ཝ་ཎ་མཐོ་སློབ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བོད་རིགས་མཐོ་སློབ་ཆེ་ཤོས་དེ་ཡིན་ཞིང་། འདས་པའི་ལོ་རྒྱུས་ཁྲོད་མཐོ་སློབ་དེས་ལོ་ཙཱ་བ་དང་ཤེས་ཡོན་ཅན་གང་མང་ཞིག་སྐྱེད་སྲིང་བྱས་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུའང་མཐོ་སློབ་དེ་ནས་མཐར་ཕྱིན་པའི་གཞུང་ཞབས་སྲི་ཞུ་བ་མང་པོ་ཞིག་བྱུང་ཡོད། བར་སྐབས་ཤིག་ནས་མཐོ་སློབ་དེའི་སློབ་མའི་ཤེས་ཚད་ཉམས་རྒུད་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ཞིག་བྱུང་ཡོད་ལ། ཉེ་བའི་ལོ་ཤས་ནས་ཝར་ཎ་མཐོ་སློབ་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་མང་དུ་ཕྱིན་པ་དང་། སློབ་གྲྭའི་དགེ་རྒན་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་བསྐྱོད་པ་བཅས་ཀྱིས་སློབ་གྲྭ་སྤྱིའི་ཤེས་ཡོན་གྱི་མཁའ་དབུགས་དང་། བྱེ་བྲག་བོད་པའི་རྩ་དོན་འཐབ་རྩོད་ཀྱིས་མཚོན་པའི་མི་རིགས་ཀྱི་ལ་ཞེན་དང་། རིག་གཞུང་ལ་དུང་ཞེན་སོགས་ཀྱང་ཅུང་ཉམས་ཞན་དུ་འགྱུར་བཞིན་ཡོད་འདུག ལྷག་པར་དུ་ཝར་ན་མཐོ་སློབ་ནང་བོད་པའི་ཆོས་རྒྱུད་ཆེན་པོ་ཁག་གི་སྡེ་ཚན་ཡོད་པ་བཞིན། སློབ་ཕྲུག་གྲྭ་བཙུན་ཚོའི་ནང་དགའ་རོགས་སྒྲིག་བཞིན་ཡོད་པའི་ཚུལ་མིན་གནས་ཚུལ་ཞིག་ཁ་དར་བཞིན་ཡོད་པ་ཡོངས་གྲགས་ཆགས་ཡོད།

 

    ཝར་ཎ་མཐོ་སློབ་ཀྱི་མིག་དམར་ཤཱ་སྟི་ལགས་ཀྱིས་ད་ལྟའི་མཐོ་སློབ་དེའི་གནས་སྟངས་སྐོར་ངོ་སྤྲོད་བྱས་པ་ལྟར་ན། ད་ཆར་ཝར་ཎ་མཐོ་སློབ་ཏུ་ཁྱོན་སློབ་ཕྲུག་ ༤༠༠ ལྷག་ཡོད་པའི་ནང་ཕྱེད་ཀ་ཙམ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ཆགས་ཡོད་པ་དང་། མཐོ་སློབ་དེར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་གྲངས་འབོར་མང་དུ་ཕྱིན་པ་དེས། སློབ་ཕྲུག་ཚོའི་བོད་ཀྱི་རིག་གཞུང་གི་ཤེས་ཚད་དང་ཆབ་སྲིད་ཀྱི་གོ་རྟོགས་ཇེ་ཞན་དུ་འགྲོ་བཞིན་ཡོད་འདུག་ལ། གནས་སྟངས་དེའི་དབང་གིས་མཐོ་སློབ་ཀྱི་སློབ་ཕྲུག་མང་དག་ཅིག་ལ་རང་གི་ལྟོ་རྒྱབ་ཙམ་ལས། མི་རིགས་དང་རིག་གཞུང་ལ་སྲི་ཞུ་བསྒྲུབ་རྒྱུའི་ཀུན་སློང་དང་དམིགས་ཡུལ་རྩ་ཡལ་དུ་འགྲོ་བཞིན་ཡོད་པ་དང་། སློབ་གྲྭའི་འཛིན་སྐྱོང་སྒྲིག་གཞི་ཚགས་ཚུད་མེད་པའི་གནས་སྟངས་འོག སློབ་གྲྭའི་བོད་རིགས་དགེ་རྒན་ཁག་ཅིག་རང་ཉིད་ཀྱི་སྒེར་དོན་ཆེད་ཕྱི་རྒྱལ་ཁག་ཏུ་ཡང་ཡང་སྐྱོད་བཞིན་པ་དེས། སློབ་མའི་ཉིན་རེའི་སློབ་ཁྲིད་ཐོག་འཐུས་ཤོར་ཆེན་པོ་འགྲོ་བཞིན་ཡོད་ཚུལ་བརྗོད་བྱུང་།

ལྷག་པར་དུ་ཁོང་གིས་ནན་ཏན་གྱིས་བརྗོད་པ་ཞིག་ནི། སློབ་ཕྲུག་གྲྭ་བ་རེ་ཟུང་གིས་སློབ་གྲྭའི་ཁོར་ཡིག་ནང་མངོན་སུམ་འཛེམས་མེད་ཀྱིས་སློབ་གྲོགས་ཨ་ནེ་དང་བུ་མོ་ཚོར་དགའ་རོགས་སྒྲིག་པ་དེ་འདུལ་བའི་ཁྲིམས་དང་སློབ་གྲྭའི་སྒྲིག་གཞི་གཉིས་ཀར་འགལ་གྱི་ཡོད་ཀྱང་། འཛིན་སྐྱོང་གིས་ལྟ་སྲུང་དོ་དམ་མི་གནང་བ་དེས་སློབ་གྲྭའི་མཚན་སྙན་དང་། བོད་ཀྱི་དགེ་འདུན་པར་མཚན་ཤས་བཟོ་བཞིན་ཡོད་པའི་དཀའ་ངལ་བརྗོད་བྱུང་ལ། སློབ་གྲྭའི་འཛིན་སྐྱོང་ངོས་ནས་རིགས་གཅིག་རྐང་འཛིན་(research in specialization) གཙོས་པའི་སློབ་གྲྭའི་གཏན་འབེབས་ལས་གཞི་འགའ་ཞིག་ཡིག་ཐོག་ཏུ་བཀོད་ཡོད་པ་ལྟར། ལག་ལེན་ཏག་ཏག་བསྟར་གྱི་མེད་པ་དེ་སློབ་སྦྱོང་མཐིལ་ཕྱིན་བྱ་འདོད་ཡོད་རིགས་ལ་འདོད་པ་མ་ཁེངས་པ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་།  

 

    མིག་དམར་ཤ་སྟི་ལགས་ཀྱིས་བརྗོད་དོན།  ཝར་ཎ་མཐོ་སློབ་ཀྱི་དངོས་པོའི་མཐུན་རྐྱེན་གང་འཚམ་ཡག་པོ་ཡོད་ཀྱང་། སློབ་ཕྲུག་ཚོར་མི་རིགས་སློབ་གསོ་དང་རིག་གཞུང་སློབ་སྦྱོང་གི་ཀུན་སློང་ཧ་ཅང་སྐྱོ་བོ་འདུག ཁོང་ཚོར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ངར་ཤུགས་དེ་མངོན་གསལ་དོད་པོས་ཇེ་ཞན་དུ་འགྲོ་བཞིན་འདུག་ལ། ད་ཆར་སློབ་ཕྲུག་མང་ཆེ་བར་ཝར་ན་མཐོ་སློབ་གྱི་ལག་ཁྱེར་ཙམ་རག་སྟེ། ལྟོ་རྒྱབ་འཚོལ་རྒྱུ་ལས་དམིགས་ཡུལ་གཞན་གང་ཡང་མེད་པ་ཆགས་ཀྱི་འདུག དགེ་རྒན་ལ་ཆ་བཞག་ནའང་། བོད་ཀྱི་ཆབ་སྲིད་གནད་དོན་གླེང་མཁན་ཤིན་ཏུ་དཀོན་པོ་རེད་ལ། དེའི་ཐོག་འཛིན་སྐྱོང་ལའང་དོ་སྣང་ཡོད་པ་མ་རེད། སློབ་ཕྲུག་ལ་མི་རིགས་སློབ་གསོ་མེད་པ་དང་རིག་གཞུང་གོ་རྟོགས་ཇེ་ཞན་དུ་ཕྱིན་པ་དང་བསྟུན་ཏེ། སྤྱི་ཚོགས་ཀྱི་སྣེ་འཁྲིད་ཐུབ་མཁན་གྱི་སློབ་ཕྲུག་རེ་བ་ཅན་ཞིག་ཕལ་ཆེར་སྟོན་རྒྱུ་མེད་པ་ཆགས་འདུག ཆུང་ས་ནས་བཤད་ན། སློབ་ཁྲིད་ཀྱི་ནང་སྦྱོང་འབྲི་དགོས་ཀྱི་མེད་དུས་སྐད་ཡིག་དང་རྩོམ་རིག་ཐོག་འཐུས་ཤོར་ཆེན་པོ་འགྲོ་བཞིན་འདུག གནས་སྟངས་འདི་དག་ཝར་ཎ་མཐོ་སློབ་ཀྱི་ཉམ་ཆག་གི་ཆ་རེད། ཡང་ཡར་རྒྱས་ཀྱི་ཆ་ཡང་མེད་པ་མ་རེད། སྔོན་ཆད་ཝར་ཎ་མཐོ་སློབ་ཏུ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེན་པོ་ཡོད་ཀྱང་། ༧གོང་ས་མཆོག་གིས་བཀའ་སློབ་ཡང་ཡང་ཕེབས་པ་དང་། ལོ་ཤས་གོང་ནས་ཆོས་རྒྱུད་ཕན་ཚུན་བར་ལྟ་གྲུབ་བགྲོ་གླེང་ཞིག་མགོ་འཛུགས་བྱས་རྗེས། སློབ་ཕྲུག་ནང་ཁུལ་དུ་ཆོས་ལུགས་ཕྱོགས་ཞེན་དེ་མེད་པ་ཆགས་འདུག ཞེས་བརྗོད་བྱུང་།

 

    ཝར་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་དོན་ཚན་བཞིའི་ཐོག་གསལ་བཤད་གནང་བའི་ནང་། དང་པོ། ཝར་ཎ་མཐོ་སློབ་ནི་ཐོག་མ་ནས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིཊ་ལ་དམིགས་ཏེ་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། མཐོ་སློབ་འདིར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་གང་འཚམ་ཡོད་ཀྱང་སློབ་ཕྲུག་སྤྱིའི་གྲངས་འབོར་གྱི་ཕྱེད་ཀ་ཡང་ཟིན་མེད་སྐོར། ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་སྟབས་ཤེས་ཚད་ཀྱི་ཐོག་ནས་དཀའ་ངལ་མེད་ཚུལ་ཡང་བརྗོད་བྱུང་། སྔོན་མ་མཐོ་སློབ་ཀྱི་ཚུད་རྒྱུགས་ནང་བོད་ཡིག་གཙོ་བོ་དང་དབྱིན་ཧིན་གཉིས་གདམ་གསེས་བྱ་དགོས་ཤིང་། ཧིན་དུའི་ཡིག་རྒྱུགས་ཅུང་སླ་བོ་དང་། དབྱིན་ཡིག་དེ་ཅུང་ཁག་པོ་གཏོང་གི་ཡོད་ཀྱང་། ད་ཆར་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་དབྱིན་ཧིན་གཉིས་ཆར་ཡིག་རྒྱུགས་འདྲ་མཉམ་གཏོང་གི་ཡོད་ཟེར། གཉིས་པ། འཛིན་སྐྱོང་གིས་ཉམས་ཞིབ་སྡེ་ཚན་ཐོག་མཐུན་འགྱུར་གནང་བཞིན་ཡོད་ཀྱང་། ཉམས་ཞིབ་སློབ་སྦྱོང་ཐོག་ཡིག་རྒྱུགས་འཕྲོད་མཁན་ཧ་ཅང་ཉུང་ཉུང་ཡིན་སྟབས། ལས་གཞི་དེའི་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་བྱུང་ལ། ཕྱི་རྒྱལ་དང་རྒྱ་གར་མཐོ་སློབ་ཁག་ཏུ་ལས་བྱེད་ས་མིག་རག་གི་ཡོད་ཀྱང་། སློབ་ཕྲུག་གི་ཤེས་ཚད་ཀྱིས་རྐྱེན་པས་གོ་སྐབས་དེ་དག་ལེན་ཐུབ་ཀྱི་མི་འདུག་ཟེར། གསུམ། དགེ་རྒན་གྱི་ཐད་དུ། གཏན་འཇགས་དང་འཕྲལ་སེལ་དགེ་རྒན་རིགས་གཉིས་ཡོད་པ་དང་། ༢༠༠༡ ལོ་ནས་ ༢༠༠༨ ལོའི་བར་དགེ་རྒན་འདེམས་སྒྲུག་བྱེད་མ་ཐུབ་པར་ལྷག་ཡོད་ཀྱང་། ༢༠༠༨ ལོ་ནས་ཡིག་རྒྱུགས་ཀྱི་ལམ་ནས་གཏན་འཇགས་དགེ་རྒན་རྩེ་ཏོག་གིས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་དང་། འཕྲལ་སེལ་དགེ་རྒན་རྣམས་ཆོས་རྒྱུད་ཁག་གི་བླ་ཆེན་ཚོས་ཐད་བསྐོས་གནང་གི་ཡོད་སྟབས། དགེ་རྒན་གྱི་ཕྱོགས་ནས་འགྲིག་ཐག་ཆོད་ཡོད་ཟེར། བཞི། སློབ་གྲྭའི་སྒྲིག་གཞིའི་ཐོག་ཉལ་ཁང་རེར་དོ་དམ་པ་རེ་དང་། སློབ་གྲྭ་ཁྱོན་ཡོངས་ལ་རྒན་བདག་ཡོད་པ་མ་ཟད། རྒན་བདག་གི་གོང་ན་སྒྲིག་གཞིར་ལྟ་མཁན་སློབ་སྟོན་པའང་ཡོད་ཟེར། བཞི། སློབ་གྲྭའི་ནང་དགེ་འདུན་པ་རེ་ཟུང་གིས་དགའ་རོགས་སྒྲིག་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་རེད། དགེ་འདུན་པ་དེ་ཚོས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་སྐབས་ང་ཚོས་ཐད་ཀར་སྐད་བཏང་སྟེ།  སློབ་གྲྭའི་ནང་སྡོད་འདོད་ཡོད་ན། ཚུལ་ཁྲིམས་གཙང་མ་སྲུང་དགོས་པ་རེད། དེ་མིན། སློབ་གྲྭ་ནས་ཕྱིར་འཐོན་དགོས་པ་རེད་ཅེས་བཤད་ཀྱི་ཡོད། དེའི་རྗེས་རིགས་གཅིག་སྡོད་མ་ཐུབ་པར་རྩ་དགོངས་ལ་འགྲོ་བཞིན་འདུག ཡང་སོ་སོའི་བྱེད་སྟངས་ལ་འགྱུར་བ་བཏང་སྟེ་ཡག་པོ་ཆགས་པའང་རེ་ཟུང་ཡོད། ད་ལོ་ནས་སློབ་གྲྭའི་འཛིན་སྐྱོང་གིས་སློབ་མའི་སྒྲིག་གཞི་ཁག་ཚགས་ཚུད་དུ་གཏོང་འཆར་ཡོད། ཅེས་བརྗོད་བྱུང་

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php