ཁ་སང་བཞུགས་སྒར་དུ་རྒྱ་གར་ཆོས་ལུགས་ཆེ་ཁག་ལྔ་དང་ཚོགས་སྡེ་ཁག་ ༣༠ ཙམ་གྱི་འཐུས་མིས་བོད་ནང་གི་ཛ་དྲག་གནང་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་དང་བགྲོ་གླེང་ཞིག་གནང་སོང་།  

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༤ སྟེང་ངྷ་ས་ཁུ་ལཱབ་( The Club House)ཞེས་པའི་ཚོགས་ཁང་དུ། རྒྱ་གར་ཧི་མ་ལ་ཡ་ཁྱིམ་ཚང་དང་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་གོ་སྒྲིག་འོག ཕྱི་ལོ་ ༡༩༦༢ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་ནག་གིས་རྒྱ་གར་ལ་དྲག་གནོན་བྱས་པའི་དུས་ཚིགས་དྲན་གསོ་དང་བསྟུན་ཏེ། ༼ རྒྱ་གར་ཆོས་ཚོགས་ཀྱི་སྨོན་ལམ་མཆོད་འབུལ ༽ ཞེས་པའི་བགྲོ་གླེང་གཏམ་བཤད་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་ཧི་མ་ཅལ་མངའ་སྡེ་གཞུང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ཟུར་བ་ཝེ་རྗེ་མཱོན་ཁོ་ཊེ་ཡ་( Vijay Mankotia )མཆོག་དང་། རྒྱ་གར་གྱི་(RSS)ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཨེན་ཌི་རེ་ཤི་ཁའུ་མཱར་( Indreshi Kumar )། ཧ་མ་ཅལ་འཐུང་ཆུའི་དོ་དམ་འགན་འཛིན་ཕི་ར་ཝེན་ཞཱར་མ་( Pravin Sharma)བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་བཅས་ཆེད་ཕེབས་ཀྱིས་གཏམ་བཤད་གནང་ཡོད་ལ། གཞན། ཀང་རི་རེ་སི་(Congress) དང་བྷི་ཇི་པི་(BJP) དེ་བཞིན། བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་ཚོགས་གཙོ་སོགས་རྒྱ་གར་དང་བོད་པའི་ཚོགས་སྡེ་ཁག་ ༣༠ ཙམ་གྱི་མགོ་ཁྲིད་དང་སྐུ་ཚབ་བཅས་ ༢༠༠ མཉམ་ཞུགས་ཀྱིས་རྒྱ་གར་པ་དང་བོད་མིའི་མཛའ་གྲོགས་མཐུན་ལམ་དང་། རྒྱ་གར་ཡུལ་མིས་བོད་དོན་རྒྱབ་སྐྱོར། རྒྱ་དཀར་ནག་གི་དོན་རྐྱེན་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་ཡོ

 

མཛད་སྒོའི་ཐོག་མར་བགྲོ་གླེང་ཚོགས་འདུའི་བརྗོད་གཞི་ལྟར། རྒྱ་གར་གྱི་ཆོས་ལུགས་ཆེ་ཁག་ཧིན་རྡི་དང་ནང་པ། ཁ་ཆེ། ཡེ་ཤུ། སུག་ (Christian, Hindu, Muslim, Sikh and Buddhist)བཅས་ཀྱི་སྐུ་ཚབ་འཐུས་མི་རྣམས་ཀྱིས་བོད་ནང་ཞི་བདེ་དང་ཉེ་ཆར་རང་ལུས་མེར་བསྲེགས་གཏོང་མཁན་དག་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ཆོས་ལུགས་སོ་སོའི་ཆོ་ག་ལྟར་བསྔོ་སྨོན་ཞལ་འདོན་གནང་སོང་། འདི་ལ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡང་དྲུག་ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་སྟེང་རྒྱ་གར་ཆེ་ལུགས་ཆེ་ཁག་ལྔའི་འཐུས་མི་དང་། རྒྱ་གར་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་བཅས་ཀྱི་མི་སྣ་མཉམ་ཞུགས་ཐོག་ཐུན་མོང་གིས་བོད་དོན་གླེང་པ་འདི་ནི་དམིགས་བསམ་དང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པ་ཞིག་རེད། ཅེས་བརྗོད་བྱུང་།

གཏམ་བཤད་གནང་སྐབས་ཕྱི་ལོ་ ༡༩༦༢ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་ནི་རྒྱ་ནག་གིས་རྒྱ་དཀར་ནག་གི་ཆིངས་དོན་རྩིས་མེད་ཀྱིས། རྒྱལ་མཚམས་བརྒལ་ཏེ་རྒྱ་གར་ལ་དྲག་གནོན་དམག་འཐབ་བཤམ་པ་དུས་ནམ་ཡང་རྒྱ་གར་མི་མང་གིས་བརྗེད་མི་སྲིད་པ་དང་། འབྱུང་འགྱུར་རྒྱ་ནག་གིས་དེ་འདྲའི་ལས་ངན་བྱ་སྤྱོད་ཅི་ཞིག་སྤེལ་ཡང་རྒྱ་གར་མི་མང་ལ་གྲ་སྒྲིག་ཡོད་པ། བོད་དང་རྒྱ་གར་ར་དུས་ཡུན་རིང་པོའི་མཛའ་གྲོགས་ཀྱི་འབྲེལ་ལམ་ཡོད་པ་ལྟར། སྔར་ལས་ལྷག་པའི་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ། བོད་པའི་རྩ་དོན་ལ་བཟུང་པའི་རྒྱབ་སྐྱོར་རྒྱུན་འཁྱོང་ཇེ་ཟབ་ཏུ་གཏོང་རྒྱུ།  ཉེ་ལམ་ནས་བོད་ནང་བོད་རིགས་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་དེ་འུ་ཐུག་པ་ཞིག་ཡིན་སྟབས། ཁོང་ཚོ་ལ་རྒྱ་གར་མི་མང་གིས་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གི་ཐལ་ཆེ་པའི་བྱ་སྤྱོད་ལ་བློ་ཕམ་ཡོད་པ་སོགས་ཀྱི་གཏམ་བཤད་གནང་སོང་།

ཉིན་འདིའི་ཚོགས་འདིའི་སྟེང་ངྷ་སའི་རྒྱ་གར་གླ་གཏོང་རླངས་འཁོར་མཉམ་འབྲེལ་མཐུན་ཚོགས་(Taxi Union) དང་ཚོང་ཁང་སྐྱིད་སྡུག་ཚོགས་པ་(Shopkeepers Assocition)སོགས་ཀྱི་སྐུ་ཚབ་དག་གིས་ངྷ་ས་འདི་ཞི་བདེ་བསྟི་གནས་ཤིག་སྐྲུན་རྒྱུ་དང་། བོད་མི་དང་ས་གནས་ཡུལ་མིའི་མཐུན་ལམ་གོང་འཕེལ་མཉམ་གནས་ལ་ནུས་ཤུགས་འདོན་རྒྱུ་སོགས་ཀྱི་ཐད་ལ་རིམ་པར་གཏམ་བཤད་གནང་བྱུང་། བགྲོ་གླེང་གཏམ་བཤད་ཀྱི་ཚོགས་འདུ་དེ་ཧི་མ་ལ་ཡ་ཁྱིམ་ཚང་(Himalaya Parvar)ང་། བོད་པའི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱིས་མཉམ་རུབ་ཐོག་གོ་སྒྲིག་བྱས་པ་ཞིག་རེད། 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php