དབུ་རང་ཆིག་སྒྲིལ།

 

 

འུ་ཚོ་ཚང་མས་རྒྱུན་དུ་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་དང་། བོད་མིའི་དམ་ཚིག་གཙང་མ་དགོས་ཚུལ་བཤད་ཀྱིན་ཡོད། རྡོག་རྩ་ཆིག་སྒྲིལ་གྱི་གོ་དོན་ནི་ཚང་མ་འཆམ་མཐུན་གྱིས་ཐུན་མོང་གི་ནུས་པ་ཕྱོགས་གཅིག་ཏུ་སྒྲིལ་དགོས་པ་དང་། དམ་ཚིག་གཙང་མ་ནི་རང་མོས་ཀྱི་ཁས་ལེན་དམ་བཅའ་ངོ་ལྐོག་མེད་པ་ལ་གོ་དགོས་ན། ང་ཚོས་རང་ཉིད་ལ་ཞུ་དག་རེ་བཏང་ན་རང་ཉིད་ཀྱིས་མཐུན་སྒྲིལ་མ་བྱས་ས་དང་བྱེད་མི་ཐུབ་ས་གང་ཡིན་པ་དང་དམ་ཚིག་མ་གཙང་ས་དག་ཀྱང་ཤེས་ཐུབ། དེ་ནས་དེའི་རྒྱུ་མཚན་ལ་བསམ་བློ་བཏང་ནས་ལྟ་ཚུལ་མ་མཐུན་པས་རེད་དམ་སྤྱོད་པ་ངན་པས་རེད། ཡང་ན་རྒྱུ་རྐྱེན་གཞན་ཞིག་རེད། དེ་གསལ་རྟོགས་ཐུབ་དགོས།

 

དེང་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ན་ཆིག་སྒྲིལ་ཡོང་གི་མེད་ས་གཙོ་བོ་དེ་ཆབ་སྲིད་ཀྱི་ལྟ་ཚུལ་ཐད་ནས་རེད། སྤྱིར་བཏང་དེ་འགལ་བ་ཆེན་པོ་ཞིག་མིན་ན་ཡང་དེང་སང་འགལ་ཟླའི་རྣམ་པ་ཇེ་ཆེར་འགྲོ་བཞིན་འདུག དེའི་རྒྱུ་མཚན་གཅིག་ནི་བོད་རང་བཙན་རྩོད་ལེན་པ་ཁག་ཅིག་གིས་ལམ་དབུ་མའི་ལྟ་བར་དགག་པ་བརྒྱབ་པ་དང་དེའི་མཚུངས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དེའི་རྗེས་འབྲང་བ་ཁག་ཅིག་ལའང་སྐྱོན་བརྗོད་བྱས་པས་མི་མང་ནང་ན་དེ་ལ་མ་དགའ་བ་ཧ་ཅང་མང་། དེ་བཞིན་དབུ་མ་བ་ཁག་ཅིག་གིས་རང་བཙན་པའི་སྣེ་ཁྲིད་ཁག་ཅིག་གི་ལྟ་སྤྱོད་ལ་དགག་པ་བརྒྱབ་དང་དེའི་མཚུངས་དེ་དག་གི་རང་བཙན་བྱ་འགུལ་རིགས་ལ་ཡང་སྐྱོན་བརྗོད་བྱས་དང་བྱེད་ཀྱིན་ཡོད། དེ་བས་གནད་དོན་གྱི་ཐུག་ས་དེ་གང་ཟག་བྱེ་བྲག་པ་ཁག་ཅིག་ཡིན་པ་ལས་ལྟ་བ་གཉིས་ཀྱི་འགལ་ཟླའི་གནད་དོན་མ་རེད་ལ་མི་མང་བྱིངས་ཀྱི་བསམ་སྤྱོད་མ་མཐུན་པའི་གནད་དོན་དེ་བས་ཀྱང་མ་རེད། དེའི་རྒྱུ་མཚན་གསལ་བོ་ཞིག་མི་གང་མང་ཞིག་རང་བཙན་དང་དབུ་མའི་ལས་འགུལ་གཉིས་ལ་མཉམ་ཞུགས་བྱས་དང་བྱེད་ཀྱིན་འདུག 

 

ང་ལ་མཚོན་ན་རྒྱ་གར་ལ་ཐོག་མར་བཙན་བྱོལ་དུ་འབྱོར་དུས་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་ཞིག་ཡིན། ལོ་འགའི་རྗེས་ནས་རིམ་བཞིན་དབུ་མའི་ལམ་ལ་མོས་མཐུན་དང་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་ཡོད། ང་ལྟ་བུ་གང་མང་ཞིག་ཡོད་པ་རེད། ང་ཚོས་བོད་རང་བཙན་མ་རེད་ཟེར་བ་མ་རེད་ལ་མི་དགོས་ཟེར་བ་ཡང་མ་རེད། དེ་ལ་རེ་ཐག་ཆད་པ་རེད། དབུ་མའི་ལམ་ལ་རེ་བ་ཞིག་བརྒྱབ་པ་རེད། གལ་ཏེ་རང་བཙན་ཐོབ་པའི་གོ་སྐབས་ཤིག་བྱུང་ན་ཚང་མས་དེ་ལེན་ངེས། བསམ་བློ་འདི་འདྲ་ཞིག་ཡོད་པས་རང་བཙན་པ་དང་དབུ་མ་བ་གཉིས་ལ་གཞི་རྩའི་འགལ་བ་མེད་པར་མཐོང་། 

དེ་བས་ངས་དབུ་རང་གཉིས་ཀྱི་འགལ་བ་དེ་དེ་གཉི་གའི་སྣེ་ཁྲིད་པ་དག་ལ་ཐུག་འདུག་ཟེར་བ་ཡིན། ང་རང་ཡང་དེའི་གྲས་ཀྱི་གཅིག་ཡིན་འདོད། ངས་ཀྱང་རང་བཙན་སྣེ་ཁྲིད་པ་ལ་ལར་སྐྱོན་བརྗོད་མྱོང་། ང་ལ་ཡང་སྐྱོན་བརྗོད་མཁན་དང་མ་དགའ་མཁན་ཡོད་པ་རེད། ང་ཚོ་ད་དུང་འདི་ལྟར་སོང་ན་མི་མང་ནང་ལ་དཀའ་ངལ་འཕྲད་ཀྱིན་འདུག དོན་དམ་གྱི་ཆིག་སྒྲིལ་ཡོང་ཐབས་མི་འདུག དེས་ན་ལྟ་བ་མི་མཐུན་པ་དེ་ཙམ་གྱིས་འགལ་ཟླ་ཇེ་ཆེར་མ་བཏང་བར་གཅིག་གཅིག་ལ་བཟོད་སྒོམ་གུ་ཡངས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་ཧ་ཅང་གལ་ཆེར་མཐོང་གིན་ཡོད། དེ་བས་ཚོགས་འདུ་ལ་ལ་དང་ལས་འགུལ་ཁག་ཅིག་ལ་ཕན་ཚུན་མཉམ་ཞུགས་བྱེད་འོས། དེ་ལྟར་བྱས་ན་མང་ཚོགས་ནང་ལ་ག་བྱེད་འདི་བྱེད་མི་ཤེས་པའི་དཀའ་ངལ་དེ་མི་ཡོང་། ཕན་ཚུན་ལ་དོགས་འདྲོགས་མི་ལངས། དམ་ཚིག་ཇེ་གཙང་ལ་འགྲོ་རྒྱུར་ཡང་ཕན་ཐོགས་ཡོད། དེ་བས་ང་ཡུ་རོབ་ལ་འབྱོར་བ་ནས་རིམ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱི་ཚོགས་འདུ་དང་ལས་འགུལ་སྤེལ་ས་ཁག་འགར་མཉམ་ཞུགས་བྱས་པ་ཡིན།

ད་ཐེངས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་བའི་སྔོན་འགྲོའི་ཚོགས་འདུར་ཞུགས་པ་ལ་རྒྱུ་མཚན་གཞན་ཤིག་ཀྱང་ཡོད། དེ་ནི་སོག་པོ་དང་ཡུ་གུར་བ། ཐེ་ཝན་བཅས་ཀྱི་རང་བཙན་འཐབ་རྩོད་སྣེ་འཁྲིད་པ་དང་མཁས་པ་འགའ་ཞིག་ཕེབས་ཀྱིན་ཡོད་པས་ང་ཚོས་ཐུན་མོང་གི་ནུས་པ་ཆིག་སྒྲིལ་གྱི་རྣམ་པ་ཞིག་ཀྱང་ཆགས་ཀྱིན་འདུག་པས་གལ་ཆེར་མཐོང་། འདིའི་སྐོར་དེ་སྔ་ཡང་གྲོས་ཚོགས་ནང་ལ་བཤད་མྱོང་ལ་རྩོམ་ཡིག་ཀྱང་སྤེལ་མྱོང་།

ང་ཚོ་ཅི་ཙམ་གྱིས་མ་མཐུན་ན་རྒྱ་གཞུང་དེ་ཙམ་གྱིས་དགའ་ངེས། དེ་བས་དབུ་མའི་ལམ་དང་རང་བཙན་པའི་སྣེ་འཁྲིད་པ་རྣམ་པས་ཕན་ཚུན་ལག་འཇུ་བྱས་ཏེ་སོ་སོའི་ལས་འགུལ་གང་སྤེལ་རྣམས་བོད་སྤྱི་བའི་རྩ་དོན་ཆེད་དུ་སྤུངས་ཐུབ་ན་དེ་ནི་དོན་གྱི་ཆིག་སྒྲིལ་ཡིན། དམ་ཚིག་གཙང་མ་ཡང་ཆགས་ཐུབ་རེ་ཡོད།

སླར་སྨྲས་པ།

རང་བཙན་བསྐྱར་གསོ་བོད་མིའི་ཐོབ་ཐང་ཡིན །ཐོབ་ཐང་རྩོད་ལ་ནོར་སྐྱོན་ཅི་ཞིག་ཡོད༎

དབུ་མའི་ལམ་ཆེན་བོད་རྒྱའི་ཁེ་ཕན་ཡིན །ཁེ་ཕན་ཆེད་དུ་རེ་བས་བརྩོན་པར་རིགས༎

གུ་ཡངས་བཟོད་སྒོམ་མཐུན་ལམ་མ་བྱས་ན །དགྲ་དགའ་གཉེན་སྡུག་ལས་ངན་གསོག་ཉེན་ཆེ༎

ལས་ཀྱི་སྣེ་མོ་བ་དག་གཙོ་བྱས་ཏེ། །ཕན་ཚུན་གཞོགས་འདེགས་ནུས་པ་གཅིག་ཏུ་སྒྲིལད༎

 

༢༠༡༧ ༠༨ ༢༢ ཆབ་བྲག་ལྷ་མོ་སྐྱབས།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php