ཁ་སང་ཕྱི་ཚེས་  ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བཞུག་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་མདུན་དུ་ཉེ་ཆར་བོད་པའི་རང་དབང་གི་ཆེད་དུ་རྔ་་ཀིརྟིའི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱི་རང་ལུས་མེར་བསྲེགབཏང་བ་དང་། རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་དགེ་སློབ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་རྒྱལ་སྤྱིའི་སློབ་ཕྲུག་གིས་ཟས་བཅད་ངོ་རྒོལ་དང་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་། ལས་འགུལ་དེར་བཞུགས་སྒར་ཉེ་འཁྲིས་ཀྱི་སཱ་ར་མཐོ་སློབ་དང་ནོར་གླིང་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་།ངྷ་སྟེང་དང་ངྷ་ཤོད་བོད་ཁྱིམ། སུ་ཇཱ་བོད་ཁྱིམ་བཅས་སློབ་གྲྭ་ཁག་བདུན་གྱི་དང་བླང་སློབ་མ་ ༡༠༠ ལྷག་མཉམ་ཞུགས་གནང་འདུག  

        ལས་འགུལ་གྱི་ཐོག་མར་དེར་ཡོད་སློབ་མ་རྣམས་ཀྱིས་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་གཙོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རངསྲོག་བློས་གཏོང་བྱེད་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་དུད་དང་སྦྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་གནང་ཞིང་། དེའི་རྗེས་བཞུགས་སྒར་ཀིརྟིའིབྱེ་པ་གྲྭ་ཚང་གི་གྲྭ་ཚེ་རིང་ལགས་ཀྱིས་དགེ་འདུན་པ་ཕུན་ཚོགས་ལགས་འདས་གྲོངས་སུ་ཕྱིན་རྗེས་ཀྱི་ཉིན་གྲངས་ ༡༩ རིང་གི་རྔ་་ཁུལ་གྱི་གནས་སྟངས་སྐོར་ངོ་སྤྲོད་གནང་དོན། རྔ་་ཁུལ་ལ་མཚོན་ན། ཕྱི་ཟླ པའི་ཕྱི་ཚེས་ ༡༦ ཉིན་ཏེ། རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱི་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པའི་ཉིན་མོ་དེ་ནི། ས་བྱིཞི་རྒོལ་ཆེན་མོའི་སྐབས་རྔ་་ཁུལ་གྱི་བོད་མི་ ༢༠ ལྷག་རྒྱ་ནག་གཞུང་གིས་དམར་གསོད་བྱས་པའི་ཉིན་མོ་དང་། བོད་ཆོལ་ཁ་གསུམ་གྱི་བོད་མི་སྟོང་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་པའི་ཉིན་མོ་ཆགས་ཡོད་སྟབས། ཉིན་དེར་རྔ་་ཁུལ་གྱི་སྐྱ་སེར་མི་མང་ ༡༠༠༠ ལྷག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག ཅེས་དང་། 

ཁོང་གིས་མུ་མཐུད་དུ་བརྗོད་དོན། སྤྱིར་བཏང་བོད་ནང་གི་བོད་མི་ཚོས་བསྟུད་མར་ངོ་རྒོལ་བྱེད་ཀྱིན་པའི་གནས་སྟངས་ལ་རྒྱ་ནག་གཞུང་གིས་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་མི་མང་གི་དཀའ་ངལ་སེལ་ཐབས་བྱ་དགོས་པ་ཞིག་ཡིན་ཡང་། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་མེ་མདའི་འོག་རྒྱལ་གཅེས་པ་ཁོང་གི་སྐུ་སྲོག་ཤོར་ཡོད་པར་མ་ཟད། ཀིརྟིའི་དགོན་དུ་ཡོད་པའི་ཁོང་གི་སྤུན་ཆུང་བ་བློ་བཟང་སྐལ་བཟང་དང་ཨ་ཞང་བློ་བཟང་བརྩོན་འགྲུས། ཁོང་དང་སྡེ་བ་གཅིག་པའི་བསམ་འགྲུབ་དང་པེ་ཅིན་དུ་སློབ་སྦྱོང་བྱེད་ཀྱིན་པའི་གྲྭ་བློ་བཟང་ཚེ་དཔག་བཅས་འཛིན་བཟུང་བཀག་ཉར་བྱས་ཡོད། དུས་དེ་ནས་བཟུང་ཀིརྟིའི་དགོན་པར་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པར་དགེ་འདུན་པ་རྣམས་ལ་དྲག་གནོན་བྱས་ཏེ་ལྟོགས་སྐོམ་མྱོང་དགོས་པའི་གནས་སུ་གྱར་ཡོད། མཚན་མོ་རེ་རེར་བཙན་གྱིས་ཁྱིམ་ཚང་གི་སྒོ་དང་སྒེའི་ཁུང་བཅག་སྟེ། བོད་མི་མང་པོ་ཞིག་འཛིན་བཟུང་དང་གཅར་རྡུང་བྱ་དང་བྱེད་མུས་སུ་ཡོད་པའི་གནས་སྟངས་ཆགས་ཡོད་པར་མ་ཟད། ཕྱི་ཚེས་ ༡༧ ནས་ ༢༣ བར་རྔ་་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བར། ནང་མི་ཐུག་འཕྲད་མི་ཆོག་པ་དང་དགེ་སློབ་གཉིས་ཀྱི་ལག་འཁྱེར་ཁ་པར་གཞུང་བཞེས་དང་དྲ་རྒྱ་ཁག་ལ་བཀག་སྡོམ་སོགས་བྱས་ཏེ་བཙན་གནོན་འོག་གནས་ཡོད། ཅེས་ངོ་སྤྲོད་གནང་སོང་།   

      ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ཞོགས་པའི་ཆུ་ཚོད་ ༡༠ ནས་ཕྱི་དྲོ་ ༦ པ་བར་གནང་ཡོད་ཅིང་། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གྲུབ་རྗེས་ཀིརྟི་དགོན་པའི་གྲྭ་བཟང་པོ་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་རང་ལུས་མེར་བསྲེགས་གཏོང་སྐབས་ཀྱིས་སྣང་བརྙན་དང་འབོད་ཚིག་སྒྲོག་བཞིན་བཞུགས་སྒར་ཁྲོམ་གཞུང་དུ་ཁྲོམ་སྐོར་བྱས་སོང་ལ། སྐབས་དེ་མི་མང་གིས་ཁོང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཕྱིར་ཁ་བཏགས་སྒྲོན་ཏེ་ཁྲོམ་སྐོར་ནང་མཉམ་ཞུགས་གནང་སོང་། 

ལས་འགུལ་གྱི་མཇུག་སྡོམ་ཐོག་བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས།  ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིག་ཏེ་བོད་ནང་གི་བོད་མི་ཚོས་ཕྱི་སྡོད་བོད་མིར་རེ་བ་གང་འདྲ་ཞིག་འཆང་གི་ཡོད་མེད་དང་། ༸གོང་ས་མཆོག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཕྱག་ལས་ག་ཚོད་ཅིག་གནང་གི་ཡོད་མེད་བཅས་ལ་བལྟས་ཏེ། བཙན་བྱོལ་དུ་ཡོད་པའི་སློབ་མ་ཚོས་རྒྱ་གཞུང་གིས་བོད་སྐད་ཡིག་ཐོག་དམ་དྲག་བྱེད་བཞིན་པའི་གནས་སྟངས་ལ་ཐུགས་བསམ་བཞེས་དགོས་པར་མ་ཟད། བཙན་བྱོལ་དུ་ཡོད་པའི་སློབ་མ་ཚོས་མ་འོངས་པར་བོད་མི་རིགས་ཡུན་རིང་གནས་བ་ལ་བོད་ཀྱི་སྐད་དང་ཡི་གེ་མེད་དུ་མི་རུང་བ་ཡིན་པ་ཤེས་པའི་ཐོག་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱུན་ཏུ་དྲ་རྒྱ་དང་ཚགས་ཤོག་སོགས་སུ་ཡོད་པའི་བོད་དོན་དང་འབྲེལ་བའི་གནས་ཚུལ་ལ་དོ་སྣང་བྱ་དགོས། ཞེས་རེ་སྐུལ་གནང་སོང་ཞིང་། མ་འོངས་པར་གཞོན་སྐྱེས་ཚོས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་བྱ་སྤྱོད་དང་འཁྱོག་བཤད་རིགས་ལ་ལན་འདེབས་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།   

ཐེངས་འདིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཟས་བཅད་ངོ་རྒོལ་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་བཞུགས་སྒར་གཅིག་པུ་མིན་པར་རྒྱ་གར་མངའ་ཁོངས་ཀྱི་གྲོང་ཁྱེར་པུ་ནེ་དང་ལྡི་ལི། བྷེང་ལོར། ཅི་ནའེ། ཀ་ལི་ཀ་ཏ། མེང་ལོར། བྷ་རོ་ཊ་བཅས་གྲོང་ཁྱེར་ཁག་ ༧ ནང་གནང་གི་ཡོད་པར་མ་ཟད། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དང་ཨ་རིའི་ནེའུ་ཡོག ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་བཅས་སུའང་བཅད་ངོ་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་འཆར་ཡོད་ཟེར། ཐེངས་འདིའི་མཚན་རྟགས་བསྡུ་རུབ་དེ་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་དམར་ཕྱོགས་དྲུང་ཆེ་ལིས་ཁིའུ་པའོ་ཡི་མཚན་ཐོག་ཏུ་གཏོང་འཆར་ཡོད་འདུག

བོད་ཀྱི་དུས་བབ་ལས

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php