རྒྱ་གར་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་ཞུ་བཞིན་པ།

 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀངྒ་ར་རྒྱལ་པོའི་འགྲེམས་སྟོན་དབུ་འབྱེད་མཛད་པ


༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༦ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀངྒ་ར་རྒྱལ་པོའི་འགྲེམས་སྟོན་གསར་པ་མ་ཧཱ་རཱ་ཇ་སན་སཱར་ཅནྜ་ (Maharaja Sansar Chand) ཞེས་པའི་འགྲེམས་སྟོན་དབུ་འབྱེད་མཛད་ཡོད། དེ་ཡང་མཛད་སྒོའི་སྐབས་ཀངྒ་ར་རྒྱལ་པོའི་གདུང་སྲས་སྐུ་ཞབས་ཏི་ཀ་རཱ་ཇ་ཨེ་ཤི་བརྱ་ཀ་ཊོ་ (Tikaraj Aishwarya Katoch)  མཆོག་དང་ཁོང་གི་ཡབ་དང་ཡུམ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཅནྜེ་རེ་ཤི་ཀུ་མཱ་རི་ (Chanresh Kumari) མཆོག དེ་བཞིན་རང་གཞུང་བཀའ་བློན་ཁྲི་པ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་མཛད་སྒོའི་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤིང་སྣ་འདེབས་འཛུགས་མཛད་དེ་འགྲེམས་སྟོན་ཁང་དུ་ཆིབས་སྒྱུར་མ་བསྐྱང་སྔོན་རྒྱ་གར་ཡུལ་སྲོལ་གྱི་སྒོ་ནས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་པ་དང་སྦྲགས་༸གོང་ས་མཆོག་གིས་རྟེན་འབྲེལ་མཚོན་ཆེད་ཕེབས་སྒོའི་ནང་༸ཞབས་གཡས་པ་སྔོན་སྤོས་མཛད་དེ་འགྲེམས་སྟོན་ཁང་དུ་ཆིབས་སྒྱུར་བསྐྱངས།

འགྲེམས་སྟོན་ཁང་དུ་ཐུགས་ཞིབ་མཛད་གྲུབ་བསྟུན་འགྲེམས་སྟོན་གྱི་ཡང་སྟེང་དུ་སྐུ་མགྲོན་དང་གསར་འགོད་པ་རྣམས་ལ་ཐོག་མར་གདུང་སྲས་ཞབས་ཏི་ཀ་རཱ་ཇ་ཨེ་ཤི་བརྱ་ཀ་ཊོ་མཆོག་གིས་༸གོང་ས་མཆོག་གིས་དབུས་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་རྗེས་བཀའ་བློན་ཁྲི་པ་མཆོག་གིས་མཛད་སྒོའི་ཐོག་གསུང་བཤད་གནང་། དེ་རྗེས་༸གོང་ས་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ་དོན། མི་རབས་མང་པོའི་ལོ་རྒྱུས་ཡོད་པའི་ཀངྒ་རའི་རྒྱལ་སྲས་དང་རྒྱལ་མོ་རྣམ་པ་གཉིས་ཀྱིས་དབུས་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ལ་ཞུ་རྒྱུར་ངོས་རང་འདིར་ཀངྒ་ར་ (Kangra Valley) ཁུལ་འདིར་བསླེབས་ནས་ལོ་ངོ་ ༥༠ བརྒལ་འགྲོ་གི་ཡོད་ཀྱང་ཀངྒ་རཱའི་གནས་ཚུལ་ཞིབ་ཕྲ་ཞིག་ད་དུང་ཡང་ཤེས་ཀྱི་མེད

དེ་རིང་འདིར་ཁྱེད་རང་ཚོས་ཀངྒ་རའི་ལོ་རྒྱུས་དང་འབྲེལ་བའི་རྒྱལ་པོའི་དངོས་ཆས་འགྲེམས་སྟོན་གནང་བ་འདི་ནི་ངོས་རང་ལ་ཆ་བཞག་ན་གནས་ཚུལ་གསར་པ་ཤེས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་། དེ་བཞིན་མི་གཞན་པ་ཚོར་ཡང་འདས་པའི་དུས་རབས་བརྒྱ་ཕྲག་མང་པོ་ཕྱིན་པའི་གནས་ཚུལ་དྲན་པའི་ཡུལ་དེ་མངོན་དུ་འགྱུར་རྒྱུར་ཕན་ཐོགས་ཧ་ཅང་འདུག  དེ་རིང་ངོས་རང་གནའ་རབས་ནས་ཡོད་པའི་རྒྱལ་རྒྱུད་དང་འབྲེལ་བའི་མཛད་སྒོའི་ཐོག་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་སྤོབས་བྱུང། ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱེད་སྐབས་མཚམས་རེ་ཡར་རྒྱས་དང་སྐྱིད་པའི་དུས་ཤིག་བྱུང་ཡོད་པ་དང། མཚམས་རེ་ཕན་ཚུན་དམག་འཁྲུག་གིས་གཏོར་སྐྱོན་ཚབས་ཆེ་བྱུང་ཡོད། འོན་ཀྱང་སྐབས་དེར་གཏོར་བཤིག་གི་ནུས་པ་དེ་ཙམ་མེད།  འགྲེམས་སྟོན་ནང་ཁྱེད་རང་ཚོའི་ཕ་མེས་ཀྱི་རལ་གྲི་དང་། མདའ་གཞུ། གནའ་སྔ་མོའི་མེ་མདའ་བཅས་འགྲེམས་སྟོན་བྱས་འདུ

དེ་ཚོ་དེང་དུས་བེད་སྤྱོད་མེད། དེང་སང་གཏོར་བཤིག་གཏོང་རྒྱུའི་ནུས་ཤུགས་ཧ་ཅང་གི་མང་དུ་ཕྱིན་ཡོད།  ང་ཚོས་འཚེ་བའམ་དམག་འཁྲུག་དེ་དག་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཆ་ཤས་སུ་བརྩི་རྒྱུ་མེད། ད་ཆ་དམག་འཁྲུག་གི་དུས་ཚོད་ཡོལ་ཚར་བ་རེད། གཏོར་བཤིག་གཏོང་རྒྱུའི་ནུས་སྟོབས་དེ་ཧ་ཅང་གི་མང་དུ་ཕྱིན་པ་དེ་ཉེན་ཚབས་ཆེན་པོ་རེད།

ད་ལྟའི་ཆར་འཛམ་གླིང་ཆ་ཚང་གཅིག་གྱུར་ལྟ་བུ་ཆགས་ཡོད།  མཐའ་གཅིག་ཏུ་འདི་ང་ཚོའི་དགྲ་རེད། འདི་ང་ཚོའི་གཉེན་རེད་ཅེས་བརྗོད་ཐུབ་རྒྱུ་ཁག་པོ་ཆགས་ཡོད། དཔལ་འབྱོར་ལ་སོགས་པའི་གནས་སྟངས་གང་འདྲ་ཞིག་ཡིན་ནའང་རང་གི་དགྲ་བོ་ཡང་རང་ཉིད་གང་ལ་རྟེན་པའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཆགས་ཡོད། དེར་རྟེན་སོ་སོ་རང་ཉིད་ཀྱི་མ་འོངས་པ་ཇི་འདྲ་ཞིག་ཡོང་མིན་དེ་རང་ཉིད་གང་ལ་རྟེན་པའི་སྤྱི་ཚོགས་དེར་རག་ལུས་ཡོད

 

གནས་སྟངས་འདི་དེང་སང་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཆགས་ཡོད།   དེང་སང་རྒྱ་གར་གཅིག་ཆགས་ཡོད་པར་བརྟེན། རྒྱ་གར་ཐོག་ཕྱི་ནས་བཙན་འཛུལ་བྱེད་རྒྱུ་ཁག་པོ་ཆགས་ཡོད། ང་ཚོ་བོད་པར་ཆ་བཞག་ནའང་དུས་རབས་བདུན་པ་བརྒྱད་པའི་སྐབས་བོད་ཀྱི་ཆོས་རྒྱལ་རྣམ་པའི་མངའ་འོག་ཏུ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་ཡོད་སྟབས་སྟོབས་ཤུགས་ཆེན་པོ་ཡོད།  ཕྱིས་སུ་རྒྱལ་པོའི་མངའ་དབང་ཐོར་བར་བརྟེན་བོད་ཀྱི་སྟོབས་ཤུགས་ཉམས་རྒུད་དུ་ཕྱིན་ཡོད། ངོས་རང་འདས་པའི་ལོ་རྒྱུས་མཐོང་ཐོས་བྱུང་སྐབས་མཚམས་རེ་དགའ་སྤྲོ་དང་མཚམས་རེ་སེམས་སྡུག་ཡོང་གི་འདུག འདས་ཟིན་པ་དེ་འདས་པ་རེད། དུས་ཚོད་དེ་ཕྱིར་ལོག་བྱེད་རྒྱུ་མེད་པར་བརྟེན་ང་ཚོས་མ་འོངས་པར་བསམ་བློ་གཏོང་དགོས། ངོས་ཀྱིས་དུས་རྟག་ཏུ་གོ་ལ་གཅིག་འགྱུར་ཡིན་ཚུལ་ནན་པོ་བཤད་ཀྱི་ཡོད་པ་མ་ཟད། དམག་འཁྲུག་གི་དུས་ཚོད་ཡོལ་ཟིན་པ་རེད་ཅེས་བརྗོད་ཀྱི་ཡོད།  ད་ལྟའི་ཆར་ང་ཚོས་མཐུན་སྒྲིལ་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐབས་བྱེད་དགོས། འོན་ཀྱང་སྤྱི་ཚོགས་ནང་རྙོག་གྲ་དང་མི་མཐུན་པ་ཡོང་ངེས་ཤིག་ཡིན

ཕན་ཚུན་མ་མཐུན་པ་ནམ་བྱུང་ཚེ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། ངོས་ཀྱིས་དུས་རྟག་ཏུ་དུས་རབས་ ༢༡ པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་ཞེས་བརྗོད་ཀྱི་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། དེ་རྗེས་གདུང་སྲས་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀངྒ་རའི་སྙན་གྲགས་ཅན་གྱི་སྒྱུ་སྩལ་བ་ཞིག་གིས་བྲིས་པའི་པར་རིགས་ཤིག་འབུལ་ལམ་བཞུས་པ་མ་ཟད། མཐར་གདུང་སྲས་མཆོག་གིས་༸གོང་ས་མཆོག་དང་འབྲེལ་ཡོད་སྐུ་མགྲོན་ཚང་མར་ཐུགས་རྗེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས།

བོད་གཞུང་དྲ་བ་ལས།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php