ཟླ༩་ཚེས་༢༨ ཉིན་གུང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་མཇུག་བསྡོམས་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་རེབ་༧གོང་ས་མཆོག་དང་འབྲེལ་བའི་གྲོས་ཆོད་ཅིག་བཞག་ཡོད་པ་དེ་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་ གྲོས་ཚོགས་འཐུས་མི་ཚོས་ཁོག་ཏུ་གཅིག་ཉར་ནས་ཁ་ནས་གཞན་ཞིག་གསུངས་པ་མིན་པར་ངོས་འཛིན་བྱེད་ཀྱི་ཡོདཅེས་གསུངས་སོང་

ཟླ་འདིའི་ཕྱི་ཚེས་༡༨ནས་༢༨བར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་ཚོགས་ཏེ། དེ་རིང་ཉིན་གུང་ཆུ་ཚོད་ ༡།༠༠ ཙམ་ལ་ཚོགས་འདུ་ཡོངས་སུ་མཇུག་བསྒྲིལ་ཡོད། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་ཕྱི་ལོ་༢༠༡༢ནས་༢༠༡༣ལོའི་ལས་སྡོམ་སྙིང་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ། དེ་བཞིན། སྤྱི་འཐུས་རྒྱུན་ལས་ཀྱི་སྐབས་ལྔ་པའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་སོགས་གྲོས་ཚོགས་ནང་སྙན་སྒྲོན་དང་། དེ་དག་གི་ཐོག་དྲི་བ་དྲིས་ལན་བཅས་གནང་ཡོད། གཞན། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་དང་། ༧གོང་ས་མཆོག་གི་ཐུགས་དགོངས་དྭངས་པའི་གསོལ་འདེབས། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དང་བཀའ་ཤག་ལ་ཐུགས་སྣང་ཞེན་སྐུལ་ཁག་ཅིག་བཅས་གནང་ཡོད།   

གྲོས་ཚོགས་མཇུག་བསྡོམས་གཏམ་བཤད་སྐབས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིར་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་བོད་པར་ཤ་ཚ་ཡོད་མཁན་གྱི་གྲོགས་པོ་རྙིང་པ་གཉིས་བཅས་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་གསུམ་དང་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ཆེད་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་བཅས་བཞག་ཡོད་པ་མ་ཟད།བོད་རྒྱ་ཞི་མོལ་དང་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས།བོད་དོན་དཀའ་རྙོག་སེལ་ཆེད་རྒྱ་ནག་གི་མགོ་ཁྲིད་མཉམ་འབྲེལ་མོལ་བྱ་རྒྱུའི་ལས་དོན་ཐད་བཀའ་ཤག་གི་འབད་འབུངས་གནང་གི་ཡོད་པ་ལྟར།མ་འོངས་པར་དེ་ལས་ཤུགས་ཆེཙམ་གནང་དགོས་པ་དང་དེ་ཡང་རྒྱ་ནག་རང་གི་ནང་དུ་ཆབ་སྲིད་དང་སྤྱི་ཚོགས།དཔལ་འབྱོར་ཕྱོགས་གང་ཐད་ནས་འགྱུར་བ་ཤུགས་ཆེའགྲོ་བཞིན་ཡོད་ཅིང་བར་ལམ་ནས་གནས་ཚུལ་མང་པོ་ཞིག་ཐོན་ཡོང་གི་ཡོད་སྟབསདེ་དག་ལ་བསྐྱར་ཞིབ་གནང་བའི་ཐོག་ནས་གོ་སྐབས་དམ་འཛིན་དང་མ་ཤོར་བ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་འབོད་སྐུལ་གནང་སོང་

ཉེ་ཆར་༸གོང་ས་མཆོག་གིས་ཐུགས་ཕམ་གྱི་བཀའ་སློབ་དང་འབྲེལ་བའི་གྲོས་ཆོད་ཐད་ཁོང་གིས།  ད་རེགྲོས་ཚོགས་ནང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཞག་པ་རེད།དེ་སྤྱི་འཐུས་རྣམ་པས་གསུངས་པ་ལྟར་དགའ་སྤོབས་ངང་གྲོས་ཚོགས་སུ་འཁུར་ཡོང་བ་ཞིག་ཆགས་མེད།གནས་སྟངས་ཞན་པོ་ཞིག་ལ་ང་ཚོ་བསླེབས་ཡོད་སྟབས།དེ་འདྲ་ཞིག་འཁུར་ཡོང་དགོས་ཐུག་པ་རེད།གྲོས་ཆོད་དེའི་ཐོག་བགྲོ་གླེང་དང་སྤྱི་མོས་གཏན་འབེབས་ཐུབ་པ་དེ་གྲོས་ཚོགས་ཀྱི་གཟི་བརྗིད་རེད་བསམ་གྱི་ཡོད།གྲོས་ཚོགས་ནང་ཡོད་པ་ཚང་མ་ཁོག་ཏུ་གཅིག་ཉར་ཁ་ནས་གཞན་ཞིག་བཤད་པ་དེ་འདྲ་རྩ་བ་ཉིད་ནས་མིན་པར་ངོས་འཛིན་བྱེད་ཀྱི་ཡོད།ང་ཚོས་གྲོས་ཚོགས་ནང་དམ་བཅའ་ཡང་བཞག་ཡོད་པ་རེད།གྲོས་ཆོད་དེའི་དགོངས་དོན་ང་ཚོས་ལས་དོན་ཚགས་ཚུད་ཡོང་ཆེད་དང་སྤྱི་ཚོགས་ནང་འཁྲུག་རྐྱེན་མི་ཡོང་བ།ལྷག་པར་དུ་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་ང་ཚོས་ཚམ་ཚོམ་དང་འཛེམ་ཟོན་མེད་པར་གདོང་ལེན་ཞུ་རྒྱུ་ཡིན་ཞེས་པ་ལྟར་གནང་དགོས་ཆགས་ཀྱི་རེད།དེ་མིན་པ་ཡིན་ན་ང་ཚོས་ཚིག་ཡར་བཅུག་པ་དེ་མཛེས་རྒྱན་ཆགས་པ་མ་གཏོགས།དོན་ཐོག་ལ་ཕན་ཐོགས་མེད་པ་ཞིག་རེད།  དེང་སང་སྤྱི་ཚོགས་ནང་བཀའ་མོལ་མང་པོ་ཡོང་དགོས་པ་དེ།གཅིག་ང་རང་ཚོའིསྤྱི་ཚོགས་རང་གིས་བཟོས་བསྡད་ཡོད་པ་རེད།དེ་ལ་འགྲེལ་བཤད་མ་བརྒྱབ་པ་ཡིན་ན་མ་འགྲིག་པའི་གནས་སྟངས་ཤིག་ང་ཚོས་བཟོས་བསྡད་ཡོད་སྟབས།དེ་དག་གི་རྒྱུ་མེད་པ་ཡིན་ན་འབྲས་བུ་ཡོང་དགོས་པ་ཆགས་ཀྱི་ཡོད་པ་མ་རེད།དེའི་ཐོག་ལ་ཐུགས་སྣང་གནང་དགོས་ཀྱི་འདུག ཅེས་གསུངས་བྱུང་

མང་ཚོགས་ཀྱིས་ཆབ་སྲིད་དང་གཞུང་གི་ལངས་ཕྱོགས་ལ་དོ་སྣང་གནང་དགོས་པའི་སྐོར་གསུངས་དོན། ང་ཚོའི་སྤྱི་ཚོགས་དེ་གོ་བརྡ་འཕྲོད་ཐུབ་མཁན་གྱི་སྤྱི་ཚོགས་ཤིག་ཆགས་དགོས་ཀྱི་འདུག༸གོང་ས་མཆོག་དབུ་མའི་ལམ་ལ་ཕེབས་དགོས་པའི་རྒྱུ་མཚན་ལན་མང་བཀའ་སློབ་གནང་གྲུབ་པ་རེད།དེའི་ནང་ནས་ཡོངས་གྲགས་མཁྱེན་བསྡད་པ་དེ་ཨི་ཊ་ལི་དང་ལ་དྭགས།ས་ལུ་སྒར།སུད་སི་བཅས་རེད།ཡོངས་གྲགས་མ་ཆགས་པ་ཨོ་སི་ཊོ་ལི་ཡ་སོགས་ཆིབས་བསྒྱུར་གནང་ས་ཁག་ཏུ་ལན་མང་གནང་དགོས་ཐུག་པ་དེ་ཡང་ང་ཚོའི་སྤྱི་ཚོགས་ཀྱིས་བཟོས་པ་རེད།ང་ཚོའི་སྤྱི་ཚོགས་འདི་གནས་སྟངས་གཞན་དང་མི་འདྲ་བའི་འོག་ལྷག་བསྡད་ཡོད་པ་རེད།རང་བཙན་ཡོད་པའིོ་རྒྱལ་ཁབ་ཀྱི་མི་ཞིག་གིས་སོ་སོའི་ཆབ་སྲིད་གནས་སྟངས་ལ་དོི་སྣང་ཆེན་པོ་གནང་གི་ཡོད་པ་རེད།ང་ཚོ་ལུང་པ་མེད་པའི་མི་རིགས་དང་འཐབ་རྩོད་བྱེད་མཁན་གྱི་མིོ་རིགས་ཤིག་གིས་དེ་བས་ཀྱང་ཆབ་སྲིད་ཐོག་དོ་སྣང་གནང་དགོས་ཀྱང་དེ་ལྟར་མ་གནང་བར་རྐྱེན་བྱས་ཏེ་དཀྲོགས་གཏམ་མང་པོ་ཞིག་ཆགས་ཡོང་གི་ཡོད། ཁག་ཅིག་གིས་ཤེས་བཞིན་དུ་སྤྱི་ཚོགས་ནང་དེ་འདྲའི་གླེང་སློང་བཟོ་བཞིན་ཡོད་པ་རེད།དེར་བརྟེན།ཚང་མས་ཐུགས་སྣང་གནང་སྟེ།ང་ཚོའི་སྤྱི་ཚོགས་དེ་གོ་བརྡ་འཕྲོད་མཁན་དང་རྒྱུ་མཚན་ལ་ལྟ་ཐུབ་མཁན་གྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་ཧ་ཅང་གལ་ཆེན་པོ་རེད” ཅེས་གསུངས་སོང་ 

ཁོང་གིས་མུ་མཐུད་དུ་གསུངས་དོན། “ ༸གོང་ས་མཆོག་གིས་འདས་པའི་ལོ་༦༠ལྷག་གི་རིང་གཡས་སྐྱོར་གཡོན་སྐྱོར་བྱས་ཏེ།ང་ཚོ་འདིར་ཚོགས་ཏེ་སྐད་ཆ་བཤད་པའི་གོ་སྐབས་ཡོད་པ་ཞིག་བྱུང་བ་རེད་ལ། བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཀྱི་བསྟི་གནས་རྒྱ་ཆེན་པོ་དེ་འདྲ་ཞིག་ཆགས་ཐུབ་པ་ཚང་མ་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ལས།གཞན་ཞིག་གིས་ཞེ་དྲག་འཇོན་ཡོད་ཅེ་ན་འཁྲུལ་སྣང་ནང་ལྷག་གི་ཡོད་པ་རེད་བསམ་གྱི་ཡོད་ལ། དུས་རྒྱུན་དེ་ལྟར་ཞུ་མཁན་ཞིག་ཀྱང་ཡིན། འདས་པའི་ལོ་༦༠རིང་༸གོང་ས་མཆོག་གི་སྐུ་ངལ་འཛེམ་མེད་ཐོག་རུབ་རུབ་བཟོས་བཞག་པ་དེ་ང་ཚོས་གཏོང་རྒྱུའི་མགོ་བཙུགས་པ་ཡིན་ན།དེལས་ལྷག་པའི་གྱོང་གུད་ང་ཚོར་རག་རྒྱུ་མི་འདུགང་ཚོ་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ནག་ཉེས་ཆགས་ཀྱི་རེད། ཅེས་སོགས་གསུངས་བྱུང་

གསར་འགོད་པ།དོན་གོ

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་ཡུ་རོབ་བོད་རིགས་མཐུན་ཚོགས་དང་བོད་ཀྱི་དོན་ཁང་སོགས་ཀྱིས་གོ་སྒྲིག་འོག་ཡུ་རོབ་མཐུན་ཚོགས་ཀྱི་བསྟི་གནས་སྦེལ་ཇེམ་གྱི་རྒྱལ་ས་སྦར་སིལ་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་ཡུ་རོབ་ཡུལ་གྲུ་ཁག་བཅུ་བདུན་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་གྲངས་ ༤༠༠༠ བརྒལ་བ་ལྷན་འཛོམས་ཐོག་སྲུང་བརྩི་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ པའི་ཐོག་མེ་འཁོར་འབབ་ཚུགས་ནས་སྒྱུ་རྩལ་ཐང་ཆེན་བར་རྔམ་སྟོན་ཁྲོམ་སྐོར་གནང་གྲུབ་མཚམས་ཐང་ཆེན་དུ་ལྷན་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཡོད། མཛད་སྒོའི་ཐོག་གནད་ཡོད་མི་སྣ་མང་དག་ཅིག་འདུ་འཛོམས་བྱུང་བའི་ཁྲོད་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་ང་ཚོས་འདི་གར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་ཞུ་བཞིན་ཡོད། དེ་བཞིན་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་པའི་སྐབས་སུ་བོད་ནང་གི་བོད་མི་ ༡༠༧ ནས་བོད་བསྟན་པ་ཆབ་སྲིད་ཆེད་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་མང་ཆེ་བ་འདས་གྲོངས་སུ་གྱུར་ཡོད། བཙན་བྱོལ་ནང་ནས་ཀྱང་བོད་མི་ཁག་གཅིག་གིས་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་སླད་རང་ལུས་མེར་སྲེག་བཏང་ཡོད།

དེ་རིང་འདི་གར་དམིགས་སུ་བཀར་ནས་ཡུ་རོབ་ཁུལ་གྱི་བོད་མི་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ཡུ་རོབ་ནང་ལོ་རྒྱུས་ལྡན་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད། དེར་བརྟེན་ངས་གོ་སྒྲིག་ཞུ་མཁན་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་དང་བོད་མིའི་དཀའ་རྙོག་མ་གསལ་བར་དུ་ང་ཚོས་མུ་མཐུད་ལས་འགུལ་དེ་རིགས་སྤེལ་དགོས་པ་ཞིག་ཆགས་ཀྱི་རེད།

དེ་རིང་རྣམ་པ་ཚོས་མ་བསྐུལ་དང་བླངས་ཐོག་འདི་གའི་ལས་འགུལ་ནང་མཉམ་བཞུགས་གནང་བ་ལྟར། མ་འོངས་པར་ཡང་བོད་དོན་ལ་ཕན་ཐོགས་ཡོད་པའི་ལས་འགུལ་གང་འདྲ་སྤེལ་རུང་མཉམ་ཞུགས་གནང་རོགས་ཞུ་རྒྱུ་ཡིན། ང་ཚོ་རྡ་སར་གནས་སྡོད་སྲིད་སྐྱོང་གིས་དབུས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཡིན་རུང། གང་ལྟར་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་མི་མང་གི་ངོས་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་སྐབས། ང་ཚོར་ལས་འགུལ་སྤེལ་རྒྱུའི་བློ་སྟོབས་གསར་པ་བསྐྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མན་སི་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་སོགས་གནད་ཡོད་མི་སྣ་ཁག་གཅིག་གིས་རིམ་བཞིན་གསུང་བཤད་གནང་ཡོད

 

༄༅། །བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་ནི་མི་ལོ་ ༥༤ གོང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་འཕྲོག་བྱ་རྒྱུའི་གཡོ་བྱུས་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བདོ་བའི་ངན་བྱུས་སོགས་ལ་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་རང་དབང་སྒེར་ལངས་བྱས་པའི་ཉིན་མོ་ཡིན་པ་དང་། དེ་རིང་ནས་བཟུང་ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་ཐོག བོད་ཕྱི་ནང་དུ་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་མཚོན་བྱེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་ཡང་ཆབས་ཅིག་སྲུང་བརྩི་ཞུ་རྒྱུ་ཡིན།

རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་ནས་ད་བར་མི་ལོ་ ༦༤ ཙམ་འགྲོ་བཞིན་པའི་རིང་བོད་མི་ས་ཡ་བརྒལ་བ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། དགོན་པ་སྟོང་ཕྲག་མང་པོ་རྩ་གཏོར་གྱིས་མཚོན་བོད་ཀྱི་སྣོད་བཅུད་རྣམས་གཏོར་བཅོམ་འཕྲོག་གསུམ་ཡ་ང་བ་བྱས་པ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་བོད་མིའི་ཆོས་དང་། རིག་གཞུང། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་བྱུས་ངན་རྒྱུན་ཆད་མེད་པར་བཤམས་ཏེ། བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་ལ། རྒྱ་ནག་གི་འགོ་འཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་བསམ་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། མགོ་སྐོར་བསླུ་བྲིད་ཀྱི་རྫུན་གཏམ་ཁོ་ནས་རྒྱ་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་དངོས་ཡོད་གནས་སྟངས་འགེབས་སྦས་བྱེད་བཞིན་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།

བོད་རྒྱལ་ཁབ་འདི་སྲིད་པ་ཆགས་པ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་མ་བྱས་པའི་བར། ཆབ་སྲིད་དང་། འཛིན་སྐྱོང། ཁྲིམས་ལུགས་བཅས་པ་བོད་མི་རང་གིས་དོ་དམ་སྟངས་འཛིན་བྱས་པ་ལས། གཞན་གྱི་དབང་འོག་ཏུ་ཡེ་ནས་མེད་པའི་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞིང། དེང་རབས་ཡོངས་གྲགས་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་འགྲེལ་བརྗོད་དང་མཐུན་ལ། དེང་སང་རང་བཙན་ཡོད་པའི་རྒྱལ་ཁབ་མང་པོ་ལས་ལྷག་པའི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། ཡིན་ནའང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རྒྱ་བསྐྱེད་རིང་ལུགས་པའི་བཙན་དབང་འོག་གི་རྒྱལ་ཁབ་མང་པོ་ཞིག་ལ་རང་བཙན་ཐོབ་པའི་དུས་དེར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྐབས་དེའི་ཆབ་སྲིད་དང་གནས་སྟངས་མང་དག་ཅིག་གི་གོ་སྐབས་བླངས་ཏེ་བོད་ཐོག་དྲག་པོའི་བཙན་འཛུལ་བྱས་མཐར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་བརྒྱད་ཁྲི་ལྷག་ཙམ་ ༡༩༥༩ ལོར་བཙན་བྱོལ་དུ་གྱར་དགོས་བྱུང་ཡོད།

རྒྱ་གཞུང་གིས་མི་སེར་སྤེལ་བའི་སྲིད་བྱུས་འོག་ད་ལྟའི་ཆར་དཔལ་འབྱོར་གྱི་ཁེ་ཕན་ཡོད་སའི་བོད་ཀྱི་གྲོང་ཁྱེར་ཆེ་ཁག་དང་གྲོང་བརྡལ་ཁག་ཏུ་བོད་མི་རྣམས་སྤྱི་ཚོགས་ཀྱི་མཐར་ཕུད་དེ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ་ནི་ཆེས་ཛ་དྲག་པའི་གནས་སྟངས་ཤིག་ཆགས་ཡོད། བོད་མི་ཚོར་ཆབ་སྲིད་ཀྱི་རང་དབང་ཡེ་ནས་མེད་ཁར། འགྲོ་བ་མི་ཡི་ཐོབ་ཐང་དང་། ཆོས་སྤྱོད་ཀྱི་རང་དབང་། འགྲུལ་བསྐྱོད་ཀྱི་རང་དབང། སྐད་ཡིག་གི་རང་དབང་བཅས་པར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དང་། བོད་ཀྱི་ཁོར་ཡུག་ལ་སླར་གསོ་བྱེད་དཀའ་བའི་གནོད་སྐྱོན་ཚབས་ཆེ་ཕོག་ཏུ་བཅུག་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོས་སྔ་རྗེས་སུ་རང་སྲོག་ལ་མི་འཛེམས་པར་སྙིང་སྟོབས་ཆེན་པོས་འཚེ་མེད་ཞི་བའི་སྒོ་ནས་བོད་མི་རིགས་ཀྱི་མངོན་འདོད་དང་མི་མཐུན་པའི་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁག་ལ་མི་འདོད་པའི་ལས་འགུལ་སྣེ་མང་སྤེལ་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་བོད་ནང་གི་གནས་སྟངས་ཆེས་ཛ་དྲག་པ་དང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།

བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་འཛམ་གླིང་ཕྱོགས་གང་སར་བོད་པར་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་དངོས་ཡོད་གནས་སྟངས་ལ་གཟིགས་དཔྱད་ཀྱིས་བོད་མིའི་ཕུགས་རྒྱང་གི་བདེ་རྩ་ཁོ་ནར་དགོངས་ཏེ་རང་རྒྱལ་གཞན་ཕམ་མ་ཡིན་པའི་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་འདོན་གནང་མཛད་པར་མང་གཙོའི་འགྲོ་ལུགས་དང་མཐུན་པའི་ཐོག་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་འདིར་ད་བར་རྒྱ་ནག་གི་འགོ་འཁྲིད་ཚོས་ཚུལ་མཐུན་གྱི་བདག་སྤྲོད་མི་བྱེད་པ་ནི་ཡ་མཚན་གྱི་གནས་ཡིན།

དེ་རིང་གི་དུས་དྲན་འདི་བརྒྱུད་ནས་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་རྒྱལ་གཅེས་སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱར་སྙིང་ཐག་པ་ནས་གུས་བཀུར་དང་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།

ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ཚང་མས་མཁྱེན་བཞིན་པས། བསྐྱར་ལྡབ་ཞུ་མི་དགོས་ཐོག  ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཤེས་རྟོགས་ར་འཕྲོད་བྱུང་བ་རྒྱལ་གཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༠༧ བྱུང་བ་ནས་མི་གྲངས་ ༨༩ འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་བཞིན་བཙན་བྱོལ་དུའང་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་མི་ཉུང་བ་བྱུང་ཡོད། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་དང་འབྲེལ་བ་ཡོད་པར་བསྙད་བཏགས་ཏེ་བོད་མི་མང་དག་ཅིག་འཛིན་བཟུང་གིས་ཁྲིམས་ཐོག་ནས་ཉེས་ཆད་གཅོད་རྒྱུ་ལ་སོགས་པའི་དམ་དྲག་དང་བརྙས་གཙེར། སྡུག་སྦྱོང་ཚོད་མེད་གཏོང་བཞིན་པ་དེས་རྒྱ་ནག་གཞུང་ལ་དངོས་ཐོག་བདེན་འཚོལ་གྱིས་བོད་མིའི་མངོན་འདོད་བསྐང་རྒྱུའི་བསམ་བློ་རྩ་བ་ནས་མེད་པ་གསལ་པོ་ཆགས་ཡོད།

བོད་ནང་གི་དངོས་ཡོད་གནས་སྟངས་འགེབས་སྦས་ཆེད། རྒྱལ་སྤྱིའི་གསར་འགོད་པ་དང་། གཞུང་དང་གཞུང་འབྲེལ་མིན་པའི་རྟོག་ཞིབ་ཚོགས་པ་ཁག་བོད་དུ་ཞིབ་འཇུག་སླད་འགྲོ་རུ་མི་འཇུག་པར། བདེན་པ་སྦས་རྐྱང་དང་རྫུན་མ་སྒྲོག་རྐྱང་ལ་ཡ་ང་བག་ཚ་མེད་པར་འཛམ་གླིང་མགོ་སྐོར་གཏོང་རྐྱང་བྱེད་པ་དེ་ནི་ཧ་ཅང་གི་ཡི་མུག་དགོས་པའི་གནས་སྟངས་ཤིག་རེད། རང་གི་ནོར་འཁྲུལ་འགེབས་སྲུང་བྱ་ཕྱིར་གཞན་ལ་སྐྱོན་བརྗོད་དང་དཀར་ནག་གོ་ལྡོག་སྟེ།  རང་ལུས་མེར་བསྲེགས་སྐོར་ནང་ཆོས་ལ་འགྲེལ་ལོག་དང་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་དང་བཙན་སྐུལ་བྱེད་ཀྱི་ཡོད་ལུགས་རྫུན་སྒྲོག་བྱེད་བཞིན་པ་མ་ཟད། བོད་ཁུལ་གྱི་རང་བསྲེགས་གྱོད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་བསམ་འཆར་ཟེར་བ་སོགས་ཡིག་ཆ་འདྲ་མིན་དུ་མ་གསར་བཟོ་བྱས་པ་དེས་འཛམ་གླིང་མི་མང་བསླུ་བྲིད་བྱེད་མི་ཐུབ་ལ། རྒྱ་ནག་མི་མང་ཡང་མགོ་སྐོར་གཏོང་ཐུབ་མི་སྲིད། བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་ཀྱི་མེད་པ་ཤེས་བཞིན་དུ་རང་བཙན་རྩོད་མཁན་དང་ཁ་བྲལ་བ་ལ་སོགས་པའི་སྙོན་འཛུགས་བྱེད་བཞིན་པ་དེས་རྒྱ་ནག་ཁ་བྲལ་དུ་འགྲོ་རྒྱུའི་རྨང་གཞི་རྒྱ་གཞུང་རང་གིས་འདིང་གི་ཡོད།

བོད་ནང་དུ་རང་དབང་ལུང་པ་ནང་བཞིན་ཞི་རྒོལ་བྱ་རྒྱུའི་གོ་སྐབས་གཏན་ནས་མེད་སྟབས། གཞིས་བཞུགས་བོད་མི་རྣམས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་དང་། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཐབས། རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་མཚམས་འཇོག་ཡོང་ཐབས་སོགས་ཀྱི་ཆེད་གཞན་ལ་འཚེ་བ་ཏིལ་འབྲུ་ཙམ་མ་བྱས་པར་རང་ལུས་མེར་བསྲེགས་མ་བཏང་ཐབས་མེད་ཀྱི་གནས་སུ་གྱར་ཡོད་ཀྱང་། ད་བར་རྒྱ་གཞུང་གིས་གདུག་རྩུབ་ཆེ་རུ་གཏོང་བ་ལས་དཀའ་སེལ་གྱི་ཐབས་ལམ་གང་ཡང་བསྟེན་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་སེམས་འཚབ་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་སྟོན་པ་ཙམ་ལས། འཛམ་གླིང་ཐོག་སྔར་བྱུང་མ་མྱོང་བའི་ད་ལྟའི་བོད་ནང་གི་ཡ་ང་བ་དང་ཛ་དྲག་གི་གནས་སྟངས་འདི་ལྟ་བུར་སུས་ཀྱང་ནུས་པ་དངོས་སུ་ཐོན་ཐུབ་པའི་འགུལ་བསྐྱོད་གནང་མ་ཐུབ་པར་བོད་མི་ཚོ་བློ་ཕམ་ཆེན་པོ་ཡོད།

བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་བོད་ནང་དུ་གནས་ཚུལ་གང་བྱུང་བ་རྣམས་ཇི་མ་ཇི་བཞིན་འཛམ་གླིང་མི་མང་ལ་ཕྱིར་བསྒྲགས་བྱ་རྒྱུ་ནི་ང་ཚོའི་སྐྱུར་ཐབས་མེད་པའི་ལས་འགན་ཞིག་ཡིན། དེ་ལྟར་བྱས་པར་བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེགས་གཏོང་དགོས་པའི་བརྒྱུད་བསྐུལ་བྱེད་ཀྱི་ཡོད་ལུགས་ཀྱི་རྒྱུ་མཚན་དུ་བགྲངས་ན། འཛམ་གླིང་ཕྱོགས་གཞན་གང་ནའང་གནས་ཚུལ་ཇི་བྱུང་བརྒྱུད་ལམ་ཁག་ནང་སྒྲོག་བཞིན་པ་དེ་ཚོའང་གཅིག་མཚུངས་མ་ཡིན་ནམ། བཙན་བྱོལ་བོད་མིའི་ལས་འགན་གཞི་རྩར་བཞག་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདས་ལོའི་ནང་ལས་འགུལ་གཞི་རྒྱ་ཆེ་བ་ཁག་ཅིག་སྣེ་ཁྲིད་པའི་ནང་ནས་ཟླ་གྲངས་ ༥ ལྷག་རིང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་གཞི་དང་། དེ་རྗེས་ཟླ་ ༡ རིང་རྒྱ་གར་མངའ་སྡེ་སོ་སོར་བོད་དོན་གོ་རྟོགས་དང་ཞུ་སྐུལ་གྱི་ལས་འགུལ། འདི་ལོ་ཕྱི་ཟླ་དང་པོའི་ཟླ་མཇུག་དང་ ༢ པའི་ཚེས་ཤར་ལ་བཀའ་སྤྱི་གཉིས་ཀྱིས་ལྡི་ལིར་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་བཅས་འཐུས་གཙང་གོ་སྒྲིག་ཞུས་པར་འབྲེལ་ཡོད་ཕྱོགས་ཚང་མས་གདུང་སེམས་མཉམ་སྐྱེད་ངང་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་དང་རྒྱབ་སྐྱོར་ཤུགས་ཆེར་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་མར་ཡང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལྷིང་འཇགས་མ་བྱུང་བར་དང་། བོད་རྒྱའི་དཀའ་རྙོག་མ་སེལ་བར་སྐབས་བསྟུན་གྱི་ལས་འགུལ་མང་དག་ཅིག་མ་སྤེལ་ཐུ་མེད་ལ་སོང། ཚང་མས་རྒྱབ་སྐྱོར་མུ་མཐུད་ཡོང་བའི་རེ་བ་ཞུ་བཞིན་ཡོད།

འདི་ལོའི་གསུམ་བཅུའི་དུས་དྲན་དང་དུས་མཚུངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་བརྗེ་བསྒྱུར་གྱི་དུས་སྐབས་འདིར་རྒྱ་གཞུང་གི་འགོ་འཁྲིད་ཚོར་གཉིས་ཕན་གྱི་དགོས་འདུན་ཁག་ཅིག་འདོན་རྒྱུར།
༡༽     རྒྱ་གཞུང་གིས་བོད་རྒྱའི་དཀའ་རྙོག་དེ་སེལ་འོས་པ་དང་། སེལ་དགོས་པ། སེལ་ཐུབ་པ་བཅས་ལ་ངོས་འཛིན་གྱིས་གཉིས་སྨན་དབུ་མའི་ལམ་གྱི་སྒོ་ནས་ཞི་མོལ་འཕྲལ་ནས་མྱུར་དུ་འགོ་འཛུགས་བྱ་དགོས

༢༽     ད་ལྟ་བོད་ནང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་སྤྱི་དང་། རང་ལུས་མེར་བསྲེགས་ཀྱིས་བོད་མིའི་རྩ་ཆེའི་ཚེ་སྲོག་ཤོར་བཞིན་པ་རྣམས་སྐྱོབ་ཆེད། རྒྱ་ནག་གཞུང་གིས་དངོས་ཐོག་བདེན་འཚོལ་དང་བློ་གཟུ་བོའི་སྒོ་ནས་ཞིབ་འཇུག་བྱ་དགོས་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པ་དང་། གཞུང་འབྲེལ་ལམ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བོད་ནང་འགྲོ་རུ་འཇུག་དགོས།
༣༽     རྒྱ་གཞུང་གིས་ད་ལྟའི་བོད་ནང་དུ་མཁྲེགས་བཟུང་དང་དྲག་རྩུབ་ཅན་གྱི་སྲིད་བྱུས་འཛིན་བཞིན་པ་རྣམས་འགྱུར་བ་མ་བཏང་ཚེ། རྒྱ་གཞུང་དང་བོད་མི་རིགས་དབར་འགལ་ཟླ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ་བས། དྲག་རྩུབ་ཅན་གྱི་སྲིད་བྱུས་རྣམས་མཚམས་འཇོག་ངེས་པར་དུ་བྱ་དགོས།
༤༽   ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ལ་རྒྱ་གཞུང་ནས་རྒྱུས་ལོན་ཐོག བོད་མིའི་འགྲོ་བ་མི་ཡི་ཐོབ་ཐང་དང་། ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་པ་སྲུང་སྐྱོབ་དང་། མི་རིགས་དབྱེ་འབྱེད་དང། དྲག་གནོན་མནར་གཅོད་སོགས་མཚམས་འཇོག་གིས་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་བོད་མིར་སྡུག་སྦྱོང་གཏོང་བཞིན་པར་རྒྱང་བལྟ་མ་ཡིན་པར། རྒྱལ་ཁབ་ཀྱི་དབུ་འཁྲིད་རྣམ་པ་དང་གཞུང་གི་འགན་འཛིན་རྣམ་པས་ལངས་ཕྱོགས་གསལ་པོའི་སྒོ་ནས་ནུས་པ་ཐོན་པའི་བྱེད་ཐབས་ཇི་ཡོད་རྩོམ་པའི་དུས་ལ་བབས་པར་ནན་སྐུལ་ཞུ་བཞིན་ཡོད།
ང་ཚོ་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་དོན་བདེན་མཐའ་གསལ་ཐབས་ཆེད། འགན་ནུས་མཉམ་སྤུངས་ཀྱིས་ལས་འགན་བསྒྲུབ་དགོས་པ་ལས། འགན་ཁུར་མེད་པའི་གཏམ་བཤད་དང་། འབྲི་རྩོམ། བརྒྱུད་ལམ་ཁག་ཏུ་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་རིགས་ཁྱབ་སྤེལ་སོགས་མིན་པར་ཁ་ཕྱོགས་གཅིག་ཏུ་བསྒྱུར་ཏེ་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་བསྒྲུབ་ཐུབ་པའི་ཐབས་ལམ་ལ་འཇུག་དགོས་ཀྱི་སྐུལ་མ་ནན་པོ་བྱེད་བཞིན་ཡོད།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་གསང་གསུམ་མཛད་འཕྲིན་མཐའ་དག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མགོན་པོ་གང་ཉིད་འཛམ་གླིང་སྐྱེ་འགྲོ་སྤྱི་དང་གཞིས་བྱེས་བོད་མིའི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། གང་གི་གདུལ་ཞིང་གངས་ཅན་ལྗོངས་སུ་གང་མྱུར་༸ཞབས་སོར་མངོན་པར་བཀོད་དེ་གཞིས་བྱེས་ལྷན་འཛོམས་ཡོང་བའི་སྨོན་འདུན་དང་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ལ།། །

 

 

ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།

 

 

ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༢།༣༠ ཙམ་ལ་རྔ་བ་རྫོང་གཅའ་ཤང་ནག་ཚང་མའི་ཕ་བཛྲི་དང་མ་པད་དཀར་གཉིས་ཀྱི་བུ་རང་ལོ་ ༡༩ ཅན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་གཏོང་སྐབས། དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པས་གཅར་རྡུང་གཏོང་བཞིན་མེ་བསད་དེ་བཙན་ཁྲིད་བྱས་འདུག

གྲྭ་བློ་བཟང་རྒྱ་མཚོ་ལགས་ནི་མིང་སྲིང་ ༤ ཡོད་པའི་ནང་ནས་རྒན་ཤོས་ཡིན་ཞིང་། ཁོང་རྣམ་ཀུན་འཛིན་གྲྭའི་ནང་གི་སློབ་སྦྱོང་དང་སྤྱོད་ལམ་ཡག་ཤོས་ཤིག་དང་། ཚོགས་ལངས་ཐེངས་མང་གནང་མྱོང་མཁན་ཞིག་ཡིན་འདུག

གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་ཡུལ་ནས་གྲྭ་བ་གཅིག་དང་ཕོ་གསར་གཉིས་ལ་གཅར་རྡུང་དྲག་པོ་བཏང་ཡོད་པ་དང་། དོན་རྐྱེན་དེའི་རྗེས་སུ་རྔ་པའི་རྫོང་མཁར་གྱི་འགྲུལ་བསྐྱོད་བཀག་སྡོམ་བྱས་འདུག་པ་དང་། རྫོང་མཁར་དུ་འགྲོ་སའི་སྔར་ཡོད་ཞིབ་བཤེར་ས་ཚིགས་རྣམས་སུ་བོད་མི་རྣམས་ལ་ཞིབ་བཤེར་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༡༡ ཡས་མས་སུ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཁོག་རྩེ་ཤང་ཨ་རུ་ར་གྲོང་ཚོའི་ཕ་བསྟན་པ་ཉི་མ་དང་མ་ཚེ་རིང་གཡང་མཚོ་གཉིས་ཀྱི་བུ་རང་ལོ་ ༢༡ ཅན་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་ ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག   བོད་རང་བཙན་གཙང་མ་ཡིན་ཞེས་སྐད་འབོད་བྱེད་སྐབས། ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་སྟེ་བཙན་འཁྲིད་བྱས་ཡོད་པ་མ་ཟད། དེར་ཡོད་པའི་བོད་མི་ཚོང་པ་ཞིག་གི་སྐེ་རུ་ཡོད་པའི་བྱུ་རུ་དང་ལག་གི་ཕྲེང་བ་སོགས་འཕྲོག་པ་དང་། གཅར་རྡུང་བཏང་སྟེ་བཙན་ཁྲིད་བྱས་ཡོད་འདུག

དེའི་གོང་ཕྱི་ཚེས་ ༨ ཉིན་གྱི་དགོང་མོར། ཆུ་ཆེན་རྫོང་ཨ་ཁོ་རིས་ཤང་གི་སྲིད་གཞུང་དང་སྨན་ཁང་གཙོས་གཞུང་གི་ལས་ཁུངས་ཁག་ནང་གི་རྒྱའི་དར་དམར་མར་ཕབས་ཏེ། བོད་ལ་རང་དབང་དང་རང་བཙན་དགོས་པའི་ཡིག་ཆ་སོགས་འགྲེམས་གཏོར་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་འཕྲལ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་གིས་ལམ་མདོ་ཁག་ཏུ་འགོག་སྲུང་ས་ཚུགས་བཙུགས་ཏེ་མང་ཚོགས་ལ་ཞིབ་བཤེར་ནན་མོ་བྱེད་བཞིན་ཡོད་འདུག

དེ་བཞིན་ཉེ་ཆར་རྒྱ་གར་དང་བལ་ཡུལ་དུ་གནས་མཇལ་དུ་བསྐྱོད་དེ་ཕྱིར་ལོག་བྱེད་མཁན་ལྷ་སའི་གྲོང་མི་རྣམས་རྒྱ་ནག་གཞུང་གིས་མིང་ཐོ་འགོད་དུ་ཡོང་དགོས་པའི་བཀའ་ཁྱབ་བཏང་སྟེ་བོད་མི་བརྒྱ་ཕྲག་དུ་མ་དོ་དམ་བཀག་ཉར་བྱས་ཡོད་པ་དང་། དེ་དག་གི་བཀག་བསྐྱིལ་བྱ་ཡུལ་གྱི་གནས་གླ་དང་ཟས་སོང་གི་འགྲོ་གྲོན་དོ་བདག་ནས་སྒྲུབ་འཇལ་དགོས་པའི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཁམས་དང་ཨ་མདོའི་བོད་མི་མང་པོ་ཞིག་ལྷ་ས་ནས་བཙན་ཤེད་ཀྱིས་ཕྱིར་འབུད་དང་། གཉའ་ནང་དང་འགྲམ་སོགས་སུ་ཉེ་ཆར་དུས་འཁོར་དབང་ཆེན་དང་གནས་བསྐོར་ནས་བོད་ནང་ཕྱིར་ལོག་བྱས་པའི་བོད་རིགས་བཅུ་ཕྲག་ཁ་ཤས་བཀག་བསྐྱིལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།

འདི་སྔོན་ཕྱི་ཟླ་ ༢ ཚེས་ ༣ ཉིན་གསེར་རྟ་རྫོང་ཕུ་འུ་ཤང་དུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་མི་གཅིག་འདས་གྲོངས་ཕྱིན་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་དེ་ལྟར་ཡང་། ད་ཆ་གནས་ཚུལ་ཁུངས་སྤྲོད་བྱེད་མཁན་ནས་ཀྱང་ས་གནས་དེ་རང་ལ་དེ་ལྟའི་གནས་ཚུལ་བྱུང་མེད་པའི་གསལ་བཤད་བྱེད་བཞིན་ཡང་། གསེར་རྟ་ཁུལ་དུ་ཞི་རྒོལ་གྱི་རྐྱེན་ལས་གང་སར་དམག་དཔུང་འགྲེམས་འཇོག་དང་། ཁ་པར་བརྒྱུད་ལམ་བཀག་སྡོམ་གྱི་གནས་ཚུལ་རྣམས་དངོས་གནས་ཆགས་ཡོད།

རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་སུ་ཞི་བའི་མང་ཚོགས་ལ་གཡུལ་འགྱེད་ལྟ་བུའི་དྲག་གནོན་གྲབས་གཤོམ་བྱེད་བཞིན་པའི་བབ་ལ་བལྟས་ན། མདའ་མཚོན་སྐྱབས་སུ་འཛིན་པའི་སྲིད་དབང་འདིས་བོད་ནང་གཞི་རྒྱ་ཆེ་བའི་དམ་དྲག་ལ་ཁ་གཡར་ས་འཚོལ་ཆེད། བོད་ཀྱི་ས་ཆར་ཁང་ཁུང་མེར་བསྲེགས་དང་འཛུགས་སྐྲུན་འགད་གཏོར་སོགས་ཀྱི་སྐྱུགས་བྲོ་བའི་དྲག་སྤྱོད་ཆེད་བཟོས་ཀྱིས་བོད་མིའི་མགོ་ལ་ལེ་ཁག་དཀྲི་བའི་འཁྲབ་སྟོན་རྫུན་བཟོ་བྱེད་སྲིད་པ་དང་།

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། མི་སུ་ཞིག་གིས་གྲྭ་བ་ཉུང་ཤས་ཤིག་ལ་ཚབས་ཆེའི་བྱ་སྤྱོད་སྤེལ་རྒྱུར་ངན་སྐུལ་བྱས་ཏེ། བོད་ལྗོངས་ཀྱི་བརྟན་ལྷིང་གཏོར་བཤིག་གཏོང་རྒྱུའི་རེ་སྟོང་འཆང་བ་དེ་ནི་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་བོད་རིགས་མི་དམངས་ཀྱི་ཁེ་ཕན་ལ་ཕན་ཐོགས་མེད་པ་དང་། མིའི་བློ་ལ་འབབ་པ་ཞིག་ཀྱང་མིན་ཞེས་སོགས་བསྒྲགས་སྟངས་ལ་བལྟས་ན། ང་ཚོས་ད་བར་དོན་རྐྱེན་གྱི་འབྱུང་རྐྱེན་ལ་གཟུ་བོའི་སྒོ་ནས་བརྩད་ཞིབ་དང་། རྒྱ་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་བཅོས་སྒྲིག་དགོས་པའི་གཞི་རྩའི་རེ་འདུན་ཁག་ལ་བསམ་ཞིབ་བྱེད་རྩིས་མེད་པར་མ་ཟད། བོད་ས་སྟོད་སྨད་བར་གསུམ་དུ་མཆེད་པའི་ཞི་རྒོལ་ལས་འགུལ་རྣམས་གྲྭ་བ་ཉུང་ཤས་ཤིག་དང་། དེ་དག་ཀྱང་མི་གཞན་གྱིས་ངན་སྐུལ་བྱས་ལུགས་དཀར་ནག་གོ་ལྡོག་གིས་འགྲེལ་བཤད་རྒྱག་གི་ཡོད།

ཕྱི་ལོ་ ༢༠༠༨ ལོར་ཡང་ཝུན་ཅ་པའོ་ཡིས་པེ་ཅིང་དུ་གསར་འགོད་པར་ང་ཚོས་བོད་མིའི་ཐོག་མེ་མདའ་རྐང་གཅིག་ཀྱང་བརྒྱབ་མེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་གསུངས་ཏེ་དྲོད་མ་ཡལ་གོང་། དེའི་ཁུངས་སྐྱེལ་དུ་བོད་མི་བཅུ་ཕྲག་མང་པོ་དམར་གསོད་བཏང་བའི་པར་རིས་རྣམས་འཛམ་གླིང་གི་མིག་མདུན་དུ་བསྟར་ཡོད་པ་དེ་ཡིན།

བོད་ནང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་དང་། བོད་རིགས་མི་དམངས་ཀྱི་ཁེ་ཕན་ལ་གཏོར་བཤིག་གཏོང་མཁན་སུ་ཡིན་དོན་དམ་གྱིས་བརྩད་གཅོད་བྱེད་བསམས་ན། གཡས་ཁག་གཡོན་དཀྲིའི་འབད་པ་རྩོམ་མི་དགོས་པའི་ཐབས་ལམ་ལས་སླ་ཤོས་དེ་ནི། རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་དང་། གསར་འགོད་པ་བོད་ནང་འགྲོ་རུ་བཅུག་ན་དོན་དག་ཚང་མ་རང་བཞིན་གྱིས་ས་རིས་ཐང་གསལ་ཆགས་ངེས།

འཛམ་གླིང་གི་དབུ་ཁྲིད་རྣམ་པས་འགྲོ་བ་མིའི་བཟང་སྤྱོད་ཀྱི་ཐོག་ནས་རྒྱ་དཔོན་དེ་ཚོར་དྲང་བདེན་གྱི་གནས་ལུགས་གསེད་བཀྲོལ་གནང་སྟེ། བོད་མིའི་ཚེ་སྲོག་སྐྱོབ་ཐབས་ལ་ནུས་པ་ཐོན་པའི་འགན་ཁུར་འཕྲལ་མར་ལེན་རྒྱུ་དུས་ལ་གཏུགས་ཡོད་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ ལ། །

 

ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུའི་

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས།

 

༄༅། །གཞིས་བྱེས་གཉིས་སུ་གནས་འཁོད་རང་རིགས་སྤུན་ཟླ་ཡོངས་ལ་ཆུ་འབྲུག་ལོའི་གནམ་ལོ་ གསར་ཚེས་ལ་འཚམས་འདྲི་ཞུ་བ་དང་སྦྲགས་སྐབས་དོན། བོད་ལྕགས་ཡོས་ལོའི་ནང་རྔ་པ་དང་། རྟའུ། ཆབ་མདོ། དཀར་མཛེས། མགོ་ལོག་དར་ལག་བཅས་སུ་རང་རིགས་སྐྱ་སེར་ཕོ་མོ་ ༡༦ གིས་རང་ལུས་ཞུགས་འབུལ་གནང་སྟེ། སེར་སྐྱ་ ༡༢ སྐུ་སྲོག་ཤོར་ཡོད་པ་དང་། རང་རིགས་ ༤ རང་ལུས་ཞུགས་འབུལ་གནང་རྗེས་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་ཡོད། ཕྱི་ལོ་ ༢༠༠༩ ལོར་རང་ལུས་ཞུགས་འབུལ་གནང་མཁན་གྲྭ་བཀྲ་བྷེ་ལགས་ཀྱི་འཆི་གསོན་གནས་སྟངས་ཀྱང་ ཇི་ཡིན་ཆ་མི་འཚལ་བ་ཆགས་ཡོད།

ཉེ་ཆར་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས། རྒྱ་གཞུང་སྤྱི་བདེ་ལས་བྱེད་དང་དྲག་ཆས་ཉེན་རྟོག་མི་སྣས་ཞི་རྒོལ་མང་ཚོགས་ ཁྲོད་མདེལ་ཆར་ཕབས་ཏེ། བྲག་འགོ་རྫོང་དུ་མི་ ༢ དང་། གསེར་རྟ་རྫོང་དུ་མི་ ༢ ། འཛམ་ཐང་རྫོང་དུ་མི་ ༡ བཅས་དམར་གསོད་བཏང་བ་ཕྱི་གསལ་ནང་གསལ་ཆགས་ཡོད་པ་མ་ཟད། གཞན་དམར་གསོད་ཇི་བཏང་གི་གནས་ཚུལ་ཤེས་རྟོགས་ཡོང་རྒྱུར་དཀའ་བའི་གནས་སུ་གྱར་ ཡོད། གོང་གསལ་རྫོང་ཁག་དང་། རྔ་བ་རྫོང་། པད་མ་རྫོང་། འབར་ཁམས་རྫོང་སོགས་སུ་མང་ཚོགས་ཀྱིས་ཞི་བའི་སྒོ་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་ སྐབས། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། བོད་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ་མ་ཟད། ད་ལྟའི་ཆར་ས་ཁུལ་དེ་དག་ཕལ་ཆེ་བར་ཁ་པར་དང་འགྲིམ་འགྲུལ་བཀག་བསྡོམས་བྱས་ཏེ། མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་འོག་སྲོག་ཉེན་ནམ་ཡོང་མི་ཤེས་པའི་ དངངས་སྐྲག་གི་ཀློང་དུ་ཚུད་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ལྡི་ལིར་བཅའ་བཞུགས་གཞུང་ཚབ་ཁག་ལ་ཛ་དྲག་གནས་སྟངས་ཞུ་སྐུལ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྤྱི་ལྷན་ གྱི་ཡོངས་བསྒྲགས་ཀྱི་སྙན་ཞུ་བསྐུར་གཏོང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་སྤྲོད་དང་། གྲོས་ཚོགས་ཁག་སོ་སོར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བསྐྱར་མ་འཇོག་ཐབས། རྒྱལ་ཚོགས་དྲུང་ཆེར་སྤྱི་ལྷན་གྱི་སྐུ་ཚབ་ངོ་ཐུག་ཐུབ་ཐབས་སོགས་ལས་འགུལ་རིམ་ པར་སྤེལ་རྒྱུའི་ལས་འཆར་བང་བསྒྲིགས་ཡོད་པ་ཁག་སྐབས་འཕྲལ་ལག་བསྟར་མཇུག་གནོན་ ཞུས་དང་ཞུ་མུས་ཡིན་ཞིང་། རང་རིགས་སྤུན་ཟླ་ཡོངས་ནས་ལྕགས་ཡོས་ལོའི་རང་ལུས་ཞུགས་འབུལ་ལས་འགུལ་དང་རྒྱ་ ལོའི་སྐབས་ཞི་རྒོལ་བ་དམར་གསོད་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད་ཞུ་སླད། བོད་མི་འདུ་གནས་ཁག་གི་སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན། ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་། བོད་རིགས་ཚོགས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་། སྐྱིད་སྡུག་ཁག་བཅས་ནས་འགན་ཁུར་བླངས་ཏེ། སོ་སོའི་ཁྱབ་ཁོངས་སུ་གཤམ་གསལ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཞུ་རྒྱུར།

  • ཆུ་འབྲུག་ལོའི་ལོ་གསར་སྐབས། སྤྱི་ཡོངས་ཆོས་ཕྱོགས་ཀྱི་བྱེད་སྒོ་ལས་གཞས་ཞབས་བྲོ་སོགས་སྤྲོ་དགའ་ཁྲ་ཟིང་གི་ རིགས་མི་འོས་པའི་འབོད་བསྐུལ་ཞུ་བ་དང་སྦྲགས། ལོ་གསར་གྱི་བསངས་གསོལ་བྱེད་སྒོའི་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བདེན་ཚིག་ སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་བཅས་གྲངས་གསོག་གང་མང་ཞུ་རྒྱུ། (ཞལ་འདོན་རྣམས་སྤྱི་ལྷན་གྱི་དྲ་རྒྱ་ chithu.org ནས་ཕབ་ལེན་བྱེད་ཆོག)
  • ཆུ་འབྲུག་ལོའི་ལོ་གསར་ཚེས་གཅིག་ཉིན་ཐེག་ཆེན་ཆོས་ གླིང་གཙུག་ལག་ཁང་དུ་ ཚེས་གཏོར་གྲུབ་མཚམས། རྡ་སར་གནས་བཞུགས་སྤྱི་འཐུས་རྣམ་པ་དགོང་དྲོའི་ཆུ་ཚོད་ ༥ པ་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཟས་བཅད་སྙུང་གནས་སུ་བཞུགས་རྒྱུ་ཐག་གཅོད་གནང་ ཡོད་པས། བཞུགས་སྒར་ཉེ་ཁུལ་ནས་མཉམ་ཞུགས་གནང་མཁན་ལ་དགའ་བསུ་ཞུ་རྒྱུ་དང་། བོད་མིའི་འདུ་གནས་གཞན་ཁག་ཏུ་འདི་ལྟའི་བྱེད་སྒོ་སྤེལ་མཁན་ལའང་དགའ་བསུ་ཡོད།
  • ཆུ་འབྲུག་ལོ་ནས་བཟུང་། བཀའ་ཤག་གི་བཀོད་ཁྱབ་སྔོན་སོང་ཐོག  བོད་མི་གནས་ཡུལ་ས་གནས་ཡོངས་སུ་ལྷག་དཀར་ནམ་ཡིན་ལ་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་ཀྱིས་མཚོན་པའི་བོད་མིའི་ཆོས་རིག་དང་ཡུལ་གོམས་གཤིས་ལུགས་ རྒྱུན་འཛིན་གྱི་བྱེད་སྒོ་ཁག་སྲུང་བརྩི་ཞུ་ཐབས་དགོས་ཐོག  ལོ་གཅིག་རིང་གཞིས་ཆགས་ཁག་ཏུ་ཟླ་རེའི་ལྷག་དཀར་དང་པོ་སྲུང་བརྩི་ཞུ་ཆེད། འབྲེལ་ཡོད་གོ་སྒྲིག་བྱེད་མཁན་ནས་ལྷག་དཀར་སྲུང་བརྩི་དགོས་པའི་རྒྱུ་མཚན་ངོ་ སྤྲོད་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་གོང་གསལ་ ཞལ་འདོན་བྱིན་ཅན་ཁག་བཞི་སྒྲོག་འདོན་བྱེད་དགོས་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡ ལ།།

༄༅། །དཔལ་ལྡན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཧུའུ་ཅིང་ཐའོ་མཆོག་ལ་ཞུ་རྒྱུར།

ད་ ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་འདིར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་སེམས་འཚབ་དང་ཧ་ཅང་བློ་ཕམ་ ཡོད་ཅེས་ཞུ་རྒྱུ་ཡིན། རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་གནས་སྟངས་དེ་ནི་འུ་ཐུག་ཐབས་ཟད་ཀྱི་བྱ་ སྤྱོད་ཅིག་ཡིན་པ་སྐུ་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཏན་ཏན་ཤེས་ཀྱི་རེད། འོན་ཀྱང་སྐུ་ཉིད་ཀྱི་སྲིད་གཞུང་ནས་ཞི་བའི་ངོ་རྒོལ་བ་ཚོར་དྲག་གནོན་དང་གདུག་ རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཚེ་སྲོག་ ལ་རིན་ཐང་གང་ཡང་མ་བརྩིས་པ་ཞིག་ཡིན་པ་གདོན་མི་ཟ།
སྐུ་ཉིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པའི་ཆ་ནས་མི་ རིགས་ཕན་ཚུན་དབར་འཆམ་མཐུན་བསྐྲུན་རྒྱུ་དེ་རྒྱལ་ཁབ་འཛུགས་སྐྲུན་གྱི་གཞི་ རྩའི་རྩ་དོན་ཞིག་ཡིན་པ་བརྗོད་ཀྱང་སྐུ་ཉིད་ཀྱིས་ངག་ནས་བརྗོད་པ་དང་དོན་དངོས་ ལག་ལེན་གཉིས་གོ་ལྡོག་ཡོད། འཆམ་མཐུན་ནི་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཀྱི་ཐོག་ནས་བསྐྲུན་དགོས་པ་ལས་དྲག་ གནོན་དང་བཙན་དབང་འོག་ཡོང་ཐབས་མེད་པ་ནི་སྐུ་ཉིད་ཀྱིས་གསལ་པོར་མཁྱེན་ངེས།
ལོ་ཤས་ནང་རྒྱ་ནག་གི་དཔལ་འབྱོར་དང་དམག་ཤུགས་ལ་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་པར་ བརྟེན། ད་ཆ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གཅིག་དང་། རྒྱལ་སྤྱིའི་ནང་སྟོབས་ཤུགས་ལྡན་པ་ཞིག་ཆགས་སྟབས་ད་ཆ་རྒྱ་ནག་དེ་བཞིན་གཞན་གྱི་ ཚོར་བ་དང་བདེ་དོན་ལ་བསམ་ཤེས་གང་ཡང་མེད་པའི་ཁེང་དྲེགས་ཅན་གྱི་འདྲེ་སྲིན་ལྟ་ བུར་གྱུར་ཡོད། དཔལ་འབྱོར་ཡར་རྒྱས་རྐྱང་པས་བདེ་སྐྱིད་བསྐྲུན་མི་ཐུབ་ཅིང་། ཡར་རྒྱས་ནི་འགྲོ་བ་མིའི་རང་དབང་དང་ཆེ་མཐོང་ལ་སྲུང་བརྩི་ཞུ་རྒྱུ་དང་ལྷན་དུ་ མཉམ་བསྐྱོད་ཐུབ་དགོས།
ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ང་ཚོར་འདྲ་མཉམ་ཐོག་ལྟ་གི་མི་འདུག་ ཅེས་གུང་ཁྲན་གྱི་འགོ་ཁྲིད་ཚོས་ཡང་ཡང་སྡུག་སྐད་ཤོར་བ་ང་ཚོས་གོ་ཐོས་བྱུང། སྡུག་སྐད་དེ་ལྟར་རྒྱག་པར་ཐོག་མར་ཁྱེད་ཚོས་སོ་སོའི་རྒྱལ་ཁབ་ཀྱི་གྲངས་ཉུང་མི་ རིགས་ཚོར་འདྲ་མཉམ་ཐོག་ལྟ་བཞིན་ཡོད་དམ་ཞེས་ང་ཚོས་དྲི་བ་ཞིག་འབུལ་རྒྱུ་ཡིན། གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་རྒྱ་ནག་གི་ལྟ་གྲུབ་སྨྲ་བ་ཁུང་ཙིས། རང་གིས་བྱེད་འདོད་མེད་པ་གང། གཞན་ལ་བཙན་འགེལ་མི་བྱེད་དོ། ཞེས་པ་དེ་ལུང་འདྲེན་བྱེད་བཞིན་ཡོད་ནའང་དོན་དངོས་སུ་ཡུ་གུར་མི་རིགས་དང་བོད་ རིགས། སོག་པོ། མན་ཇུའི་མི་རིགས་ལ་ལྟ་གྲུབ་དེ་ལག་བསྟར་བྱེད་ཀྱི་ཡོད་དམ།
འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཆེ་མཐོང་ཐོབ་དགོས་ན་གཞན་ལ་ གུས་བརྩི་ཞུ་དགོས་པ་ལས་དྲག་ཤུགས་ཀྱིས་ཆེ་མཐོང་ཐོབ་མི་ཐུབ། དེར་བརྟེན་བཟང་སྤྱོད་ཀྱི་སྟོབས་ཤུགས་ཐོབ་པར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་ བཀུར་དང་རྩོད་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། ཐབས་ལམ་དེ་ནི་རྒྱ་ནག་རྒྱལ་ཁབ་དང་བོད་མི་རིགས་ཀྱི་གཙོས་མི་རིགས་གཞན་ཚོར་ ཕུགས་རྒྱང་རིང་པོའི་ཁེ་ཕན་ལྡན་པ་ཞིག་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ངོ་ བཅུ་ཕྲག་འགའ་ཤས་རིང་ནས་རྒྱ་ནག་དང་ཁ་བྲལ་འགྲོ་མི་དགོས་པར་དངོས་ཐོག་བདེན་ འཚོལ་གྱི་ལམ་ནས་རྒྱ་བོད་མི་རིགས་གཉིས་སྨན་གྱི་ཕུགས་བསམ་ལྡན་པའི་ཐབས་ལམ་ལག་ བསྟར་བྱས་ཡོད་ནའང། གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་གཞི་རྩ་མེད་པར་གང་བྱུང་ཁག་དཀྲིས་ཀྱིས་གྲོས་མོལ་ ལམ་ལྷོང་ལྡན་པ་ཞིག་དང་རྒྱུན་སྲིང་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་མ་བྱས་པའི་ ཁར་བོད་ཀྱི་གནད་དོན་དེ་རང་བཞིན་གྱིས་ཡལ་འགྲོ་རྒྱུའི་རེ་སྟོང་ཞིག་འཆང་བཞིན་ ཡོད། འོན་ཀྱང་ད་ཆ་བོད་མིའི་སྙིང་སྟོབས་ནི་ནམ་ཡང་ཞུམ་པ་མེད་པ་དང་ཕྱོགས་གཉིས་གས་ མོས་མཐུན་ཡོད་པས་ཐག་གཅོད་ཀྱི་ཐབས་ལམ་ཞིག་མ་རྙེད་བར་དུ་རྒྱུན་མཐུད་གནས་རྒྱུ་ ཡིན་པ་ད་གཟོད་ཁྱེད་རྣམ་པས་ཤེས་ཚོད་ཡིན།
བོད་མི་ཚོས་དུས་རྟག་ཏུ་རང་གི་མངོན་འདོད་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ཐོག་ ནས་གསལ་སྟོན་གྱིས་ཞི་བའི་ངོ་རྒོལ་བྱས་པ་དེར་བསམ་ཤེས་བྱ་རྒྱུའི་ཚབ་ཏུ་གུང་ ཁྲན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་དྲག་གནོན་བེད་སྤྱོད་ བྱེད་རྐྱང་བྱས་ཡོད་པ་མ་ཟད། ཕྱི་གསལ་ནང་གསལ་གང་ཡང་མེད་པར་རང་དབང་ཅན་གྱི་དངོས་དོན་རྟོག་ཞིབ་པ་ལ་བཀག་ འགོག་བྱེད་བཞིན་ཡོད།

རྒྱ་བོད་མི་རིགས་གཉིས་པོའི་ཕུགས་རྒྱང་གི་ཁེ་ཕན་ ལ་དམིགས་ཏེ་སྐུ་ཉིད་ལ་གཤམ་འཁོད་དོན་གནད་ཁག་ལག་བསྟར་གནང་རྒྱུར་ཛ་དྲག་གི་ འབོད་སྐུལ་ཞུ་རྒྱུ་ཡིན།
༡༽ དམག་དཔུང་ཕོན་ཆེ་བསྐྱར་སྣོན་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་གྱིས་ཛ་དྲག་གནས་ སྟངས་ཞི་འཇགས་དང་བོད་མིའི་མངོན་འདོད་ལ་བསམ་གཞིགས་ཀྱི་བྱེད་ཐབས་ལག་བསྟར་ བྱེད་དགོས།
༢༽ དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་ བོད་ནང་གཏོང་དགོས་པ་དང། གལ་ཏེ་དེ་ལྟར་བྱ་རྒྱུར་དཀའ་ངལ་འཕྲད་ཚེ་དངོས་ཡོད་གནས་ཚུལ་འཚོལ་ཞིབ་ཆེད་བོད་ མིའི་སྐུ་ཚབ་གཏོང་དགོས།
༣༽ བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུའི་སྲིད་བྱུས་དང་བྱེད་ཐབས་མཚམས་ འཇོག་བྱས་ཏེ་བོད་མིར་ཆོས་དད་རང་དབང་སྤྲོད་རྒྱུ་དང་ཞི་འགྲིག་གི་ཐབས་ལམ་ བསྟེན་དགོས་པ་དང། བོད་མིའི་སེམས་ཚོར་ལ་དོ་ཕོག་གཏོང་བའི་བྱ་སྤྱོད་འགོག་ཐབས་བྱེད་དགོས།
༤༽ བོད་མི་འབྲོག་པ་རྣམས་ས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་དེ་དག་མཚམས་ འཇོག་གིས་འབྲོག་པ་ཚོའི་ཕ་མེས་ནས་བརྒྱུད་པའི་ཁོར་ཡུག་གི་གོ་རྟོགས་དེ་བཞིན་ བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུའི་ཆ་ཤས་སུ་ངེས་པར་ དུ་མཉམ་ཞུགས་བྱེད་དུ་འཇུག་དགོས།
༥༽ བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཅི་འདྲ་ཞིག་ལག་བསྟར་བྱེད་སྐབས་མཐོ་སྒང་བོད་ ཀྱི་ཁོར་ཡུག་འཇིག་ཉེན་ཆེ་བ་དེར་ངེས་པར་དུ་བསམ་གཞིགས་ཐོག་ས་གནས་བོད་རིགས་ ཚོར་ཁེ་ཕན་ཡོད་པ་བྱེད་དགོས།
༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློ་ བཀྲོལ་བཏང་སྟེ་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་ གཏོང་དགོས།
༧༽ བོད་མི་ཚོ་དང་གྲོས་མོལ་བསྐྱར་གསོ་བྱས་ཏེ་ཆོད་སེམས་བརྟན་པོས་བོད་ཀྱི་དཀའ་ངལ་ སེལ་ཆེད་ཕུགས་རྒྱང་རིང་པོས་ཐབས་ལམ་ཐོག་ནས་བོད་དང་ཉེ་འབྲེལ་ས་ཁྱོན་ཁག་ཏུ་ བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས།
ད་ལྟའི་དུས་འདིར་གཅིག་ལ་གཅིག་རྟེན་དགོས་པའི་གོ་ལ་གཅིག་གྱུར་གྱི་དངོས་ཡོད་ གནས་སྟངས་ཤིག་ཆགས་ཟིན་པ་དེར་གཞིགས་པའི་རྒྱ་ནག་ནང་ཞི་བའི་ཐོག་ནས་བཅོས་ བསྒྱུར་བཏང་སྟེ་མི་མང་གི་རང་དབང་དང་ཆེ་མཐོང་ལ་བརྩི་བཀུར་ཞུ་དགོས་པའི་དུས་ལ་ བབ་ཡོད། དེ་ལྟར་མ་བྱུང་ཚེ་མི་རིང་བར་རྒྱ་ནག་རང་ཉིད་ཀྱི་བྱེད་ཕྱོགས་མ་འགྲིགས་པའི་ རྐྱེན་གྱིས་རྒྱ་ནག་བྱུང་རབས་ལོ་རྒྱུས་ཁྲོད་ཆེས་བློ་ཕམ་ཆེ་ཤོས་ཀྱི་གྱོང་གུན་ ཕོག་པའི་དུས་ཚོད་ཤར་རྒྱུ་ཡིན་པ་མ་ཟད། གྱོང་གུན་དེ་ནི་རྒྱ་ནག་རང་ཉིད་ཀྱིས་བཟོས་པ་ཞིག་ཆགས་ངེས་ཡིན།
གོང་འཁོད་བསམ་ཚུལ་དེས་སྐུ་ཉིད་དང་སྐུ་ཉིད་ཀྱི་བློ་མཐུན་ཚོ་རྨོངས་གཉིད་ལས་ སད་དེ་དོན་དམ་གྱི་དཀའ་ངལ་རྣམས་འཕྲལ་དུ་ཞི་བའི་ལམ་ནས་སེལ་རྒྱུར་ང་ཚོས་སེམས་ གཏིང་ནས་རེ་བ་འཆང་བཞིན་ཡོད། དེ་ལས་ལྡོག་སྟེ་དཀའ་ངལ་རྣམས་དྲག་གནོན་གྱིས་སེལ་ཐབས་བྱས་ཚེ་ཕྱིས་སུ་རྗེས་ འབྲས་ངན་པ་གང་བྱུང་བའི་འགན་ཁག་ཡོངས་རྫོགས་སྐུ་ཉིད་དང་སྐུ་ཉིད་ཀྱི་སྲིད་ གཞུང་ཉག་ཅིག་ལ་དཀྲི་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༧ ལ།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php