"གསུམ་བཅུའི་དུས་དྲན"

 

བདེན་བའི་འབྲུག་སྒྲ།

 

 

 

  "བདེན་ལུང་བ་གཉི་གའི་ཕུ་ཐག་རིང། རྫུན་ཨ་བྲ་གཉི་གའི་མཇུག་མ་ཐུང་།" འདི་ནི་བོད་སྲིད་པ་རྒད་པོའི་ཉམས་མྱོང་གི་སྡོམ་ཚིག་ཚད་མ་ཞིག་སྟེ། བདེན་རྫུན་ཡུན་གྱིས་བདར་ན་རྫུན་མཇུག་མི་འཁྱོངས་པར་བདེན་པའི་མཐའ་གསལ་ཐུབ་པའི་དོན་ཡིན། དེ་ལྟར་ཡིན་ཡང་ངེས་ཏེ། རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་བཙན་འཛུལ་དབང་སྒྱུར་བྱས་ནས་མི་ལོ་བདུན་ཅུ་ལྷག་སོང་བ་འདིའི་རིང་ལ། བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་གྱི་ལོ་རྒྱུས་རྫུན་བཟོ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུལ་དང་། བོད་ལ་རང་དབང་རང་སྐྱོང་གི་ཐོབ་ཐང་ཡོད་ཚུལ་སོགས་ཀྱི་རྫུན་གཏམ་ཆེན་པོ་ཅི་ཙམ་གྱིས་བསྒྲགས་ན་ཡང་། ད་དུང་ཡང་བདེན་དོན་དུར་དུ་སྦེད་ཐུབ་མེད་པར་མ་ཟད། བོད་ནི་གནའ་སྔ་མོ་ནས་རང་བཙན་རང་བདག་གི་རྒྱལ་ཁབ་ཅིག་ཡིན་པའི་སྒྲུབ་བྱེད་དང། རྒྱ་དམར་གྱིས་བོད་ལ་དྲག་པོས་དབང་སྒྱུར་ཇི་ལྟར་བྱས་པའི་ཚུལ་དང་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་བརླག་ཚབས་ཆེན་ཇི་ལྟར་བྱས་དང་བྱེད་བཞིན་པའི་དངོས་དོན་གྱི་བྱུང་བ་དང་འཚེ་མེད་ཞི་རྒོལ་གྱི་བདེན་པའི་འབོད་སྒྲ་ཆེན་པོ་དེ་འཛམ་གླིང་ལ་འབྲུག་སྒྲ་བཞིན་ལྡིར་བཞིན་པ་འདིའོ།།

  "གསུམ་བཅུའི་དུས་དྲན" ནི་བོད་དོན་བདེན་པ་བདར་ཐབས་གཙོ་བོ་ཞིག་ཆགས་ཡོད་དེ། ང་དགུ་ལོའི་དོན་རྐྱེན་ཙམ་མ་ཡིན་པར་དེའི་སྔོན་གྱི་ལོ་ངོ་དགུ་དང་། ང་དགུའི་རྗེས་ནས་ད་ལྟའི་བར་གྱི་བོད་གངས་ཅན་པ་ཡོངས་ལ་ཆག་འཇིག་ཅི་བྱུང་དང་ཇི་ལྟར་བྱུང་ཚུལ་། དེའི་གནོད་སྐྱོན་དང་བཅས་པ་ལོ་རེའི་གསུམ་བཅུའི་དུས་དྲན་གྱི"གསུང་འཕྲིན" དང་གསུང་བཤད་སོགས་ལས་གསལ་བསྒྲགས་བྱས་དང་བྱེད་མུས་ཡིན། མདོར་བསྡུས་ན། རྒྱ་དམར་བཙན་རྒྱལ་བས་ཞི་དྲག་གཉིས་ཀྱི་སྒོ་ནས་བོད་ནི་རྒྱ་མིའི་མི་སེར་སྤེལ་ཡུལ་ཞིག་ཏུ་བསྒྱུར་ཟིན་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་མི་ནུས་པའི་བོད་མ་རྒྱ་ཞིག་ཏུ་བསྒྱུར་ཅིང་འགྱུར་བཞིན་པའི་གནས་བབ་ཅིག་ཆགས་ཡོད། དེ་བས་ང་ཚོས"གསུམ་བཅུའི་དུས་དྲན"ནི་བོད་ཀྱི་འདས་མ་ད་གསུམ་གྱི་བདེ་སྡུག་མཚོན་ཐབས་ཤིག་ལ་ངོས་འཛིན་གྱིས་ལོ་རྒྱུས་ཀྱི་སྐྱོ་གར་ལ་དྲན་གསོ་དང་ད་ལྟའི་གནས་བབ་གསལ་རྟོགས། འབྱུང་འགྱུར་གྱི་ཁ་ཕྱོགས་འཚོལ་ཐབས་བཅས་ལ་བསམ་གཞིགས་བྱེད་ཐུབ་དགོས། 

 "གསུམ་བཅུའི་དུས་དྲན་"ནི། ང་ཚོའི་ལོ་གཅིག་གི་བདེན་དོན་ཞི་རྒོལ་་གྱི་འདུ་འཛོམས་ཆེ་ཤོས་ཐེངས་གཅིག་པོ་ཡིན་ན་ཡང། ཐེངས་རེ་རེས་ཀྱང་རང་གཞན་གཉིས་ལ་དྲན་སྐུལ་མི་དམན་པ་རེ་ཐེབས་ཀྱིན་ཡོད། ལྷག་པར་དུ་ད་ལྟའི་ཆར་རྒྱལ་ཁབ་ཆེ་ཆུང་དུ་མའི་ས་གནས་ཆིག་སྟོང་ལྷག་ཅིག་གི་ནང་ལ། ཉིན་གཅིག་དུས་གཅིག་ལ་ཞི་རྒོལ་བདེན་སྒྲོག་བྱེད་ཀྱིན་ཡོད་པས་གཞི་རྒྱ་ཇེ་ཆེར་སོང་ཡོད་ལ། བཀའ་སྤྱི་གཉིས་ཀྱི་གསུམ་བཅུའི་གསུང་བཤད་སྔོན་བསྒྲགས་ཐོག་ནས། ཐབས་ལམ་དང་རྣམ་པ་མི་འདྲ་བའི་ལས་འགུལ་ཅི་རིགས་སྤེལ་བཞིན་ཡོད་པས་གཅིག་གྱུར་རང་བཞིན་དང་ཆིག་སྒྲིལ་གྱི་ནུས་པ་ཆེན་པོ་ཡང་ཐོན་གྱིན་ཡོད།  དེ་ལྟར"གསུམ་བཅུའི་དུས་དྲན"ནི། རྒྱལ་སྤྱིའི་རང་བཞིན་གྱི་ཞི་རྒོལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། ང་ཚོས་སྤོབས་པ་ཆེར་སྐྱེད་དང་ཐབས་ཤེས་ཡོད་དགུ་རྩལ་དུ་བཏོན་ནས། མུ་མཐུད་དུ་ལས་འགུལ་གང་མང་སྤེལ་རྒྱུར་འབད་བརྩོན་བྱས་ན། གཞིས་བཞུགས་རྒྱ་ཆེའི་བོད་མི་དམངས་ཀྱི་རེ་ལྟོས་དང་ཡིད་ཆེས་ཇེ་བརྟན་དུ་འགྲོ་བ་དང། རྒྱལ་སྤྱིའི་མཐུན་གྲོགས་ཀྱི་རྒྱབ་སྐྱོར་ཇེ་མང་དུ་སོང་ནས། ནམ་ཞིག་ལ་བོད་དོན་བདེན་མཐའ་ངེས་པར་གསལ་ངེས། 

 ང་ཚོ་ལ་སྤྱི་ནོར་ཡིད་བཞིན་ནོར་བུའམ་གངས་ཅན་མགོན་པོ་ཞུ་བའི་གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་འདུན་བཅོལ་སའི་སྐྱབས་གནས་གཅིག་ཡོད་ལ། བོད་ཡིག་ཅེས་པའི་སྐད་ཡིག་རིན་པོ་ཆེ་ཞིག་དང། བོད་གངས་ཅན་པ་ཞེས་པའི་མི་རིགས་གཅིག་གི་འདུ་ཤེས་ཡོད་པའི་གནས་སྟངས་གཅིག་པའི་སྐྱབས་བཅོལ་བ་ཞིག་ཡིན་ན། ཉི་མ་རེ་རེ་བཞིན་དུ་བོད་དོན་དྲན་དགོས། སྤྱི་དོན་བསམ་དགོས། རང་ནུས་འདོན་དགོས། ལྷག་པར་དུ་བདེན་པ་བདར་བའི་འཐབ་རྩོད་འདིའི་ཁྲོད་དུ་བོད་ཀྱི་སྙུག་ཐོགས་པ་རྣམས་ནི། "ཇག་ལ་ཇག་ལན"སློག་མཁན་གྱི་བདེན་པའི་དཔུང་སྟོབས་ཆེ་ཤོས་དེ་ཡིན། དཔེར་ན། <<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>> དང་ <<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ>> ནི་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་མཛད་པའི་རྒྱ་དམར་གཞུང་གི་བྱས་ཉེས་ཐེར་འདོན་དང་འབྲེལ་བའི་དཀར་ནག་དབྱེ་འབྱེད་ཀྱི་བདེན་དོན་གསལ་བའི་རྡོ་རིང་ཆེན་པོ་གཉིས་ཡིན་ལ། དེ་བཞིན་དུ་བོད་མི་རྒན་རབས་པ་དུ་མའི་རང་མྱོང་མི་ཚེའི་ལོ་རྒྱུས་སོགས་ཁྲག་དང་མིག་ཆུས་བྲིས་པའི་རྩོམ་ཡིག་དེ་དག་ནི་བདེན་པའི་འཐབ་རྩོད་འདིའི་དཔང་ཡིག་དང་སྟོབས་ཤུགས་ཤིག་ཀྱང་ཡིན།

  མདོར་ན། བདེན་དོན་ལ་སྐྱབས་བཅོལ་བ་ནི་རྫུན་གྱིས་མི་སོད་པའི་ཚེ་སྲོག་བརྟན་པོ་དེ་ཡིན་ལ། ཡོད་ཚད་རྫུན་གྱིས་བསླུ་བ་ནི་རང་སྲོག་རང་གིས་གཅོད་བྱེད་ཀྱི་བཟི་དུག་འཐུང་བ་དེ་ཡིན་པས། བདག་གིས་རྫུན་གྱི་མཁར་རྫོང་ལ་སྐྱབས་བཅོལ་བའི་རྒྱ་དམར་གཞུང་དེ་འཆི་ལམ་ལ་ཇེ་ཉེ་ཡིན་པ་ཚོར་གྱིན་འདུག བདེན་དོན་རྣམ་པར་རྒྱལ་གྱུར་ཅིག།

 

༢༠༢༤ ༠༣ ༡༣

 

 

དམངས་གཙོའི་ཀ་ཆེན་ཞིག་འདི་ལྟར་བསྒྱེལ་སོང།

 

 

 

 

ཀ༽ གྲོས་ཚོགས་ཚོགས་དུས་༡༠ པ་མེད་པར་བཟོས་པ།

 

ཁྲིམས་ཞིབ་ཁང་གིས། ཚོགས་དུས་༡༠ དེ་ཕར་འགྱངས་བཏང་བ་ཡིན་ཞེས་དོན་ལ་ཚོགས་དུས་གཅིག་ཕྱིར་བསྡུ་བྱས་པ་དེ། བཅའ་ཁྲིམས་དོན་ཚན་༤༠ པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་སྔོན་མ་གྲོལ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་པའི་དགོངས་དོན་དང་གནོད་འགལ་བྱས་པ་ཞིག་ཡིན་པས། དེ་ཁྲིམས་མཐུན་བཟོ་དགོས་པའི་ལམ་སྟོན་བཀའ་ཁྱབ་བཏང་ཡོད། སྤྱི་འཐུས་རྒྱུན་ལས་ཀྱིས་དེ་ཁས་ལེན་མ་བྱས་པར་ཁྲིམས་ཞིབ་ཁང་དང་ཁྲིམས་བཟོ་ལྷན་ཚོགས་བར་གྱི་ཆད་པ་གཅོད་རེས་ཀྱི་གནས་ཚུལ་འདི་དག་བྱུང་བ་རེད། 

གང་ལྟར་ཚོགས་དུས་༡༠ ཕྱིར་འགྱངས་བྱས་པའི་མིང་ཐོག་ནས་ཚོགས་མེད་པ་དེ་བདེན་པ་རེད། ཡིན་ན་ཡང་ད་ལྟ་ཚོགས་དུས་བཅུ་གཅིག་པ་ལ་ཚོགས་དུས་༡༠ ཞེས་འཚོག་བཞིན་ཡོད། འོ་ན་ཚོགས་དུས་༡༡ པ་ག་དུས་འཚོག་རྒྱུ་ཡིན་ནམ།

ཏོག་དབྱིབས་གཉན་རིམས་ཀྱིས་ཚོགས་དཀའ་བའི་གནས་སྟངས་ཆགས་པ་ཡིན་ན་ཡང་དེ་བཅའ་ཁྲིམས་དང་མ་འགལ་བ་ཞིག་ངེས་པར་གནང་དགོས་པ་རེད། ཚོགས་དུས་ཕྱིར་འགྱངས་ཀྱི་མིང་ཐོག་ནས་ཚོགས་དུས་ཤིག་མེད་པར་གཏོང་བའི་སྐུ་དབང་དེ་ཐལ་དྲགས་པ་དང་ཉེན་ཁ་ཆེ་བ་ཞིག་ཅི་ལ་མིན།

 

ཁ༽ ཁྲིམས་ཀྱིས་ངོས་བཞེས།(suo moto) 

 

ཁྲིམས་ཀྱིས་ངོས་བཞེས་ཞེས་པ་ནི། ཁྲིམས་ཞིབ་ཁང་གིས། བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་ཁྲིམས་ཀྱི་ཐོབ་ཐང་། སྤྱི་པའི་ཁེ་ཕན་བཅས་གནད་དོན་གསུམ་གྱི་ཐོག་ལ་ཐད་ཀར་དུ་ཁྲིམས་ཞིབ་ལག་བསྟར་བྱེད་ཆོག་པའི་དབང་ཚད་ཅིག་རེད།

དེ་ཡང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཞིག་ཚོགས་གཙོ་དང་། ཁྲིམས་ལུགས་རིག་པ་མཐར་ཕྱིན་པའོ་མི་སྣ་གཙོ་བོར་གྱུར་བའི་མི་སྣ་༥ དང་ལས་རོགས་ཁྲིམས་དོན་ལས་བྱེད་༢ བཅས་བསྐོ་འཛུགས་བྱས་པའི་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོ་ལྟར་དུ། བཅའ་ཁྲིམས་དོན་ཚན་༦༧ པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི་ཞེས་པའི་དགོངས་དོན་ལྟར་དུ། སྤྱི་མང་གཏུག་བཤེར་བསྐྱར་བཅོས་ལྔ་པའི་སྐབས། ༢༠༡༩ ལོའི་ཟླ་༡༠ ཚེས་༡༤ ཉིན་གཏན་དུ་ཕབ་ཅིང་ཚེས་༡༦ བཀའ་སྤྱི་གཉིས་སུ་ཡིག་ཆ་ཕུལ་འདུག

དེ་བས་སྤྱི་འཐུས་རྒྱུན་ལས་ཀྱིས། དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌་་་ ཞེས་པ་ལུང་དྲངས་ནས་ཡར་ཞུ་གཏུགས་བྱེད་མཁན་མེད་པར་ཐད་ཀར་ཁྲིམས་ཞིབ་གནང་རྒྱུའི་དབང་ཚད་མེད་ཚུལ་བཤད་པ་དེ་ཁྲིམས་དོན་ལ་མ་གནས་པ་ཞིག་རེད་སྙམ།

 

ག༽ ཐལ་ཆ་ཆེ་བའི་འཕོ་འགྱུར།

 

སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། ་་་་ གྲོས་ཚོགས་ཀྱིས་དབང་ཚད་འདིའི་ཐོག་ནས། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ཅེས་པའི་ཁྲིམས་དོན་ལ་ཁྲིམས་ཞིབ་ཁང་གིས་གནོད་འགལ་བྱས་ཚུལ་བཤད་དེ་ཁྲིམས་ཞིབ་པ་རྣམ་པ་གསུམ་ག་འཕོ་འགྱུར་གཏོང་བའི་གྲོས་ཆོད་གྲོས་འཆར་ལ་༼སྤྱི་འཐུས་༣༡༽མང་མོས་ཐག་གཅོད་བྱས་པ་རེད། 

དེར་མཐུད་དེ་གྲོས་ཚོགས་སུ་སྤྱི་འཐུས་རྒྱུན་ལས་ངོས་ནས་བཅའ་ཁྲིམས་བསྐྱར་བཅོས་ལས་རིམ་ནང་དུ། 

དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ཅེས་པ་དེ་ལ། བསྐྱར་བཅོས་ཚིག་བརྗོད་དུ།  

སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་རྒྱུན་ལས། གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག་གི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་། ཐག་གཅོད་བྱེད་ཕྱོགས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ཅེས་པའི་གཞུང་འབྲེལ་བསྐྱར་བཅོས་གྲོས་ཆོད་གྲོས་འཆར་ཡང་བཏོན་འདུག སྟབས་ཡག་ནས་གཏན་འབེབས་ཐུབ་མི་འདུག

བསྐྱར་བཅོས་འདི་ལྟར་བྱེད་པའི་དམིགས་ཡུལ་ཅི་ཡིན་ནམ། ཁྲིམས་ཞིབ་པ་གསུམ་ཆ་འཕོ་འགྱུར་བཏང་བ་མ་ཟད། འབྱུང་འགྱུར་ཡང་སྤྱི་འཐུས་ལྷན་ཚོགས་ལ་བཅའ་ཁྲིམས་ཀྱིས་ཀྱང་སྟངས་འཛིན་མི་དགོས་པ་ཞིག་བྱ་འདོད་པ་མ་རེད་དམ། འདི་ལ་ཕན་གནོད་གང་ཆེའམ།

 

མདོར་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་པམིན་པར་བཅའ་ཁྲིམས་ཀྱི་ཁྲིམས་དོན་དང་མཐུན་མིན་ལ་གཟིགས་ཏེ། ཁྲིམས་ཀྱིས་ངོས་བཞེས་བྱ་རིམ་ལག་བསྟར་གནང་བའི་དབང་ཚད་ཅིག་ཡིན་འདུག་ན། བཅའ་ཁྲིམས་དང་འགལ་འཛོལ་བྱུང་བ་དེ་སྤྱི་འཐུས་ལྷན་ཚོགས་མ་ཡིན་ན་ཁྲིམས་ཞིབ་ཁང་མིན་པར་མཐོང་། ལྷག་པར་དུ་ཡང་ཁྲིམས་ཞིབ་པ་རྣམ་གསུམ་སྐད་ཅིག་ལ་འཕོ་འགྱུར་བཏང་བ་འདི། དམངས་གཙོའི་ཀ་ཆེན་ཞིག་གློ་བུར་དུ་བཅག་པ་དང་འདྲ་བས་ནོར་འཁྲུལ་ཆེན་པོ་རེད། གལ་ཏེ་འཕོ་འགྱུར་གཏོང་དགོས་ངེས་ཀྱང་ཚབ་གསར་བསྐོ་འཇོག་གི་དུས་ཚོད་འདང་ངེས་ཞིག་ཡོད་པའི་སྒོ་ནས་འཕོ་འགྱུར་བཏང་ན། ལས་དོན་ཚང་མ་རྒྱུན་ཆད་མེད་པར་མཇུག་སྐྱོང་ཚགས་ཚུད་ཡོང་ཐུབ། དམངས་གཙོའི་གྲུབ་ཆ་གཙོ་བོ་ཀ་བ་ཞིག་སྟོངས་པར་གྱུར་བའི་བར་སྟོང་འདི་འདྲ་ཡོང་དགོས་དོན་མེད། དམག་འཁྲུག་དང་ནད་ཡམས་ཀྱི་ཛ་དྲག་གནས་ཚུལ་ནི་མ་རེད།

 

མཇུག་ཏུ། རྒྱ་ཆེའི་མི་མང་ལ་རེ་སྐུལ་ཞུ་འདོད་པ་ཞིག་ནི། སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཡིན་པས། སྤྱི་ཚོགས་ཀྱི་ཉམས་མྱོང་ཞན་པ་དང་ཁྲིམས་ལུགས་ཀྱི་གོ་རྟོགས་དམན་པའི་སྐྱེ་བོ་རྣམས་བོད་མི་མང་གི་སྤྱི་འཐུས་སུ་ཧ་ཅང་མི་འཚམ་པས་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམས་སུ་སྤྱི་འཐུས་སྤུས་དག་གང་མང་ཞིག་འདེམས་གནང་ཡོང་བ་ཞུའོ།།

 

 

སྤྱི་ཟུར་མིང་ཐོག་ནས་དུས་བབ་དྲྭ་ཚིགས་སུ་བཀོད། ༢༠༢༡ ༠༣ ༢༧

  

རྒྱ་ནག་གསར་པ་མགོ་བཙུགས་ཡོད་སྐོར་བསྒྲགས།

ཨ་རིའི་ནང་ཡོད་པའི་རྒྱ་རིགས་རྐང་སྤོལ་བ་ཟུར་པ་ཧོ་ཧེ་ཏུང་དང་ཕྱུག་བདག་གོ་ཝུན་ཀེ་སོགས་ཀྱིས་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཟེར་བ་ཞིག་སྤེལ།
ཨ་རིའི་ནེའུ་ཡོག་དུས་བབ་དང་ཝ་ཤིན་ཊོན་ཆ་འཕྲིན་གསར་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་རྒྱ་ནག་ནང་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་ལོ་ངོ་ ༣༡ འཁོར་བའི་དུས་དྲན་དང་བསྟུན། ཡུ་ཊོབ་དྲ་ལམ་བརྒྱུད་རྒྱ་ནག་གཞུང་གི་ཁ་གཏད་པ་ཕྱུག་བདག་གོ་ཝུན་ཀེ་དང་། རྐང་སྤོལ་བ་གྲགས་ཅན་ཟུར་པ་ཧོ་ཧེ་ཏུང་ (Hao Haidong)སོགས་མཉམ་འབྲེལ་གྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་གཙོས་པའི་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཏུ་བཏང་བ་སོགས་ཚད་ལས་བརྒལ་བའི་བྱས་ཉེས་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ། ཁ་སང་དྲུག་བཞིའི་དུས་དྲན་ཉིན་མོར་རྒྱ་ནག་གསར་པ་ཞེས་པ་མགོ་བཙུགས་ཏེ་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཞེས་པ་ཞིག་ཀྱང་ཡོངས་བསྒྲགས་བྱས་འདུག

གཞུང་གསར་མགོ་བཙུགས་པ་ཡིན་སྐོར་གྱི་མཛད་སྒོ་དེ་ཆུ་ཚོད་ ༡༡ ཙམ་ཐད་གཏོང་བརྒྱུད་བཏང་ཡོད་པ་དང་། སྐབས་དེར་ཨ་རིའི་ནང་སྐྱབས་བཅོལ་དུ་ཡོད་པའི་རྒྱ་རིགས་ཕྱུག་བདག་གོ་ཝུན་ཀེ་དང་། ཨ་རིའི་ཕོ་བྲང་དཀར་པོའི་འཐབ་ཇུས་མགོ་དཔོན་ཟུར་པ་སི་ཊི་ཝེ་(Steve Bannon)གཉིས་ཀྱིས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཧོད་སོན་གཙང་པོའི(Hudson River)འགྲམ་གྱི་རང་དབང་ལྷ་མོའི་མཁའ་དབྱིངས་སུ་ཐད་འཕུར་གནམ་གྲུ་བཏང་སྟེ། ཧི་མ་ལ་ཡའི་ལྟ་སྐུལ་སྒྲིག་འཛུགས་ཞེས་པའི་འཕྲེད་དར་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། སྐབས་དེར་གོ་ཝུན་ཀེ་ཡིས། རྒྱ་རིགས་མི་མང་ཐེར་འབུམ་ ༡།༣ གཙོ་བྱས་པའི་བོད་དང་ཧོང་ཀོང་། ཞིན་ཅང་དང་ཐའེ་ཝན་མི་མང་སོགས་ལ་འཚམས་འདྲི་དང་སྦྲགས། ད་ལྟ་ང་ཡོད་ས་འདི་ཨ་རིའི་རང་དབང་ལྷ་མོའི་མདུན་དུ་ཡིན་ལ། ང་ཚོས་དེ་རིང་འདི་ནས་རྒྱ་ནག་གཞུང་གསར་པ་ཞིག་མགོ་འཛུགས་བྱས་པ་ཡིན། ཞེས་དང་། རྒྱ་ནག་ནི་ཁྱིམ་ཚང་གཅིག་གམ་ཡང་ན་ཁྱིམ་ཚང་ཁག་ཅིག་ལ་བདག་གི་མེད་པར་མི་མང་ལ་བདག་གི་ཡོད་པས། གསར་དུ་བཙུགས་པའི་རྒྱ་ནག་གཞུང་གསར་པ་དེའི་བདག་པོ་མི་མང་ཡིན་པ་དང་། མི་མང་ལ་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་སོགས་ཡོང་སླད། ད་སྔ་བར་མི་མང་ལ་སྡུག་སྦྱོང་དང་དྲག་གནོན་གཏོང་མཁན་རྒྱ་ནག་དམར་ཤོག་ཚོགས་པ་མཇུག་བསྡུ་དགོས་ཀྱི་ཡོད་སྐོར་སོགས་བརྗོད་འདུག
རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཞེས་པའི་ནང་དུ། རྒྱ་ནག་དམར་ཤོག་ཚོགས་པ་ནི་འཇིགས་སྐུལ་ཚོགས་པ་དང་། ཁྲིམས་ཀྱི་དབང་སྒྱུར་ལ་རྩིས་མེད་ཀྱིས་དམངས་གཙོ་རྡོག་རྫིས་གཏོང་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་བརྒྱུད་འཛམ་གླིང་ལ་སྐྱེ་དངོས་མཚོན་ཆས་དམག་འཁྲུག་མགོ་བརྩམས་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཏེ། ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འདི་མཇུག་བསྡུ་དགོས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པར་ཚོར་ཤུགས་ཧ་ཅང་སྐྱེན་པོ་ཡིན་པའི་བོད་དང་ཧོང་ཀོང་། ཐའེ་ཝན་བཅས་རང་སྲིད་རང་སྐྱོང་སྤྲོད་དགོས་པ་སོགས་ཀྱི་དོན་ཚན་ ༡༨ ཡོད་འདུག

རྒྱ་ནག་གཞུང་གིས་ཧོང་ཀོང་གཙོས་པའི་ཨོ་མིན་སོགས་ཀྱི་ནང་དྲུག་བཞིའི་དོན་རྐྱེན་སྲུང་བརྩི་མཚམས་འཇོག་ཐབས་བྱེད་བཞིན་པ་དང་། ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་སོགས་ཀྱི་རྐྱེན་པས་རྙོག་ཟིང་འབྱུང་བཞིན་པའི་སྐབས་དང་ཁེལ་ཡོད་ལ། ཧོ་ཧེ་ཏུང་གིས་གསལ་བསྒྲགས་དེ་བྱས་རྗེས། རྒྱ་ནག་ནང་ཁྱབ་ཆེ་བའི་ཁོའི་ཝི་པོ་དྲ་ཚིགས་དེ་མ་ཐག་ཏུ་སྒོ་བརྒྱབ་ཡོད་འདུག་ལ། རྒྱ་ནག་གི་རྩེད་རིགས་ཆེད་གཉེར་གསར་ཁང་(Titan)གིས། ཧོ་ཧེ་ཏུང་གིས་རྒྱ་ནག་གཞུང་ལ་ངོ་ལོག་བྱས་པར་སྐྱོན་བརྗོད་དང་སྦྲགས། མ་འོངས་པར་ལུས་རྩལ་བ་ཁོའི་སྐོར་གྱི་གནས་ཚུལ་གཅིག་ཀྱང་སྤེལ་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

བོད་རྒྱའི་གནད་དོན་ཉམས་ཞིབ་པ་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་སུ་ཧི་མ་ལ་ཡའི་ལྟ་སྐུལ་སྒྲིག་འཛུགས་ཞེས་པའི་ཚོགས་པ་དེའི་མིང་དང་དགོས་དམིགས་ག་འདྲ་ཞིག་ཡིན་པ་སོགས་དྲིས་པར་ཁོང་གིས། ཚོགས་པ་དེའི་མིང་ལོ་གཅིག་གཉིས་ཞིག་གི་སྔོན་ནས་རྒྱ་ནག་གི་གསང་ཉུལ་བ་ཟུར་པ་ཚོང་པ་ཆེན་པོ་གོ་ཝིན་ཀེ་ཡིས་དྲ་རྒྱའི་ཐོག་བེད་སྤྱོད་བྱེད་བཞིན་པ་དེ་རེད།  བསྒྲགས་གཏམ་སྤེལ་མཁན་རྒྱ་ནག་གི་རྐང་སྤོལ་རྩེ་མཁན་ཟུར་པ་ཧོ་ཧེ་ཏུང་ཟེར་བ་དེ་རེད།  ཁོ་དང་གོ་ཝིན་ཀེ་ཁོ་ཚོ་གཅིག་པ་རེད་ལ། གོ་ཡིས་རྒྱ་ནག་གི་གསང་བ་ཡིན་ཟེར་ནས་བདེན་རྫུན་མང་པོ་ཞིག་བཤད་ཀྱི་ཡོད་སྐོར་དང་། མ་གཞི་འདི་གལ་ཆེན་པོ་མ་རེད། ཁོ་ཚོས་འཁྲབ་ཀྱི་ཡོད་པ་རེད། ངས་དང་པོ་ནས་ཧི་མ་ལ་ཡ་རྒྱ་དང་འབྲེལ་བ་མེད་པ་རེད་ཅེས་བསྒྲགས་གཏམ་ནང་བོད་བཅུགས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ཡིན། དོན་དམ་པའི་དེ་འདྲའི་རྒྱལ་ཕྲན་མཉམ་འབྲེལ་འཛུགས་དགོས་ན་བོད་པར་སྐད་ཆ་འདྲི་དགོས་པ་དང་། གྲོས་མོལ་བྱེད་དགོས་པ་དེ་འདྲ་རེད། ཡིན་ཡང་ཁོ་ཚོས་རྒྱ་ནག་ཆེན་པོའི་ལྟ་བ་ཁུར་ནས་དེ་སྔོན་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་བོད་སོག་སོགས་མི་རིགས་ལྔ་རྒྱ་ནག་ནང་བཅུག་པ་དང་གཅིག་པ་རེད། བོད་པར་འདོད་པ་ཡོད་མེད་ཙམ་གྱི་སྐད་ཆ་མེད་པར་རྒྱ་ནག་ནང་དུ་བཅུགས་པ་རེད། དེ་བས་དོན་དག་འདི་དག་ནས་མཐོང་པ་ནི་རྒྱ་ནག་དམར་ཤོག་གི་ནད་དེ་ཁྱབ་མེད་པའི་རྒྱ་རིགས་ཧ་ཅང་དཀོན་པོ་ཡིན་པ་བསྟན་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ

 

གོ་ལ་གཅིག་གྱུར་གྱི་བསམ་བློའི་ཐོག་ནས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་དགོས།

 

ཟླ་བཞི་བའི་ཕྱི་ཚེས་ ༡༤ །

 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་དུས་བབ་དུས་དེབ་སྟེང། ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་འཛམ་གླིང་ཡོངས་ཁྱབ་ཀྱི་བཀའ་སློབ་ཅིག་གནང་ཡོད་པ་དང་། བཀའ་སློབ་དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཇིག་སྣང་ཆེ་བའི་དུས་ཚོད་འདིར་གོ་ལ་གཅིག་གྱུར་གྱི་བསམ་བློ་བཏང་བའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་དང་འགན་འཁུར་དགོས་པ་དང་། སྨོན་ལམ་གཅིག་པུ་ཙམ་ཞིག་གིས་དཀའ་རྙོག་སེལ་ཐབས་མེད་སྐོར་སོགས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཚམས་རེར་ངོས་ཀྱི་གྲོགས་པོ་ཚོས་རྫུ་འཕྲུལ་གྱི་ནུས་མཐུ་ཡིས་འཛམ་གླིང་གི་བཀའ་རྙོག་ཁག་ཅིག་སེལ་ཐབས་ཐད་རོགས་རམས་དགོས་སྐོར་ཞུ་བཞིན་འདུག་མོད། ངོས་ཀྱིས་ནམ་རྒྱུན་གྲོགས་པོ་ཚོར་ཏཱ་ལའི་བླ་མ་ལ་རྫུ་འཕྲུལ་གྱི་ནུས་མཐུ་ཡོད་པ་མ་རེད་ཅེས་བརྗོད་བཞིན་ཡོད་ལ། གལ་ཏེ་རྫུ་འཕྲུལ་ཞིག་ཡོད་པ་ཡིན་ན་ཐོག་མར་ངོས་རང་གི་རྐང་པ་ན་བ་དང་མིད་པ་སྐམ་པ་སོགས་ཡོང་གི་མ་རེད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པ་བཞིན། མི་ཚེ་ལ་ངེས་བརྟན་གང་ཡང་མེད་ཀྱང་ང་ཚོ་ཚང་མའི་འཇིགས་སྐྲག་དང་རེ་དོགས་སོགས་གཅིག་མཚུངས་ཀྱིས་མྱོང་བཞིན་ཡོད་པ་རེད།  ཅེས་གསུངས་འདུག

ཡང་ཁོང་ཉིད་ཀྱིས། ནང་པའི་ཆོས་ཀྱི་ལྟ་ཚུལ་ངོས་ནས་སྐྱེས་དགའ་ན་འཆིའི་སྡུག་བསྔལ་དེ་འགྲོ་བ་སེམས་ཅན་ཐམས་ཅད་དང་མཉམ་གནས་ཡིན་ན་ཡང་། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོའི་བསམ་བློར་ཁོང་ཁྲོ་དང་འཇིགས་སྣང་། འདོད་རྔམ་སོགས་ལ་དབང་བསྒྱུར་བྱེད་པའི་ནུས་པ་ཡོད་པ་རེད། འདས་པའི་ལོ་ཤས་ནང་ངོས་ཀྱིས་ཕྱིའི་གོ་མཚོན་བཀག་འགོག་བྱེད་པར་ཐོག་མར་ནང་གི་གོ་མཚོན་སྤང་དགོས་པར་བརྗོད་བཞིན་ཡོད་ལ། གནས་སྟངས་ཇི་འདྲ་ཞིག་ཡིན་རུང་སེམས་ནང་རེ་དོགས་དང་འཇིགས་སྣང་གང་ཡང་མེད་པར་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་ཞིབ་དཔྱོད་བྱས་ཏེ། གནད་དོན་དེ་སེལ་ཐུབ་པའི་ཐབས་ལམ་ཡོད་པ་ཡིན་ན་ངེས་པར་དུ་འབད་ཐབས་བྱེད་དགོས་པ་དང་། གལ་ཏེ་གནད་དོན་སེལ་རྒྱུའི་ཐབས་ལམ་མེད་པ་ཡིན་ན་དེར་བསམ་བློ་བཏང་སྟེ་ཆུ་ཚོད་ཆུ་ཟོས་སུ་མ་གཏོང་།

ང་ཚོ་ནང་པ་སངས་རྒྱས་པས་འཇིག་རྟེན་ཁམས་འདི་ཚང་མ་གཅིག་ལ་གཅིག་རྟེན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ངོས་ཀྱིས་ནམ་རྒྱུན་གོ་ལ་ཡོངས་ཁྱབ་ཀྱི་འགན་ཁུར་སྐོར་ནས་ཡང་ཡང་བཤད་ཀྱི་ཡོད། ཐེངས་འདིར་འཇིགས་སྣང་ཆེ་བའི་ཏོག་དབྱིབས་རིམས་ནད་དེས།  ང་ཚོར་མི་གཅིག་གིས་མགྱོགས་མྱུར་ངང་གཞན་དག་ལ་ཤུགས་རྐྱེན་ག་འདྲ་སྤྲོད་ཐུབ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་། གནད་དོན་དེས་ང་ཚོར་བྱམས་པ་དང་བརྩེ་བས་སྨན་ཁང་ནང་ལས་གཉེར་བྱེད་མཁན་ཚོས་འབད་བརྩོན་དང་། སྤྱི་ཚོགས་རྒྱང་ཐག་རིང་བོར་སྡོད་དགོས་པ་ལག་བསྟར་སོགས་བྱས་པ་ཡིན་ན། གནད་དོན་དེ་དག་གིས་མང་པོ་ཞིག་ལ་ཕན་ཐོགས་ཀྱི་ནུས་པ་ཆེན་པོ་ཡོད་པ་རེད། ཅེས་གསུངས་འདུག

ཏོག་དབྱིབས་རིམས་ནད་དང་འབྲེལ་མིའི་རིགས་ཚང་མའི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད་པའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཐོག་མར་ཏོག་དབྱིབས་ནད་རིམས་དེ་རྒྱ་ནག་ཝུ་ཧན་ནང་ཐོན་པ་ནས་ངོས་ཀྱིས་རྒྱ་ནག་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་སྤུན་མཆེད་ཚོའི་ཆེད་དུ་སྨོན་ལམ་རྒྱག་བཞིན་ཡོད། ད་ལྟ་ང་ཚོས་བསམ་ན་རིམས་ནད་དེ་སུ་ལ་ཡང་འགོས་སྲིད་པ་ཞིག་རེད་ལ། ང་ཚོ་ཚང་མས་རང་གི་སྙིང་ཉེ་བ་དང་མ་འོངས་པའི་ཆེད་དང་། གོ་ལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་དང་ང་ཚོ་མི་སྒེར་རང་གི་འཚོ་རྟེན་སོགས་ཀྱི་ཐད་ལའང་སེམས་འཕྲལ་བྱེད་བཞིན་ཡོད་ན་ཡང་། སྨོན་ལམ་བརྒྱབ་པ་ཙམ་གྱིས་དེ་དག་སེལ་ཐབས་ཡོད་པ་མ་རེད།

དཀའ་ངལ་འདིས་ང་ཚོར་འགན་འཁུར་ཚང་མ་མཉམ་ལེན་དགོས་པ་གསལ་སྟོན་བྱས་ཡོད་པས། ང་ཚོས་ངེས་པར་དུ་སྨན་པ་དང་སྨན་ཞབས་པ་ཚོས་ཚན་རིག་གཞི་ལ་བཞག་སྟེ་བློ་སྤོབས་ཆེན་པོས་ནད་ཡམས་དེ་གནས་སྟངས་བཟང་ཕྱོགས་སུ་བསྒྱུར་ཐབས་དང་། ང་ཚོའི་མ་འོངས་པ་དེ་འཇིགས་སྣང་ཆེ་བའི་གནས་ནས་ནས་སྲུང་སྐྱོབ་བྱེད་བཞིན་པར་མཉམ་རོགས་དང་གདོང་གྲོགས་བྱེད་དགོས་པ་དང་། འཇིགས་སྣང་ཆེ་བའི་དུས་ཚོད་འདིའི་ནང་གོ་ལ་གཅིག་གྱུར་གྱི་བསམ་བློ་བཏང་བའི་ཐོག་ནས་ཡུན་རིང་གི་འཐབ་རྩོད་དང་འགན་འཁུར་དགོས་པ་དང་། ང་ཚོས་བར་སྣང་ཁམས་ནས་བརྒྱབ་པའི་འཛམ་བུ་གླིང་གི་པར་ལ་བལྟ་སྐབས་རྒྱལ་མཚམས་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་བརྟེན། ང་ཚོ་ཚང་མས་ངེས་པར་དུ་གོ་ལ་གཅིག་གྱུར་གྱི་བསམ་བློའི་ངོས་ནས་གནམ་གཤིས་འགྱུར་ལྡོག་དང་དཀའ་རྙོག་གཞན་ཁག་ལ་གདོང་ལེན་བྱ་དགོས་པ་དང་། རིམས་ནད་འདིས་ང་ཚོར་མཉམ་རུབ་ཐོག་ནས་འགན་འཁུར་དགོས་པ་དང་། མ་འོངས་པར་ང་ཚོར་བློ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

དེ་བཞིན་ང་ཚོས་དྲན་དགོས་པ་ཞིག་ལ་མི་སུ་ཞིག་ཡིན་ཡང་དཀའ་ངལ་མེད་མཁན་ཞིག་མེད་སྟབས། དུས་སྐབས་འདིར་སྡོད་ཁང་དང་ནང་མི་སྤུན་མཆེད་མེད་མཁན་ཉམ་ཐག་ཚོར་རོགས་རམ་དང་སྲུང་སྐྱོབ་བྱེད་དགོས་པ་དང་། དཀའ་ངལ་འདིས་ང་ཚོར་ཕན་ཚུན་ཁ་ཐག་རིང་བོར་གནས་ཡོད་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་གནས་དགོས་པ་དྲན་སྐུལ་བཏང་ཡོད་པ་དང་། ང་ཚོ་ཚང་མར་བྱས་བརྩེའི་ངང་གཞན་ལ་རོགས་རམ་བྱེད་རྒྱུའི་འོས་འགན་ཡོད་པ་རེད།

ནང་པ་སངས་རྒྱས་པ་ཞིག་ལ་མཚོན་ན། ངོས་ཀྱིས་མི་རྟག་པའི་ལྟ་གྲུབ་ལ་ཡིད་ཆེས་བྱེད་བཞིན་ཡོད་པས། མ་འོངས་པར་ནད་ཡམས་འདི་ཡང་ཞི་འགྲོ་ངེས་རེད་ལ། ངོས་ཀྱི་མི་ཚེའི་ནང་དམག་འཁྲུག་གིས་གཙོས་སྐྱི་གཡའ་དགོས་པའི་གནས་སྟངས་མང་པོ་ཞིག་མཐོང་མྱོང་། ང་ཚོས་སྔོན་ཆད་བསྒྲུབས་མྱོང་བའི་ལས་ཀ་མང་པོ་ཞིག་མཐར་ཞི་ནས་ང་ཚོར་བསྐྱར་དུ་ལངས་ཐུབ་པའི་གོ་སྐབས་བྱུང་ཡོད་པ་རེད། ངོས་ནས་ལྷག་བསམ་རྣམ་དག་གིས་མི་ཚང་མ་བདེ་འཇགས་དང་སེམས་ལྷོད་པོ་ཡོང་བའི་རེ་བ་བྱེད་བཞིན་ཡོད་ལ།  གཉན་འཕྲང་གི་དུས་སྐབས་འདིར་ཚང་མས་རེ་བ་མི་བརླག་པར་མཉམ་རུབ་ཀྱི་འབད་བརྩོན་ལ་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་སྤོབས་པ་ཡོད་དགོས། ཅེས་གསུངས་འདུག

བོད་སྒྱུར་ཞུ་མཁན། སངས་རྒྱས་དཀོན་མཆོག

 

གོ་ལ་གཅིག་གྱུར་གྱི་བསམ་བློའི་ཐོག་ནས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་དགོས།

 

ཟླ་བཞི་བའི་ཕྱི་ཚེས་ ༡༤ །

 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་དུས་བབ་དུས་དེབ་སྟེང། ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་འཛམ་གླིང་ཡོངས་ཁྱབ་ཀྱི་བཀའ་སློབ་ཅིག་གནང་ཡོད་པ་དང་། བཀའ་སློབ་དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཇིག་སྣང་ཆེ་བའི་དུས་ཚོད་འདིར་གོ་ལ་གཅིག་གྱུར་གྱི་བསམ་བློ་བཏང་བའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་དང་འགན་འཁུར་དགོས་པ་དང་། སྨོན་ལམ་གཅིག་པུ་ཙམ་ཞིག་གིས་དཀའ་རྙོག་སེལ་ཐབས་མེད་སྐོར་སོགས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཚམས་རེར་ངོས་ཀྱི་གྲོགས་པོ་ཚོས་རྫུ་འཕྲུལ་གྱི་ནུས་མཐུ་ཡིས་འཛམ་གླིང་གི་བཀའ་རྙོག་ཁག་ཅིག་སེལ་ཐབས་ཐད་རོགས་རམས་དགོས་སྐོར་ཞུ་བཞིན་འདུག་མོད། ངོས་ཀྱིས་ནམ་རྒྱུན་གྲོགས་པོ་ཚོར་ཏཱ་ལའི་བླ་མ་ལ་རྫུ་འཕྲུལ་གྱི་ནུས་མཐུ་ཡོད་པ་མ་རེད་ཅེས་བརྗོད་བཞིན་ཡོད་ལ། གལ་ཏེ་རྫུ་འཕྲུལ་ཞིག་ཡོད་པ་ཡིན་ན་ཐོག་མར་ངོས་རང་གི་རྐང་པ་ན་བ་དང་མིད་པ་སྐམ་པ་སོགས་ཡོང་གི་མ་རེད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པ་བཞིན། མི་ཚེ་ལ་ངེས་བརྟན་གང་ཡང་མེད་ཀྱང་ང་ཚོ་ཚང་མའི་འཇིགས་སྐྲག་དང་རེ་དོགས་སོགས་གཅིག་མཚུངས་ཀྱིས་མྱོང་བཞིན་ཡོད་པ་རེད།  ཅེས་གསུངས་འདུག

ཡང་ཁོང་ཉིད་ཀྱིས། ནང་པའི་ཆོས་ཀྱི་ལྟ་ཚུལ་ངོས་ནས་སྐྱེས་དགའ་ན་འཆིའི་སྡུག་བསྔལ་དེ་འགྲོ་བ་སེམས་ཅན་ཐམས་ཅད་དང་མཉམ་གནས་ཡིན་ན་ཡང་། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོའི་བསམ་བློར་ཁོང་ཁྲོ་དང་འཇིགས་སྣང་། འདོད་རྔམ་སོགས་ལ་དབང་བསྒྱུར་བྱེད་པའི་ནུས་པ་ཡོད་པ་རེད། འདས་པའི་ལོ་ཤས་ནང་ངོས་ཀྱིས་ཕྱིའི་གོ་མཚོན་བཀག་འགོག་བྱེད་པར་ཐོག་མར་ནང་གི་གོ་མཚོན་སྤང་དགོས་པར་བརྗོད་བཞིན་ཡོད་ལ། གནས་སྟངས་ཇི་འདྲ་ཞིག་ཡིན་རུང་སེམས་ནང་རེ་དོགས་དང་འཇིགས་སྣང་གང་ཡང་མེད་པར་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་ཞིབ་དཔྱོད་བྱས་ཏེ། གནད་དོན་དེ་སེལ་ཐུབ་པའི་ཐབས་ལམ་ཡོད་པ་ཡིན་ན་ངེས་པར་དུ་འབད་ཐབས་བྱེད་དགོས་པ་དང་། གལ་ཏེ་གནད་དོན་སེལ་རྒྱུའི་ཐབས་ལམ་མེད་པ་ཡིན་ན་དེར་བསམ་བློ་བཏང་སྟེ་ཆུ་ཚོད་ཆུ་ཟོས་སུ་མ་གཏོང་།

ང་ཚོ་ནང་པ་སངས་རྒྱས་པས་འཇིག་རྟེན་ཁམས་འདི་ཚང་མ་གཅིག་ལ་གཅིག་རྟེན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ངོས་ཀྱིས་ནམ་རྒྱུན་གོ་ལ་ཡོངས་ཁྱབ་ཀྱི་འགན་ཁུར་སྐོར་ནས་ཡང་ཡང་བཤད་ཀྱི་ཡོད། ཐེངས་འདིར་འཇིགས་སྣང་ཆེ་བའི་ཏོག་དབྱིབས་རིམས་ནད་དེས།  ང་ཚོར་མི་གཅིག་གིས་མགྱོགས་མྱུར་ངང་གཞན་དག་ལ་ཤུགས་རྐྱེན་ག་འདྲ་སྤྲོད་ཐུབ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་། གནད་དོན་དེས་ང་ཚོར་བྱམས་པ་དང་བརྩེ་བས་སྨན་ཁང་ནང་ལས་གཉེར་བྱེད་མཁན་ཚོས་འབད་བརྩོན་དང་། སྤྱི་ཚོགས་རྒྱང་ཐག་རིང་བོར་སྡོད་དགོས་པ་ལག་བསྟར་སོགས་བྱས་པ་ཡིན་ན། གནད་དོན་དེ་དག་གིས་མང་པོ་ཞིག་ལ་ཕན་ཐོགས་ཀྱི་ནུས་པ་ཆེན་པོ་ཡོད་པ་རེད། ཅེས་གསུངས་འདུག

ཏོག་དབྱིབས་རིམས་ནད་དང་འབྲེལ་མིའི་རིགས་ཚང་མའི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད་པའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཐོག་མར་ཏོག་དབྱིབས་ནད་རིམས་དེ་རྒྱ་ནག་ཝུ་ཧན་ནང་ཐོན་པ་ནས་ངོས་ཀྱིས་རྒྱ་ནག་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་སྤུན་མཆེད་ཚོའི་ཆེད་དུ་སྨོན་ལམ་རྒྱག་བཞིན་ཡོད། ད་ལྟ་ང་ཚོས་བསམ་ན་རིམས་ནད་དེ་སུ་ལ་ཡང་འགོས་སྲིད་པ་ཞིག་རེད་ལ། ང་ཚོ་ཚང་མས་རང་གི་སྙིང་ཉེ་བ་དང་མ་འོངས་པའི་ཆེད་དང་། གོ་ལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་དང་ང་ཚོ་མི་སྒེར་རང་གི་འཚོ་རྟེན་སོགས་ཀྱི་ཐད་ལའང་སེམས་འཕྲལ་བྱེད་བཞིན་ཡོད་ན་ཡང་། སྨོན་ལམ་བརྒྱབ་པ་ཙམ་གྱིས་དེ་དག་སེལ་ཐབས་ཡོད་པ་མ་རེད།

དཀའ་ངལ་འདིས་ང་ཚོར་འགན་འཁུར་ཚང་མ་མཉམ་ལེན་དགོས་པ་གསལ་སྟོན་བྱས་ཡོད་པས། ང་ཚོས་ངེས་པར་དུ་སྨན་པ་དང་སྨན་ཞབས་པ་ཚོས་ཚན་རིག་གཞི་ལ་བཞག་སྟེ་བློ་སྤོབས་ཆེན་པོས་ནད་ཡམས་དེ་གནས་སྟངས་བཟང་ཕྱོགས་སུ་བསྒྱུར་ཐབས་དང་། ང་ཚོའི་མ་འོངས་པ་དེ་འཇིགས་སྣང་ཆེ་བའི་གནས་ནས་ནས་སྲུང་སྐྱོབ་བྱེད་བཞིན་པར་མཉམ་རོགས་དང་གདོང་གྲོགས་བྱེད་དགོས་པ་དང་། འཇིགས་སྣང་ཆེ་བའི་དུས་ཚོད་འདིའི་ནང་གོ་ལ་གཅིག་གྱུར་གྱི་བསམ་བློ་བཏང་བའི་ཐོག་ནས་ཡུན་རིང་གི་འཐབ་རྩོད་དང་འགན་འཁུར་དགོས་པ་དང་། ང་ཚོས་བར་སྣང་ཁམས་ནས་བརྒྱབ་པའི་འཛམ་བུ་གླིང་གི་པར་ལ་བལྟ་སྐབས་རྒྱལ་མཚམས་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་བརྟེན། ང་ཚོ་ཚང་མས་ངེས་པར་དུ་གོ་ལ་གཅིག་གྱུར་གྱི་བསམ་བློའི་ངོས་ནས་གནམ་གཤིས་འགྱུར་ལྡོག་དང་དཀའ་རྙོག་གཞན་ཁག་ལ་གདོང་ལེན་བྱ་དགོས་པ་དང་། རིམས་ནད་འདིས་ང་ཚོར་མཉམ་རུབ་ཐོག་ནས་འགན་འཁུར་དགོས་པ་དང་། མ་འོངས་པར་ང་ཚོར་བློ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

དེ་བཞིན་ང་ཚོས་དྲན་དགོས་པ་ཞིག་ལ་མི་སུ་ཞིག་ཡིན་ཡང་དཀའ་ངལ་མེད་མཁན་ཞིག་མེད་སྟབས། དུས་སྐབས་འདིར་སྡོད་ཁང་དང་ནང་མི་སྤུན་མཆེད་མེད་མཁན་ཉམ་ཐག་ཚོར་རོགས་རམ་དང་སྲུང་སྐྱོབ་བྱེད་དགོས་པ་དང་། དཀའ་ངལ་འདིས་ང་ཚོར་ཕན་ཚུན་ཁ་ཐག་རིང་བོར་གནས་ཡོད་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་གནས་དགོས་པ་དྲན་སྐུལ་བཏང་ཡོད་པ་དང་། ང་ཚོ་ཚང་མར་བྱས་བརྩེའི་ངང་གཞན་ལ་རོགས་རམ་བྱེད་རྒྱུའི་འོས་འགན་ཡོད་པ་རེད།

ནང་པ་སངས་རྒྱས་པ་ཞིག་ལ་མཚོན་ན། ངོས་ཀྱིས་མི་རྟག་པའི་ལྟ་གྲུབ་ལ་ཡིད་ཆེས་བྱེད་བཞིན་ཡོད་པས། མ་འོངས་པར་ནད་ཡམས་འདི་ཡང་ཞི་འགྲོ་ངེས་རེད་ལ། ངོས་ཀྱི་མི་ཚེའི་ནང་དམག་འཁྲུག་གིས་གཙོས་སྐྱི་གཡའ་དགོས་པའི་གནས་སྟངས་མང་པོ་ཞིག་མཐོང་མྱོང་། ང་ཚོས་སྔོན་ཆད་བསྒྲུབས་མྱོང་བའི་ལས་ཀ་མང་པོ་ཞིག་མཐར་ཞི་ནས་ང་ཚོར་བསྐྱར་དུ་ལངས་ཐུབ་པའི་གོ་སྐབས་བྱུང་ཡོད་པ་རེད། ངོས་ནས་ལྷག་བསམ་རྣམ་དག་གིས་མི་ཚང་མ་བདེ་འཇགས་དང་སེམས་ལྷོད་པོ་ཡོང་བའི་རེ་བ་བྱེད་བཞིན་ཡོད་ལ།  གཉན་འཕྲང་གི་དུས་སྐབས་འདིར་ཚང་མས་རེ་བ་མི་བརླག་པར་མཉམ་རུབ་ཀྱི་འབད་བརྩོན་ལ་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་སྤོབས་པ་ཡོད་དགོས། ཅེས་གསུངས་འདུག

བོད་སྒྱུར་ཞུ་མཁན། སངས་རྒྱས་དཀོན་མཆོག

ཕྱི་ཚེས་ ༡༤ ཉིན་མོར། ༧ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་ཀྱང་སྐུ་སྒེར་གྱི་ངོ་དེབ་ཐོག རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་དུ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་བཀའ་སློབ་ཅིག་གནང་བའི་ནང་། ནང་པ་སངས་རྒྱས་པའི་རྗེས་འཇུག་ཚང་མས་བདུན་ཕྲག་འདིའི་གཟའ་སྤེན་པ་ནས་བཟུང་སྟེ། བདུན་ཕྲག་གཅིག་གི་རིང་ཉིན་ལྟར་ཆུ་ཚོད་གཅིག་ལ་དྲ་ཐོག་ཏུ་ཚང་མས་མཉམ་དུ་ཞལ་འདོན་བྱས་ཏེ་ཐེངས་འདིའི་རིམས་ནད་ཆེད་དུ་བསྔོ་བ་དང་སྨོན་ལམ་གསུང་འདོན་གནང་དགོས་སྐོར་གསུངས་འདུག

བརྙན་ཐུང་དེའི་ནང་༧ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། སྤྱིར་བཏང་ནད་རིམས་དེ་མཆེད་པ་ནས་བཟུང་ད་ལྟ་བར་དུ་འཛམ་གླིང་ཧྲིལ་བོའི་མིའི་འཚོ་བ་དང་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ལྷག་པར་དུ་འབྱུང་འགྱུར་གྱི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ལའང་ད་ལྟ་ཏན་ཏན་ཞིག་མེད་པས་ཚང་མར་སེམས་ཁྲལ་དང་བློ་འཚབ་ཆེན་པོ་ཡོང་གི་ཡོད་པ་རེད། སྤྱིར་བཏང་སྟོན་པ་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་གསུངས་པ་ནང་བཞིན། ང་ཚོའི་མི་ཚེའི་ནང་གི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་སྐད་ཅིག་སྐད་ཅིག་ལའང་མི་སྡོད་པར་འགྱུར་བ་འགྲོ་ཡི་ཡོད་པ་རེད། ཡིན་ནའང་འགྱུར་བ་མང་པོ་ཞིག་ང་ཚོས་དང་ལེན་ཐུབ་ཀྱི་ཡོད་སྟབས། དེ་ཙམ་མངོན་གསལ་དོད་པོ་ཡོང་གི་མེད་པ་རེད། ལྷག་པར་དུ་མཚམས་མཚམས་སུ་སོ་སོའི་འདོད་ཕྱོགས་དང་མཐུན་པའི་འགྱུར་བ་བཟང་པོའམ་ཡང་ན་སོ་སོས་བསམ་ཡུལ་ལས་ལྷག་པའི་འགྱུར་བ་ཡག་པོ་བྱུང་བའི་སྐབས་སུ། ང་ཚོས་འགྱུར་བ་མང་ཙམ་ཡོང་བ་ཞིག་དང་ཤུགས་ཆེ་ཙམ་ཡོང་བའི་རེ་བ་རྒྱག་གི་ཡོད་པ་རེད། དེ་ལས་ལྡོག་ཏེ་བསམ་ཡུལ་ལས་འདས་པའི་འགྱུར་བ་ངན་པ་བྱུང་བའི་སྐབས། ང་ཚོའི་སེམས་ལ་དངངས་སྐྲག་དང་ཅི་བྱེད་འདི་བྱེད་མེད་པའི་གནས་སྟངས་དེ་འདྲའང་ཡོང་སྡོད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཐེངས་འདིར་མི་རྟག་པ་ཆེན་པོ་འདི་འདྲ་བྱུང་སྐབས། ང་ཚོས་གང་ཐུབ་ཐུབ་ཀྱིས་དངངས་སྐྲག་མི་བྱེད་པ་དང་ཁ་ནང་དུ་ཕྱོགས་ནས་བསམ་བློ་གཏོང་ཨེ་ཐུབ་ལ་ལྟ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དཔེར་ན་ང་ཚོས་ནམ་རྒྱུན་ཡིན་ཤག་ཤག་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཞིག་དངོས་གནས་བྱས་ན་རིན་ཐང་ཆེན་པོ་ཡིན་པ་ཞིག་དང་། ལྷག་པར་དུ་ནམ་རྒྱུན་ང་ཚོ་ལ་བདེ་ཐང་གི་གཟུགས་པོ་དང་སྙིང་ཉེ་བའི་དགའ་ས་ཡོད་པ་དེ་ཚོ་ཚང་མ་སྐྱིད་ཆེན་པོ་ཞིག་ཡིན་པའི་སྐོར་ལ་སོགས་པ། དེ་ཚོ་ཚང་མར་བསམ་བློ་ལྷོད་ལྷོད་བཏང་སྟེ་ང་ཚོའི་རྐྱེན་ངན་ལ་བརྟེན་ནས་སོ་སོ་ཡར་རྒྱས་ཡོང་བ་དང་། དེ་བཞིན་སློབ་གསོ་གསར་པ་ཐེབས་པའི་འབད་བརྩོན་བྱས་པ་ཡིན་ན་ང་ཚོ་ལ་ཕན་ཐོགས་ཆེན་པོ་འབྱུང་གི་རེད་དྲན་གྱི་འདུག ཅེས་གསུངས་འདུག

ཡང་ཁོང་གིས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ནད་རིམས་དེ་ལ་གདོང་ལེན་བྱེད་དགོས་སྐོར་ལ་བརྙན་ཐུང་དེའི་ནང་། ཐེངས་འདིའི་ནད་རིམས་དེས་ཕོ་མོའི་དབྱེ་བ་དང་མི་རིགས་ཀྱི་དབྱེ་བ། དེ་བཞིན་རྒྱུ་ནོར་དང་དབང་ཆ་ཡོད་མེད་ཀྱི་དབྱེ་བ་འབྱེད་ཀྱི་མེད་པ་རེད། དཔེར་ན་ཨ་རི་དང་ཨེ་ཊ་ལི། སི་པན་ལ་སོགས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་མང་པོས་ཀྱང་ནད་རིམས་འདིར་གདོང་ལེན་བྱེད་པར་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་རེད། དེ་བཞིན་ཡར་རྒྱས་འགྲོ་བཞིན་པ་དང་དཔལ་འབྱོར་གྱི་ཡར་རྒྱས་ཞན་པའི་རྒྱལ་ཁབ་མང་པོ་ཞིག་ལ་དེ་བས་ཀྱང་དཀའ་ངལ་ཆེ་བ་འཕྲད་པ་ཆགས་བསྡད་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་གཅིག་ལ་ནད་པ་གཅིག་མ་གཏོགས་མེད་ནའང་དེས་འཛམ་གླིང་ཡོངས་རྫོགས་ལ་ཉེན་ཁ་སྤྲོད་ཐུབ་པའི་གནས་སྟངས་དེ་འདྲ་ཡིན་དུས། ང་ཚོ་འཛམ་གླིང་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་གདོང་ལེན་དང་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་དྲན་གྱི་འདུག ཅེས་གསུངས་འདུག

ཡང་སྨན་པ་དང་སྨན་ཞབས་པ་སོགས་ཀྱི་བློས་གཏོང་ལ་བསྔགས་བརྗོད་རྗེས་སུ་ཡི་རངས་གནང་དགོས་སྐོར་ལ་ཁོང་གིས། ང་ཚོས་ཉིན་རྟག་ཏུ་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་འཕར་གྱི་ཡོད་པ་ཞིག་དང་། ལྷག་པར་དེའི་ནང་ནས་འདས་གྲོངས་སུ་སོང་བའི་གྲངས་ཀ་དེ་བརྒྱ་དང་སྟོང་མང་པོ་མཐོང་ཡོང་དུས་རིམ་པས་ང་ཚོར་ཚོར་བ་མེད་པ་ལྟ་བུ་ཞིག་ཆགས་སྡོད་ཀྱི་ཡོད་པ་རེད། དངོས་གནས་བྱས་པ་ཡིན་ན་དེ་ཚོ་ཚང་མ་དམར་ལྷང་ལྷང་གི་ཚེ་སྲོག་ཡོད་མཁན་རྐྱང་རྐྱང་ཆགས་བསྡད་ཡོད་པ་རེད། དེ་བས་ང་ཚོས་གོ་སྐབས་འདི་དང་བསྟུན་ཏེ་ནད་པ་དེ་ཚོར་ལྟ་རྟོག་བྱེད་མཁན་གྱི་སྨན་པ་ཚོ་དང་སྨན་ཞབས་པ་ལ་སོགས་ཚང་མས་བློ་གཏོང་ཆེན་པོའི་ཐོག་ནས་གཡུལ་ས་ལ་འཐབ་རྩོད་བྱེད་ཀྱི་ཡོད་སྟབས། དེ་ཚོ་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བསྔགས་བརྗོད་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པ་རེད། དེ་བས་ངའི་སེམས་པའི་མཚོན་བྱེད་ཟེར་ན་འདྲ་འདུག གང་ལྟར་ང་རང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཚང་མས་ཐེངས་འདིའི་རིམས་ནད་འདི་ལ་རྒྱབ་སྐྱོར་མཚོན་བྱེད་དུ་བདུན་ཕྲག་འདིའི་གཟའ་སྤེན་པ་ནས་བཟུང་སྟེ་བདུན་ཕྲག་གཅིག་གི་རིང་ཉིན་ལྟར་ཆུ་ཚོད་གཅིག་གི་རིང་དྲ་ཐོག་ཏུ་ཚང་མས་མཉམ་དུ་ཞལ་འདོན་བྱས་ཏེ་ཐེངས་འདིའི་རིམས་ནད་ཆེད་དུ་བསྔོ་བ་དང་སྨོན་འདུན་བྱ་རྒྱུ་དེ་ལྟར་ཡིན། རྗེས་ལ་དུས་ཚོད་ཁྱབ་བསྒྲགས་ཡོང་གི་རེད། དེ་བས་ཚང་མས་དེ་ལྟར་ང་ཚོ་ཚང་མས་མཉམ་དུ་འཛམ་གླིང་བདེ་བ་ཡོང་བ་དང་ནད་རིམས་མྱུར་དུ་ཞི་བའི་ཆེད་དུ་ཚང་མས་མཐུན་འགྱུར་སྨོན་ལམ་གནང་རོགས་ཞུ་ཡ་ཡིན། ཞེས་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

ཕྱོགས་སྒྲིག་དང་བོད་སྒྱར་བ། འཕྲིན་ལས་དོན་གྲུབ། དབྱིན་ཡུལ།

——–ཏོག་དབྱིབས་ནད་ཡམས་དེ་རང་ཉིད་ལ་མི་འགོ་བ་དང་གཞན་ལ་ཁྱབ་འདལ་དུ་མི་འགྲོ་བའི་ཐབས་ལམ་ཁག


ཁྱེད་ཀྱིས་བྱེད་དགོས་པ་དང་བྱེད་མི་དགོས་པ་ཁ་ཤས་ཤིག་གིས་རང་ཉིད་དང་ཉེ་འཁོར་གྱི་མི་རྣམས་ལ་ཏོག་དབྱིབས་ནད་འབུ་དེ་འགོས་སྲིད་པའི་ཉེན་ཁ་ཆུང་རུ་གཏོང་ཐུབ།

བྱེད་དགོས་པ་ཁག 

  • དོན་དག་གལ་ཆེན་མེད་ན་ངེས་པར་དུ་ཁྱིམ་ལ་སྡོད་དགོས། ཁྱིམ་ལ་སྡོད་རྒྱུ་དེ་ནད་རིམས་སྔོན་འགོག་གི་མཆོག་ཡིན། གལ་ཏེ་ཕྱི་ལ་འགྲོ་དགོས་བྱུང་ན་ངེས་པར་དུ་མི་གཞན་དང་རང་ཉིད་དབར་མི་ཊར་གཉིས་དང་ཡང་ན་ཧྥི་ཊི་དྲུག་གི་བར་ཐག་བཞག་དགོས།
  • དུས་རྟག་ཏུ་ཁྱེད་ཀྱི་ལག་པར་ཡི་ཙི་བརྒྱབ་ནས་ཉུང་མཐར་སྐར་ཆ་ཉི་ཤུའི་དུས་ཡུན་ནང་འཁྲུ་དགོས།
  • གལ་ཏེ་ཆུ་དང་ཡི་ཙི་མེད་པའི་སྐབས་འཁེལ་ན་ཁྲོམ་ནས་ཉོ་རྒྱུ་ཡོད་པའི་ལག་པ་གཙང་བཟོའི་ཆུ་ (hand sanitiser) དེ་བེད་སྤྱད་ན་འགྲིག
  • ཕྱི་ལོགས་ནས་ཁྱིམ་ལ་སླེབས་མ་ཐག་ལམ་སེང་ལག་པ་འཁྲུ་དགོས།
  • ཁྱེད་ཀྱིས་གློ་དང་ཧབ་སྦྲིད་རྒྱག་སྐབས་ཁ་དང་རྣ་གཙང་བཟོའི་ཤོག་བུའམ་ཡང་ན་ཕུ་ཐུང་གིས་བཀབ་དགོས།
  • གཙང་བཟོའི་ཤོག་བུ་གད་སྙིགས་བླུགས་སྣོད་ནང་བླུགས། དེ་མ་ཉིད་དུ་རང་ཉིད་ཀྱི་ལག་པ་གཙང་མར་འཁྲུ་དགོས།

བྱེད་མི་དགོས་པ།

  • ཁྱེད་ཀྱི་ལག་པ་གཙང་མ་མིན་པའི་སྐབས་མིག་དང་། རྣ་བ། ཁ་ལ་སོགས་པར་ལག་པ་འཆང་མི་ཉན།

དྲི་བ།   གལ་ཏེ་ང་ལ་ནད་ཞིག་བྱུང་ན་ངས་ནད་དེ་ཏིག་དབྱིབས་ནད་ཡམས་ཡིན་པ་ངོས་འཛིན་གང་འདྲ་བྱེད་དགོས་སམ།

ལན། ཁྱེད་ཀྱིས་སེམས་འཁྲལ་བྱེད་དགོས་པའི་ནད་རྟགས་གཙོ་བོ་གཉིས་ཡོད། དང་པོ།   ཚ་བ་རྒྱས་པ། ཁྱེད་ཀྱི་བྲང་དང་སྟོད་རྒྱབ་ལ་ལག་པ་འཆང་སྐབས་ཚ་བ་རྒྱས་ཡོད་པ་ཚོར་ཐུབ་པ་དང་། དེ་མིན་ཁྱེད་ལ་དྲོད་ཚད་འཇལ་ཆས་ཡོད་ན་དྲོད་ཚད་ ༣༧.༨ སྟེང་ལ་ཡོད་ན་ཚ་བ་རྒྱས་ཡོད་པ་རེད།

གཉིས་པ། གློ་རྒྱག་པ།   གློ་བུར་དུ་གློ་རྒྱག་པ། དེ་ཡང་མུ་མཐུད་ནས་རྒྱག་པ། དེའི་གོ་དོན་ནི་གློ་དུས་མང་པོར་ཆུ་ཚོད་གཅིག་ལས་དུས་ཡུན་རིང་བ་རྒྱག་པ། ཡང་ན་ཆུ་ཚོད་ ༢༤ ནང་གློ་དུས་བསྟུད་མར་ཐེངས་གསུམ་ལས་མང་བ་རྒྱག་པར་གོ་དགོས།  ནད་རྟགས་དེ་རྣམས་ཐོག་མར་ཞི་འཇམ་ཡོད་པ་དང་ག་ལེར་ཛ་དྲག་ཏུ་འགྲོ་ཡི་ཡོད། སྤྱིར་བཏང་ནད་འབུ་འགོས་ཟིན་ནས་ཉིན་ལྔ་ཡི་རྗེས་དང་དེ་མིན་ཉིན་བཅུ་བཞི་ཡི་རྗེས་ལ་ནད་རྟགས་དེ་ཚོ་མངོན་སྲིད་པ་རེད།

དྲི་བ།   ནད་རྟགས་གཞན་མགོ་ན་བ་དང་གྲོད་པ་མི་བདེ་བ་དེ་ཚོ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བ་ཡོད་དམ།

ལན།   རྒྱ་ནག་དང་ཨི་ཊ་ལི་ནས་ཐོན་པའི་སྙན་ཐོའི་ནང་འཁོད་གསལ་ལྟར་ན་ཏོག་དབྱིབས་ནད་ཡམས་ཡོད་པའི་ནད་པ་དག་ལ་ཐོག་མ་ཉིད་ནས་ནད་རྟགས་ཁག་ཅིག་ཡོང་གི་ཡོད་པ་གཤམ་གསལ། དབུགས་འབྱིན་རྔུབ་ཀྱི་དཀའ་ངལ།  གཟུགས་པོ་ཧ་ཅང་གི་ཐང་ཆད་པ། བྲང་ཁོག་ལ་ན་ཟུག་དང་གནོན་ཤུགས་བསྟུད་མར་སླེབས་པ། མིད་པར་རྨ་ཆགས་པ། གྲོད་པ་མ་བདེ་བ། རྣ་ཆུ་བསྟུད་མར་ཐོན་པ། མགོ་ན་བ།གཟུགས་པོ་ཁྱོན་ཡོངས་ན་བ། ཟས་ཀྱི་རོ་དང་། དྲི་མ། དང་ག་མེད་པར་གྱུར།

དྲི་བ།   ངས་ནད་རྟགས་དེ་ཚོ་མེད་པ་བཟོ་ཆེད་ Ibuprofen ཞེས་པའི་སྨན་དེ་བཟས་ན་འགྲིག་གམ།

ལན། Ibuprofen སྨན་དེ་བཟས་ན་མི་འགྲིག དབྱིན་ཡུལ་སྨན་གྱི་དུས་དེབ་ British Medical Journal ནང་གི་ཉམས་ཞིབ་རྩོམ་ཡིག་གཅིག་ནང་གསལ་དོན་ Ibuprofen སྨན་དེས་ཏོག་དབྱིབས་ནད་ཡམས་ COVID-19 འགོ་བའི་དུས་ཡུན་རིང་དུ་གཏོང་བའམ་ཚབས་ཆེ་རུ་གཏོང་བ་འཁོད་ཡོད་པས་ངེས་པར་དུ་སྨན་དེར་འཛེམ་དགོས། དེའི་ཚབ་ལ་ཆུ་ཚོད་བཞི་དང་དྲུག་གི་དུས་ཡུན་བསྟུད་མར་ཟུག་འཇོམས་་སྨན་ 500mg paracetamol tablets དེ་ཟོས།   དེ་ནས་ཉལ་ཁྲིའི་སྟེང་ངལ་གསོ་བྱས་པ་དང་ཤིང་ཏོག་གི་ཁུ་བ་གང་མང་བཏུང་ན་ཕན་ཐོགས་ཆེ་བ་ཡོད།

དྲི་བ། གལ་ཏེ་ངའི་ཕྲུ་གུ་ལ་ཚ་བའི་ནད་ཕོག་ཡོད་ན་ངས་ཕྲུ་གུའི་ཚ་དྲོད་ལས་སླ་བོར་ཉུང་དུ་ཇི་ལྟར་གཏོང་དགོས་སམ།

ལན། ཡང་བསྐྱར་ Ibuprofen དེར་འཛེམ་དགོས། དེས་དམིགས་བསལ་ཕྲུ་གུར་ནད་རྟགས་དེ་ཚོ་སླེབས་པར་ཚབས་ཆེ་བ་བཟོ་ཡི་རེད། ཕྲུ་གུ་ ལ་ཁུ་བ་ཅན་གྱི་ཟུག་འཇོམས་སྨན་ liquid paracetamol དེ་སྨན་བླུགས་སྣོད་ཀྱི་སྟེང་གསལ་བ་ལྟར་ཕྲུ་གུའི་ལོ་གཞིར་བཟུང་སྨན་གྱི་ཐུན་ཚད་དེ་མ་ནོར་བར་སྤྲད་དགོས།   ཕྲུ་གུར་ཆུ་གང་མང་སྤྲད་དགོས་པ་དང་ཁོ་ཚོ་གཅིན་པ་དུས་བསྟུན་མར་ཡོད་པ་ངེས་པར་དུ་བྱེད་དགོས།   གྱོན་གོས་ཡང་པོར་བཞག་དགོས། འོན་ཀྱང་ཁོ་ཚོའི་གྱོན་གོས་ཕུད་པ་དང་ཆུ་གྲང་མོའི་ནང་གཟུགས་པོ་འཁྲུ་བ་སོགས་ཀྱིས་ཚ་དྲོད་གཅོག་ཐབས་བྱེད་མི་ཉན།   གནས་ཚུལ་བཟང་བ་གཅིག་ནི་ད་བར་གྱི་རྟགས་མཚན་ལ་གཞིགས་ན་ཏོག་དབྱིབས་ནད་ཡམས་དེ་ཕྲུ་གུ་ལ་ནད་ཚབས་ཆུང་བ་ཡོད་འདུག །

དྲི་བ། ངའི་གཟུགས་པོས་ནད་འབུ་དེ་འཇོམས་པ་བྱེད་ཆེད་ངས་སྟོབས་སྐྱེད་དམ་ལུས་ཟུངས་བཅུད་རྫས་ Vitamin C བཟས་ན་འགྲིག་གམ།

ལན། སྟོབས་སྐྱེད་དམ་བཅུད་རྫས་ Vitamin C དེས་ང་ཚོའི་ལུས་ཟུངས་མ་ལག་ལ་རོགས་བྱེད་ཐུབ། ཉམས་ཞིབ་གཅིག་གི་རྙེད་དོན་ལ་དེས་ཏོག་དབྱིབས་ནད་འབུ་འགོག་པར་རོགས་བྱེད་ཐུབ་པ་གསལ་ཡོད། འཕྲོད་བསྟེན་དང་འབྲེལ་བའི་ཉམས་ཞིབ་གཞན་ཁག་གིས་བཅུད་རྫས་ Vitamin C བཟས་ན་གློ་ཚད་ Pneumoniaན་བའི་ཉེན་ཁ་ཆུང་དུ་གཏོང་ཐུབ་པ་གསལ་ཡོད། ང་ཚོས་གདེང་འཕེལ་བའི་ཐོག་ནས་བཅུད་རྫས་ཀྱིས་ཏོག་དབྱིབས་ནམ་ཡམས་ལ་ཕན་པ་བཤད་དགོས་ན་ད་དུང་ཡང་ཉམས་ཞིབ་རིམ་པ་བྱེད་དགོས། གང་ལྟར་ན་སྟོབས་སྐྱེད་དམ་བཅུད་རྫས་ Vitamin C བཟས་ན་དེས་ལུས་ལ་གནོད་པ་དེ་འདྲ་གང་ཡང་ཡོང་མི་སྲིད།

དྲི་བ།  མི་ཚང་མས་བརྗོད་བཞིན་པར་མི་ཁག་ཅིག་དང་དུས་རྒྱུན་ནས་གཏན་དུ་ན་ཚ་ཡོད་མཁན་དག་ལ་ཉེན་ཚབས་ཆེ་བ་ཡོད་པ་ཤོད་ཀྱིན་འདུག་པས།   དེའི་གོ་དོན་ག་རེ་ཡིན་ནམ།

ལན།   ཏོག་དབྱིབས་ནམ་ཡམས་ཡོད་པའི་མི་དྲུག་གི་ནང་ནས་མི་གཅིག་ཙམ་ལ་ནད་གཞི་ཚབས་ཆེན་ཕོག་པ་དང་།   དབུགས་འབྱིན་རྔུབ་མི་ཐུབ་པ་གྱུར་གྱི་ཡོད། དེ་ཚོ་ནི་ཕལ་ཆེ་བ་ལོ་ན་བདུན་ཅུ་ཡན་དང་ལུས་ལ་དུས་རྒྱུན་ནས་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན་དག་རེད། འཕྲོད་བསྟེན་གྱི་དཀའ་ངལ་དཔེར་ན། ཁྲག་རླུང་སྟོད་འཚངས། གློ་བའི་ན་ཚ། སྙིང་གི་དཀའ་ངལ། ཡང་ན་གཅིན་སྙི་ཟ་ཁུའི་ནད། སྦྲུམ་མ་དང་།  འབྲས་ནད་ཀྱི་སྨན་བཅོས་འོག་ལ་ཡོད་པ། ཡང་ན་ནད་འགོག་ནུས་གནོན་སྨན་ Steroids ལྟ་བུ་བཟའ་བཞིན་ཡོད་ན་ཏོག་དབྱིབས་ནད་ཡམས་ འགོ་ལས་སླ་བ་དང་དེས་ཁྱེད་རང་ཛ་དྲག་གི་ནད་རྙོག་འཛིངས་ཅན་ནང་ལྷུང་པའི་ཉེན་ཁ་ཆེན་པོ་བཟོ་ཡི་རེད།

དྲི་བ།   རང་ཉིད་ཁྱིམ་ལ་ལོགས་སུ་སྡོད་པ་ཡང་ན་ཟུར་སྡོད་ self-isolation ཇི་ལྟར་བྱེད་དགོས་སམ།

ལན།   གལ་ཏེ་ཁྱེད་ལ་ནད་རྟགས་དེ་ཚོ་ཡོད་ན་ངེས་པར་དུ་རང་ཉིད་ཁེར་རྐྱང་ལོགས་སུ་ཉིན་བདུན་བསྡད་དགོས། གོ་དོན་ནི་ཁྱེད་མི་གཞན་སུ་ལ་ཡང་ཐུགས་འཕྲད་བྱེད་མི་ཉན།   ཁྱེད་རང་མི་གཞན་དང་མཉམ་དུ་བསྡད་བཞིན་ཡོད་ན་ཁོ་ཚོ་ལ་ནད་རྟགས་དེ་ཚེ་མེད་ན་ཡང་ཉུང་མཐར་ཉིན་བཅུ་བཞིའི་རིང་ཁོ་ཚོ་ཡང་ཁྱིམ་ལ་སྡོད་དགོས།   དེས་ནད་འབུ་གཞན་ལ་མི་ཁྱབ་པ་བྱེད་ཐུབ།   ཉིན་བཅུ་བཞིའི་རྗེས་ཁོ་ཚོ་ལ་ནད་རྟགས་མི་མངོན་ན་དུས་རྒྱུན་ལྟར་འཆར་ཅན་གྱི་བྱ་བར་ཞུགས་ཆོག  ཁྱེད་རང་གི་ནང་ལ་ནང་མི་ལོ་བདུན་ཅུ་ཡན་དང་དུས་རྒྱུན་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་པའི་མི་ཡོད་ན་ངེས་པར་དུ་ཁོ་ཚོ་ལོགས་སུ་བསྡད་ས་ཞིག་བཟོས་ནས་ཁོ་ཚོ་ལ་གནས་སྐབས་རིང་འབྲེལ་འདྲིས་མ་བྱས་ན་ཁོ་ཚོའི་བདེ་འཇགས་ལ་ཕན་ཐོགས་བྱེད་ཐུབ།

དྲི་བ། ངའི་ནད་ཡམས་མི་གཞན་ལ་འགོས་ཉེན་ཅན་མིན་པ་ག་དུས་རྟོགས་ཐུབ་བམ། ཡང་ན་ང་ལ་ནད་རྟགས་ཐོན་ཏེ་ཟུར་སྡོད་ལ་ཡོད་པ་དེ་ག་དུས་མཚམས་འཇོག་བྱེད་དགོས་སམ།

ལན།   ཉི་མ་བདུན་གྱི་ཟུར་སྡོད་དུས་ཡུན་ནང་ཁྱེད་རང་གི་ལུས་ཀྱི་ཚ་བ་མེད་པ་ཆགས་པ་ཉིན་དེ་ནས་བཟུང་ཁྱེད་རང་ལ་ནད་འབུ་འགོས་མེད་པ་གསལ་བས། ཁྱེད་རང་དུས་རྒྱུན་གྱི་འཆར་ཅན་བྱ་བར་ཞུགས་ཆོག  ཁྱེད་ལ་གློ་ཕྲན་བུ་མུ་མཐུད་ཡོད་ན་ཡང་ཚ་བ་ཡལ་ཟིན་ན་དེ་ལ་སྐྱོན་མེད།   ཡིན་ན་ཡང་ཉིན་བདུན་གྱི་ཟུར་སྡོད་རྗེས་ད་དུང་ལུས་ལ་ཚ་བ་ཡོད་ན་མུ་མཐུད་དོགས་ཟོན་བྱེད་དགོས་པ་དང་།   ཁྱེད་རང་གི་ལུས་ཀྱི་ཚ་དྲོད་རྒྱུན་གཏན་ལྟར་མ་ཆགས་པའི་བར་དུ་མི་གཞན་དང་འབྲེལ་འདྲིས་བྱེད་མི་ཉན།

དབྱིན་ཡུལ་གྱི་རྒྱལ་ཡོངས་འཕྲོད་བསྟེན་ཞབས་ཞུ་ National Health Service (NHS) ཡི་དྲ་རྒྱ་ནས་ཕྱོགས་སྒྲིག་དང་བོད་སྒྱུར་བྱས།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php