ཁ་ལན་སློག་པ་ལས་ཀྱང་ལྟ་བ་མི་མཐུན་པ་དེ་ཞེད་སྣང་ཆེ་ཤོས་རེད།

ལུང་རིགས་རྒྱལ་ལགས་ཀྱི་ཧ་ཅང་དྲང་ཞིང་ཕྲ་བའི་ཁོང་་ཞེས་པ་བཀླགས་རྗེས།

 

བློ་གྲོས་མང་དུ་བསྡུར་ན་ཐབས་མཆོག་བརྙེད། ལྟ་བ་འདྲ་མིན་མང་ན་འགལ་འདུ་ཆེ།

ཉུང་ཉུང་འཐེན་འཁྱེར་བྱ་རྒྱུ་མ་ཡིན་པར། མང་མང་གཅིག་ཏུ་ཕྱོགས་རྒྱུ་དམངས་གཙོ་ལགས།

          སྔོན་ཆད་མི་དམངས་ལ་རང་དབང་མེད་སོང་བས་དམངས་གཙོ་མེད་པ་རེད། དེང་སང་རང་དབང་ལྡན་སོང་བས་དམངས་གཙོ་ཡོད་པ་རེད། སྤྱིར་མི་ཚང་མར་ཁམས་དང་མོས་པ་མི་འདྲ་བ་ཡོད་ཀྱང་ཐུན་མོང་གི་འཚོ་བ་ཞིག་ལ་བསམ་གཞིགས་བྱེད་དུས་སྤྱི་ཕན་གྱི་བསམ་བློ་སྔོན་དུ་སོང་བའི་ཐོག་ནས་གཏམ་གླེང་བྱེད་པ་གལ་ཆེ། ལྟ་བ་མི་འདྲ་བའི་མི་སྒེར་རམ་ཚོགས་པ་ཅི་ཙམ་གྱིས་མངས་ན་དེ་ཙམ་གྱིས་སྤྱི་ཚོགས་དེར་དཀའ་ངལ་འཕྲད་ངེས་ཡིན། དཔེར་ན། ཁྱིམ་ཚང་གཅིག་གི་ནང་མིར་མཚོན་ན་ཡང་བསམ་ཚུལ་ཐ་དད་ཅིང་ཨུ་ཚུགས་ཆེ་བ་མང་ན་ཁྱིམ་ཚང་ཡང་དེ་ལྟར་ཁ་ཐོར་དུ་སོང་དང་འགྲོ་བཞིན་པ་རེད། སྤྱི་ཚོགས་ཟེར་བ་འདི་མི་ཚང་དུ་མ་འདུས་པའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་པས། འདི་སྐྱོང་སྟངས་དང་འདིའི་འགན་འཁྱེར་སྟངས་ཀྱང་ཁྱིམ་ཚང་ཞིག་དང་ཧ་ཅང་མཚུངས།

          མི་ལ་ལས་དམངས་གཙོའི་མཚོན་རྟགས་དེ་ལྟ་བ་མི་མཐུན་པ་དག་ངེས་པར་ཡོད་དགོས་པ་ཞིག་ཏུ་འདོད་ཀྱིན་ཡོད། ང་ལྟ་ཚུལ་འདི་ལ་ཧ་ཅང་ཞེད། འོན་ཀྱང་ལྟ་བ་མི་མཐུན་པ་ཅི་ཡོད་ཀྱང་བཤད་ཆོག་པ་དེ་དམངས་གཙོའི་མཚོན་རྟགས་ཤིག་ལ་བགྲངས་ན་ལོས་ཀྱང་འོས།

          ༸གོང་ས་མཆོག་གི་ཞལ་ལ་མི་ཉན་མཁན་མང་བ་མ་ཟད་ཁ་ལན་སློག་མཁན་ཡང་ཡོང་དང་འོང་བཞིན་པ་ཞིག་རེད། དེ་དག་མང་ཆེ་བའི་སེམས་ན་དེ་འོས་པ་ཞིག་དང་ཐ་ན་༸གོང་ས་མཆོག་གི་ཐུགས་ཀྱང་མཉེས་ཤོས་ཤིག་ཡིན་སྙམ་གྱིན་ཡོད་པ་འདྲ། རྒྱུ་མཚན་དམངས་གཙོ་ཡིན་པས་ཏེ། བསམ་ཚུལ་མི་འདྲ་བ་བཤད་ཆོག་པ་ཙམ་མ་ཡིན་པར་ལྟ་བ་མི་མཐུན་པའི་རིགས་ངེས་པར་ཡོད་དགོས་པར་མཐོང་བའི་ལོག་རྟོགས་ཀྱི་དབང་གིས་སོ། ལྟ་བ་མི་མཐུན་པ་ཡོང་ཆོག་པ་ཙམ་དུ་མ་ཟད་བཤད་ཆོག་པའི་དམངས་གཙོའི་ཁེ་དབང་དེའི་དབང་གིས་༸གོང་ས་མཆོག་གིས་ཀྱང་ནམ་ཡང་ང་ཚོར་བཙན་བཀའ་ཕབ་མྱོང་མེད།

          ངའི་གོ་རྟོགས་ལྟར་ན་དམངས་གཙོ་ནི་ལྟ་བ་གཅིག་འགྱུར་ཞིག་ཆགས་རྒྱུའམ་ལྟ་བའི་འགལ་བ་ཆེས་ཉུང་ཤོས་ཤིག་ཡོང་སླད། མ་མཐར་ཡང་ལྟ་བ་མཐུན་པ་གང་མང་བ་དེའི་ཕྱོགས་སུ་སྐྱོད་དགོས་པ་ཞིག་ཏུ་མཐོང་གིན་ཡོད་ལ། དེ་ཡང་གཙོ་བོ་མི་སེར་གང་མང་གི་བསམ་ཚུལ་དང་འདོད་འདུན་དག་དང་ལེན་བྱ་རྒྱའི་སྒྲིག་སྲོལ་ཞིག་ལས་མ་འདས། དེ་བས་༸གོང་ས་མཆོག་གིས་ཀྱང་ཡང་དང་བསྐྱར་དུ་བོད་དོན་ཐ་མའི་ཐག་གཅོད་དེ་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱིས་བྱ་དགོས་ཚུལ་གསུངས་དང་གསུང་བཞིན་ཡོད།

          ད་ཚང་མས་བསམ་བློ་གཅིག་གཏོང་རོགས། སྤྱིར་མི་དང་མིའི་བར་གྱི་འགལ་བ་དེ་ཇི་ལྟར་ཡོང་གིན་ཡོད་དམ། ངས་བལྟས་ན་གཙོ་བོ་བསམ་ཚུལ་དང་ལྟ་བ་མི་མཐུན་པའི་དབང་གིས་ཡོང་གིན་འདུག ཐ་ན་ཆང་འཐུང་ར་བཟི་བཤད་མཁན་ཞིག་ཡིན་ན་ཡང་ཁོའི་ཅི་བཤད་ལ་ཉན་ནས་ཅི་བྱེད་ལ་རང་དབང་སྤྲད་ན་འཁོན་འཛིང་མི་ཡོང། ཡིན་ན་ཡང། ང་ཚོ་ཆགས་སྡང་ཆེ་བའི་མི་ཡིན་པས་ར་བཟི་ཞིག་ཕར་ཞོག རང་གི་མཛའ་གྲོགས་སོགས་ཡིན་ཡང་བསམ་སྤྱོད་མ་མཐུན་ཚེ་འགལ་ཟླ་ཇེ་ཆེར་འགྲོ་རྒྱུ་ལས་མེད།

          ང་ཚོའི་ཉམས་མྱོང་ཕྲན་བུ་དག་ལས་ཀྱང་ལྟ་བའམ་བསམ་ཚུལ་མ་མཐུན་ན་གནས་ཚུལ་གང་འདྲ་འགྱུར་གྱི་ཡོད་མེད་ལོས་ཤེས། ལས་གྲོགས་བར། གྲོགས་ཀྱི་བར། དགའ་རོགས་བར། བཟའ་ཟླའི་བར། ཕ་བུའི་བར། མཐོ་ས་རྒྱལ་བློན་བར་བཅས་ལ་ལྟ་བ་མི་མཐུན་པའི་དབང་གིས་བརྩེ་བ་ཇེ་ཆུང། ཁ་ཐག་ཇེ་རིང། འགལ་བ་ཇེ་ཆེར་གྱུར་ནས་ཐ་ན་ཕན་ཚུན་དགྲ་རུ་གྱུར་ཚུལ་གྱི་ལོ་རྒྱུས་ཅི་འདྲ་མང།

          ཕན་ཚུན་རྩོད་པ་བྱེད་པ་དེ་ཕན་ཚུན་ཁས་ལེན་གྱིན་མེད་པ་ཡིན། དེ་ཡིན་ན་ཁྱོད་ནོར་བ་དང་ང་བདེན་པའི་རྩོད་པ་ཡིན། དེ་ཁས་ལོས་ལེན། དེས་ན་དབུ་མའི་ལམ་དང་རང་བཙན་ཁོ་ནའི་ཆབ་སྲིད་ཀྱི་ལྟ་བ་འདི་ཡང་དེ་ལས་འདས་མེད། དེས་ན་ཁ་ཅིག་གིས་༸གོང་ས་མཆོག་གི་ལྟ་བ་དེ་ནོར་བར་ངོས་འཛིན་བྱེད་པ་ཡང་ཁས་ལོས་ལེན། དེ་བས་ཞལ་ལ་མི་ཉན་པར་མ་ཟད་ཁ་ལན་བསློགས་དང་སློག་བཞིན་པ་ཡང་ལོས་ཡིན། སྤྱིར་ཕྲུ་གུས་ཕ་མར་ཁ་ལན་སློག་པ་ཙམ་ནི་ཉེས་པ་དེ་ཙམ་མི་ཆེ་མོད། ཁ་ལན་མ་བསློགས་ཀྱང་རང་ལྟ་དེ་ཅི་ཙམ་གྱིས་མཆོག་ཏུ་འཛིན་པ་དང་ཡུལ་དུས་གནས་བབ་ལ་བསྟུན་མི་ཤེས་པའི་བསམ་སྤྱོད་དེ་དག་གི་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན།

          གྲོས་ཚོགས་ནང་ན་ཡང་ལྡོག་ཕྱོགས་ཀྱི་ལྟ་བ་འདི་འཛིན་མཁན་གྱི་དབང་གིས་འགལ་བ་ཅི་རིགས་ཡོང་གིན་ཡོད། ད་དུང་མི་ཉུང་བ་ཞིག་གིས་རང་བཙན་གྱི་ལྟ་བ་དེ་རྒྱ་ཇེ་ཆེ་དང་ཤུགས་ཆེ་རུ་གཏོང་རྩིས་རྒྱག་གིན་ཡོད། དེ་དག་གི་ནང་ན་དོན་ངོ་མའི་ཆབ་སྲིད་པ་དང་མཁྱེན་རྒྱ་ཡངས་པའི་གྲས་ཧ་ཅང་ཉུང། མང་ཆེ་བ་རང་ལྟ་མཆོག་འཛིན་བྱེད་མཁན་ཡིན། གཞན་ཡང། རང་ཉིད་ནོར་འཁྲུལ་གྱི་ལམ་བུ་ཞིག་ལ་འགྲོ་བཞིན་པ་ངོས་གཏན་ནས་ཟིན་གྱིན་མེད་པའང་ཡོད། དཔེར་ན་སེམས་ཤུགས་ཅན་བསྟན་འཛིན་བརྩོན་འགྲུས་ལགས་ལྟ་བུ་རེད།

          དེང་གི་ཆུང་ཕྱོགས་པ་མང་པོ་ཞིག་གིས་རིགས་ཞེན་གྱི་དབང་གིས་རྒྱ་ཆེ་བའི་རྒྱ་རིགས་མི་མང་ལའང་དགྲར་བཟུང་ནས་བོད་ཀྱི་ས་གཞི་ཆེན་པོ་དེ་བོད་མི་ཁོ་ནས་ལོངས་སུ་སྤྱོད་འདོད་ཀྱི་བསམ་བློ་ཙམ་ལས་མེད། ཐ་ན་འཛམ་གླིང་གི་མཉམ་མཐུན་གཅིག་འགྱུར་གྱི་འཁོར་ཕྱོགས་ལའང་གོ་རྟོགས་མེད། དེ་བས་ཁ་ཅིག་གི་ཆབ་སྲིད་ཀྱི་གཏམ་བརྗོད་འདི་དག་དང་ཆོས་ལུགས་མི་ཤེས་པར་ཆོས་ལ་ཇུས་གཏོགས་བྱེད་པ་འདི་དག་གི་བསམ་བློ་ནི་གཡག་ཞ་རས་རྩྭ་ཟ་བ་རང་རེད།

          དེ་ལྟར་ད་ལྟ་ང་ཚོའི་བསམ་ཚུལ་ལམ་ལྟ་བ་འདི་ཡང་ཆུང་ཚགས་རིགས་མིན་པར་ཧ་ཅང་ཆེ་བ་སྟེ། བོད་མི་རིགས་དང་རྒྱལ་ཁབ་ཅིག་གི་ཁེ་ཕན་དང་འབྲེལ་བའི་སྐོར་གྱི་གནད་དོན་ཡིན། དེ་ཡང་༸གོང་ས་མཆོག་གི་དགོངས་གཞི་དང་འགལ་བའི་ལྟ་བ་ཉི་ཚེ་བའི་རིགས་ཀྱི་འགལ་བ་ཆགས་ཀྱིན་ཡོད། མདོར་ན། ཐེངས་འདིར་༸གོང་ས་མཆོག་གིས་གྲོས་ཚོགས་ལ་གནང་བའི་གསུང་འཕྲིན་དེ་ནི་ཕལ་ཆེར་༸གོང་ས་བཅུ་གསུམ་པའི་ཞལ་ཆེམས་དང་འདྲ་བར་ཐུགས་སྐྱོ་དང་ཛ་དྲག་གི་རང་བཞིན་ཞིག་ཏུ་མཐོང་བྱུང་ལ། ཡང་ཕྱོགས་གཅིག་ནས་ད་དུང་འདི་ལས་ཅུང་བཙན་པ་ཞིག་གནང་ན་ཡང་སྙམ་བྱུང།

          ངས་ཁྱེད་ཅག་ལ་ཞུ་རྒྱུར། ༸གོང་ས་བཅུ་གསུམ་པའི་སྐབས་སུ་ང་ཚོས་ནོར་འཁྲུལ་ཆེ་ཤོས་དེ་ཁོང་གི་ལམ་སྟོན་ཇི་བཞིན་མ་སོང་བར་མ་ཟད་ཁོང་གི་ཞལ་ལ་མ་ཉན་པ་དང་ཁ་ལན་བསློགས་པས་བྱུང་བ་རེད། དེ་ཡིན་མིན་ཁོང་གི་ཡོངས་ཁྱབ་ཞལ་ཆེམས་དེར་གཅིག་མཇོལ་དང་གསལ་རྟོགས་ཐུབ་ངེས། དེ་དུས་ཀྱང་མང་པོ་ཞིག་གིས་རང་ལྟ་མཆོག་འཛིན་དང་བཀའ་སློབ་ལ་ཡིད་ཆེས་གོ་རྟོགས་མ་ཐུབ་པས་ལན་པ་རེད། གལ་ཏེ་ང་ཚོས་ཀྱང་༸གོང་ས་བཅུ་བཞི་བའི་ལམ་སྟོན་ལྟར་ཇི་བཞིན་ཤར་སྐྱོད་མ་ཐུབ་ན་ནམ་ཞིག་ཉིན་མོར་འགྱོད་པ་རྟས་མི་ཟིན་པ་ཞིག་མི་འོང་བའི་ཉེན་ཁ་མི་འདུག་སྙམ་ནས་སྐྱོ་སྣང་དང་ཡི་ཆད་གཉི་ག་ཇེ་ཆེར་འགྲོ་གིན་འདུག

          མཇུག་སྡོམ། རྒྱ་མི་དེས། ༸གོང་ས་མཆོག་ལ་ཁ་ལན་སློག་པའི་གནས་སྟངས་འདི་ཇེ་ཆེར་འགྲོ་བཞིན་པ་དང། རིག་གཞུང་སྲུང་སྐྱོབ་ཇེ་ཞན་ལ་འགྲོ་བ་འདི་གཉིས་ནི་བོད་དོན་ཐད་ཀྱི་ཉེན་ཁ་ཞིག་ཡིན་ཚུལ་གསུངས་པ་ཧ་ཅང་བདེན་ལ། འདི་ལྟར་བརྗོད་པས་ཕན་མ་ཐོགས་ཀྱང་གནོད་མི་སྲིད། འོན་ཀྱང་༸གོང་ས་མཆོག་ནི་ཆག་ཆོག་ཆོག་གི་བོད་མིའི་སྲོག་ཤིང་ཞིག་ཏུ་གྱུར་ཚུལ་སྨྲས་པ་ནི་དོན་དངོས་དང་འགལ་ཡོད།

 

ཐུབ་བསྟན་རྒྱ་མཚོའི་ཐུགས་དགོངས་མ་རྫོགས་པས། བསྟན་འཛིན་རྒྱ་མཚོ་སླར་ཡང་བྱོན་ན་ཡང།

ཟབ་མོའི་ལམ་སྟོན་ཇི་བཞིན་མ་བསྐྱོད་ཚེ། ནམ་ཞིག་འགྱོད་བཅས་ཡོངས་སུ་འཆི་ཉེན་ཆེ།།

 

༢༠༠༨།༤།༧།དགོང་མོར།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php