གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།

༢༠༡༣ ཟླ་ ༣ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། མཁན་ཟུར་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་བ་རྣམ་པ། མི་མང་དང་སློབ་ཕྲུག་རྣམ་པ། ང་ཚོ་ཚང་མས་མཁྱེན་གསལ་རེད། ཡིད་སྐྱོའི་གནས་ཚུལ་ལ་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཙམ་ལ་མདོ་སྨད་ཛམ་ཐང་རྫོང་བར་བ་ཡུལ་ཚོ་ནས་ཡིན་པ་རང་ལོ་ ༣༣ ལ་སོན་པའི་རྒྱལ་གཅེས་པ་སྐལ་སྐྱིད་ལགས་དང་ཕྱི་ཚེས་ ༢༥ ཉིན་མདོ་སྨད་ཀན་ལྷོ་བླ་བྲང་བསང་ཆུ་རྫོང་དམེ་ཤུལ་ཤང་མཁར་དམར་སྡེ་བ་ནས་ཡིན་པ་རང་ལོ་ ༤༣ ལ་སོན་པའི་རྒྱལ་གཅེས་པ་ལྷ་མོ་སྐྱབས་ལགས་རྣམ་གཉིས་ཀྱིས་རྒྱ་ནག་གཞུང་ནས་བོད་མིའི་ཐོག་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག གནས་ཚུལ་གཞན་ཞིག་ལ་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ བོད་ཚེས་ ༡༥ ཉིན་རང་ལོ་ ༤༥ ལ་སོན་པའི་མཁན་ཆེན་ཁྲི་ཟུར་ཡིན་པ་མི་ཉག་ལྷ་སྒང་བྲག་དཀར་དགོན་གྱི་སྤྲུལ་སྐུ་ཨ་ཐུབ་བམ་༼མཚན་གཞན་ལ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་མཆོག་དང༌།༽ ཁོང་གི་ཚ་མོ་རང་ལོ་ ༢༣ ལ་སོན་པའི་བཙུན་མ་ཨ་ཚེ་ལགས་རྣམ་གཉིས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

ད་ལྟའི་ཆར་གྲོས་ཚོགས་འཚོགས་བཞིན་ཡོད་པ་ལྟར་གྲོས་ཚོགས་ཚོགས་དུས་ཉིན་དང་པོ་ཉིན་གཞུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་བཞག་ཡོད། སང་ཉིན་གྲོས་ཚོགས་ཉིན་མཐའ་མ་ཆགས་ཡོད་སྟབས། གདུང་སེམས་མཉམ་སྐྱེའི་གཞུང་འབྲེལ་གྲོས་གཞི་གྲོས་འཆར་འདོན་གནང་རྒྱུ་རེད་ཅེས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་གནས་ཚུལ་ཁ་ཤས་ཞུས་ན་སྙམ་བྱུང། སྔ་ལོ་ཕྱི་ལོ་ ༢༠༡༢ དེ་བཞིན་ལོར་ཞུ་གཏུག་གི་ལོ་དང་ཕྱི་ལོ་ ༢༠༡༣ ལོ་གདུང་སེམས་མཉམ་སྐྱེའི་ལོར་སྲུང་བརྩི་ཞུ་རྒྱུ་དང་སྦྲགས་ལས་འགུལ་སྤེལ་རྒྱུ་དང་གྲོས་ཚོགས་ཁག་ལ་ཞུ་གཏུག་འབུལ་མུས་ཡིན། ཨོ་སི་ཊོ་ལི་ཡ་ལྟ་བུར་མཚོན་ན་ཉེ་ཆར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་བོད་དོན་ཐོག་ (Motion) བཞག་ཐུབ་པ་བྱུང་འདུག དེའི་སྔོན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་འཇོག་རྒྱུའི་འབད་བརྩོན་བྱས་ཀྱང་འཇོག་ཐུབ་མེད། ད་ལན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང ་(Motion) བཞག་ཐུབ་པ་བྱུང་ཡོད། དེ་ནི་གཙོ་བོ་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཉམ་རུབ་ཀྱིས་གྲོས་ཚོགས་འཐུས་མི་འགྲམ་དུ་བཅར་བའི་ཐོག་ནས་ (Motion) བཞག་ཐུབ་པ་བྱུང་ཡོད། གནས་ཚུལ་འདི་གསར་པ་ཞིག་རེད། དེའི་ནང་བོད་དོན་སེལ་ཐབས་བྱེད་དགོས་རེད་ཅེས་ཁ་གསལ་འཁོད་ཡོད།

དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་གཅིག་གིས་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིན་ཕིང་ལ་ཁེ་ན་ཌའི་གྲོས་ཚོགས་ནང་བོད་ནང་ཛ་དྲག་གི་གནས་སྟངས་ཡོད་པ་དེ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་འབད་བརྩོན་བྱེད་དགོས། ཞེས་འབོད་སྐུལ་ཞུས་འདུག གཞན་ཡང་ཨ་རིའི་གྲོས་ཚོགས་ནང་ལའང་ཞུ་གཏུག་ཕུལ་སྐབས་མི་འབོར་ཡིན་ཡང་ཨ་རིའི་ས་ཁུལ་ཁག་ནས་བཅར་མཁན་མང་ཤོས་ཤིག་བྱུང་འདུག གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་ལས་ཁུངས་མང་ཆེ་བར་ཁོང་རྣམས་བཅར་ཐུབ་པ་བྱུང་འདུག གྲོས་ཚོགས་ཀྱི་འཐུས་མིའི་འགྲམ་དུ་དངོས་སུ་བཅར་བ་དང་གལ་ཏེ་གྲོས་ཚོགས་ཀྱི་འཐུས་མིའི་འགྲམ་དུ་བཅར་མ་ཐུབ་ནའང། ཁོང་རྣམ་པའི་འབྲེལ་ཡོད་ལས་བྱེད་སར་བཅར་ཏེ་བོད་དོན་སྐོར་ཞིབ་ཕྲ་ཞུ་ཐུབ་པ་བྱུང་ཡོད་པ་མ་ཟད། ཁོང་ཚོས་ཀྱང་རྒྱབ་སྐྱོར་གྱི་རྣམ་པ་གང་ཙམ་ཞིག་ཐོན་ཐུབ་པ་བྱུང་འདུག་ཅེས་ཞུ་རྒྱུ་ཡིན།

དབྱིན་ཡུལ་དང་སྦར་སིལ་དུའང་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གི་སར་བཅར་འདུག དེ་དང་དེ་ལྟ་བུ་བོད་མི་སྤྱི་ཡོངས་དང་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ལ་དམིགས་བསལ་གྱི་འགན་ཡོད་པར་བརྟེན། བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་སོགས་མུ་མཐུད་ནས་འགྲོ་བཞིན་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ (Human Rights Watch) སྙན་ཐོ་བཏོན་པའི་ནང་གཞི་རྩའི་ང་ཚོ་ཚང་མས་མཁྱེན་གྱི་ཡོད། འོན་ཀྱང་གནས་ཚུལ་དེ་གལ་ཆེན་པོ་ཡིན། གང་འདྲ་ཆགས་ཀྱི་འདུག་ཅེས་ཞུ་ན། བོད་ནང་གི་ཛ་དྲག་གནས་སྟངས་དང་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་གི་མཁྲེགས་འཛིན་དང། གདུག་རྩུབ། མནར་གཅོད་ཅན་གྱི་སྲིད་བྱུས་དང། ཆབ་སྲིད་ཀྱི་དམ་བསྒྲགས་ཐོག་དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད། ཆོས་དད་རང་དབང་སོགས་མེད་པ། རྒྱ་མི་རིགས་མང་པོ་བོད་ནང་གནས་སྤོས་བྱས་པ་སོགས་བོད་མིའི་རང་དབང་རང་བཞིན་གྱིས་འཕྲོག་གི་ཡོད་སྟབས། བོད་མི་རྣམས་ཀྱིས་ཞི་རྒོལ་དང་རང་ལུས་མེར་སྲེག་བཏང་ཡོད་པ་རེད། ཅེས་བཤད་པ་དེར་རྒྱབ་སྐྱོར་གྱི་རྣམ་པ་བཏོན་ཆེད། འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་བོད་མི་རྣམས་ཀྱི་རང་དབང་ཐོག་རྒྱ་ནག་གཞུང་གིས་ཇི་ལྟར་དམ་བསྒྲགས་བྱེད་བཞིན་ཡོད་པ་བཏོན་ཡོད།

སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཁྱིམ་ཚང་ནང་གི་ནང་མི་ཕན་ཚུལ་ཆབ་སྲིད་ཀྱི་བཀའ་མོལ་གནང་གི་ཡོད་མེད་དོགས་པ་སྐྱེས་ནས་འཕྲུལ་ཆས་བཙུགས་ཏེ་བོད་མིའི་ཐོག་དམ་བསྒྲགས་བྱེད་ཀྱི་ཡོད་པའི་སྐོར་སོགས་སྙན་ཐོའི་ནང་ཞིབ་ཕྲ་བཀོད་ཡོད། དེ་དག་ཚང་མ་ང་ཚོས་དུས་རྟག་ཏུ་བཤད་པ་དེར་དཔང་རྟགས་ཁུངས་སྐྱེལ་ལྟ་བུ་ཆགས་ཡོད། སྤྱི་ཡོངས་ཀྱི་གནས་ཚུལ་ཐོན་སྟངས་ལ་གཟིགས་ན། རྒྱལ་སྤྱིའི་སྙན་གྲགས་ཅན་གྱི་དྲང་བདེན་རྩོད་མཁན་གྱི་ཚོགས་པ་ཁག་གིས་ང་ཚོར་བདེན་པ་ཡོད་པ་ཁུངས་སྐྱེལ་བྱས་པ་ཞིག་ཆགས་ཡོད། ང་ཚོ་བོད་མི་ཞིག་དང་ནང་པ་ཡིན་པའི་ཆ་ནས་སྨོན་ལམ་རྒྱག་རྒྱུ་དེ་རེད། བོད་ནང་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ ༡༡༣ གྱིས་རང་ལུས་མེར་སྲེག་བཏང་བའི་ཁྲོད་ནས་ཕྱི་ལོ་ ༢༠༡༣ ལོ་ནས་ད་བར་ ༨༥ ཆགས་ཡོད། དེའི་ཁོངས་ནས་འདས་གྲོངས་སུ་གྱུར་བ་ ༩༥ ཆགས་ཡོད། ཁོང་ཚོའང་ང་ཚོ་བཞིན་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡིན་པ་དེ་ཡིད་ལ་བཞག་པའི་ཐོག་ནས་ཐུགས་སྨོན་གནང་རོགས། རྒྱལ་གཅེས་པ་ཁོང་རྣམ་པས་སོ་སོའི་གཅེས་པའི་ལུས་སྲོག་བློས་གཏོང་སྐབས་ག་རེ་གསུངས་ཡོད་ཅེ་ན། ང་ཚོ་འཛམ་གླིང་འདི་ནས་འགྲོ་གི་ཡིན། རྩ་ཆེའི་ལུས་དང་སྲོག་དེ་བློས་གཏོང་གི་ཡོད། དེ་ལྟར་གཏོང་དགོས་དོན་ནི་བོད་དང་བོད་མིའི་ཆེད་དུ་ཡིན། བོད་ང་ཚོའི་ལུང་པ་ཆགས་ཡོད། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་ཁོང་རྣམ་པའི་མངོན་འདོད་སྒྲུབ་རྒྱུར་གང་ཐུབ་ཅི་ཐུབ་གནང་རྒྱུའི་འགན་ཆེན་པོ་ཡོད། དེ་དང་ཆབས་ཅིག་མཆོད་འབུལ་གནང་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་པོ་རེད། བོད་ནང་དམ་བསྒྲགས་ཤུགས་ཆེ་ཡོད་ནའང་རང་ལུས་མེར་སྲེག་གཏོང་སའི་ས་གནས་དེར་བོད་མི་རྣམས་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་གནང་གི་ཡོད། ང་ཚོས་མ་ཎི་གཅིག་གྲངས་ཀྱང་ང་ཚོ་ཚང་མར་ཕན་གྱི་ཡོད་པ་དེ་ཐུགས་ལ་འཇགས་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད

 

 

ཕྱི་ལོ་ ༢༠༡༣ གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་སྤེལ་བའི་དཔལ་ལྡན་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་བཤད།

 

 

༄༅། །ཕྱི་ལོ་ ༡༩༥༩ ལོའི་དེ་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་སྐྱ་སེར་རྒན་གཞོན་དབྱེ་བ་མེད་པར་བོད་ཆོལ་ཁ་གསུམ་གྱི་བོད་མི་སྟོང་ཕྲག་མང་པོ་མཉམ་འཛོམས་ཀྱིས་རྒྱ་གཞུང་གི་བཙན་འཛུལ་དང་བཙན་བཟུང་ལ་ཞི་བའི་སྒེར་ལངས་བྱས་ཡོད། ང་ཚོ་ནི་མི་ལོ་ཉིས་སྟོང་ལྷག་སོང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆག་འཇིག་ཁྲོད་འཚར་བའི་མི་རབས་ཤིག་ཡིན།

དེ་རིང་ང་ཚོས་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་ཡོངས་ལ་རྗེས་དྲན་དང་། བཀའ་དྲིན་ཅན་གྱི་མི་རབས་རྒན་པ་ཚོས་དབུ་བརྩམས་པའི་འཐབ་རྩོད་དེར་ཆོད་སེམས་བསྐྱར་ནན་ཞུ་ཆེད་མཉམ་འཛོམས་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལོ་རྒྱུས་རང་བཞིན་ལྡན་པའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བ་དེ་དག་ད་ལྟ་ང་ཚོས་བོད་མིའི་རང་དབང་དང་། ངོས་འཛིན། ཆེ་མཐོང་བཅས་སྲུང་སྐྱོབ་བྱ་རྒྱུའི་ལམ་སྟོན་དུ་བཟུང་དགོས།

ད་ལྟའི་ཆར་བོད་ནང་དྲག་གནོན་གྱི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་སླེབས་ཡོད་པ་ནི། རང་ལུས་མེར་སྲེག་མུ་མཐུད་མང་དུ་འགྲོ་བཞིན་པ་ལས་གསལ་པོ་རྟོགས་ཐུབ། ཕྱི་ལོ་ ༢༠༠༩ ནས་བཟུང་ང་ཚོས་ཤེས་རྟོགས་བྱུང་བར་བོད་མི་ ༡༠༧ གྱིས་རང་ལུས་མེར་སྲེག་བཏང་བ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༡༡ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་སྐབས་ཁོ་ནར་ ༢༨ བྱུང་ཡོད། བློ་ཕམ་པ་ཞིག་ལ་དེ་དག་གི་ཁྲོད་ནས་ ༩༠ འདས་གྲོངས་སུ་གྱུར་ཡོད། དེ་ནི་ཕལ་ཆེར་ཉེ་བའི་ལོ་རྒྱུས་ནང་འཛམ་གླིང་གི་ས་ཕྱོགས་གང་དུའང་བྱུང་མ་མྱོང་བ་ཞིག་རེད། རང་ལུས་མེར་སྲེག་གནང་མཁན་མང་ཆེ་བ་གྲྭ་བཙུན་ཡིན་པ་དང་། དེ་བཞིན་ཞིང་པ་དང་། འབྲོག་པ། སློབ་ཕྲུག་བཅས་བོད་ཀྱི་རྒྱལ་ས་ལྷ་ས་ཐེ་བའི་ཆོལ་ཁ་གསུམ་གྱི་ནང་བྱུང་ཡོད། དེ་རིང་ནི་ཁོང་ཚོར་རྗེས་དྲན་ཞུ་ཆེད་ཀྱི་ཉིན་མོ་ཞིག་ཀྱང་རེད།

རང་ལུས་མེར་སྲེག་གནང་དགོས་པའི་རྒྱུ་རྐྱེན་གཙོ་བོ་བོད་ནང་རྒྱ་གཞུང་གིས་བཙན་བཟུང་དང་དྲག་གནོན་མུ་མཐུད་བྱེད་བཞིན་པ་དེ་དག་ཡིན། རྒྱ་ནག་གཞུང་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ངོས་འཛིན་དང་། ཆེ་མཐོང་། བོད་རྒྱུད་ནང་བསྟན་གྱི་དཔལ་ཡོན་བཅས་པར་དམའ་འབེབས་དང་མཐོང་ཆུང་ཁྱད་གསོད་བྱས་དང་བྱེད་བཞིན་པ་རྣམས་བོད་མི་ཚོས་ཉིན་ལྟར་དངོས་སུ་མྱོང་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རྒྱུའི་བཙན་དབང་དང་ཆོས་ལུགས་ཀྱི་བྱེད་སྒོར་དམ་བསྒྲགས། རྒྱ་རིགས་འབོར་ཆེན་གནས་སྤོ་བྱས་དང་བྱེད་བཞིན་པའི་དབང་གིས་བོད་མིའི་ལས་འཚོལ་གྱི་གོ་སྐབས་དང་། ས་ཞིང་། མདུན་ལམ་བཅས་པ་འཕྲོག་ནས་བོད་ཀྱི་གྲོང་ཁྱེར་མང་པོ་རྒྱ་ཡི་གྲོང་ཁྱེར་དུ་སྒྱུར་བཞིན་ཡོད། འབྲོག་པ་ཁྲི་ཕྲག་མང་པོ་བཙན་དབང་གི་སྒོ་ནས་གྲོང་ཁྱེར་གསར་པའི་ནང་སྤོ་རུ་བཅུག་སྟེ། དེ་སྔ་རང་ཁ་རང་གསོ་ཐུབ་པའི་འབྲོག་པ་མང་པོ་གྲོང་ཁྱེར་ནང་འཚོ་རྟེན་དང་ལས་འཚོལ་གྱི་གོ་སྐབས་མེད་པའི་རྐྱེན་གྱིས་དབུལ་ཕོངས་སུ་སྒྱུར་བཞིན་པ་དང་། མི་སེར་སྤེལ་ཡུལ་ལྟ་བུའི་འཛུགས་སྐྲུན་གྱི་ལས་འཆར་སྤེལ་ནས་ཨ་སྒོར་དུང་ཕྱུར་མང་པོའི་རིན་ཐང་ལྡན་པའི་བོད་ཀྱི་རང་བྱུང་ཐོན་རྫས་རྣམས་རྒྱ་ནག་ལ་དབོར་འདྲེན་བྱེད་བཞིན་པ་བཅས་ཀྱིས་གང་བསྟན་གྱི་ཡོད་ཅེ་ན། རྒྱ་ནག་གཞུང་ལ་བོད་ཀྱི་ལུང་པ་དགོས་པ་གང་ཞིག་ལ་བོད་མི་དགོས་ཀྱི་མེད་པ་དེ་བསྟན་ཡོད།

དེ་མཚུངས་སྲིད་བྱུས་དེ་དག་ལ་བོད་མིའི་ངོས་ནས་མི་འདོད་པའི་རྣམ་འགྱུར་ཕྲན་བུ་ཙམ་ཞིག་ཐོན་པས་ཀྱང་། ཡུན་རིང་བཙོན་འཇུག་དང་། མནར་གཅོད། ཁྲོམ་བསྒྲགས་དམའ་འབེབས། ཉེན་རྟོག་མི་སྣའི་ལག་འོག་ནས་གར་སོང་ཆ་མེད་འགྲོ་བ་བཅས། ཡ་ང་བའི་གནས་སྟངས་ཀྱི་དབང་གིས་རང་ཉིད་འཛིན་བཟུང་བྱེད་དུ་བཅུག་པ་ལས་མེར་སྲེག་གཏང་རྒྱུའི་གདམ་ཁ་བྱེད་ཀྱི་ཡོད། ཉེ་སྔོན་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བཅོས་མའི་ཁྲིམས་གཏུགས་བརྒྱུད་རང་ལུས་མེར་སྲེག་གནང་མཁན་ཚོ་ཉེས་ཅན་པར་སྒྲུབ་ཐབས་དང་། ཁོང་ཚོའི་ནང་མི་ཉེ་འབྲེལ་རྣམས་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་པ་འདི་དག་གིས། རང་ལུས་མེར་སྲེག་མཚམས་འཇོག་བྱ་རྒྱུའི་ཚབ་ཏུ་མང་དུ་འགྲོ་བའི་རྒྱུ་རྐྱེན་བཟོས་ཡོད།

ང་ཚོས་བརྒྱུད་ལམ་སྣ་ཚོགས་ཐོག་རང་ལུས་མེར་སྲེག་མ་གནང་རོགས་ཞེས་ཁ་གསལ་པོའི་སྒོ་ནས་འབོད་སྐུལ་རིམ་པ་ཞུས་ཡོད།   མིའི་ཚེ་སྲོག་ནི་རིན་ཐང་བྲལ་བ་ཡིན་སྟབས། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དེ་ལྟར་ཚེ་སྲོག་བློས་མ་བཏང་ན་བསམ་གྱི་ཡོད། ནང་པ་ཞིག་ཡིན་པའི་ཆ་ནས་འདས་པོ་ཚོའི་ཆེད་མཆོད་འབུལ་སྨོན་ལམ་དང་། བོད་མི་ཞིག་ཡིན་པའི་ཆ་ནས་ཁོང་ཚོའི་མངོན་འདོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མིའི་རང་དབང་བསྐྱར་གསོ། བོད་རིགས་ནང་ཁུལ་ཆིག་སྒྲིལ་དགོས་རྒྱུ་བཅས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་ཞུ་རྒྱུ་ནི་ང་ཚོའི་རྩ་ཆེའི་ལས་འགན་ཡིན།

དེ་འདྲ་སོང་ཙང་མཚམས་འཇོག་བྱ་རྒྱུའི་ཐབས་ལམ་གཅིག་པུ་དེ་ནི། བོད་མིའི་གཞི་རྩའི་རང་དབང་དང་ཆེ་མཐོང་ལ་ངོས་འཛིན་གྱིས་བོད་ལ་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བསྒྱུར་བཅོས་གཏང་རྒྱུ་དེ་ཉིད་ཡིན།བཀའ་ཤག་གི་ངོས་ནས་བོད་དོན་ཐག་གཅོད་ཡོང་ཐབས་སུ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ལ་དགོངས་འཆར་གྱི་ཚུལ་དུ་ལམ་སྟོན་གནང་བའི་སྲིད་བྱུས་འདི་ནི། ད་ལྟའི་དངོས་ཡོད་གནས་སྟངས་ལ་གཞིགས་པའི་ལག་བསྟར་ཐུབ་པའི་སྲིད་བྱུས་བཟང་ཤོས་དེ་ཡིན། སྲིད་བྱུས་འདི་ལ་བོད་ཕྱི་ནང་གཉིས་ཀའི་ནང་རྒྱབ་སྐྱོར་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་བསྡུར་སབྱང་བཤད་རིམ་པ་བྱས་མཐར་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཀྱང་རེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་། གལ་གནད་ཆེ་བའི་རྒྱལ་སྤྱིའི་སྲིད་གཞུང་དང་དབུ་འཁྲིད་ཁག་གིས་ཀྱང་དངོས་ཤུགས་ཅི་རིགས་ནས་རྒྱབ་སྐྱོར་ཐོབ་ཡོད། ལྷག་དོན་རྒྱ་རིགས་ཤེས་ཡོན་ཅན་དང་། མཁས་པ། རྩོམ་པ་པོ་སོགས་མང་པོས་གཉིས་སྨན་དབུ་མའི་ལམ་གྱི་གལ་གནད་ཤེས་པའི་སྒོ་ནས་ལོ་རེ་བཞིན་རྒྱབ་སྐྱོར་ཇེ་མང་དུ་འགྲོ་བཞིན་ཡོད།

རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་དངོས་ཡོད་གནས་སྟངས་མཐོང་བའི་སྒོ་ནས་སྲིད་བྱུས་འདི་བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་ཡོད་པའི་སྲིད་བྱུས་ཡག་ཤོས་ཡིན་པ་ངོས་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༠༢ ལོར་འབྲེལ་མོལ་བསྐྱར་གསོ་བྱུང་སྐབས་བོད་ནང་བོད་མི་ཚོས་བོད་དོན་དཀའ་རྙོག་སེལ་ཐུབ་རྒྱུའི་རེ་བ་བྱས་པ་དང་། ད་ལྟའི་ཆར་འབྲེལ་མོལ་བར་མཚམས་ཆད་པ་འདིས་བོད་མི་ཡོངས་དང་ཁྱད་པར་བོད་ནང་ཡོད་པའི་བོད་མི་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད།

གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་དོན་ཐག་གཅོད་བྱ་རྒྱུའི་འདུན་པ་ཡོད་ན་ཁྲིམས་དང་སྒྲིག་གཞི་གང་གི་ཆ་ནས་དཀའ་ངལ་འཕྲད་གཞི་མེད། རྩ་ཁྲིམས་དོན་ཚན་ ༣༡ གཞི་བཟུང་ཧོང་ཀོང་དང་མེ་ཀའོ་ཡི་གནད་དོན་ཐག་གཅོད་བྱེད་ཆེད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་ལོགས་སུ་བསྐྲུན་ཡོད། དེ་མཚུངས་ཐའེ་ཝེན་ཐད་ཀྱང་རྒྱ་ནག་གི་འགོ་འཁྲིད་ཚོས་བཀའ་ཤག་རིམ་པའི་ཚོགས་ཆུང་བཙུག་རྒྱུའི་ཆབ་སྲིད་ཀྱི་འདུན་པ་གསལ་པོ་བསྟན་ཡོད། འོན་ཀྱང་བོད་དོན་ཐོག་རྒྱ་ནག་གི་འགོ་འཁྲིད་ཚོས་ཆབ་སྲིད་ཀྱི་འདུན་པ་དང་ཞི་འགྲིག་བྱ་རྒྱུའི་ཐབས་ལམ་གསལ་སྟོན་བྱས་མེད། ང་ཚོའི་ངོས་ནས་ཕྱིིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་རྒྱ་ནག་གི་འགོ་འཁྲིད་ཚོར་ས་གནས་དང་། དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད།བོད་དོན་ཐག་གཅོད་བྱ་རྒྱུ་འཛམ་གླིང་ཡོངས་ལའང་ཁེ་ཕན་ཡོད་པ་ཞིག་ཡིན། བོད་ནི་འཛམ་གླིང་གི་དཔལ་ཡོན་རྙིང་ཤོས་གྲས་ཡིན་པ་དང་། ལྷོ་བྱང་གི་སྣེ་གཉིས་ཕུད་པའི་འཁྱག་རོམ་གྱི་རྟེན་གནས་ཆེ་ཤོས་དེ་ཡིན་པས། འཛམ་གླིང་གི་སྣེ་གསུམ་པ་ ལྟ་བུ་ཡིན་པ་དང་། མི་འབོར་དུང་ཕྱུར་བཅོ་ལྔ་ལྷག་གི་འཚོ་གནས་དང་འབྲེལ་བ་ཡོད་པའི་ཨེ་ཤི་ཡའི་གཙང་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཀྱང་ཡིན། དེ་མཚུངས་བོད་མིའི་འཐབ་རྩོད་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བ་དང་མང་གཙོའི་ལྟ་གྲུབ་ལ་གཞི་རྟེན་བཅོལ་བ་ཞིག་ཡིན་སྟབས། བོད་དོན་གང་མྱུར་ཐག་གཅོད་བྱུང་ན་རང་དབང་འཐབ་རྩོད་བྱེད་མཁན་གཞན་ཚོར་ཡང་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐུབ་པ་དང་། རྒྱ་ནག་ནང་གུ་ཡངས་ཡོང་རྒྱུར་ཡང་ཕན་ཐོགས་ཡོད།

འདས་པའི་ལོ་བཅུ་ཕྲག་ལྔ་ལྷག་རིང་རྒྱ་གར་གཞུང་མང་གཉིས་ནས་གཏོང་ཕོད་ཆེན་པོས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཞུ་རྒྱུ་དང་། བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གང་ཟག་སྒེར་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དང་གཏམ་བཤད་རིམ་པ་སྤེལ་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། རྒྱ་ནག་ལ་ཞི་བའི་སྒོ་ནས་བོད་དོན་ཐག་གཅོད་ཡོང་ཐབས་སུ་དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས་གནོན་ཤུགས་སྤྲོད་རྒྱུའི་དུས་ལ་བབས་ཡོད་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན།བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འགན་འཛིན་བོད་ནང་ཕེབས་འཇུག་དགོས་པ་དང་། དེ་བཞིན་རྒྱལ་སྤྱིའི་གསར་འགྱུར་དང་། ཕྱི་འབྲེལ་གཞུང་ཚབ་མི་སྣ་ཁག་ཀྱང་བོད་ནང་ལ་གཏོང་དགོས། དེ་ནི་རང་ལུས་མེར་སྲེག་དང་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱ་རྒྱུའི་ཐབས་ལམ་གཅིག་པུ་དེ་ཡིན།

བཀའ་ཤག་གིས་ཕྱི་ལོ་ ༢༠༡༣ དེ་བོད་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་ལོར་སྲུང་བརྩི་བྱ་རྒྱུའི་གསལ་བསྒྲགས་གནང་བ་ལྟར་ཞི་བ་དང་། ཁྲིམས་མཐུན། ཆེ་མཐོང་ལྡན་པའི་སྒོ་ནས་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་བཞིན་པ་ཡིན། འདི་ལོ་ཕྱི་ཟླ་ ༡ ཚེས་ ༣༠ ནས་ཉིན་བཞིའི་རིང་ལྡི་ལིར་བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བ་དང་། སྐབས་དེར་རྒྱ་གར་གྱི་གནད་ཡོད་དབུ་འཁྲིད་དང་གྲོས་ཚོགས་ཀྱི་འཐུས་མི་མང་པོས་བོད་དོན་ཆེད་ལས་དོན་སྤེལ་རྒྱུའི་གཏམ་བཤད་གནང་ཡོད། དེ་རིང་ཡུ་རོབ་གནས་འཁོད་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ས་སྦར་སིལ་དུ་མཉམ་འཛོམས་ཀྱིས་ཡུ་རོབ་ཁུལ་བོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་གྱི་ཡོད། དེ་མཚུངས་ཟླ་བ་འདིའི་ནང་བྱང་ཨ་རི་དང་ཡུ་རོབ་གཙོས་རྒྱལ་ཁབ་ཁ་ཤས་ནང་བོད་དོན་ཞུ་གཏུགས་ཀྱི་ལས་དོན་ཡང་སྤེལ་གྱི་ཡོད། ཞུ་གཏུགས་བྱ་རྒྱུའི་དོན་སྙིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་ཁྱབ་སྒྱུར་གནང་བའི་དགོས་དམིགས་དང་། བོད་མིའི་མང་གཙོའི་འཕེལ་རིམ། དོན་ཕན་ལྡན་པའི་འབྲེལ་མོལ་ཡོང་ཐབས་བཅས་གསུམ་གཙོ་འདོན་གནང་དགོས།ད་ལྟའི་ཆར་བོད་མི་རྣམས་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་འགྲིམས་བཞིན་ཡོད་ཅིང་། བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ནི་ད་ལྟའི་དུས་སྐབས་འདིར་ང་ཚོས་གདོང་ལེན་གང་འདྲ་བྱེད་མིན་ལ་རག་ལུས་ཡོད། ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་འཕྲིན་ལས་དང་ཡང་དག་པའི་དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་གདོང་ལེན་བྱས་ཐུབ་ཡོད་པ་མ་ཟད། བོད་མིའི་སྙིང་སྟོབས་དང་ཆིག་སྒྲིལ་གྱི་ནུས་ཤུགས་འབུར་དུ་ཐོན་ཐུབ་པ་བྱུང་ཡོད། ང་ཚོས་མུ་མཐུད་ནུས་ཤུགས་ཟོང་ཁ་ཆིག་སྒྲིལ་གྱིས་འབད་བརྩོན་སྔར་ལྷག་བྱེད་དགོས། ད་བར་གཞིས་བྱེས་བོད་མི་ཡོངས་ནས་ཕྱར་གྲུ་མཉམ་འདེགས་དང་མཐུན་འགྱུར་གཟེངས་སུ་ཐོན་པ་གནང་བྱུང་བར་བཀའ་ཤག་ལ་དམིགས་བསལ་སེམས་སྐུལ་ཐེབས་གཞི་བྱུང་།

མཐའ་དོན། གཞིས་བཞུགས་བོད་རིགས་སྤན་ཟླ་ཡོངས་ལ་འཚམས་འདྲི་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། ཆིག་བསྒྲིལ། གསར་གཏོད། རང་ཁ་རང་གསོའི་ལྟ་གྲུབ་ལ་བརྟེན་ནས་རང་ཡུལ་གངས་ཅན་གྱི་ཞིང་དུ་རང་དབང་དང་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་འཆར་བའི་རེ་བ་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས།

སྲིད་སྐྱོང་བློ་བཟང་སེང་གེས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ལ།། །།

 

དེ་རིང་ཞོགས་པར་བཀའ་ཁྲི་གཙོས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྔོ་སྨོན་མཆོད་འབུལ་དང་འབྲེལ། ཕྱི་ཟླ་ ༢ ཚེས་ ༨ ཉིན་འཛམ་གླིང་ཡོངས་ཀྱི་བོད་མི་དང་བོད་མིར་རྒྱབ་སྐྱོར་ཡོད་མཁན་ཡོངས་ཀྱིས་ལས་འགུལ་སྤེལ་རོགས་ཞེས་འབོལ་སྐུལ་གནང་སོང་།

དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་  སྟེང་ཐེག་ཆེན་གཙུག་ལག་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཀའ་ཁྲི་བློ་བཟང་སེངྒེ་མཆོག་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ལྷན་འཛོམས་ཐོག རྒྱ་གཞུང་གི་དྲག་གནོན་འོག་རང་ལུས་མེར་བསྲེགས་གཏོང་མཁན་རྣམ་པ་དང་། དྲག་གནོན་དམར་གསོད་བཏང་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་གུས་བཀུར་མྱ་ངན་ཞུས་ཡོད།

བསྔོ་སྨོན་མཆོད་འབུམ་ཟིན་རྗེས་བཀའ་ཁྲི་མཆོག་གིས། རྒྱ་གཞུང་གི་འཁྲེགས་བཟུང་སྲིད་ཇུས་དང་དྲག་གནོན་དམར་གསོད་འོག རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་མཚན་དང་ལོ་སོགས་སྒྲོག་སྦྱོང་གནང་ཡོད་པ་དང་། བོད་ནང་ཞི་རྒོལ་བྱུང་ཡུལ་ས་གནས་ཁག་དང་ཞི་རྒོལ་བའི་ཐོག་དྲག་གནོན་འཛིན་བཟུང་བྱས་པའི་གནས་ཚུལ་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་ཟླ་  ཚེས་  རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དང་བོད་མིའི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།


༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༧ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༥།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་ཐོག་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་སྣེ་ལེན་ཁང་གི་སྡོད་སྒུར་དུ་བོད་ནས་གསར་དུ་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་གཙོས་ཁྱོན་མི་གྲངས་ཁྲི་གཅིག་བརྒལ་བར་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་བཀའ་ཁྲི་མཆོག་གིེས་དབུས་ཆོས་རིག་བཀའ་བློན་མཆོག་དང་ནང་སྲིད་བཀའ་བློན་མཆོག བདེ་སྲུང་བཀའ་བློན་མཆོག དཔལ་འབྱོར་བཀའ་བློན་མཆོག ཕྱི་དྲིལ་བཀའ་བློན་མཆོག འཕྲོད་བསྟེན་བཀའ་བློན་མཆོག་བཅས་ལྷན་ཞུགས་ཀྱིས་ཐོག་མར་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བཀྲིས་ལགས་ཀྱིས་གསུང་བཤད་གོ་སྒྲིག་ཞུས་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་གྲུབ་མཚམས། བཀའ་ཁྲི་མཆོག་གིས་འདིར་འདུས་མི་མང་ལ། གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་བོད་ནས་ངལ་བ་ཁྱད་བསད་ཐོག་ཕེབས་པའི་བོད་རིགས་སྤུན་ཟླ་རྣམས་ལ་ཐོག་མར་བཀའ་ཤག་ལྷན་རྒྱས་ཀྱི་ངོས་ནས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་གསོལ་རས་སྩལ་ཡོད་སྐོར་དང༌། དེ་བཞིན་བཀའ་ཤག་སྐབས་བཅུ་བཞི་པའི་ངོས་ནས་འབྱུང་འགྱུར་ལོ་ཉི་ཤུའི་ནང་བོད་ནང་ནས་ཁྱད་ལས་པ་འབུམ་གཅིག་ཐོན་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད། བཙན་བྱོལ་ནང་ནས་ཁྱད་ལས་པ་ཁྲི་གཅིག་ཐོན་ཐུབ་རྒྱུའི་དམིགས་ཚད་བཟུང་ཡོད། ཕྱོགས་མཚུངས་ཉེ་ཆར་སླར་ཡང་ཨ་མདོ་རྔ་པ་ཁུལ་དུ་མི་གཉིས་ཀྱི་རང་ལུས་མེར་སྲེག་བཏང་བར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་སེམས་འཚབ་ཡོད། འདས་པའི་ཟླ་བ་བཅུ་གཉིས་ནང་བོད་མི་བཅུ་བཞིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བར་མི་མང་གིས་དགའ་བསུ་ཚད་མེད་ཞུས་ཡོད། དེ་རྗེས་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ་ལགས་ཀྱིས་འདིར་འདུས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུུས་ཡོད། དེ་བཞིན་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས་ཀྱང་ཆེད་བཅར་ཞུས་ཡོད།
ཕྱོགས་མཚུངས་ཕྱི་དྲིལ་ལས་ཁུངས་སྒྲ་བརྙན་སྡེ་ཚན་ནས་ཕྱི་ཚེས་ ༢ ནས་འགོ་འཛུགས་ཀྱིས་དད་ལྡན་ཆོས་ཞུ་བ་རྣམས་ལ་ྋགོང་ས་མཆོག་གིས་གང་ཉིད་སྐུའི་ཡང་སྲིད་སྐོར་དང་སྲོག་ཆགས་ཀུན་ལ་བྱམས་བརྩེ་སོགས་ཀྱི་གློག་བརྙན་ཁྱོན་མི་འདྲ་ཁག་བཅུ་གཅིག་དགོང་དྲོ་ཆུ་ཚོད་ ༦ པའི་ཐོག་བསྟན་དང་སྟོན་མུས་ཡིན་འདུག་པ་བཅས

ཟླ་འདིའི་ཕྱི་ཚེས་ ༣ ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་གཉིས། ཨ་རིའི་རྒྱལ་ས་ཝ་ཤིཊོན་དུ་ཚོགས་པའི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ (Tom Lantos Human Rights Commission)ཉན་ཞིབ་ཚོགས་འདུར་ཕེབས་ཏེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་གནང་ཡོད་པ་དང་། ཚོགས་འདུའི་སྟེང་བཀའ་ཁྲི་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེའི་འགན་འཛིན་དམ་པ་སྐུ་ཞབས་ཊོམ་ལེན་ཊོ་ལགས་བོད་དོན་ལ་མཐའ་གཅིག་ཏུ་རོགས་རམ་གནང་མཁན་ཞིག་ཡིན་སྐོར་གསུངས་ཏེ། མདོ་སྨད་རྔ་པ་གཙོས་པའི་ཁམས་རྟའུ་དང་དཀར་མཛེས་ཁུལ་གྱི་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་ཆོས་དད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་དང་། དམ་དྲག་གི་སྲིད་བྱུས་དེའི་འོག་བོད་མི་ཚོས་ཨུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་གཏོང་གི་ཡོད་སྐོར་བཅས་གསལ་བཤད་གནང་འདུག

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༣༥ ལོ་ནས་ ༡༩༩༨ ལོའི་བར་རྒྱ་གཞུང་གིས་བོད་མདོ་སྨད་རྔ་པ་ཁུལ་དུ་བཙན་གནོན་ཆེན་པོ་ཐེངས་གསུམ་བྱས་པའི་ལོ་རྒྱུས་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ། ད་བར་རྒྱ་གཞུང་གིས་རྔ་པ་ཁུལ་དུ་བཙན་འཛུལ་བྱས་པའི་གནས་སྟངས་འོག ཁུལ་དེའི་དགོན་སྡེ་ཁག་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་མ་ཟད། བོད་མི་བརྒྱ་ཕྲག་ལྷག་དམར་གསོད་དང་བཀྲེས་ལྟོགས་ཀྱིས་མནར་ཏེ་གྲོངས་ཡོད་སྐོར་དང་། ད་ལོར་བོད་ནང་བོད་མི་ ༡༡ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ་དེ་དག་ཀྱང་རྒྱ་ནག་གི་དྲག་པོའི་སྲིད་བྱུས་འོག་སྡོད་མ་ཐུབ་པར་ཨུ་ཐུག་གི་བྱ་སྤྱོད་ཅིག་ཡིན་སྐོར་གསལ་བཤད་གནང་ཡོད་འདུག

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པའི་ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལེ་བྷར་མན་ (Senator Lieberman) མཆོག་དང་སྐུ་ཞབས་ཇོན་མེ་ཀེན་མཆོག (Senator John McCain) སྐུ་ཞབས་ཊོམཨུ་ཌཱལ་ (Senator Tom Udall) མཆོག་དེ་བཞིན་སྐུ་ཞབས་བྷ་ར་སོ་མཆོག་ (Senator Barrasso) བཅས་དང་མཇལ་འཕྲད་གནང་ཡོད། དེ་ཡང་གོང་ཚེས་ཉིན་བཀའ་ཁྲི་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལེ་བྷར་མན་མཆོག་གིས་ལས་ཁུངས་སུ་གདན་ཞུས་ལྟར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་དང་ལྷན་མཇལ་འཕྲད་དང་ལྷན་ཚོགས་སྐབས་ཐོག་མར་བོད་ལུགས་ལྟར་སྐུ་མགྲོན་རྣམས་ལ་བོད་ཇ་ཞུས་ཏེ་ལྷན་ཚོགས་གནང་ཡོད།  ལས་ཁུངས་ཀྱི་གྱང་ལྡེབས་སུ་བོད་ལུགས་རླུང་རྟ་དར་ཅོག་གི་བཀོད་པ་ལེགས་པར་བཤམས་པའི་ཁྲོད་ལྷན་ཚོགས་དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལེ་བྷར་མན་མཆོག་དང་སྐུ་ཞབས་ཇོན་མེ་ཀེན་མཆོག འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག སྐབས་དེར་སྐུ་ཞབས་ཇོན་མེ་ཀེན་མཆོག་གིས་བཀའ་ཁྲི་མཆོག་ལ་ང་ཚོས་ཁྱེད་རྣམ་ལ་རོགས་རམ་ཇི་འདྲ་ཞུ་དགོས་པ་འདུག་ཅེས་དྲི་བ་བཏོན་རྗེས་ཁོང་རྣམས་ཕན་ཚུན་སྐར་མ་ ༤༠ ཙམ་རིང་ད་ལྟའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་དང་རྒྱ་གར་རྡ་རམ་ས་ལར་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ལ་འཕོ་འགྱུར་སོགས་ཀྱི་གཙོས་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་གོ་བསྡུར་སྦྱངས་བཤད་ལྷུག་པོ་གནང་ཐུབ་པ་བྱུང་ཡོད། སྐབས་དེར་སྐུ་ཞབས་ལེ་བྷར་མན་མཆོག་དང་སྐུ་ཞབས་ཇོན་མེ་ཀེན་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བཀའ་ཁྲི་མཆོག་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད་སྐོར་བརྗོད་ཡོད་པ་མ་ཟད། རྗེས་སུ་སྐུ་ཞབས་ཇོན་མེ་ཀེན་མཆོག་གིས་དྲ་ལམ་བརྒྱུད་དེ་རིང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་བྱུང། ཞེས་ཊུ་ཝི་ཊར་ཐོག་བཀོད་ཡོད་པ་རྣམས་མི་གྲངས་ས་ཡ་གཅིག་ལྷག་གིས་ལྟ་ཐུབ་པ་བྱུང་ཡོད།

གཞན་ཡང་བཀའ་ཁྲི་མཆོག་ཐེངས་འདིར་ཨ་རིའི་ཁུལ་དུ་ཉིན་གཉིས་པའི་ལས་དོན་གལ་ཆེ་བ་གཞན་ཞིག་ནི་ཨར་རྒྱ་དཔལ་འབྱོར་དང་བདེ་སྲུང་ཉམས་ཞིབ་ཚོགས་ཆུང་གི་ཚོགས་མི་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་དང་མཇལ་འཕྲད་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་བོད་ཀྱི་གནད་དོན་རྣམས་ལས་དོན་ཚོགས་ཆུང་གི་གཞུང་འབྲེལ་བཀའ་ཁྱབ་ནང་འཇུག་རྒྱུའི་ཐུགས་བསམ་བཞེས་རོགས་ཞེས་འབོད་སྐུལ་ཞུས་པར་ལས་དོན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༢ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ཆུ་དང་རང་བྱུང་ཐོན་སྐྱེད་ལ་བདག་གཅེས་ཀྱི་རོགས་རམ་གནང་རྒྱུའི་ལས་འཆར་གོ་སྒྲིག་ཞུས་ཡོད་སྐོར་གསལ་བཤད་གནང། བཀའ་ཁྲི་མཆོག་གོང་ཚེས་ཉིན་ཐོག་མར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་དོན་དྲི་བར་ལན་འདེབས་གནང། ཕྱེད་ཡོལ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཀའ་ཁྲི་མཆོག་ལ་གསོལ་སྟོན་ཤོམ་སྐབས་ལས་འགུལ་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་འཛུགས་སྐྲུན་ལས་གཞིར་རོགས་རམ་ཐོབ་ཆེད་ཚོགས་མི་ཁག་གཅིག་དང་སྦྱིན་བདག་བཅས་ཀྱང་མགྲོན་འབོད་ཞུས་ཡོད་པ་བཅས།


༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་National press Clubཞེས་པའི་ཨ་རིའི་གསར་འགོད་ལས་ཁང་དུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་གཞུང་དང་ལྷན་ཞི་བའི་ཐབས་ལམ་བརྒྱུད་ནས་སེལ་ཐབས་བྱ་རྒྱུའི་ཞེས་པའི་བརྗོད་གཞིའི་གསར་འགོད་ལྷན་ཚོགས་ཐོག་གསུང་བཤད་གནང་འདུག
དེ་ཡང་བཀའ་ཁྲི་མཆོག་གིས་གསུང་དོན། བོད་མིའི་སྒྲིག་འཛུགས་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པ་ལྟར་བོད་རྒྱའི་དཀའ་རྙོག་དེ་དབུ་མའི་ལམ་ནས་སེལ་ཐབས་ཀྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་རྒྱུ་ཡིན།  དེ་བཞིན་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་ཡང་སྒོས་བོད་ཤར་ཕྱོགས་སུ་དགེ་འདུན་པས་གཙོ་བོ་བྱས་པའི་བོད་མི་ན་གཞོན་མང་པོས་རང་ལུས་མེར་སྲེག་བཏང་སྟེ་ཛ་དྲག་ཆེ་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པར་བརྟེན། གནད་དོན་དེ་དག་ཐོག་རྒྱ་ནག་གཞུང་ནས་བསམ་ཞིབ་ངེས་པར་དུ་བྱེད་དགོས། རྒྱ་ནག་གཞུང་ནས་བོད་ནང་གི་བོད་མིའི་རང་དབང་སྨྲ་བརྗོད་རང་དབང་སོགས་ལ་བརྩི་འཇོག་བྱེད་དགོས་པ་མ་ཟད། བོད་རྒྱ་གཉིས་སྨན་ཡོང་ཆེད་བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་མོལ་གྱི་ལམ་ནས་སེལ་དགོས། བོད་ནང་གི་བོད་མི་ཚོ་ཆད་འུ་ཐུག་གི་གནས་སུ་གྱུར་ཏེ་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་གནང་བཞིན་ཡོད། ཁོང་རྣམ་པས་རང་ལུས་མེར་སྲེག་གཏོང་སྐབས་བོད་ནང་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཡོད། ཁྱེད་རྣམས་ནས་དགོངས་པ་བཞེས་དང་རང་ལུས་མེས་འཚིགས་བཞིན་པའི་སྐབས་དཀའ་ངལ་མང་དག་ཅིག་ཡོད་པ་བརྗོད་མི་དགོས། དཀའ་ངལ་དེ་འདྲ་ཡོད་བཞིན་དུ་འབོད་ཚིག་དེ་ལྟར་སྒྲོག་པ་དེ་ནི་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་བས་ཡིན། འོོན་ཀྱང་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ནང་གི་བོད་མིས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་བློ་སྤོབས་སྤེལ་གྱི་མེད། དེ་བཞིན་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་བོད་མི་ཚོ་རྒྱ་ནག་གཞུང་ནས་འཛིན་བཟུང་བཙོན་འཇུག་དང་གར་སོང་ཆ་མེད་དུ་བཏང་བ་སོགས་དྲག་གནོན་སྣ་ཚོགས་ཤིག་བྱས་དང་བྱེད་མུས་རེད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་དགོངས་དོན་ལྟར་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་རག་ཐབས་སུ་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན། རྒྱ་ནག་གཞུང་ཕྱོགས་ནས་ཧོང་ཀོང་སོགས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞིའི་འོག་རང་སྐྱོང་ལྗོངས་ཚད་ལྡན་ཞིག་སྤྲོད་ཐུབ་སར་བོད་ལ་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་ག་རེ་བྱས་ནས་སྤྲོད་ཐུབ་ཀྱི་མེད་པ་རེད་དམ། ང་ཚོ་འཚེ་མེད་ཞི་བའི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་ཡོད་པ་མ་ཟད། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་ཞེས་པ་ལས་བོད་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་བྱེད་ཀྱི་མེད་གསུངས་ཡོད།
ལྷག་པར་ཁོང་གིས་བོད་མདོ་སྨད་ཀིརྟི་དགོན་པའི་དགེ་འདུན་པས་གཙོས་བོད་ནང་གི་བོད་མི་བཅུས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་དགོས་དོན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་བ། བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་སྐོར། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་བཀའ་ཤག་གི་བཞེངས་ཕྱོགས། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་སོགས་འགྲེལ་བརྗོད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས། །

གཞུང་གི་དྲ་བ་ལས།

བོད་ནང་གི་རང་ལུས་མེར་བསྲེགས་ལ་སྐྱོན་བརྗོད་བྱེད་པའི་

རྒྱ་ནག་གི་དྲག་གནོན།

 

སྲིད་སྐྱོང་བློ་བཟང་སེང་གེས་ཁ་སང་ཝ་ཤིན་ཏོན་གསར་འཕྲིན་སྟེང་སྤེལ་བ།  རྨ་མགུར་སངས་རྒྱམ་གྱིས་བསྒྱུར།

ད་ལོའི་སྤྱི་ཟླ་ ༣ པ་ནས་བཟུང་བོད་ཀྱི་ཤར་ཕྱོགས་ས་ཁུལ་དུ་བོད་རིགས་བཅུ་གཅིག་གིས་རང་ལུས་མེ་རུ་བསྲེགས་ཡོད་པ་དང་དེའི་ནང་གི་དྲུག་ནི་འདས་གྲོངས་སུ་ཕྱིན་པ་རེད། རྒྱ་ནག་སྲིད་གཞུང་གིས་ཁོ་ཚོ་ནི་རྫུ་བག་གྱོན་པའི་དྲག་སྤྱོད་རིང་ལུགས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། དོན་དངོས་ཀྱི་གནད་དོན་ནི་ཁོ་ཚོའི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་རྣམས་བཙན་བཟུང་བྱས་པའི་བོད་ནང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་ལ་སྐྱོན་བརྗོད་བྱེད་པའི་རྟགས་མཚན་ངོ་མ་དེ་ཡིན། ཁོ་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་མི་དམངས་ཤིག་འཚོ་གནས་ལྡན་པའི་ཆེད་དུ་རླབས་ཆེན་གྱི་ལས་འགུལ་འདི་མངོན་གསལ་དུ་བསྟན་པ་རེད།

བཙན་བྱོལ་དུ་བཞུགས་པའི་བོད་རིགས་ཚོས་བོད་ནང་གི་རང་རེའི་མི་རིགས་ཀྱི་སྙིང་གི་ན་ཚ་དང་དཀའ་སྡུག་ལ་རྒྱུན་དུ་སེམས་ཁུར་ཟབ་མོ་མཛད་ཅིང་། ལྷག་པར་དུ་རྔ་་དང་དཀར་མཛེས་ས་ཁུལ་དུ་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ལ་བློ་འཚབ་དང་སེམས་སྡུག་ཆེན་པོས་གདུང་སེམས་མཉམ་སྐྱེད་གནང་བ་ཡིན།

 

རང་ལུས་མེར་བསྲེག་བཏང་བའི་གྲྭ་བ་དང་ཨ་ནེ་དེ་ཚོས་བོད་ནང་དུ་རྒྱ་ནག་གི་དྲག་གནོན་ལ་འཛམ་གླིང་མི་དམངས་ཀྱིས་དོ་སྣང་མཛད་པའི་ཆེད་དུ་རང་སྲོག་བློས་བཏང་གི་ལས་འགུལ་དེ་བརྩམས་པ་རེད། རང་སྲོག་བློས་བཏང་གནང་མཁན་ཚོས་བོད་དང་བོད་མི་དམངས་ཡོངས་ཀྱི་སྐུ་ཚབ་ཀྱི་ཐོག་ནས་ལས་འགུལ་འདི་སྤེལ་བ་དང་ཁོ་ཚོའི་ཐུགས་དགོངས་ནི་མི་གཞན་སུ་ཞིག་ལའང་གནོད་སྐྱོན་མི་གཏོང་བ་དེ་རེད། དཀའ་སྡུག་དང་སྐྱོ་གདུང་གི་ལས་འགུལ་འདི་ནི་ཁོ་ཚོའི་སེམས་ཀྱི་ན་ཟུག་དྲག་པོ་ལས་ཕྱིར་མངོན་པ་དང་། ཁོ་ཚོ་ནི་འཇིགས་སྣང་གི་བསམ་བློའི་འོག་ཏུ་གནས་ཡོད་པར་མ་ཟད། ཁོ་ཚོ་ལ་བསམ་སྤྱོད་ཀྱི་རང་དབང་གང་ཡང་ཡོད་པ་མ་རེད། བཙན་བྱོལ་དུ་བཞུགས་པའི་དབུ་ཁྲིད་ཚོས་བོད་ནང་གི་རང་ལུས་མེར་བསྲེག་དང་ངོ་རྒོལ་གྱི་ལས་འགུལ་ལ་སྐུལ་སློང་རྩ་བ་ནས་བྱེད་ཀྱི་མེད་པའི་རྒྱུ་མཚན་ནི་རྒྱ་ནག་གིས་ཁོ་ཚོ་ལ་དྲག་གནོན་ཁོ་ནའི་སྟེང་ནས་བྱ་སྤྱོད་སྤེལ་གྱི་ཡོད་པ་དེ་ཡིན། ད་དུང་རྒྱ་ནག་གིས་ཞི་བའི་ངོ་རྒོལ་བ་རྣམས་ལ་དོན་མེད་ཀྱི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད།

  

བོད་མིའི་རང་ལུས་མེར་སྲེགས་ཀྱི་སྐབས་སུ་མེ་ལྕེ་གསོད་པའི་ཚབ་དུ་རྒྱ་ནག་གི་དཔོན་རིགས་ཚོས་ཐེངས་དང་བོར་གཅར་རྡུང་བྱེད་ཀྱི་ཡོད་པ་དང་རྨས་སྐྱོན་དེའི་རྐྱེན་གྱིས་ཁོ་ཚོ་འདས་གྲོངས་སུ་ཕྱིན་པ་རེད། གོང་ས་མཆོག་གིས་བོད་རིགས་མི་དམངས་ལ་དེ་འདྲའི་འུ་ཐུག་གི་བྱ་སྤྱོད་ལ་མི་འགྲོ་བར་ཚིག་ཐག་ཆོད་པའི་སྒོ་ནས་རེ་སྐུལ་ནན་མོ་གནང་བ་རེད།  དཔེར་མཚོན་ཙམ་ཞུས་ན། སྤྱི་ལོ་ ༢༠༠༨ ལོར། གོང་ས་མཆོག་གིས་བོད་རིགས་ཚོ་ལ་ནན་སྐུལ་མཛད་པ་ལ་བརྟེན་ནས་ཁོ་ཚོས་རྒྱ་ནག་གི་དྲག་གནོན་སྲིད་ཇུས་ལ་དགག་ལན་སྤྲད་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་གནང་བ་རེད། བོད་ཀྱི་ཆབ་སྲིད་ཀྱི་གོ་ཁྲིད་ཅིག་ཡིན་པའི་ཆ་ནས་བདག་གིས་ཀྱང་བཙན་བྱོལ་དུ་བཞུགས་པའི་བོད་རིགས་ཚོ་ལ་འབོད་སྐུལ་མཛད་ནས་ཁོ་ཚོའི་མ་ཤིའི་བར་དུ་ཟས་བཅད་ཀྱི་ངོ་རྒོལ་ཁག་མཇུག་སྒྲིལ་དགོས་པར་བཤད་ཡོད། རྒྱུ་མཚན་ནི། ཁོ་ཚོས་རང་རེའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཅིང་། རང་རེའི་ལས་འགུལ་གྱི་སྟོབས་ཤུགས་འཛམ་གླིང་ཁྱོན་ཡོངས་སུ་སྲ་བརྟན་དུ་ཡོང་བར་ང་ཚོ་ཚང་མས་མཉམ་རུབ་ཀྱི་སྟོབས་ཤུགས་དགོས་ངེས་ཡིན། བོད་ཕྱི་ནང་གཉིས་ཀའི་མི་དམངས་ཀྱིས་རང་རེའི་སྤྱི་ཚོགས་དང་དགོན་པའི་སློབ་གསོའི་ཤེས་ཡོན་གཉིས་ལ་དོ་སྣང་ཆེན་པོའི་སྒོ་ནས་ཧུར་བརྩོན་གནང་དགོས་པར་ང་ཚོས་འབོད་སྐུལ་ནན་མོ་བྱེད་ཀྱི་ཡོད།

 

མཐོ་རིམ་གྱི་ཤེས་ཡོན་ལྡན་པའི་ཆེད་ལས་མཁས་པ་དང་ཤེས་རིག་ལྡན་པའི་གྲྭ་བ་རྣམས་ཀྱིས་ང་ཚོའི་ལས་འགུལ་འདི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པར་མིའི་རིགས་ཀྱི་གསར་བཏོད་ཀྱི་ནུས་པ་དང་ཡང་དག་པའི་ཐབས་ཇུས་ཀྱི་མཐུན་རྐྱེན་རྣམས་ངེས་པར་དུ་འདོན་ངེས་ཡིན། ང་ཚོས་ཉེ་ཆར་གྱི་ཡིད་སྐྱོ་བའི་ལས་འགུལ་གྱི་འབྱུང་རྐྱེན་ཏེ་བོད་ལ་མུ་མཐུད་དུ་བཙན་འཛུལ་བྱེད་པ་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་དྲག་གནོན་སྲིད་ཇུས། རིག་གཞུང་གཅིག་གྱུར། དཔལ་འབྱོར་དོ་མི་མཉམ་པ། ཁོར་ཡུག་གཏོར་བཤིག་གི་གནད་དོན་བཅས་ལ་ངེས་པར་དུ་དོ་སྣང་ཆེན་པོས་བསམ་གཞིགས་བྱེད་དགོས། བོད་མི་ཚོའི་ངོ་རྒོལ་གྱི་རྣམ་པ་ལ་རྒྱ་ནག་གིས་དྲག་གནོན་གྱི་བྱ་སྤྱོད་དམ་དུ་བཏང་བ་ལ་བརྟེན་ནས་གཏིང་ཟབ་པའི་ཉེན་ཚབས་ཆེན་པོ་བཟོ་ཡི་ཡོད།

 

སྤྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་རིང་དང་དེའི་རྗེས་སུ་རྒྱ་ནག་སྲིད་གཞུང་གིས་བོད་ནང་དུ་ཁྱབ་བསྒྲགས་མ་བྱས་པའི་དྲག་པོའི་སྒྲིག་ཁྲིམས་བཙན་བཀའ་བཏང་བ་དང་། གདུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ། ལྷག་པར་དུ་དགོན་པ་ཁག་གི་ནང་དུ་དེ་དག་ལག་བསྟར་བྱས་ཡོད། ད་ལོའི་ཕྱི་ཟླ་ ༣ པའི་ནང་དུ་དགུང་ལོ་ཉི་ཤུ་ཡིན་པའི་ཀིརྟི་དགོན་པའི་གྲྭ་བ་བློ་བཟང་ཕུན་ཚོགས་འདས་གྲོངས་སུ་ཕྱིན་པའི་རྐྱེན་ཀྱིས་ས་གནས་དཔོན་རིགས་ཚོས་རྔ་འི་ནང་དུ་ཤུགས་ཆེན་པོས་དྲག་གནོན་བྱས་པ་དང་། ཀིརྟི་དགོན་པ་ལ་དངོས་སུ་བཙན་འཛུལ་བྱས་པ། ཆོས་ལུགས་ཀྱི་མཛད་སྒོ་ཁག་བཀག་སྡོམ་བྱས་པ། ཁ་གསལ་མེད་པའི་གྲྭ་བའི་གྲངས་འབོར་མི་ཉུང་བ་ཞིག་བཙོན་དུ་བཅུག་པ་དང་ཉེས་རྡུང་བཏང་བ་རེད། མདོར་ན་ཁོ་ཚོས་གོང་ས་མཆོག་གི་སྐུ་པར་ཞིག་ཉར་འཇོག་བྱེད་པ་ཡང་བཀག་འགོག་བྱེད་ཀྱི་ཡོད།

 

བཙན་བྱོལ་ནང་དུ་ང་ཚོས་བོད་ནང་དུ་རང་རེའི་ཆོས་ལུགས་དང་རིག་གཞུང་གི་ལས་དོན་ཆ་ཚང་སྲུང་སྐྱོབ་བྱེད་པའི་མདུན་སྐྱོད་ཀྱི་ཐབས་ལམ་ལ་ཧུར་བརྩོན་བྱེད་པའི་མི་སྣ་ཡོངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། འཛམ་གླིང་མི་དམངས་ཀྱིས་ཐོས་པའི་ཁོ་ཚོའི་འབོད་སྒྲ་དེ་ང་ཚོས་གྲུབ་འབྲས་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱེད་ངེས་ཡིན། ཕྱི་ཟླ་ ༡༠ བའི་ཚེས་ ༡༩ ཉིན་ང་ཚོས་རང་ལུས་མེར་བསྲེག་བཏང་བའི་མི་སྣ་རྣམས་ལ་ཆིག་སྒྲིལ་གྱི་གདུང་སེམས་མཉམ་སྐྱེད་བྱེད་པའི་ཆེད་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་མཉམ་དུ་ཉིན་གང་གི་གསོལ་འདེབས་སྨོན་ལམ་དང་ཟས་བཅད་ཀྱི་སྨྱུང་གནས་ལ་བཞུགས་པའི་ལས་རིམ་ཞིག་གོ་སྒྲིག་བྱས་པ་ཡིན། འདི་ནི་རང་རེའི་རང་དབང་སླར་གསོ་བྱེད་པའི་ཆེད་དུ་བོད་རིགས་འདི་དག་གི་འབོད་སྒྲ་དེ་ང་ཚོ་ཚང་མས་མཐོང་ཐོས་སུ་འགྱུར་དགོས་པར་བྱེད་པའི་ལས་འགན་ཡིན་པ་དང་། ཁོ་ཚོའི་རང་སྲོག་བློས་བཏང་གི་མཛད་རྗེས་རྣམས་དོན་མེད་དུ་སོང་མེད་པ་ཞིག་མཚོན་པར་བྱས་ཡོད། རང་སྲོག་བློས་བཏང་གི་འབྱུང་རྩ་ནི་རྒྱ་ནག་གིས་བོད་ལ་མུ་མཐུད་དུ་དྲག་གནོན་བྱས་པ་དེ་ཡིན་པ་ནི་གསལ་བོ་རེད།

 

གོང་ས་མཆོག་དང་བོད་ཀྱི་འཛིན་སྐྱོང་བཀའ་ཤག་གིས་བོད་ནང་གི་དཀའ་ངལ་དེ་སེལ་ཐབས་བྱེད་པ་ལས་བོད་རྒྱའི་བར་ལ་དཀའ་ངལ་མུ་མཐུད་དུ་གནས་འདོད་མེད་པ་ཡིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་དུ་དངོས་དོན་རྟོག་ཞིབ་བྱེད་པའི་སྐུ་ཚབ་ཚོགས་པ་བཏང་ནས་དངོས་ཡོད་ཀྱི་གནས་སྟངས་ལ་རྟོག་ཞིབ་བྱེད་པར་ང་ཚོས་འབོད་སྐུལ་བྱེད་ཀྱི་ཡོད། ད་དུང་རང་དབང་གི་གསར་འགོད་པའི་ཚོགས་པ་དང་བསམ་བློ་གུ་ཡངས་ལྡན་པའི་རྒྱ་ནག་གི་ཤེས་ཡོན་ཅན་ཚང་མ་བོད་ནང་ལ་བསྐྱོད་པར་ཆོག་མཆན་སྤྲོད་དགོས་ངེས་ཡིན། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཚང་མས་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ངེས་པར་དུ་གནོན་ཤུགས་སྤྲད་དེ་བོད་དང་རྒྱ་ནག་ཕན་ཚུན་གཉིས་ཀྱི་རྩ་བའི་བདེ་དོན་གྱི་ཆེད་དུ་ཞི་བའི་གྲོས་མོལ་བརྒྱུད་ནས་བོད་མིའི་རང་དབང་སླར་གསོ་དང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དུ་འཇུག་དགོས།   

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php