༄༅།  །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་རྒྱ་རིགས་མཁས་པའི་ལྷན་ཚོགས་ (Association of Chinese Scholars) ནས་གྲོང་ཁྱེར་ནིའུ་ཡོཀ་གི་རྒྱ་ཡི་གྲོང་སྡེ་ཕྷི་ལ་ཤིང་ (Flashing)  དུ་མང་གཙོའི་འཕོ་འགྱུར་དང་མ་འོངས་ལམ་ལུགས་ཞེས་པའི་ཚོགས་འདུ་ཞིག་སྐོང་ཚོགས་ གནང་ཡོད་པ་དེར། བྱང་ཨ་རི་དང་།  ཧོང་ཀོང་།  ཐེ་ཝན།  རྒྱ་ནག་སྐམ་ས་ཆེན་པོ་བཅས་ནས་རྒྱ་རིགས་མཁས་དབང་ ༥༠ སྐོར་ཞིག་ཚོགས་འདུར་མཉམ་ཞུགས་གནང་ཡོད། འདི་ཟླའི་ཕྱི་ཚེས་དྲུག་དང་བདུན་ཉིན་གཉིས་ཀྱི་ཚོགས་འདུ་དེའི་ཐོག རྒྱ་ནག་མང་གཙོའི་ཕྱོགས་སུ་འཕོ་འགྱུར་གྱི་སྐོར་དང་།  སྲིད་འཛིན་དང་སྲིད་བློན་ལམ་ལུགས།  རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་བཅས་ལམ་ལུགས་གང་ཞིག་རྒྱ་ནག་ལ་འཚམས་པ་ཡོད་མེད།  དེ་བཞིན་འོས་བསྡུ་དང་།  རྩ་ཁྲིམས།  མི་རིགས་ཀྱི་གནད་དོན་སོགས་དོན་དག་མང་པོ་ཞིག་ལ་གྲོས་བསྡུར་བྱེད་དགོས་ཀྱི་ ཡོད་སྟབས།  རྒྱ་རིགས་མཁས་པའི་ལྷན་ཚོགས་ནས་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ དང་།  དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་གཉིས་ཚོགས་ འདུར་གདན་ཞུ་བྱས་ཡོད།
དེ་ ཡང་སྐུ་ཚབ་དོན་གཅོད་ཀྱིས་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་དོན། འདིར་འདུས་མཁས་དབང་ཚོས་དུས་རྟག་ཏུ་འབད་བརྩོན་གནང་བའི་དམིགས་ཡུལ་ནི་རྒྱ་ནག་ ནང་ཁྲིམས་ལུགས་དང་།  མང་གཙོ་བསྐྲུན་རྒྱུ་འདི་རེད།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་ནི་ནད་བརྒྱ་བཅོས་པའི་སྨན་ལྟ་བུ་ ཡིན་སྟབས་རྒྱ་ནག་འདི་ཁྲིམས་ལུགས་དང་ལྡན་ཞིང་། མང་གཙོའི་སྤྱི་ཚོགས་ཤིག་ཆགས་ཐུབ་པ་ཡིན་ན།  དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་སེལ་ཐུབ་ཅེས་བཀའ་སློབ་རབ་དང་རིམ་པ་ཕེབས་ ཡོད།  དེ་བཞིན་མང་གཙོ་ནི་འགྲོ་བ་མི་རིགས་ཀྱིས་དགའ་མོས་ཆེ་ཤོས་བྱེད་པའི་ལམ་ལུགས་ ཤིག་ཡིན་པ་དང་།  བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆ་ནས་ཀྱང་མང་གཙོ་ནི་གལ་ཆེ་ཡིན་སྟབས།  ༸གོང་ས་མཆོག་གི་ལམ་སྟོན་དང་ཐུགས་རྗེའི་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ འདི་གོམ་པ་རིམ་སྤོས་ཀྱིས་ད་ཆ་ལས་དོན་ཡོངས་རྫོགས་མང་གཙོ་ཅན་གྱུར་ཟིན་ཡོད།
ཕྱི་ལོ་ ༢༠༠༨ ནས་བཟུང་༸གོང་ས་མཆོག་གིས་རྒྱ་རིགས་མི་མང་དང་མཉམ་དུ་འབྲེལ་བ་ཤུགས་ཆེ་རུ་ གཏོང་གནང་མཛད་པའི་རྒྱུ་མཚན་ལ་བརྟེན་ནས་ད་ཆ་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་ མཁན་དང་།  བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་རིགས་ཇེ་མང་དུ་འགྲོ་ བཞིན་ཡོད།  ༸གོང་ས་མཆོག་གིས་རྒྱ་རིགས་མི་མང་ས་ཡ་ ༡༣ ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་ཅིང་།  དངོས་ཡོད་གནས་ཚུལ་ཤེས་ན།  རྒྱ་རིགས་མི་མང་ལ་ལེགས་ཉེས་དང་བཟང་ངན་འབྱེད་རྒྱུའི་རྣམ་དཔྱོད་ཡོད་ཅེས་བཀའ་ སློབ་ཕེབས་ཡོད་སྐོར་འགྲེལ་བརྗོད་གནང་།
མཐར་དོན་གཅོད་ཀྱིས་གསུང་དོན།  དེ་རིང་ཚོགས་འདུ་འདི་འདྲ་ཞིག་གོ་སྒྲིག་གནང་བ་འདིའི་ཐོག་ནས་རྒྱ་རིགས་མི་མང་ གི་མངོན་འདོད་དང་།  པེ་ཅིང་གི་དམར་པོའི་དཔོན་རིགས་ ཚོའི་བསམ་བློ་གཏོང་སྟངས་དེ་ཐ་དད་ཡིན་པ་སྟོན་གྱི་ཡོད། གལ་སྲིད་རྒྱ་ནག་གི་དཔོན་རིགས་ཚོས་རྒྱ་ནག་མི་མང་གི་འདོད་པ་འགེངས་རྒྱུར་འདོད་ མོས་ཡོད་ཚེ། མི་མང་གི་མངོན་འདོད་ལ་བརྡ་ལན་སྤྲོད་རྒྱུའི་དུས་ལ་བབ་ཡོད་ཅེས་གསུངས་ཡོད།  དེ་བཞིན་རྒྱ་རིགས་མཁས་པའི་ལྷན་ཚོག་ཀྱི་ཚོགས་གཙོ་ཝང་ཏན་དང་། ཧོང་ཀོང་མང་གཙོ་ཚོགས་པའི་ཚོགས་གཙོ་ཧོ་ཅུན་རན།  སྐུ་གཤེགས་སྲིད་བློན་ཀྲའོ་ཙེ་ཡང་གི་སློབ་སྟོན་པ་ཡན་ཅ་ཆི་ཡི་སྐུ་ཚབ་ནས་ཀྱང་ དབུ་འབྱེད་མཛད་སྒོར་གསུང་བཤད་གནང་ཡོད། དེེ་རྗེས་བརྗོད་གཞི་སོ་སོའི་ཐོག་གྲོས་བསྡུར་བྱས་ཤིང་།  མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་བརྗོད་གཞིའི་ཐོག་སྐུ་ཚབ་དོན་ཁང་གི་རྒྱ་ རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་གསུང་བཤད་གནང་སྐབས།  བོད་མི་ཚོས་རྒྱ་ནག་མང་གཙོར་འགྱུར་བ་བྱེད་རྒྱུ་དེ་གལ་ཆེན་པོ་ངོས་འཛིན་བྱེད་ ཀྱི་ཡོད།  བོད་ཀྱི་གནད་དོན་ནི་མི་རིགས་ཀྱི་གནད་དོན་གལ་ཆེ་ཡིན་པ་མ་ཟད།  བོད་མི་རིགས་འཚོ་གནས་ཐུབ་མིན་གྱི་གནད་དོན་ཞིག་ཡིན། མི་རིགས་གཞན་དང་ཐ་དད་ཡིན་པའི་བོད་མི་རིགས་ཀྱི་ཆོས་དང་།  རིག་གཞུང་།  གོམས་གཤིས་བཅས་སྲུང་སྐྱོབ་བྱེད་ཆེད་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ ཞིག་དགོས་ཀྱི་ཡོད་པར་བརྟེན། ང་ཚོ་བོད་རིགས་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ ཁྲིམས་ཡིག་ནང་གཏན་འབེབས་བྱས་པའི་རང་སྐྱོང་གི་ཐོབ་ཐང་ཁག་རྩོད་ལེན་བྱེད་བཞིན་ ཡོད། དེ་ནི་ང་ཚོས་འཛིན་བཞིན་པའི་སྲིད་བྱུས་ལངས་ཕྱོགས་ཏེ།  གཉིས་སྨན་དབུ་མའི་ལམ་ཡིན་ཞེས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བརྗོད་ གནང་།  ཡང་ཁོང་གིས་གསུང་དོན།  ད་ལྟ་རྣམ་པ་ཚོས་བགྲོ་གླེང་གནང་བཞིན་པར་གཞིགས་ན།  མ་འོངས་པར་རྒྱ་ནག་ནང་ཆབ་སྲིད་ལམ་ལུགས་གང་འདྲ་ཞིག་ལག་བསྟར་བྱས་ན། འཚམས་མིན་ལྟ་ཚུལ་དང་མཐོང་ཚུལ་གཅིག་གྱུར་ཡིན་པ་གསལ་པོ་ཡིན་པ་དང་།  བོད་པ་ཞིག་གི་ངོས་ནས་བཤད་ན།  མ་འོངས་པའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འདི་རྒྱ་ནག་མི་མང་མང་ཆེ་བས་མོས་མཐུན་ ཡོད་པའི་ལམ་ལུགས་ཤིག་དགོས་ཤིང་། དེའི་སྐབས་སུ་ཡང་མི་འབོར་མང་ཤོས་དེ་སྔར་བཞིན་རྒྱ་རིགས་ཡིན་པ་དང་། གཉིས་སྨན་དབུ་མའི་ལམ་ནི་རྒྱ་རིགས་བློ་བདེ་པོ་དང་།  བོད་པ་སྐྱིད་པོ་ཡོང་བའི་སྲིད་བྱུས་ཤིག་ཡིན་ལ།  དེ་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐབས་ལམ་ཡག་ཤོས་སུ་མཐོང་གི་ཡོད་ ཅེས་གསུངས་ཡོད་པ་རེད། ཕྱི་ཚེས་ ༧ ཉིན་ཚོགས་འདུ་གྲོལ་ཞིང་། ཉིན་གཉིས་རིང་གི་ཚོགས་འདུའི་ཞར་ཞོར་ལ་རྒྱ་རིགས་མཁས་དབང་དང་།  རྩོམ་པ་པོ།  དཔྱད་གཏམ་བཅས་དང་མཉམ་དུ་བོད་རྒྱའི་སྐོར་ལ་ཡང་གོ་བསྡུར་བྱུང་བ་མ་ཟད། ཟུར་དུ་མཇལ་རྒྱུའི་གོ་སྐབས་ཀྱང་བྱུང་ཞིང་།  ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་དོན་དག་གཉིས་ལ་ཡིད་སྨོན་བསྔགས་བརྗོད་ཞུས་ ཡོད་པ་ནི།
༡༽༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་ མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་པ་དང་།   ༢༽རྒྱ་རིགས་གྲོགས་པོ་དང་མཉམ་དུ་འབྲེལ་ལམ་ཤུགས་ཆེ་གཏོང་རྒྱུའི་མཛད་བྱུས་ལ་ བསྔགས་བརྗོད་ཤུགས་ཆེ་ཞུས་ཡོད་པ་བཅས།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php