༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡  ཚེས་ ༡༣ ཉིན་ཇར་མན་ནང་རྟེན་གཞི་བྱས་པའི་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཚོགས་པ་དེའི་ས་གནས་ཡན་ལག་འགན་ཁུར་མི་སྣ་ཆེད་ཕེབས་ཀྱིས་ཚོགས་འདུ་ཚོགས་ཡོད་པའི་ཁྲོད་ཁུལ་དེའི་གྲོང་ཁྱེར་ ༡༢༠༠ བརྒལ་བའི་ནང་རིང་མིན་སླེབས་ལ་ཉེ་བའི་བོད་མིའི་རང་དབང་སྒེར་ལངས་ཉིན་མོར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། དེ་བཞིན་བོད་ནང་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་རྣམས་རྒྱལ་སྤྱིའི་གཞུང་དམངས་ལ་དྲིལ་བསྒྲགས། བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྔར་ལྷག་སྲུང་བརྩི་ཞུ་རྒྱུ་ཡིན་པ་མ་ཟད། ལྷག་པར་ཚོགས་འདུ་དེའི་ཁྲོད་ཚོགས་པ་དེའི་ངོས་ནས་གསར་འགོད་བསྒྲགས་གཏམ་བཤད་ཅིག་སྤེལ་བའི་ནང་འཁོད་དོན།

དེང་སྐབས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མིར་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པའི་སྐབས་འདིར་ང་ཚོས་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་གཞུང་ནས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། ཕྱོགས་མཚུངས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཇར་མན་གཞུང་ཕྱོགས་ནས་སྔར་ལྷག་དོ་སྣང་སྤྲོད་རོགས་ཞུ་རྒྱུ་ཡིན། དེ་བཞིན་ས་གནས་ཆབ་སྲིད་ཚོགས་པ་མང་ཚོགས་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ཐོག་དེ་སྔའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཞོན་སོགས་མཉམ་ཞུགས་གནང་རྒྱུ་ཡིན་འདུག