དེ་རིང་སྔ་དྲོར་དྲྭ་ལམ་ནས་༧གོང་ས་༧སྐྱབས་མགོན་ཆེན་པས་སེམས་བསྐྱེད་ཆོས་འབྲེལ་གནང་ནས་མུ་མཐུད་དུ་ལོ་རེའི་ཉིན་མོ་འདིར་ང་ཚོའི་མཉམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སངས་རྒྱས་རྗེས་དྲན་ཞུ་དགོས། 

ལོ་ཉེར་ལྔ་ཙམ་ལ་ང་ཚོ་མཉམ་གནས་ཐུབ་ཅེས་ཆོས་གྲོགས་ཡོངས་ལ་དབུགས་དབྱུང་གནང་བས་ཤིན་ཏུ་དགའ་ནས་བཀའ་ཆོས་ཚང་མ་ཨམ་སྐད་དང་ཤན་སྦྱར་གྱིས་དྲྭ་ལམ་དུ་བསྐུར་ནས་ཕ་ཡུལ་གྱི་ཆོས་གྲོགས་དུ་མར་ཆོས་ཀྱི་བགོ་བཤའ་བཀྱེས།

 

དེ་ནས་དྲྭ་ལམ་གྱི་ལྟད་མོ་ཚོར་མཆོད་བཤག་གི་ཚིགས་བཅད་འགའ་བྲིས།

 

 ༢༠༢༠ ༦ ༥ ས་ག་ཟླ་བའི་ཚེས་༡༥ 

 

  • སྟག་ལོའི་ཚེས་གཅིག

 

དེ་རིང་སྟག་ལོ་གསར་ཚེས་ཀྱི་ཉིན་མོ་འདིར་ངས་རང་གི་མྱོང་ཚོར་ཐན་ཐུན་དག་ཡི་གེར་ཕབ་པ་མི་ཉུང་བ་ཞིག་གློག་དྲ་འདི་བརྒྱུད་ཀ་མད་སུམ་ཅུར་བརྩེ་བ་ཟབ་པའི་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གནམལོ་གསར་བའི་ལོ་སྐལ་དུ་འབུལ་ཐུབ་པས་དགའ་ཚོར་ཆེན་པོ་བྱུང། ངོ་མ་བུ་སྟག་ལོ་བ་ཞིག་སྐྱེས་པའི་འདང་རྩིས་ཡོད།

ད་དུང་རྩོམ་ཡིག་རྙིང་གྲས་མང་པོ་ཞིག་གསར་འཇུག་བྱ་རྒྱུར་ལུས་ཡོད་ལ། གསར་རྩོམ་ལ་ལའི་མཇུག་སྐྱོང་རྒྱུ་དང་མགོ་བརྩམ་རྒྱུ་ཡང་ཡོད། སྟག་ལྷ་ཡང་སྟག་གི་ལོ་འདིར་གློག་བརྙན་ལས་མཐོང་རྒྱུར་སྟ་གོན་བྱེད་ཀྱིན་ཡོད། མ་མཐའ་ཡང་ལོ་མཇུག་ལ་རང་གི་བརྩམས་ཆོས་ཆ་ཚང་ཁ་སྣོན་ཐུབ་པ་བྱ་རྒྱུ།

ཀློག་མཁན་རྣམ་པས་ངའི་བུ་སྟག་ལོ་བར་ཁ་ཏ་དང་རོགས་ཕན་གནང་རྒྱུར་སྒུག་ཡོད། མདང་དགོང་འདི་ག་སློབ་གླིང་གི་དགེ་རྒན་དང་སློབ་གཉེར་ཁ་ཤས་མཉམ་དུ་སྟག་ལོའི་བསུ་སྟོན་ལ་ཞུགས་པ་ཡིན། རྒྱས་སྤྲོས་ཅི་ཡང་མེད་པའི་མཉམ་འཛོམས་ཆུང་ཆུང་འདིར་ང་རང་སྐྱིད་པོ་བྱུང། བོད་པ་གཉིས་ལས་མེད་ཀྱང་ཚང་མས་བོད་པར་དགའ་བོ་བྱེད་པ་དང་བོད་སྐད་བཤད་པ། ལ་ལ་བོད་པ་ཞིག་དང་འདྲ་བར་བོད་གཞས་གཏོང་ཤེས་པར་མ་ཟད་བོད་དོན་སྐོར་ཡང་གླེང་སོང། 

ད་ནངས་སྔ་བོ་ནས་གྲོགས་པོ་མི་ཉུང་བ་ཞིག་ལ་བུ་སྟག་ལོ་བ་ལོ་གསར་གྱི་ལོ་སྐལ་སྐྱེལ་དུ་མངགས། ངའི་ནང་ལ་དམིགས་བསལ་གྱི་བཟའ་བཏུང་གང་ཡང་མེད། དེ་རིང་གི་ངས་ལོ་གསར་གཏོང་སྟངས་འདི་ངོ་མ་ཁུ་སིམ་ཞིང་དགའ་སྣང་ལྡན་པ་ཞིག་རེད། འོན་ཀྱང་། ཕ་ཡུལ་དང་རྒྱ་གར་གྱི་གཉེན་ཉེ་དང་གྲོགས་པོ་དག་ཀྱང་རང་བཞིན་གྱིས་དྲན་འོང་བས་ད་ཁོ་ཚོར་ཁ་པར་རེ་གཏོང་རྒྱུ། སླར་མཇལ། ཉིན་གུང་ལ།

 

  • ཚེས་གསུམ།

ཕ་མ་གཉེན་ཉེ་རྣམས་ལ། ལོ་གསར་ཉིན་མོ་རེ་རེར། ཁ་པར་ཐེངས་འགར་བཏང་ཡང།  འབྲེལ་ལམ་མ་ཐུབ་ཁོ་ཆད། འོན་ཀྱང་ཚེས་གཅིག་དགོང་མོར། གླུ་མ་དབྱངས་ཅན་ལྷ་མོས། ཞི་བདེའི་མཆོད་དབྱངས་རིང་མོ། མངོན་སུམ་ལོངས་སྤྱོད་ཐུབ་པས། ལོ་གསར་བྲོ་བ་ལྡན་སོང། སྐད་ཡིག་ཆ་ལུགས་མི་གཅིག ཉན་མཁན་བརྒྱ་ཕྲག་འགའ་ལ། མ་ཎི་ཟློ་རུ་བཅུག་སོང། རང་བཙན་སྒྲོག་ཏུ་བཅུག་སོང། སྒོ་གསུམ་ཞི་བའི་དཔལ་གྱིས། ཀུན་ལ་བདེ་དགའ་སྦྱིན་སོང། སེམས་ལ་ཞི་བདེ་དགོས་ན། སྒྱུ་རྩལ་འདོད་དགུའི་གླིང་གི བསོད་ནམས་གླུ་མཆོད་ཁང་ལ། ཕེབས་དང་དབྱངས་ལྷ་བཞུགས་ཡོད།

སྟག་ལོ་གསར་ཚེས་ཉིན་མོར། སྟག་གི་བུ་ཞིག་འཁྲུངས་པར། ཡོས་ལོ་མདའ་ཚན་པ་ཡིས། ཆེ་བསྟོད་ཆོ་ལོ་གནང་བྱུང་། གྲོགས་དང་སློབ་བུ་དག་གིས། དགའ་བསུའི་ཤིས་པ་བརྗོད་བྱུང། རྒྱང་རིང་ལོ་གསར་མགྲོན་པོ། གསོལ་སྟོན་ག་ལེར་མཆོད་དང། བུ་ཆུང་སྟག་ལོ་བ་ཡིས། མཆོད་ཆང་རྒྱུན་མར་འདྲེན་ཆོག  དགོང་མོར།

 

 

  • སྤྱི་ཟླ་༢་ཚེས་་༢༠།

བོད་རྒྱ་མནའ་འབྲེལ་ཚོགས་པ་ཡིས། བོད་རྒྱའི་སྟག་ལོར་བསུ་སྟོན་བྱས། བོད་རྒྱ་མི་རིགས་ཐ་དད་པས། སྐད་ཡིག་རིག་གཞུང་མི་འདྲ་ཡང། གུང་ཁྲན་ཏང་གི་དབང་ཤུགས་འོག རང་དབང་ཤོར་བའི་ལས་སྐལ་འདི། ཐུན་མོང་སྙིང་གི་ན་ཚ་དང། འབྱུང་འགྱུར་དམངས་གཙོའི་ལམ་ཡངས་སུ། ཐུན་མོང་ནུས་པ་གཅིག་བསྡུས་ཀྱིས། རྒྱལ་ཁའི་གོམ་ཁ་སྒྱུར་བ་ཡི། རྟེན་འབྲེལ་མཐུ་ལ་བདག་མོས་ནས། དགའ་སྤོབས་ཚོར་སྣང་བརྟས་པར་གྱུར། དེ་བས་བོད་རྒྱའི་སྤུན་ཟླ་ཚོ། མཉམ་ཞུགས་ལས་འདི་དོན་ཆུང་མིན། 

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php