༢༠༡༤ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་ (Barack Obama) མཆོག་གིས་ National Prayer breakfast ཞེས་པའི་ལོ་འཁོར་ཆོས་ཕྱོགས་དང་འབྲེལ་བའི་ལྷན་འཛོམས་ཞིག་གི་སྟེང་ཆོས་དད་རང་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཨ་རི་གཞུང་གི་ཕྱི་འབྲེལ་གྱི་སྲིད་བྱུས་གལ་གནད་ཅན་ཞིག་ཆགས་ཡོད་པ་དང་། 020614_natlprayerbreakfastརྒྱ་ནག་གཞུང་གི་ནུས་པ་ཆ་ཚང་འཐོན་ཐུབ་རྒྱུར། རྒྱལ་ཁབ་ནང་ཡོད་པའི་ཆོས་དད་འདྲ་མིན་རྣམས་ལ་ཆོས་དད་རང་དབང་སྤྲོད་དགོས་པ་རེད། ཅེས་གསུང་བཤད་གནང་འདུག དེ་ཡང་སྲིད་འཛིན་ཨོ་བྷ་མས་སྐབས་དེའི་འདུ་འཛོམས་ཐོག་གསུང་དོན། ང་ཚོས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་མང་པོ་བྱེད་ཀྱི་ཡོད། ང་ཚོ་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་འབྲེལ་ལམ་དེ་ང་ཚོ་ཙམ་མ་ཟད། འཛམ་གླིང་སྤྱི་ལའང་དམིགས་བསལ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་བརྟེན། རྒྱ་ནག་གི་རང་གི་ནུས་པ་ཆ་ཚང་འཐོན་ཐུབ་རྒྱུའི་ཆེད་རྒྱ་ནག་ནང་གི་བོད་པའི་ནང་པ་ཚོ་དང་། ཡུ་གུར་གྱི་ཁ་ཆེ་ཆོས་བྱེད་མཁན་རྣམས། དེ་བཞིན་ཡི་ཤུའི་ཆོས་དད་བྱེད་མཁན་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་རྒྱུ་གལ་ཆེན་ཆགས་ཡོད་ཅེས་ནན་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
ལོ་འཁོར་ཆོས་ཕྱོགས་དང་འབྲེལ་བའི་ལྷན་ཚོགས་དེ་བཞིན་ལོ་ལྟར་ཕྱི་ཟླ་གཉིས་པའི་རེས་གཟའ་ཕུར་བུ་དང་ པོའི་ཉིན་ཚོགས་སྲོལ་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད་འདུག ལྷན་ཚོགས་དེའི་སྟེང་ཨ་རི་ཙམ་མ་ཟད། རྒྱལ་ཁབ་གཞན་བརྒྱ་ལྷག་ནས་ཆབ་སྲིད་དང་ཚོང་གི་ཐོག་འབྲེལ་ཡོད་མི་སྣ་གདན་ཞུ་གནང་སྟེ་ཕན་ཚུན་འབྲེལ་ལམ་གོང་འཕེལ་གཏོང་གི་ཡོད་འདུག