་འབུལ་མཁན་ནི་ཧ་ཅང་ཉུང༌།

          མདོར་ན། བོད་མི་རེ་རེ་ནས་བོད་ཀྱི་སྐད་ཡིག་གི་ཁོར་ཡུག་གི་ཆ་ཤས་རེ་རེ་ཡིན་པས་ཚང་མས་ཐོག་མར་རང་ཉིད་ལ་ལྟ་བ་ལས་གཅིག་གིས་གཅིག་ལ་བལྟས་ནས་སྐད་བརྒྱབ་པས་མི་ཕན། ངས་བལྟས་ན་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཡག་ཤོས་ནི་གྲྭ་ས་ཁག་རེད། སྤྱིར་ན་ཁོ་ཚོས་དཔེ་ཆ་གཅིག་པུ་ལས་མ་གཟིགས་ཀྱང་མ་འགྲིགས་པ་དེ་ཙམ་མེད་མོད། འོན་ཀྱང་གློག་དྲ་སྔོག་པ། ཚགས་པར་དང་དུས་དེབ་ཀྱི་རིགས་མངག་ཉོ། ད་དུང་རྩོམ་ཡིག་སྣ་ཚོགས་སྤེལ་བ་བཅས་ཕྱོགས་ཡོངས་ནས་བོད་ཡིག་གི་ཁོར་ཡུག་ཡངས་པས་ང་ཚོའི་སློབ་གྲྭ་ཁག་དང་ལས་བྱེད་མི་མང་ཚང་མས་དེ་ལ་མིག་དཔེ་ལྟ་འོས། རྗེས་མ་ནས་བོད་ཡིག་གི་ཚགས་པར་དང་དེབ་རིགས་འཚོང་མཁན་ཡོང་ན་མིག་གི་ཟུར་གྱིས་ལྟ་ཙམ་རེ་བྱས་ནས་མི་འགྲོ་བར་ལག་ལ་བླངས་ནས་ལྟ་རོགས་ཉོ་རོགས། གལ་ཏེ་རང་གིས་ཡག་པོ་ལྟ་ཀློག་མི་ཐུབ་ཀྱང་ཕྲུ་གུ་སོགས་ལ་རྔན་པ་དང་ལེགས་སྐྱེས་སུ་འབུལ་ཆོག སུ་ཞིག་གིས་འགྲོ་ཞོར་སྡོད་ཞོར་ཙམ་དུ་ཡང་བོད་ཡིག་ལ་འབྲེལ་བ་ཅུང་ཟད་རེ་བྱེད་ཐུབ་ནའང་དེ་ནི་ཁ་སྟོང་ནང་གི་ཚིག་སྟོང་མ་ཡིན་པར་དོན་དངོས་ཐོག་ནས་རང་ཉིད་ཀྱིས་བོད་ཀྱི་རིག་གནས་ཁོར་ཡུག་ལ་གཞོགས་འདེགས་བྱེད་ཀྱིན་པའི་གལ་ཆེའི་དོན་སྙིང་འདི་བོད་མི་ཡིན་པ་ཚང་མས་ཐུགས་ལ་འཇགས་པ་ཞུའོ།།༠༧།༩།༡༨

Comments: 1
  • #1

    admin (Sunday, 21 April 2024 05:09)

    1

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php