མིའི་ཐོབ་ཐང་གི་ཆེ་བསྟོད་གཟེངས་རྟགས་ཐོག་མ་དེ་

    ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་ལྷོ་ཕྱོགས་ཁ་ལི་ཕོར་ནི་ཡའི་ལོང་བྷི་ཆི་ (Long Beach) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཁ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཙུགས་ཏེ་མི་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། སྐབས་དེར་ས་གནས་འདྲ་མིན་གྱི་སྐུ་ཚབ་དང་ཚོགས་ཞུགས་པ་ཁྱོན་མི་ ༡༠༠༠ ལྷག་འཛོམས་ཡོད་འདུག མཛད་སྒོའི་སྟེང་ཚོགས་པ་དེས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོག་མ་དེ་༧གོང་ས་མཆོག་ལ་ཕུལ་ཡོད་ཅིང་། དེའི་ཐད་ཚོགས་པའི་འགན་འཛིན་གྱིས་བརྗོད་ན། འཛམ་གླིང་མི་མང་གིས་ཉེན་ཁའི་འོག་བདེ་སྐྱིད་ཀྱི་སྤྱི་ཚོགས་ཤིག་ལ་རེ་བ་རྒྱག་བཞིན་པའི་སྐབས་འདིར། ༧ཏཱ་ལའི་བླ་མ་མཆོག་གི་བཟང་པོའི་བསླབ་བྱ་དེ་མིའི་རིགས་ལ་སྔར་ལས་དགོས་མཁོ་ཆེན་པོ་ཆགས་ཡོད་སྟབས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟཊ་ཐོག་མ་དེ། བོད་ཀྱི་༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ལ་འབུལ་ཐུབ་པ་འདིསང་ཚོའི་ཚོགས་པ་ཆེ་མཐོང་ཆེན་པོ་ཐོབ་སོང་། ཞེས་བརྗོད།

     ༧གོང་ས་མཆོག་གིས། ངོས་རང་སྒེར་བ་ཞིག་གི་ཐོག་ནས་བརྗོད་ན་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན། གཟེངས་རྟགས་འདི་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཞབས་འདེགས་ཕྲན་བུ་བསྒྲུབས་པ་དེར་ངོས་འཛིན་ཐོབ་པ་ཞིག་རེད། ངོས་ཀྱིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བོད་མི་ས་ཡ་དྲུག་དང་རྒྱ་ནག་མི་མང་ས་ཡ་མང་པོའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་དོན་ནི་གཞན་འཇིགས་པ་ལས་སྐྱོབ་ཀྱི་ཡོད་སྟབས་མི་འཇིགས་པའི་སྦྱིན་པ་ལྟ་བུ་ཆགས་ཀྱི་ཡོད། ཁྱེད་ཚོར་སེམས་ཤུགས་ནམ་ཡང་ཆག་རྒྱུ་ཡོད་པ་མ་རེད། དྲག་པོའི་སྟོབས་ཤུགས་ནི་འཕྲལ་སེལ་ཞིག་ཡིན་པ་དང་། བདེན་པའི་སྟོབས་ཤུགས་ནི་དེ་ལས་ལྡོག་སྟེ་ཡུན་གནས་ཐུབ་པ་ཞིག་ཡིན། ཞེས་གསུངས།

   ཉིན་རྒྱབ་ཁ་ལི་ཕོར་ནི་ཡའི་ཨིར་ཝིན་གཙུག་ལག་སློབ་གྲྭར་ University of Irvine ཆིབས་བསྒྱུར་གྱིས་ཁུལ་དེའི་མང་ཚོགས་ ༥༠༠༠ བརྒལ་བར། ༼བྱམས་བརྩེ་དང་གོ་ལའི་དབུ་ཁྲིད། ༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་སེམས་ཞི་བདེ་ཡོང་ཐབས་སྐོར་ལ། བློར་གོམས་འདྲིས་བསྟེན་ཏེ་སེམས་བབ་ལྷིང་ཡོང་རྒྱུར་འབད་བརྩོན་བྱ་དགོས། བྱམས་བརྩེའི་བློ་བསྐྱེད་པར་སེམས་བག་ཕེབས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན། འཇིགས་སྣང་དང་ཁོང་ཁྲོའི་འོག་སེམས་བག་ཕེབས་པོ་བཟོ་ཐུབ་ཀྱི་མེད། བསམ་བློ་བག་ཕེབས་པ་ཞིག་ཡོང་ཐུབ་མིན་གཙོ་བོ་མི་སྒེར་སོ་སོའི་ནང་གི་བསམ་བློར་གདེང་ཚོད་དང་བློ་སྟོབས་ཆེ་ཆུང་ཅི་ཙམ་ཡོད་མེད་ལ་རག་ལས་ཡོད། ཅེས་གསུངས།

 

 

ཨ་རིར་ཆིབས་སྒྱུར།

   ༧གོང་ས་མཆོག་གིས་ཉི་ཧོང་ནང་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༣༠ ཉིན་ནས་ཨ་རི་ཁུལ་དུ་ཆིབས་བསྒྱུར་སྐྱོང་གི་ཡོད་པ་ལྟར། ཕྱི་ཚེས་ ༢ ཉིན་ཁཱ་ལི་ཕོར་ནི་ཡའི་གྲོང་ཁྱེར་ལོ་སི་ཨེན་ཇི་ལེ་སིར་ (Los Angeles) ཞེས་པར་ཞབས་སོར་བཀོད་ཡོད་ཅིང་། ཨ་རིའི་ཆོས་ལུགས་མཐུན་སྒྲིལ་སློབ་མའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༣ ཉིན་༧གོང་ས་མཆོག་གིས་ལྷོ་ཀེ་ལི་ཕོར་ནི་ཡ་གཙུག་ལག་སློབ་ཆེན་དུ། སློབ་ཕྲུག་དང་ས་གནས་མང་ཚོགས་ ༥༠༠༠ ལྷག་ལ་༼འཇིག་རྟེན་གྱི་བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་། སྤྱི་ཚོགས༽བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གནང་དོན། དངུལ་དང་སྙན་གྲགས། ནུས་ཤུགས། དེ་བཞིན་གཟུགས་པོ་བདེ་ཐང་བཅས་དགོས་རྒྱུ་གལ་ཆེན་ཡིན་ནའང་། མི་སྒེར་བ་ཞིག་གི་འཚར་ལོངས་དེ་ནང་སེམས་ཀྱི་ནུས་སྟོབས་ལ་ངེས་པར་དུ་བརྟེན་དགོས་ཀྱི་ཡོད།

ཁོང་ཁྲོའི་ཐོག་ནང་སེམས་ཀྱི་ནུས་པ་ཡོང་ཐུབ་ཀྱི་ཡོད་པ་མ་རེད། ངོས་ཀྱི་ལས་འགན་གསུམ་གྱི་ནང་གཙོ་བོ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན། འདས་པའི་ལོ་རྒྱུས་ནང་ཆོས་ལུགས་ཀྱི་མིང་ཐོག་ནས་འཁྲུག་རྩོད་རིམ་པར་བྱུང་ཡོད་སྟབས། ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་རེ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་རྙོག་དྲ་བཟོས་ན་ནོར་འཁྲུལ་རེད། ཆོས་ལུགས་ཚང་མས་བྱམས་དང་བརྩེ་བ། བཟོད་བསྲན་སོགས་ཀྱི་བསླབ་བྱ་རྒྱག་བཞིན་པ་གཅིག་མཚུངས་ཆགས་ཡོད། ང་ཚོ་ཚང་མས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐབས་བྱེད་ཀྱིན་ཡོད་ཀྱང་། དེ་ལྟར་ཡོང་བར་འཆམ་མཐུན་སྤྱི་ཚོགས་ཤིག་ལ་བརྟེན་དགོས་པར་མ་ཟད། དེ་ནི་ཁྱིམ་ཚང་འཆམ་མཐུན་དང་མི་སྒེར་སོ་སོར་རག་ལས་པ་ཞིག་ཡིན། ཞེས་གསུངས།

ཡང་༧གོང་ས་མཆོག་གིས་མུ་མཐུད་དོན། མི་སྒེར་སོ་སོས་འགྱུར་བ་མ་བཏང་བར་འཛམ་གླིང་ནང་བདེ་སྐྱིད་ཡོང་ཐབས་མེད་ལ། དམིགས་ཡུལ་དེ་བསྒྲུབ་པར་ཆོས་ཀྱིས་ཕན་ཐོགས་བྱ་ཐུབ་ཀྱི་རེད། ད་ལྟ་འཛམ་གླིང་འདིའི་དངོས་ཡོད་གནས་སྟངས་ལ་བལྟས་ན། ཆོས་ལུགས་སུ་མ་བརྟེན་པའི་ཐོག་བདེ་སྐྱིད་ཀྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཐབས་ལམ་འཚོལ་དགོས་ཀྱི་འདུག ཆོས་ལུགས་རིས་མེད་ལ་བརྟེན་པའི་བཟང་སྤྱོད་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། ངོས་ཀྱིས་བཤད་བཞིན་པའི་ཆོས་ལུགས་རིས་མེད་དེ། རྒྱ་གར་རྩ་ཁྲིམས་ནང་བཀོད་པའི་ཆོས་ལུགས་ཚང་མར་གུས་བརྩི་ཞུ་རྒྱུ་དེ་ཡིན་ཞིང་། འགྲོ་བ་མིའི་རིགས་ནི་དུད་འགྲོ་དང་མི་འདྲ་བར་རྣམ་དཔྱོད་ཡོད་དུས་སློབ་གསོ་བརྒྱབ་སྟེ། བཟང་པོའི་ཡོན་ཏན་དེ་ཚོ་རང་རྒྱུད་ལ་སྐྱེད་ཐུབ་པ་ཞིག་བྱ་དགོས་པ་རེད། ཅེས་གསུངས་ཡོད།

ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར་ས་གནས་མང་ཚོགས་ ༦༠༠༠ ཙམ་ལ་༼བཟང་སྤྱོད་དང་དེའི་འབྱུང་ཁུངས། ངོ་བོ། བྱེད་ལས་༽བཅས་ཀྱི་ཐོག་བཀའ་སློབ་གནང་ཡོད་ལ། སྐབས་དེར། ༧གོང་ས་མཆོག་གིས་མི་སྒེར་དང་ཆོས་ལུགས། ཚན་རིག་སོགས་ཀྱིས་མིའི་རྒྱུན་ལྡན་གྱི་ཀུན་སྤྱོད་ལ་ཕན་གནོད་ཅི་ཡོད་དང་གནད་དོན་དེར་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་བཟང་སྤྱོད་ཀྱིས་ཕན་ཐོགས་ཅི་ཡོད་སྐོར་བཀའ་སློབ་གནང་ཡོད་པ་མ་ཟད། ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་ཀུན་སྤྱོད་དེ་བསམ་བློ་ཡར་རྒྱས་ལ་འབྲེལ་བ་གང་འདྲ་ཡོད་མེད་སྐོར་གསུངས་ཡོད་འདུག་ལ།  ཁོང་གིས་ཚན་རིག་པ་དང་འབྲེལ་བ་འཛིན་དགོས་དོན་ཐད་ལ། དང་པོ་ངོས་ཀྱི་ཤེས་ཚད་ཡར་རྒྱས་གཏོང་རྒྱུ་དང་། གཉིས་པ་ཕྱི་དངོས་པོར་གཞི་བཅོལ་བའི་ཚན་རིག་དེ་ཀུན་སྤྱོད་ཐོག་མཐུན་ཕྱོགས་སུ་བེད་སྤྱོད་ཇི་ལྟར་གཏོང་རྒྱུའི་ཐབས་ལམ་འཚོལ་རྒྱུ་དེ་ཡིན། ཞེས་གསུངས་ཡོད

 

 

ཉི་ཧོང་ལ་ཆིབས་སྒྱུར།

 

   ༧གོང་ས་མཆོག་ཁ་སང་ཕྱི་ཚེས་ ༢༨ ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཡའོ་གནམ་ཐང་དུ་བདེ་བར་ཞབས་སོར་བཀོད་དེ། ཉི་ཧོང་བ་དད་ལྡན་སྟོང་ཕྲག་མང་པོས་ཕེབས་བསུའི་དབུས་གྲོང་ཁྱེར་དེའི་གྷོ་ཁོ་ཁུ་ཇཱེ་ནང་པའི་ལྷ་ཁང་ཞིག་ཏུ་ཆབས་བསྒྱུར་བསྐྱངས་ཡོད་འདུག ༧གོང་ས་མཆོག་གིས་ལྷ་ཁང་དེའི་ནང་གི་སྐུ་རྟེན་རྣམས་ལ་རབ་གནས་མཆོད་འབུལ་དང་འབྲེལ་ཏེ། དེ་གའི་ནང་པའི་དགེ་འདུན་པ་རྣམས་དང་ལྷན་དུ་ཉེ་ཆར་ཉི་ཧོང་ནང་ས་འགུལ་མཚོ་འཁྱོམ་དང་། ཉིང་རྡུལ་བཟོ་སྐྲུན་ས་ཚིགས་ཆག་སྐྱོན་ཤོར་བ་སོགས་གོད་ཆག་བསྟུད་མུར་བྱུང་བའི་ཁྲོད་ཀྱི་འདས་སོན་ཡོངས་ལ་བསྔོ་སྨོན་གསོལ་འདེབས་མཛད་ཡོད།

༧གོང་ས་མཆོག་གིས་ཆོས་ཕྱོགས་ཀྱི་བྱེད་སྒོ་གྲུབ་རྗེས་ཉི་ཧོང་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་གསར་འགོད་པ་དག་གི་དྲི་བར་ལན་འདེབས་གནང་ཡོད། སྐབས་དེར་༧གོང་ས་མཆོག་གིས་ངོས་རང་ཐེངས་འདིར་ཉི་ཧོང་དུ་ཡོང་སྟེ་ཉེ་ཆར་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་སོང་བ་དག་ལ་བསྔོ་སྨོན་དང་། ཤུལ་དུ་སེམས་སྡུག་དང་དཀའ་ངལ་གྱི་འོག་ཏུ་གནས་ཡོད་པ་དག་ལ་གདོང་སེམས་མཉམ་སྐྱེད་ཀྱིས་སྐད་ཆ་འགའ་རེ་བཤད་རྒྱུ་བྱུང་བར་དགའ་བོ་བྱུང་། ཉི་ཧོང་བ་རྣམས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པ་སོགས་གོད་ཆག་སྔ་ཕྱིར་གདོང་ལེན་བྱས་ཏེ་ཉམས་མྱོང་ཆེན་པོ་བསགས་ཡོད་སྟབས། ཚང་མས་བློ་སྟོབས་ཆེན་པོས་འདས་ཟིན་པ་རྣམས་བརྗེད་དུ་བཅུག་སྟེ་མ་འོངས་པར་བསམ་བློ་བཏང་སྟེ་སེམས་ཤུགས་བསྐྱེད་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་འདུག

ཡང་གསར་འགོད་པ་ཞིག་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པའི་ལན་དུ་༧གོང་ས་མཆོག་གིས། ད་ལྟའི་ཆར་བོད་ནང་གི་གནས་བབ་ཧ་ཅང་ཛ་དྲག་ཆགས་ཡོད། ནང་ཆོས་གཙོས་པའི་བོད་པའི་སྐད་ཡིག་རིག་གཞུང་རྩ་མེད་འགྲོ་རྒྱུའི་ཉེན་ཁར་ཐུག་ཡོད་ལ། དེ་བཞིན་ཁོར་ཡུག་ལའང་རྒྱ་གཞུང་གིས་གཏོར་སྐྱོན་ཚབས་ཆེན་གཏོང་གི་ཡོད་སྟབས། གསར་འགོད་པ་ཚོ་ངེས་པར་དུ་བོད་ནང་བསྐྱོད་དེ་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས་འདུག

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php