ཏང་ཀྲུང་དབྱང་ལ་ཕུལ་བའི་སེམས་གཏམ།

 

          ཏང་ཀྲུང་དབྱང་། ཁྱོད་ངོ་མ་མི་དམངས་ལ་དགའ་ཞེན་ཡོད་ན། ཁྱོད་ངོ་མ་མི་དམངས་ཀྱི་མགོན་སྐྱབས་བྱེད་ན། ངས་ཀྱང་མི་མང་ཞིག་གི་ཚབ་བྱས་ནས་སེམས་གཏམ་ཚིག་འགའ་ཞུ།

          གཅིག༽ ད་ནས་བཟུང་མི་དམངས་ལ་གོད་ཆག་རེ་བྱུང་བའི་གོ་སྐབས་རེ་བཟུང་ནས་དམངས་སེམས་བསླུ་ཐབས་ཀྱི་འཁྲབ་སྟོན་རྙིང་བ་དེ་རིགས་མཚམས་འཇོག་རོགས། གཡོ་ཐབས་ཀྱི་རིག་རྩལ་དྲིལ་བསྒྲགས་ལ་རེ་བ་བཅོལ་བའི་དུས་དེ་ཚར་སོང། དེ་བས་མི་དམངས་ལ་མགོ་སྐོར་རྒྱུ་འདི་དམངས་སེམས་ལ་ཕོག་ཐུག་འགྲོ་སྤྱད་ཅིག་རེད།

          གཉིས༽          མི་དམངས་ཀྱི་གསར་འགོད་པ་དང། རྩོམ་པ་པོ་གཅིག་བཟུང་ན་དེའི་ཀློག་མཁན་སྟོང་དང་ཁྲི་ཡི་སེམས་པར་ན་ཚ་གཏོང་གིན་ཡོད་ལ། ཆོས་ལུགས་པའི་དབུ་ཁྲིད་གཅིག་ལ་མཐོང་ཆུང་བྱས་ན་དེའི་རྗེས་འཇུག་ཁྲི་དང་འབུམ་ལ་ཕོག་ཐུག་བཏང་ཡོད། གནད་དོན་འདི་ཤེས་བཞིན་ད་དུང་མཚམས་མི་འཇོག་དོན་ཅི། ཐེངས་འདིར་གཙོ་འཛིན་ཧུའུ་ཅུན་ཐོ་ཡུལ་ཤུལ་མི་དམངས་ལ་འཚམས་གཟིགས་སུ་ཕེབས་པ་རེད། འོན་ཀྱང་མི་དམངས་ཀྱིས་ཏཱ་ལའི་བླ་མ་ཕེབས་རོགས་སྐྱབས་འཇུག་ཞུ་གིན་འདུག་ག ད་ཁྱོད་ཀྱིས་དོན་ངོ་མའི་དམངས་སེམས་གསོ་ཐབས་དེ་གང་ཡིན་གསལ་བོ་ཤེས་ན་འགྲིག་གི

          གསུམ༽ ཁྱོད་ཀྱིས་བོད་བཅིངས་འགྲོལ་བྱས་ནས་བདེ་སྐྱིད་སྐྲུན་ཡོད་ཟེར་མོད། དོན་དངོས་ཐོག་འཚོ་བའི་ཐད་ཀྱི་ཡར་རྒྱས་ཙམ་ལས་དམངས་སེམས་བདེ་ཞིང་ལྷོད་ལ་འབབ་བཅུག་ཐུབ་མེད་པ། ༢༠༠༨་ལོའི་ཞི་རྒོལ་ཆེན་མོས་གསལ་མཚོན་ཐུབ་ལ། དེའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་བོད་རིགས་རང་སྐྱོང་གི་སྲིད་ཇུས་ལ་ནོར་འཁྲུལ་ཤོར་བས་ཡིན། དེས་ན་མི་རིགས་རང་སྐྱོང་ཚད་ལྡན་གུ་ཡངས་ཤིག་ལག་བསྟར་བྱ་རྒྱུ་དེ་ནི་གྲངས་ཉུང་མི་རིགས་ཚང་མའི་སེམས་པ་འགུགས་ཐབས་ཤིག་མ་རེད་དམ།

          བཞི།༽ ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་དགུ་བཅུར་ཉེ་ཡང་ད་དུང་ཡང་དམངས་སེམས་ཡོངས་སུ་འགུགས་མ་ཐུབ་པའི་གནས་སྟངས་འདིས། རླབས་ཆེན་དང་གཟི་བརྗིད་ཀྱི་ཀྲུང་གོ་གུང་ཁྲན་ཏང་ཞེས་པའི་མཚན་སྙན་དེ་རང་བཞིན་གྱིས་བརླགས་ཡོད། གསར་བརྗེའི་དམག་འཁྲུག་སོགས་ཀྱི་ལོ་རྒྱུས་འུར་སྒྲོགས་ཀྱིས་མི་ཕན་ལ། ལྷག་པར་དུ་ལོ་རྒྱུས་དང་དོན་དངོས་གནས་ཚུལ་རིགས་ལ་འཁྱོག་བརྗོད་བྱས་ན་སྔོན་གྱི་ཏང་གི་མཚན་སྙན་ལའང་གནོད་པས། ཏང་གིས་རང་སྐྱོན་ངོས་ལེན་བྱ་རྒྱུ་ནི་ཆེས་སྤྱོད་བཟང་གི་དམངས་སེམས་འགུགས་ཐབས་ཤིག་ཡིན།

          ལྔ༽ ཐེངས་འདིའི་བོད་ཀྱི་ཡུལ་ཤུལ་གོད་ཆག་ཐད་ལ་རྒྱལ་ཁབ་ཕྱི་ནང་གང་ས་ནས་རོགས་སྐྱོར་གྱི་རྣམ་འགྱུར་གཞན་དག་དང་མི་འདྲ་བ་ཤུགས་ཆེན་སྟོན་བཞིན་པའི་མང་ཆེ་ཤོས་ནི་ཁ་ནས་མ་བཤད་ན་ཡང་ཁོག་ནས་ཏཱ་ལའི་བླ་མ་དང་ཁོང་གི་མི་དམངས་ལ་ཤ་ཚ་སྙིང་ཉེ་བའི་ཕྱོགས་ཡིན།

          མདོར་ན། ཏཱ་ལའི་བླ་མ་ནི་བོད་ཀྱི་ཆོས་སྲིད་གཅིག་པུ་ཙམ་མིན་པར་འཛམ་གླིང་གི་རེ་བ་བཅོལ་སའི་རླབས་ཆེན་གྱི་འཕགས་པར་འགྱུར་བཞིན་པས་ཁོང་དང་མཇལ་འཕྲད་ཀྱིས་ཀྲུང་གོའི་ཁྱིམ་ཚང་ཆེན་མོ་སྲ་བརྟན་ལེགས་བཅོས་གནང་རྒྱུ་འདི་རྒྱལ་ཡོངས་དང་འཛམ་གླིང་མི་དམངས་ཀྱི་སེམས་པ་དགའ་བྱེད་ཀྱི་ཐབས་ལམ་མཆོག་གྱུར་དེ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཚེ་མཇུག་གི་གཟི་བརྗིད་དང་མཚན་སྙན་ཡང་ཡིན་པར་འདོད་དོ།

བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ནས་ཕུལ།

༢༠༡༠།༤།༢༦།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php