ཨ་རྒྱ་གཉིས་ཀྱི་གྲོས་མོལ་དང་རྣོ་ངར་ཆེ་བའི་འགྲན་རྩོད།

ཕྱི་ཚེས་ ༩ ནས་ ༡༠ བར་ཉིན་གཉིས་རིང་ཝ་ཤིན་ཊོན་དུ། ཨ་རྒྱ་གཉིས་བར་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཐེངས་གསུམ་པ་དེ་འཚོགས་གཏན་ཁེལ་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་དེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧེ་ལི་རེ་ཁི་ལིན་ཊོན་དང་ནོར་སྲིད་བློན་ཆེན་གྷེ་ཐི་ན་ (Geithner)། རྒྱ་ནག་གི་རྒྱལ་སྲིད་བློན་ཆེན་གཞོན་པ་ཝང་ཀྲི་ཧྲན་དང་།  རྒྱལ་སྲིད་འཐུས་མིའི་རྒྱུན་ལས་ཏེ་པེན་ཀོ་བཅས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་གཞུང་འབྲེལ་སྡེ་ཁག་ ༡༦ དང། རྒྱ་ནག་གི་གཞུང་འབྲེལ་སྡེ་ཁག་ ༢༠ འཐུས་ཚབ་མཉམ་ཞུགས་བྱ་རྒྱུ་ཡིན་འདུག ཚོགས་འདུ་དེའི་སྟེང་བྱང་ཀོ་རུ་ཡའི་རྡུལ་མཚོན་དང་། རྒྱ་སྒོར་གྱི་འཛའ་ཐང་། འགྲོ་བ་མིའི་ཐོབ་ཐང་སོགས་ནི་གྲོལ་མོལ་སྐབས་ཀྱི་གླེང་གཞི་གཙོ་བོར་གྱུར་ཡོད་འདུག 

འགྲོ་བ་མིའི་ཐོབ་ཐང་།

ཉེ་སྔོན་པེ་ཅིན་དུ་ཚོགས་ཟིན་པའི་ཨ་རྒྱའི་བར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཐད་གྲུབ་འབྲས་ཅི་ཡང་མ་ཐོན་པས་རྐྱེན་གྱིས།  ཕྱི་ཚེས་ ༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཨེ་ཤ་ཡའི་གནད་དོན་ཐད་ཀྱི་བློན་ཆེན་གཞོན་པ་ཁེམ་བྷེལ་ (Kurt Campbell) ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ཐེངས་འདིར་ཨ་རིའི་ཕྱོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་ཕྱོགས་ཡོངས་ནས་ཁ་གསལ་དང་ཡོངས་ཁྱབ། མངོན་ལྐོག་མེད་པའི་སྒོ་ནས་གླེང་སློང་བྱ་རྒྱུ་ཡིན་ལ།  རྒྱ་གཞུང་གིས་ཁྲིམས་མཐུན་གོ་རིམ་མ་བརྒྱུད་པར་དམངས་གཙོ་དོན་གཉེར་བ་མང་པོ་བོར་བརླག་དང་བཀག་ཉར། ཁྲིམས་གཅོད་བྱེད་བཞིན་པའི་གནས་སྟངས་བཅས་ལ་གསལ་བཤད་གནང་དགོས་ཞེས་བརྗོད་ཡོད་པ་དང་།  ཉིན་དེར་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་ཀྱང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་ཕྱོགས་ནས་མི་སྒེར་གནད་དོན་མ་ཚུད་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་སློང་བྱ་རྒྱུར་མོས་མཐུན་ཡོད་པའི་རྣམ་འགྱུར་བསྟན་ཡོད། ཡིན་ནའང་། རྒྱ་ནག་དམངས་གཙོ་དོན་གཉེར་བ་ཡེ་ཅིན་ཧྲན་གྱིས་ཨ་རྒྱ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་དེ་ནི། ཨ་རིའི་ཕྱོགས་ནས་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ཀུན་སྤྱོད་རིན་ཐང་གི་གནོན་ཤུགས་འོག ནུབ་ཕྱོགས་མི་མང་གི་མཐོང་ལམ་ནས་འགྲོ་བ་མིའི་ཐོབ་ཐང་གནད་དོན་དེ་མི་གླེང་ཀ་མེད་ལྟ་བུར་གྱུར་ཡོད་པར་བརྟེན། འཛམ་གླིང་མི་མང་ལ་མགོ་སྐོར་ཐབས་ཀྱི་འཁྲབ་གཞུང་ཙམ་རེད། ཅེས་བརྗོད་འདུག

དཔལ་འབྱོར་ཁེ་ལས།

རྒྱ་སྒོར་གྱི་འཛའ་ཐང་དང་ཁེ་ལས་ཚོང་རའི་རང་དབང་ནི་ཨ་རྒྱའི་བར་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། ཉེ་སྔོན་ཨ་རིའི་ནོར་སྲིད་དང་དཔལ་འབྱོར་གྲོས་མོལ་ཐད་ཀྱི་དྲུང་ཆེ་ལའོ་ཝུན་ཇིར་(David Loevinger)ཀྱིས་གསར་ལམ་ཁག་ཏུ།  འདས་པའི་ཟླ་༨ ནང་རྒྱ་སྒོར་འཛའ་ཐང་བརྒྱ་ཆ་ ༥ ཙམ་མ་གཏོགས་འཕར་སྣོན་བྱུང་མེད་པས་མགྱོགས་མྱུར་འཛའ་ཐང་སྤར་དགོས་པར་མ་ཟད།  ཨ་རིའི་དཔལ་འབྱོར་ཁེ་ལས་ཀྱིས་རྒྱ་ནག་ནང་མཉམ་འབྲེལ་མ་དངུལ་དང་ཐེབས་རྩ་འཛུགས་པའི་ཐད་རང་དབང་སྤྲོད་དགོས་པ་དང་། རྒྱ་གཞུང་གིས་བཟོ་རྩལ་ཐོན་དངོས་ཀྱི་བདག་དབང་སྲུང་སྐྱོབ་ལམ་ལུགས་ལག་སྟར་བྱས་ཏེ། ཐོན་རྫས་རྫུན་མ་རིགས་བཟོ་སྐྲུན་མཚམས་འཇོག་བྱ་དགོས་སྐོར་བརྗོད་འདུག  གནད་དོན་དེའི་ཐད་རྒྱལ་སྤྱིའི་ཚོང་དོན་དཔྱད་བརྗོད་པ་དག་གིས།  རྒྱ་སྒོར་གྱི་འཛའ་ཐང་སྤར་རྒྱུ་དེ་རྒྱ་ནག་གི་དངོས་ཟོག་རིན་གོང་སྟོང་འཕར་གྱི་དཀའ་ངལ་དང་། རྒྱ་ནག་མི་མང་གི་དཔལ་འབྱོར་ཡོང་འབབ་གོང་མཐོར་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དེ་རྒྱ་གཞུང་གིས་ཤེས་རྟོགས་བྱུང་ཡོད་མོད།  ཡིན་ནའང། གྲོས་མོལ་སྐབས་རྒྱ་གཞུང་གིས་ཨ་རིས་རྒྱ་ནག་གི་ཚོང་རའི་དཔལ་འབྱོར་གནས་བབ་ངོས་ལེན་དང་།  ཨ་རིའི་ཚོང་རའི་ནང་རྒྱ་ནག་ཁེ་ལས་ལ་མ་རྐང་འཇོག་ཏུ་འཇུག་རྒྱུ།  རྒྱ་ནག་གི་ཕྱིར་ཚོང་བཀག་སྡོམ་མི་བྱེད་པ་བཅས་ཀྱི་ཆ་རྐྱེན་འདོན་སྲིད་སྐོར་བརྗོད་ཡོད།

འཐབ་ཇུས་བདེ་འཇགས།

བྱང་ཀོ་རི་ཡའི་རྡུལ་མཚོན་གནད་དོན་དང་། ཨི་རག་དང་སུའུ་ཏན་གྱི་གནད་དོན་བཅས་ནི་ཨ་རྒྱའི་བར་གླེང་གཞི་གཙོ་བོར་གྱུར་ཡོད་ལ།  ཉེ་ཆར་གྱི་དཀྱིལ་ཤར་ཡུལ་གྲུའི་དམངས་གཙོའི་གསར་བརྗེའི་གནད་དོན་ཡང་གྲོས་མོལ་སྐབས་གླེང་སློང་བྱ་འཆར་ཡོད་འདུག  དེ་མིན་ཐེངས་འདིའི་གྲོས་མོལ་ཁྲོད་ཨ་རྒྱ་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དོན་འཐུས་ཚབ་ཀྱང་མཉམ་ཞུགས་བྱ་བཞིན་པ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད་པར་མ་ཟད། ཨ་རིའི་ཕྱོགས་ནས་ཐེངས་འདིའི་གྲོས་མོལ་ནི་ཁྱབ་ཆེ་ལ་གལ་གནད་ཅན་ཞིག་ཆགས་ཡོད་སྐོར་བརྗོད་འདུག 

    སྲིད་དོན་དབྱེ་ཞིབ་པ་དག་གིས། ཐེངས་འདིར་ཨ་རིའི་ཕྱོགས་ནས་དཀྱིལ་ཤར་ཡུལ་གྲུའི་དམངས་གཙོའི་གསར་བརྗེ་ཐད་ཀྱི་རྒྱ་གཞུང་གི་ལྟ་སྟངས་དང་། གསར་བརྗེ་ལས་འགུལ་དེས་རྒྱ་ནག་ནང་ཐེབས་པའི་ཤུགས་རྐྱེན། དེ་བཞིན་གནས་འཕྲིན་དྲ་རྒྱའི་རང་དབང་གནད་དོན་སོགས་ལ་དོ་སྣང་བྱེད་ཀྱིན་ཡོད་ནའང་། གྲོས་མོལ་དེར་དམིགས་བསལ་གྱི་ཡར་རྒྱས་རྣམ་པ་ཆེན་པོ་ཞིག་འབྱུང་མི་སྲིད་པའི་སྐོར་བརྗོད་འདུག 

ཁེ་བབ་འགྲན་བརྩོད།

ཕྱི་ཚེས་ ༣ ཉིན་ཝ་ཤིན་ཊོན་དུ་ཨ་རིའི་སྲིད་དོན་བློ་འདོན་ཚོགས་སྡེ་ཞིག་གི་གོ་སྒྲིག་འོག རྒྱ་ནག་ནི་ཤོག་བུའི་སྟག་ཡིན་མིན་ཐད་དཔྱད་གླེང་ཚོགས་འདུ་ཞིག་བསྐོངས་མཐར། ཨ་རྒྱ་གཉིས་ཀྱི་མ་འོངས་པའི་ཁེ་བབ་འགྲན་རྩོད་ཐོག་ལྟ་ཚུལ་མི་མཐུན་པ་རིགས་གཉིས་བྱུང་ཡོད་འདུག ཕྱོགས་གཅིག་གིས་རྒྱ་ནག་གི་སྣང་བརྙན་གསར་བ་ཟེར་པ་ནི་དོན་དངོས་དང་མཐུན་ཐབས་བྲལ་བའི་སྟོང་བཤད་ཅིག་ཡིན་པར་ངོས་འཛིན་དང་།  ཕྱོགས་གཞན་གཅིག་གིས་ཨ་རིས་ད་ལྟ་ནས་ཁེ་བབ་འགྲན་རྩོད་ཀྱི་གྲ་སྒྲིག་མ་གནང་ཚེ། མ་འོངས་པར་འཛམ་གླིང་སྟེང་གི་ཨ་རིའི་ཁེ་བབ་ལ་ཉེན་ཁ་འཕྲད་སྲིད་པའི་ངོས་འཛིན་བྱས་ཡོད་འདུག   

    ཝ་ཤིན་ཊོན་བརྡ་འཕྲིན་ལག་རྩལ་གསར་གཏོད་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཨ་ཐི་ཁེན་སིན་(Robert Atkinson)ལགས་ཀྱིས། འདས་པའི་ལོ་བཅུའི་ནང་ཨ་རིའི་གསར་གཏོད་དང་འགྲན་རྩོད་ཀྱི་ངར་ཤུགས་ཤོར་ཡོད་པའི་རྟགས་མཚན་གསལ་ཤོས་ནི། འཛམ་གླིང་ཚོང་རའི་ནང་ཐོན་སྐྱེད་ལས་རིགས་ཀྱི་ཁེ་བབ་ཤོར་ཡོད་པ་དེས་གསལ་བོ་མཚོན་ཐུབ་པའི་ངོས་འཛིན་བྱས་ཡོད་ལ།  ཁོས་བརྗོད་དོན།  ལོ་རབས་ ༩༠ ནང་ཨ་རིའི་འཁལ་འཐག་དང་གྱོན་ཆས་ལས་རིགས་སོགས་དམའ་རིམ་ཐོན་སྐྱེད་ལས་རིགས་ཀྱི་ཁེ་བབ་ཤོར་ཡོད་པ་དང་། སྐབས་དེར་ཨ་རིའི་མཐོ་རིམ་ཚན་རྩལ་ཐོན་རྫས་ཀྱི་ཁེ་བབ་ཕྱོགས་སུ་ནུས་ཤུགས་བསྒྱུར་ཏེ་གནད་དོན་དེར་སྣང་ཆུང་བྱས་ཡོད། ད་ལྟ་མཐོ་རིམ་ཐོན་རྫས་ཀྱི་ཁེ་བབ་ཤོར་ཡོང་དུས་མི་མངོན་པའི་ཐོན་རྫས་ཏེ། རིག་གནས་དང་ཞིབ་འཇུག་ཐད་ཀྱི་གསར་གཏོད་ཁེ་བབ་ཐད་ནུས་ཤུགས་བསྒྱུར་ཏེ་མཐོ་རིམ་ཐོན་རྫས་ཀྱི་ཁེ་བབ་ཀྱང་བློས་གཏོང་བྱ་བཞིན་ཡོད། འདི་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། ཐོན་སྐྱེད་ལས་རིགས་དང་གསར་གཏོད་ལས་རིགས་གཉིས་དུས་ནམ་ཡང་སོ་སོར་བགར་དེ་ལྟ་མི་རུང་ལ།  ཨ་རིའི་གསར་གཏོད་ཀྱི་ཁེ་བབ་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ཡང་།  གཅིག་ནས་རྒྱལ་ཁབ་ཀྱི་ཐོན་སྐྱེད་ལས་རིགས་དང་གསར་གཏོད་ལས་རིགས་བར་གྱི་སྒྲིག་གཞི་དང་ཐབས་ཇུས་གཞོགས་འདེགས།  འགྲན་རྩོད་ནུས་པ་སྐྱེན་པའི་ཁེ་ལས་ཁྲལ་བསྡུ་མ་ལག་དང་ཟབ་སྦྱོང་སློབ་གསོའི་ལམ་ལུགས་སོགས་ཚགས་ཚུད་མེད་པ་དང་།  གཉིས་ནས་དེང་སྐབས་འཛམ་གླིང་རྒྱལ་ཁབ་གཞན་དག་གིས་ཀྱང་འཕེལ་རྒྱས་ཀྱི་ཕྱོགས་སུ་བདའ་འདེད་གཏོང་བཞིན་པ་བཅས་ཀྱིས་རེད། ཅེས་བརྗོད་འདུག

    ཨ་རིའི་ཕྱི་ཕྱོགས་འབྲེལ་མཐུད་ལྷན་ཚོགས་ཀྱི་ཞིབ་འཇུག་པ་སའེ་ཇེལ་(Adam Segal)ལགས་ཀྱིས།  རྒྱ་ནག་ཏུ་ཚན་རྩལ་ཞིབ་འཇུག་མི་སྣ་དང་ཆེད་སྦྱོང་རྣམ་གྲངས་སོགས་ཁ་གྲངས་ཙམ་གྱི་གསར་གཏོད་རྣམ་པ་ཞིག་ཐོན་ཡོད་ནའང་། ཆབ་སྲིད་དང་སྤྱི་ཚོགས།  རིག་གནས་སོགས་གང་ཐད་ནས་ཨ་རིའི་སྔར་བཞིན་ཁེ་བབ་སྲ་བརྟན་ཐུབ་ཡོད་པར་ངོས་འཛིན་གནང་ཡོད།  ཁོང་གིས་བརྗོད་དོན། ཚན་རྩལ་བ་དང་བཟོ་བསྐྲུན་པ། ཚན་རྩལ་མ་དངུལ་བཅས་ཀྱི་གྲངས་འབོར་ཁོ་ནའི་ཐད་ནས་བསྡུར་གཤིབ་བྱེད་པ་དེ་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་རེད། འདི་ནི་མ་འོངས་པའི་ཨ་རིའི་དཀའ་ཉེན་སེལ་ཐབས་ཀྱི་རྩ་བའི་ལམ་ཁ་མ་རེད། འདས་པའི་ལོ་ ༡༥ ནང་རྒྱ་ནང་གི་ཆབ་སྲིད་མི་སྣ་དང་། ཁེ་ལས་པ། ཉམས་ཞིབ་པ་སོགས་དང་འབྲེལ་ལམ་བརྒྱུད་དེ་ཤེས་རྟོགས་བྱུང་དོན། རྒྱ་ནག་ནང་བློ་ཡུལ་ལ་ཤོངས་དཀའ་བའི་འགོག་རྐྱེན་གསར་བ་སྣ་ཚོགས་འབྱུང་བཞིན་ཡོད་པར་མ་ཟད།  ད་ལྟ་འགོག་རྐྱེན་དེ་དག་སྨིན་ཏེ་ཕྱོགས་ཡོང་ནས་རྒྱ་ནག་གི་ཡར་རྒྱས་གསར་གཏོད་ལ་འགོག་རྐྱེན་ཐེབས་མགོ་བརྩམས་ཡོད། དེར་བརྟེན་ཨ་རིའི་དཀའ་ཉེན་སེལ་ཐབས་ཀྱི་ལམ་ཁ་གཙོ་བོ་ནི་མི་མངོན་པའི་སྟོབས་ཤུགས་ལ་ཐུག་ཡོད་དེ། གཅིག་ནས་ཁེ་ལས་གསར་གཏོད་རིག་གནས་ལ་མཐོང་སྣང་གསར་བ་བསྐྲུན་རྒྱུ་དང་། གཉིས་ནས་སྒྲིག་གཞི་རང་བཞིན་ལས་བརྒལ་བའི་མཉམ་འབྲེལ་ནུས་ཤུགས་མཐོར་འདེགས་གཏོང་རྒྱུ། གསུམ་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་ལྟ་ཚུལ་མི་འདྲ་མིན་སྣ་ཚོགས་ལ་ཕྱོགས་ལྷུང་མེད་པའི་སྒོ་ནས་རང་དབང་གི་ཁོར་ཡུག་བསྐྲུན་རྒྱུ་བཅས་རེད་ཟེར།

 

ཡུ་གུར་བའི་མ་འོངས་པ།

    ཟླ་འདིའི་ཕྱི་ཚེས་ ༢ ནས་ ༨ བར་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཡུ་གུར་ཁེ་དབང་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་༼ཡུ་གུར་བའི་མ་འོངས་པ༽ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་བསྐངས་ཡོད་པ་དང་། ཚོགས་འདུ་དེར་འཛམ་གླིང་རྒྱལ་ཁབ་ ༢༠ ལྷག་གི་ཡུ་གུར་བའི་མགྲིན་ཚབ་པ་དང་། རང་དབང་ཚོགས་སྡེ་ཁག་གི་མགོ་གཙོ། ཤེས་ལྡན་མི་སྣ་བཅས་མི་གྲངས་  ༢༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག   

ཚོགས་འདུའི་མཛད་སྒོའི་སྟེང་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་ཝོལ་ཧྥུ་ ( Frank Wolf )དང་། མེ་ཁི་གྷོ་ཝུན་(Jim McGovern)རྣམ་གཉིས་གཙོས་པའིཨ་རིའི་རྒྱལ་སྲིད་དྲུང་ཆེ་ལས་རོགས་ཞའེ་རེ་ཝར་(Randy Shriver) དང་། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཨེ་ཤ་ཡ་སྡེ་ཚན་གྱི་མགོ་གཙོ་རའེ་ཆར་ཌི་སིན(Dr. Sophie Richardson)རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཨེ་ཤ་ཡ་སྡེ་ཚན་གྱི་མགོ་གཙོ་ཁའོ་མར་(T. Kumar) བཅས་ཀྱིས་གཏམ་བཤད་གནང་སྟེ། ཡུ་གུར་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ཚང་མས་མཉམ་འབྲེལ་གྱི་ཐབས་ཇུས་དང་། ནུས་པ་ལྡན་པའི་ཆབ་སྲིད་གར་སྟེགས་ཤིག་བསྐྲུན་དགོས་པའི་ལྟ་ཚུལ་བཏོན་ཡོད་འདུག

གཞན། རང་དབང་གི་ཁང་པ་(Freedom House) དང་འཛམ་གླིང་ཡུ་གུར་ཚོགས་ཆེན(World Uyghur Congress, WUC)། ཨ་རིའི་ཡུ་གུར་རོགས་ཚོགས (Uyghur American Association, UAA) ། རྒྱལ་སྤྱིའི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཐེབས་རྩ་ཚོགས་པ་(the International Uyghur Human Rights and Democracy Foundation, IUHRDF) སོགས་མི་དམངས་ཀྱི་ཁེ་དབང་དང་རང་དབང་སྲུང་སྐྱོབ་ཚོགས་སྡེ་ཁག་མང་པོ་ཞིག་གིས་ཐེངས་འདིའི་ཚོགས་འདུ་དེར་རྒྱབ་སྐྱོར་བྱས་ཡོད་འདུག  

 

ཚོགས་འདུ་གོ་འཛིན་གནང་མཁན་འཛམ་གླིང་ཡུ་གུར་ཚོགས་པའི་འཐུས་མི་སའེ་ཁྲོ་ཧྥུ་ (Alim Seytoff )ལགས་ཀྱིས།  ཐེངས་འདིའི་ཚོགས་འདུ་ནི་འཛམ་གླིང་རང་བཞིན་གྱི་ཡུ་གུར་གནད་དོན་ཐད་ཀྱི་ཚོགས་འདུ་ཞིག་ཡིན་པར་མ་ཟད། འདིའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་གང་སར་ཡོད་པའི་ཡུ་གུར་བའི་དབུ་ཁྲིད་རྣམས་མཉམ་རུབ་ཐོག་གླེང་མོལ་བྱ་སའི་གར་སྟེགས་ཤིག་བསྐྲུན་ཏེ།  མ་འོངས་པར་ཤར་ཏིར་ཀི་སི་ཐན་མི་མང་གི་ཁེ་དབང་དང་། ཆབ་སྲིད། སྤྱི་ཚོགས། དཔལ་འབྱོར། རིག་གནས་བཅས་ཀྱི་གནས་སྟངས་ཐད་གྲོས་བསྡུར་དང་། ནུས་ལྡན་གྱི་ཐབས་ལམ་བཙལ་ཏེ་ཡུ་གུར་བ་རྣམས་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་ཆོས་རིང་ལུགས་ཀྱི་ཐད་ནས་རྒྱབ་རོགས་ཡོང་ཐབས་བྱ་རྒྱུ་ཡིན་ཟེར།

 འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་རཱ་ཁི་སེ་ཁྲི་ (Dilxat Raxit)ལགས་ཀྱིས་ཀྱང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ། ཕྱི་ལོ་ ༢༠༠༩ ལོར་ཤིན་ཅང་དུ་ ༧་༥ ཡར་ལངས་བྱུང་རྗེས། རྒྱ་གཞུང་གིས་མཚམས་ཚོད་མེད་པར་ཡུ་གུར་མི་རིགས་ལ་དྲག་གནོན་མནར་གཅོད་གཏོང་གི་ཡོད་པ་མ་ཟད། ཡུ་གུར་མི་རིགས་དང་རྒྱ་གཞུང་བར་གྱི་འགལ་བ་གཙོ་བོ་ནི་ཆབ་སྲིད་ཀྱི་གནད་དོན་ཡིན་པས། ཡུ་གུར་མི་རིགས་ཀྱི་མགྲིན་ཚབ་པ་རྣམས་ཀྱིས་ཤར་ཏིར་ཀི་སི་ཐན་མི་མང་གི་འཚོ་གནས་དཀའ་གནད་ཐོག་བསམ་ཚུལ་བསྡུས་ཏེ། སྔར་ལས་ལྷག་པར་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག  

 

ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་ཝོལ་ཧྥུ་( Frank Wolf ) ལགས་ཀྱིས་མཛད་སྒོའི་ཐོག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་ལ། འཛམ་གླིང་གི་སྒེར་གཅོད་པ་ཡོངས་རྩ་མེད་བཟོ་རྒྱུ་དེ། མི་ཚང་མས་རེ་སྙེགས་ཡིན། རྒྱ་ནག་གཞུང་གིས་སྔར་ལས་ལྷག་པར་མེ་ཏོག་བ་སྤྲུའི་གསར་རྗེ་དང་། ཏཱ་ལའི་བླ་མའི་སྐོར་གྱི་གནས་ཚུལ་རྣམས་དྲ་ཚིགས་སུ་འཚོལ་བཤེར་བྱ་མི་ཐུབ་པ་བཟོས་ཏེ། རྒྱ་ནག་ནང་ཕྱོགས་ཡོངས་ནས་གནས་འཕྲིན་དྲ་རྒྱ་བཀག་སྡོམ་བྱས་ཡོད། བྱ་སྤྱོད་དེ་དག་ནི་མི་ཆོས་རང་ལུགས་དང་རྩ་འགལ་ཏུ་གྱུར་བའི་བྱ་སྤྱོད་ཅིག་རེད།

མ་འོངས་པར་ཡུ་གུར་མི་རིགས་ཀྱིས་རང་གི་དབུ་ཁྲིད་ཀྱི་ལམ་སྟོན་འོག་རྡོག་རྩ་གཅིག་སྒྲིལ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ཏེ་མནའ་མཐུན་ཚོགས་སྡེ་ཞིག་འཛུགས་ཐུབ་པ་བྱ་དགོས་ལ།  དེ་དང་དུས་མཚུངས་སུ་ཨ་རིའི་གཞུང་ལའང་གནོན་ཤུགས་སྤྲད་དེ་ཡུ་གུར་དང་བོད་ཀྱི་ས་ཁུལ་བཅས་སུ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བསྐྱར་གསོ་ཡོང་ཐབས་ལ་ནུས་ཤུགས་འདོན་དུ་འཇུག་དགོས། ལོ་རབས་ ༨༠ པར་ཨུ་རུ་སུ་དམར་ཤོག་སྒེར་གཅོད་སྲིད་དབང་མགོ་རྟིང་སློག་སྐབས་ཀྱང་ཨུ་རུ་སུ་འི་མི་དམངས་ཀྱིས་ཀྱང་དེ་མཚུངས་པའི་ལས་འགུལ་སྤེལ་ཏེ་རྒྱལ་ཁ་ཐོབ་པ་རེད། ཅེས་བརྗོད་འདུག   

གསར་འགོད་པ། ཚེ་རིང་རྒྱལ

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php