༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༣ ཉིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིར་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་དང་འབྲེལ་བརྒྱུད་ལམ་ཁག་གཅིག་ནང་གསུང་དོན། ང་ཚོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་ཀྱི་སྔ་ཕྱི་གནས་སྟངས་ལ་ཉམས་ཞིབ་བྱས་པ་བརྒྱུད་བོད་དོན་དེ་བཞིན་འབུ་ཆེས་ཆུང་བཟོས་བྱས་པའི་ངེས་ཤེས་རྙེད་པར་བརྟེན། བོད་དོན་ལ་རྒྱབ་སྐྱོར་ཞུ་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

སྤྱིར་བཏང་ཕྱི་ལོ་ ༡༩༤༩ ལོ་མཇུག་རྒྱ་གཞུང་གི་བཅིངས་བཀྲོལ་དམག་གིས་བོད་བཙན་འཛུལ་བྱེད་སྐབས། བོད་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཚད་གཞི་ངེས་ཅན་གྱི་མངའ་ཁུལ་དེའི་ནང་འཚོ་སྡོད་བྱེད་མཁན་བོད་མི་ས་ཡ་དྲུག་དང་། དེ་དག་གི་འགོ་ཁྲིད་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུས་འཛིན་སྐྱོང་བཀའ་ཤག་དང་དངུལ་ལོར་པར་སྐྲུན་ཁང་སོགས་རང་བཙན་རྒྱལ་ཁབ་ཀྱི་གནས་བབ་བཟུང་སྟེ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་བོད་ཀྱི་ཕྱི་འབྲེལ་ཐབས་བྱུས་ནི་བར་གནས་སུ་བཞུགས་པར་མཐུན་ཕྱོགས་རྒྱལ་ཁབ་ཚོས་བརྩི་བཀུར་ཞུས་ཡོད། དེ་བཞིན་བོད་མི་རྣམས་ནས་ཀྱང་རང་ས་རང་སྲུང་གིས་བདག་དབང་ལ་ལོངས་སྤྱོད་བྱེད་བཞིན་སྐབས།

ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གུང་ཁྲན་ཏང་གིས་བཅིངས་བཀྲོལ་ལ་བསྙད་དེ་བོད་སར་བཙན་འཛུལ་གྱིས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད། མི་སེར་སྤེལ་ཡུལ་གྱི་རིང་ལུགས་ལ་དམིགས་བསལ་གྱི་ཁྱད་ཆོས་ཁག་གཅིག་ཡོད་པ་ནི། དྲག་ཤུགས་ལ་བརྟེན་ནས་འདྲ་མཉམ་མེད་པའི་ཆིངས་ཡིག་བརྒྱུད་གཞན་གྱི་བདག་དབང་བཙན་འཕྲོག དེ་བཞིན་དཔལ་འབྱོར་གྱིས་བསླུ་བྲིད་དང་དམག་དཔུང་གི་སྟོབས་ཤུགས་ངོམས་ཏེ་གཞན་ཡུལ་རང་གི་མངའ་ཁོངས་ཡིན། ཞེས་བཙན་ཤེད་ཀྱིས་མངའ་འོག་ཏུ་བཅུག་པ་མ་ཟད། མི་སེར་སྤེལ་མཁན་རང་གི་རིག་གཞུང་དང་གོམས་སྲོལ་ཁྱབ་སྤེལ་དང་འབྲེལ་ཡུལ་ལུང་ཡར་རྒྱས་ལ་ཁ་གཡར་ཏེ་མི་སེར་གནས་སྤོས་ཀྱི་བྱེད་བབས་ལ་མི་མང་གིས་ངོ་རྒོལ་ལམ་མི་འདོད་པའི་རྣམ་འགྱུར་བསྟན་ན། དྲག་ཤུགས་ལ་བརྟེན་ནས་ཡ་ང་སྙིང་རྗེ་བྲལ་བའི་མི་སེར་སྤེལ་ཡུལ་གྱི་ཁྱད་ཆོས་ཡོངས་རྫོགས་རྒྱ་ནག་གཞུང་ནས་བོད་མིའི་ཐོག་ལག་བསྟར་བྱས་ཏེ་བོད་མི་རྣམས་ཕྱི་ཚུལ་འདྲ་ཆགས་པོ་ཡོད་ཀྱང་དོན་དངོས་ཐོབ་ཐང་བྲལ་བའི་གྲངས་ཉུང་མི་རིགས་ཤིག་ཏུ་གྱུར་ཡོད།

རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་བོད་མིར་རང་དབང་བྲལ་སྟབས་བོད་མི་ ༡༢༤ ནས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཁྱོན་ནས་བོད་དོན་ལ་སྔར་ལྷག་ཐུགས་སྣང་གནང་རོགས། ཞེས་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་ནག་གཞུང་གིས་ཀྱང་བོད་མི་མང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཐོབ་ཐང་ཁག་མཁོ་སྤྲོད་གནང་རྒྱུའི་སྙིང་སྟོབས་དགོས་པ་མ་ཟད། བོད་རྒྱ་ཞི་མོལ་སླར་གསོ་བྱ་རྒྱུ་ཡང་གཡོལ་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱེད་དགོས། ཞེས་གསུངས་འདུག