ཉེ་ཆར་བོད་ནང་བོད་མི་སེར་སྐྱ་གཉིས་ཀྱི་རྒྱ་ནག་གཞུང་ལ་རང་ལུས་མེར་སྲེགས་ཀྱི་ལས་འགུལ་རིམ་པར་སྤེལ་ཡོད་པའི་ཐད། ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་དང་དེ་རིང་སྔོ་དྲོ་བཅས་སུ་ཚོགས་དྲུང་ལས་ཁུངས་ཀྱི་དཔེ་མཛོད་ཚོགས་ཁང་དུ་བཀའ་བློན་ཁྲི་པ་མཆོག་དང་སྤྱི་འཐུས་ཚོགས་གཙོ་དབུས་པའི་བཀའ་བློན་དང་སྤྱི་འཐུས་རྒྱུན་ལས་བཅས་བཀའ་སྤྱི་ལྷན་རྒྱས་ཚོགས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་སུ་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་གར་གྱི་གནད་ཡོད་མི་སྣ་དང་དབུ་ཁྲིད། བཙན་བྱོལ་བོད་མིའི་སྤྱི་ཚོགས་བཅས་ཀྱིས་གདུང་སེམས་མཉམ་སྐྱེད་དང་ལས་འགུལ་ སྤེལ་ཕྱོགས་བཅས་ཀྱི་ཐོག་བཀའ་བསྡུར་གནང་སྟེ་གཞུང་འབྲེལ་མཛད་འཆར་ཁག་གཏན་འབེབས་གནང་ཡོད་པར་མ་ཟད། དེ་རིང་ཕྱི་ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཚོགས་པ། དེ་བཞིན། བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་སོགས་སྤྱི་སྒེར་ཚང་མས་བོད་ནང་གི་ཛ་དྲག་གི་གནས་སྟངས་གང་མྱུར་སེལ་ཐབས་སུ། འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ཡུལ་ཁྲིམས་དང་མཐུན་པའི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་སོང་།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་བཀོད་དོན  རྒྱ་ ནག་གཞུང་གིས་བོད་ནང་དུས་ལས་ཡོལ་བའི་མི་སེར་སྤེལ་ཡུལ་རིང་ལུགས་པའི་སྲིད་ཇུས་ གུང་བསྒྲིགས་ཏེ། བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་བཤིག་གི་སྦྱོར་ངན་མངོན་སུམ་འཛེམས་མེད་དུ་ སྤེལ་སྟབས། བོད་མི་རྣམས་རང་ཡུལ་དུ་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། རིག་གཞུང་། འཚོ་གནས་ཁོར་ཡུག་གང་ཅིའི་ཐད་མཐར་འབུད་དང་། གྲལ་རིམ་གཉིས་པའི་མི་རིགས་ཀྱི་གནས་སྟངས་འོག་སྡོད་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་ཐོན་ཁུངས་ཡོངས་རྫོགས་བདག་ཏུ་འཛིན་མཁན་རྒྱ་གཞུང་ལས་བྱེད་དང་ བོད་འབྱོར་རྒྱ་རིགས་ཚོས་ཡུལ་དུས་ཐམས་ཅད་དུ་བོད་མི་ཚོར་མཐོང་ཆུང་ཁྱད་གསོད་ དང་། བརྙས་གཙེར་བརྡབ་གསིག་རྒྱུན་མར་བྱེད་པ་དང་། བོད་ནང་གི་མངོན་སུམ་དུ་གྲུབ་པའི་གནས་སྟངས་ལ་འཁྱོག་བརྗོད་རྫུན་བཟོ་བྱས་པས་ མི་ཚད། ད་དུང་བོད་མི་ཚོར་བཙན་ཤེད་ཀྱིས་འཁྱོག་བརྗོད་རྫུན་བཟོ་བྱེད་དུ་འཇུག་པ་དང་། བོད་མིའི་བསམ་བློ་དང་བྱ་སྤྱོད་ཡོངས་རྫོགས་རྒྱ་དམར་གྱི་ལྟ་སྤྱོད་དང་མཐུན་ དགོས་པའི་བཙན་འདེད་དང་། དེ་དང་མི་མཐུན་པ་ཡོད་ཚད་ཡ་ང་བག་ཚ་མེད་པར་དྲག་གནོན་འབུར་འཇོམས་བྱེད་རྐྱང་ དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་མཆོག་ལ་སྒྲོ་སྐུར་མཚན་སྨད་བྱུང་རྒྱལ་དུ་སྒྲོག་པ་ དང་། བོད་མིའི་བདེན་དོན་འཐབ་རྩོད་དང་བོད་རྒྱ་གཉིས་སྨན་ཀྱི་དབུ་མའི་ལམ་གྱི་སྲིད་ ཇུས་ལ་བསམ་ཞིབ་ལས་ལྡོག་པའི་ལོག་འགྲེལ་གྱི་ངལ་ཁུར་བསྟེན་པ་སོགས་བཟང་སྤྱོད་ དང་དྲང་བདེན་ལ་ལོངས་སུ་སྤྱོད་པའི་གོ་སྐབས་གཏན་བྲལ་དུ་ཕྱིན་སྟབས། བོད་མི་རྣམས་འ་ཆད་འུ་ཐུག་གིས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་ཞུགས་འབུལ་གྱི་ ལས་འགུལ་སྤེལ་དགོས་བྱུང་ཡོད ཅེས་བཀོད་འདུག  

 

གསལ་བསྒྲགས་ནང་མུ་མཐུད་དུ་བསྟན་དོན། “ བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཉའ་གནོན་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ པའི་གཞིས་བཞུགས་སྤུན་ཟླར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་སྦྲགས། བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་ཉིད་ཀྱི་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་ རྩོད་ལེན་བྱེད་པའི་ལས་འགུལ་ལ་རྒྱབ་སྐྱོར་དང་། ཁོང་རྣམ་པའི་སྙིང་སྟོབས་དང་ལྷག་བསམ། སེམས་ཤུགས་རི་རབ་བཞིན་བརྟན་ཅིང་གཡོ་བ་མེད་པ་ལ་རྗེས་སུ་ཡི་རངས་དང་བསྔགས་ བརྗོད་ཞུ་བཞིན་ཡོད་ལ། འདས་པའི་ཟླ་གྲངས་དུ་མའི་རིང་རྒྱལ་གཅེས་པ་སེར་སྐྱ་ ༧ གྱིས་རང་ལུས་ཞུགས་འབུལ་གྱིས་སྐུ་སྲོག་ ཤོར་མཁན་གྲྭ་བློ་བཟང་ཕུན་ཚོགས་དང། གྲྭ་ཚེ་དབང་ནོར་བུ། མི་སྐྱ་མཁའ་དབྱིངས་གསུམ་ལ་ཡིད་གདུང་དྲག་པོས་བསྔོ་སྨོན་དང་། ད་དུང་འཚིག་རྨས་ཚབས་ཆེན་ཐེབས་པའི་གྲྭ་བློ་བཟང་སྐལ་བཟང་དང་། གྲྭ་བློ་བཟང་དཀོན་མཆོག  གྲྭ་སྐལ་བཟང་དབང་ཕྱུག  མི་སྐྱ་ཆོས་འཕེལ་བཅས་སྤུན་ཟླ་བཞིའི་གཟུགས་གཞི་གནས་སྟངས་གསལ་ཁ་མེད་པས། གང་མྱུར་དྲག་བསྐྱེད་ཡོང་བའི་སྐྱབས་སྨོན་ཞུ་རྒྱུ་དང་། འདི་དག་གི་ཤུལ་ལུས་ནང་མི་ལྟོས་བཅས་གཙོས་གཞིས་བཞུགས་བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ་བཞིན་ཡོད་ལ།   བོད་ནང་གི་ཛ་དྲག་གནས་སྟངས་འདིའི་ཐད་བཀའ་སྤྱི་ལྷན་རྒྱས་ཚོགས་འཛོམས་ཐོག  ཞིབ་ ཕྲའི་བྱེད་སྒོའི་སྐོར་གོ་བསྡུར་གྱིས་རྒྱ་ཁྱབ་ཏུ་ལམ་སྟོན་གནང་རྒྱུ་ཡིན་པས། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་སྤྱི་ཚོགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཚོགས་པའམ་བོད་རིགས་སྤྱི་མཐུན་ ཚོགས་པ། བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོགས་སྒེར་ཚང་མས་ནུས་པ་གཅིག་ཏུ་སྤུངས་ཏེ། བོད་ནང་ཛ་དྲག་གི་གནས་སྟངས་འདི་གང་མྱུར་སེལ་ཐབས་སུ། འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད། ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ནན་ཏན་ཞུ་ བཞིན་ཡོད  ཅེས་བཀོད་འདུག

    དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པར་གནང་བའི་མཇུག་བསྡོམས་གསུང་བཤད།

 

    སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་མཐའ་མའི་ཐོག་བོད་མི་མང་སྤྱི་ འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༨༣ གྱི་དགོངས་དོན་ལྟར་ཚོགས་གཙོས་མཇུག་བསྡོམས་གཏམ་བཤད་ཅིག་གནང་དགོས་ཀྱི་ཡོད་པ་ རེད། མཇུག་བསྡོམས་གཏམ་བཤད་ནང་གཙོ་བོ་ད་ལྟའི་གྲོས་ཚོགས་ནང་ལས་རིམ་གང་ཞིག་བྱུང་བ་ དང་། གྲུབ་འབྲས་ག་རེ་ཐོན་པ་དེ་དག་གི་སྡོམ་ཞིག་རྒྱག་དགོས་ཀྱི་ཡོད་པ་རེད། དེ་དང་ལྷན་དུ་ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཚོར་སྣང་དང་། མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་གནད་དོན་ཁག་ཅིག་ཞུས་ན་བསམས་སོང་།

ད་ ལྟའི་གྲོས་ཚོགས་འདིའི་ནང་གི་ལས་རིམ་དང་པོ་ནི། མྱ་ངན་གུས་འདུད་ཀྱི་གྲོས་འཆར་བྱུང་བ་རེད། ད་ལྟའི་དུས་སྐབས་འདི་བཟང་ངན་ཅི་ཡིན་ལ་མ་ལྟོས་པར་རྐྱེན་འདས་སུ་མང་པོ་འགྲོ་ བཞིན་པའི་གནས་ཚུལ་ཞིག་འབྱུང་བཞིན་པ་རེད། གྲོས་ཚོགས་འདིའི་ནང་ལ་མྱ་ངན་གྲོས་འཆར་གསུམ་འདོན་དགོས་བྱུང་སོང་། གཅིག་བླ་ཆེན་རེད། གཅིག་ནི་བཀའ་ཁྲི་ཟུར་བ་དང་ཚོགས་གཙོ་ཟུར་བ་རེད། གཅིག་ནི་ཉིན་འགའ་ཤས་སྔོན་དུ་གྲོས་ཚོགས་ར་བ་འདིའི་ནང་ལ་ཆ་ཤས་བླངས་པ་དང་། འདས་པའི་ལོ་བཅུའི་རིང་བོད་མི་མང་གི་སྤྱི་འཐུས་ཀྱི་མཚན་གནས་བཞེས་ཏེ་ལས་དོན་ གང་ཞིག་བསྐུར་པ་ཡིན་ནའང་སྒྲུབ་མཁན་ཞིག་དང་། སྒེར་རང་ངོས་ནས་ཀྱང་ཁྲིམས་དང་སྒྲིག་གཞི་རྩིས་ནས་འཛིན་སྐྱོང་གི་ལས་དོན་བྱེད་ ཕྱོགས་དང་། ཆབ་སྲིད་གང་ཐད་ཐུགས་སྣང་ཆེན་པོ་གནང་མཁན་གྱི་གང་ཟག་ཅིག་གྲོངས་ཏེ་དེ་རིང་ ཞོགས་པར་སྐུ་ཕུང་གདན་འདྲེན་བྱས་པའི་གནས་སྟངས་ཤིག་བྱུང་བ་རེད། བཀའ་བློན་ཁྲི་པས་གསུངས་པ་བཞིན་གྲོས་ཚོགས་འདིའི་ནང་ལ་ང་ཚོ་ཚང་མ་ཁྱིམ་ཚང་ གཅིག་ནང་བཞིན་བྱས་ནས་ལས་ཀ་བྱེད་དགོས་ཀྱི་ཡོད་པ་རེད། ཁྱིམ་ཚང་གཅིག་གི་ནང་ལ་ཡོད་པའི་བུ་གཅིག་འདས་གྲོངས་ཕྱིན་པ་རེད། དེ་སྔོན་དང་། འདས་པའི་ལོ་བཅུའི་རིང་ལ་ཕན་ཚུན་ཕྲན་བུ་བཤད་རེས་ཡོང་གི་ཡོད་ཀྱང་། འདི་ནས་བསླབ་བྱ་ལེན་རྒྱུ་ནི། སྐྱེས་པའི་མཐའ་མར་འཆི་དགོས་ཀྱི་ཡོད་པ་རེད། ག་དུས་འགྲོ་མི་འགྲོ་སུས་ཀྱང་བཤད་ཤེས་ཀྱི་ཡོད་པ་མ་རེད། དེ་ཡིན་དུས་རང་ཉིད་བསྡད་པའི་རིང་གང་ཐུབ་ཀྱིས་ཕན་ཚུན་བཟང་སྤྱོད་སྟོན་དགོས་པ་ དང་། གུས་བརྩི་བྱེད་དགོས་པ་སོགས་ཀྱི་བསླབ་བྱ་ལེན་དགོས་པ་ཆགས་བསྡད་ཡོད་པ་རེད་བསམ་ བཞིན་ཡོད། མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་དེ་བརྒྱུད་ནས་འདས་པའི་མི་རབས་ཚོས་ དཀའ་ལས་བརྒྱབས་བཞག་པར་དེ་ཚོར་ཡང་ཐུགས་རྗེ་ཆེ་ཞུ་བ་དང་། བསྔོ་སྨོན་ཞུ་རྒྱུའི་གོ་སྐབས་བྱུང་བ་རེད།

ལས་ རིམ་གཅིག་ནི་བཀའ་བློན་གྱི་འོས་འདེམས་རེད། བཀའ་བློན་འོས་འདེམས་དེའང་སྤྱི་མོས་ཀྱི་ཐོག་ནས་འོས་བདམས་ཐུབ་པ་བྱུང་བ་ནི། ཚོགས་གཙོའི་ངོས་ནས་སྐབས་དེར་གྲོས་ཚོགས་ནང་ལ་ཞུ་རྒྱུ་བྱུང་། གཟི་བརྗིད་དང་ལྡན་པ་ཞིག་ཆགས་ཡོད་པ་རེད་ཅེས་ཞུ་བཞིན་ཡོད། འཛིན་སྐྱོང་བཀའ་ཤག་གིས་ངོས་ནས་ཀྱང་གྲོས་ཚོགས་འདིའི་ནང་ལ་གྲོས་ཚོགས་ཀྱི་ངོས་ ནས་འཛིན་སྐྱོང་ལ་དགོས་ངེས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་པའི་ཚོར་སྣང་ཤུགས་ ཆེན་པོ་ཞིག་འདིར་གསུངས་པ་རེད། དེ་ང་ཚོའི་གཟི་བརྗིད་རེད་བསམ་བཞིན་ཡོད། ངས་ནམ་རྒྱུན་བསམ་བློ་གཏོང་སྟངས་བྱས་པ་ཡིན་ནའང། བཀའ་ཁྲི་སུ་ཞིག་སླེབས་ནས་བཀའ་བློན་བྱེ་བྲག་པ་གང་ཞིག་དགོས་གསུངས་པ་ནའང་དེ་ འབུལ་དགོས་པ་ནི་གྲོས་ཚོགས་ཀྱི་ལས་འགན་རེད་བསམ་གྱི་འདུག ཡིན་ནའང་སྐབས་རེར་བཀག་འགོག་བྱེད་དགོས་པའི་གནས་ཚུལ་དེ་འདྲ་ཡོང་མི་སྲིད་པ་མ་ རེད། ད་རེས་བཀའ་བློན་གཞན་གྱི་འོས་འདེམས་བྱེད་པའི་ལས་རིམ་ཐོག་གྲོས་ཚོགས་ཀྱིས་ མཐུན་འགྱུར་ཞུས་ཐུབ་པ་དང་། ལས་དོན་དེ་དུས་ཚོད་ཐུང་ཐུང་ཞིག་ནང་ལ་གྲུབ་ཐུབ་པ་དེར་དགའ་ཚོར་ཆེན་པོ་བྱུང་ལ། གྲོས་ཚོགས་ཀྱི་ཚོར་བ་ཡང་ཤུགས་ཆེན་པོ་ཞིག་བསྟན་ཐུབ་ཡོད་པ་རེད་བསམ་བཞིན་ཡོད།

དེ་ ནས་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་རེད། སྤྱིར་བཏང་བཀའ་བློན་ཁྲི་པས་དམ་འབུལ་ཞུས་ནས་ཟླ་བ་གཅིག་ལྷག་ཅིག་འགྲོ་བཞིན་ ཡོད་པ་རེད། དམ་འབུལ་མ་ཞུས་པའི་སྔོན་ནས་རྡ་རམ་ས་ལར་ཟླ་བ་གཅིག་གཉིས་ཤིག་བཞུགས་ཏེ་རྒྱ་གར་ དང་། རྒྱལ་སྤྱིའི་ནང་ལ་བདམས་ཐོན་བཀའ་བློན་ཁྲི་པའི་མཚན་གནས་ཀྱི་ཐོག་ནས་འབྲེལ་བ་ བྱ་རྒྱུའི་ལས་དོན་ཁག་ཅིག་གྲུབ་ཡོད་པ་རེད། ཡིན་ནའང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་ལ་ཐད་ཀར་ཕྱག་ལས་གནང་བའི་ཉམས་ མྱོང་མེད་དུས། དེ་ཚོར་སློབ་སྦྱོང་གནང་དང་གནང་བཞིན་པ་དང་། དེའང་ཧུར་བརྩོན་གྱི་ཐོག་ནས་སློབ་སྦྱོང་གནང་བཞིན་པ་རེད། རང་ཉིད་ལ་དེ་སྔ་རྒྱུས་མངའ་ཡོད་པ་དེ་དག་ད་དུང་ནུས་པ་ཤུགས་ཆེན་པོའི་ཐོག་ནས་ ལས་ཀ་བྱེད་རྒྱུའི་འདུན་པ་ཡོད་པ་དང་། དེའི་གྲུབ་འབྲས་དེའང་གང་འཚམ་ཞིག་ང་ཚོས་མཐོང་རྒྱུ་ཡོད་པའི་གནས་སྟངས་ཤིག་གི་ འོག་ཡོད།

བཀའ་ བློན་ཁྲི་པས་བཀའ་ཤག་གི་གསལ་བཤད་གྲོས་ཚོགས་ནང་བསྣམས་ཕེབས་པ་དེའི་ཐོག་གྲོས་ ཚོགས་འཐུས་མི་མང་པོས་ཆ་ཤས་བླངས་ནས་བགྲོ་གླེང་རྒྱས་ཤིང་རྒྱས་པ་གནང་ཐུབ་པ་ དང་། བཀའ་བློན་ཁྲི་པས་བཀའ་ཤག་གི་གསལ་བཤད་ལ་བགྲོ་གླེང་བྱུང་པའི་ཐོག་ཏུ་ལན་འདེབས་ གནང་བ་བརྒྱུད་ནས་བཀའ་ཤག་སྐབས་བཅུ་བཞི་པའི་སྤྱི་ཡོངས་ཀྱི་སྲིད་བྱུས་འཛིན་ སྟངས་དང་། དགོངས་པ་བཞེས་སྟངས། ལས་འཆར་བང་སྒྲིག་སྟངས་ཀྱི་ཐད་ནས། གསལ་པོ་དེ་ཙམ་ཞིག་ཆགས་མེད་པ་ཡིན་ནའང་ད་ལྟའི་གནས་སྐབས་སུ་གང་གསལ་པོ་ཆགས་པ་ དེ་གྲོས་ཚོགས་ཀྱི་འཐུས་མི་རྣམ་དང་། བོད་གཞིས་བྱེས་གཉིས་ཀྱི་མང་ཚོགས་ལ་ངོ་སྤྲོད་ཐུབ་པ་ཞིག་གྲོས་ཚོགས་འདི་ བརྒྱུད་ནས་བྱུང་ཡོད་པ་རེད།

གྲོས་ ཚོགས་འདིའི་ནང་ལ་ང་ཚོ་ལ་བསྐུར་བཞག་པའི་ལས་འགན། ཡང་ན་ང་ཚོར་མིང་བཏགས་བཞག་པའི་ལས་འགན་ནི། ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དེ་རེད། ཁྲིམས་བཟོའི་ལས་དོན་ཕལ་ཆེར་ལོ་རྒྱུས་ཀྱི་ཐོག་ནས་གྲོས་ཚོགས་འདིའི་ནང་ལ་མང་ ཤོས་ཤིག་ཆགས་བསྡད་ཡོད་པ་རེད། ཁྲིམས་བཟོའི་ལས་དོན་གཅིག་པོའི་ཆེད་དུ་གྲོས་ཚོགས་འདིའི་ནང་ལ་ཤོག་གྲངས་དགུ་ བརྒྱ་ལྷག་ཅིག་བཀྲམས་ཡོད་པ་རེད། ཐོག་མར་ཚོགས་ཆུང་གི་ཤོག་གྲངས་བཞི་བརྒྱ་སུམ་ཅུ་སོ་གསུམ་ཡོད་པ་དང་། རྗེས་སུ་བརྗོད་པ་གཉིས་པ་ཟིན་རྗེས་ཡིག་ཆ་ཚང་མ་ཞུ་དག་བྱས་ཏེ་གྲོས་ཚོགས་ནང་ལ་ བརྗོད་པ་གསུམ་པ་གཏན་འབེབས་བྱེད་པའི་སླད་དུ་བཀྲམས་བཞག་པ་དེ་ལའང་ཤོག་གྲངས་ བདུན་བརྒྱ་བརྒྱད་བརྒྱ་ཞིག་དང་། སྒྲིག་གཞི་ཁག་ཉི་ཤུ་རྩ་བཞི་དང་། བཅའ་ཁྲིམས་དོན་ཚན་ཁག་ཅིག་བཅས་དེ་གཉིས་བསྡོམས་པའི་ཉི་ཤུ་རྩ་ལྔའི་ཐོག་ལ། ཁྱོན་ཡོངས་ནས་བསྐྱར་བཅོས་བྱེད་དགོས་པ་དང་། བཟོ་བཅོས་བྱེད་དགོས་པའི་རིམ་པ་ཆ་ཚང་ཞིག་བསྒྲུབས་ཐུབ་པ་བྱུང་བ་ནི། གྲོས་ཚོགས་འདིའི་གཟི་བརྗིད་རེད་བསམ་བཞིན་ཡོད། ང་ཚོ་ལ་བསྐུར་བའི་ལས་འགན་ཆེན་པོ་ཞིག་བསྒྲུབས་ཐུབ་པ་ཞིག་ལ་དངོས་འཛིན་ཞུ་ བཞིན་ཡོད།

རྩ་ བའི་མི་མང་གི་ནའང་ཡིན་ནའང་ཁྲིམས་དང་སྒྲིག་གཞི་ལ་དོ་སྣང་མེད་བསྡད་མཁན་ཞིག་ ཡིན་ཚེ། ཁྲིམས་དང་སྒྲིག་གཞིའི་ལས་རིམ་དེ་ཉོབ་སྣང་ཆེ་བ་ཞིག་ཡོད་པ་རེད། ལྟད་མོའང་ལྟ་འདོད་མེད་པ་ཞིག་ཡོད་པ་རེད། ངོ་ཤེས་འགས་ཁྲིམས་དང་སྒྲིག་གཞིའི་ལས་རིམ་འགྲོ་བསྡད་པའི་སྐབས་སུ་ལྟད་མོ་གཞན་ ལ་ལྟ་བཞིན་ཡོད་ཅེས་ཤོད་བཞིན་འདུག དོན་དངོས་ཐུགས་སྣང་གནང་མཁན་ཞིག་ཡིན་ན། ད་རེས་གྲོས་ཚོགས་ཀྱི་ལས་རིམ་ཁྲིམས་དང་སྒྲིག་གཞི་དང་འབྲེལ་བ་ཡོད་པའི་བརྗོད་ པ་དང་པོ། གཉིས་པ། གསུམ་པ་བཅས་ལ་ཆ་ཚང་ཞིག་ལ་གཟིགས་པའི་གོ་སྐབས་བྱུང་ཡོད་ཚེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གང་འདྲ་ཞིག་ལ་གནས་འདུག། སྒྲོམ་གཞི་དེའི་ཆ་ལག་དེ་ཚོ་གང་འདྲ་ཆགས་ཀྱི་འདུག ལས་དོན་གང་འདྲ་ཞིག་བྱེད་ཀྱི་འདུག ཡོངས་རྫོགས་ཤིག་འགོ་ཚོས་པ་དང་། སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཤིག་དང་། གྲོས་ཚོགས་ཕྱི་ལོགས་ནས་ཀྱང་ད་རེས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནང་ལ་བརྒྱ་ཆ་ ལྔ་བཅུ་ཙམ་སྤྱི་འཐུས་གསར་པ་ཕེབས་ཡོད་པས་ཁོང་ཚོ་ལ་གྲོས་ཚོགས་མ་ཆད་པ་བྱས་ནས་ ཕེབས་དགོས་ཀྱི་ཡོད་པ་རེད།

ད་ ལྟའི་ལས་རིམ་འདི་ཉོབ་སྣང་ཆེ་བ་ཞིག་ཡོད་ཀྱང་དེ་ནང་བཞིན་ཁྲིམས་དང་སྒྲིག་ གཞིའི་ཐོག་ལ་ཟབ་སྦྱོང་ཐོབ་པའི་གོ་སྐབས་འདི་ལས་ལྷག་ཅིག་ཡོང་རྒྱུ་ཡོད་པ་མ་ རེད་ཅེས་ཞུ་བཞིན་ཡོད། སྔོན་མ་ཁྲིམས་ལ་དེ་ཙམ་རྒྱུས་མངའ་མེད་པ་དང་། དོ་སྣང་མེད་པ། ཐུགས་སྣང་མ་བྱུང་བ་དེ་འདྲ་ཡོད་ནའང་། ད་ལྟའི་གྲོས་ཚོགས་འདི་བརྒྱུད་ནས། འདིར་ཕེབས་པའི་འཐུས་མི་རྣམ་པ་ཚང་མར་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་ གཏོགས་པའི་སྒྲིག་གཞི་གང་ཡོད་པ་ཐམས་ཅད་ཐུགས་ལ་ངེས་པོ་ཞིག་ཡོད་པ་ཐག་བཅད་ནས་ ཤོད་ཐུབ་ལ། ཡིད་ཆེས་ཀྱང་བྱེད་བཞིན་ཡོད། གྲོས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་ཁྲིམས་དང་སྒྲིག་གཞི་བཟོ་མཁན་ང་ཚོ་རེད། དེ་ལག་ལེན་བསྟར་རྒྱུར་འགན་ཁུར་ཡང་ང་ཚོས་བྱེད་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་ད་རེས་གྲོས་ཚོགས་འདིའི་ནང་ལ་ཁྲིམས་བཟོའི་ལས་དོན་ཤུགས་ཆེན་པོ་ ཞིག་དང་། འབོར་ཆེན་པོ་ཞིག་དུས་ཐོག་ལ་བྱུང་ཐུབ་པ་ནི། གཟི་བརྗིད་ཅིག་ལ་ངོས་འཛིན་བྱས་ན་འགྲིག་གི་རེད་བསམ་བཞིན་འདུག

དེ་ བཞིན་ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་ཐོག་ནས་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ ཆུང་གིས་ཟླ་བ་གསུམ་བཞིའི་ནང་ཧུག་ཐག་འབད་ཐག་གིས་ཕྱག་ལས་གནང་སྟེ། ཐོག་མར་དབུ་འབྱེད་གཏམ་བཤད་ནང་ལའང་ཞུས་པ་ཡིན། ད་ལྟའང་ཞུ་བཞིན་ཡོད། ཕྱག་ལས་ཧུར་ཐག་འབད་ཐག་གནང་སོང་། འགན་ཆེན་པོ་ཁུར་སོང་། སྐབས་རེར་ང་ཚོར་བཤད་སྲོལ་ཞིག་ཡོད་པ་རེད། གྲོས་ཚོགས་ནང་ལ་གཏམ་བཤད་བྱེད་པ་དེ་མི་མང་གི་གོ་རྒྱུའི་ཆེད་དུ་ཤོད་ཀྱི་ཡོད་ འདྲ་བོ་ཞིག་དང་། ལས་དོན་ངོ་བོའི་ཐོག་ལ་ག་ཚོད་ཐུགས་ཕན་སོས་ཀྱི་ཡོད་མེད་མི་ཤེས་པའི་གནས་སྟངས་ དེ་འདྲ་ཤོད་སྡོད་མཁན་ཡོད་པ་རེད། ཚོགས་ཆུང་གི་ལས་དོན་དེ་དག་ག་དུས་ཡིན་ནའང་དོན་དག་ངོ་མའི་ཐོག་ལ་ལས་དོན་ བསྒྲུབ་ཐུབ་པའི་འགྲེལ་བཤད་བརྒྱབ་སྡོད་མཁན་དེ་འདྲ་ཡོད་པ་རེད། ད་རེས་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ངོས་ནས་ཡིན་ནའང་ཚོགས་ཆུང་ཆེད་ འཛུགས་ཞུས་པ་བཞིན་འགན་ཁུར་ཏེ་མིང་དོན་མཚུངས་པའི་གྲོས་ཚོགས་ཀྱི་ཚོགས་ཆུང་ ཞིག་གི་ལས་འགན་སྒྲུབ་ཐུབ་སོང་ཞེས་ཞུ་རྒྱུ་ཡིན།

ཁྲིམས་ གཏན་འབེབས་བྱེད་པའི་སྐབས་སུ་ལས་ཀ་བྱེད་དགོས་པ་མང་པོ་ཞིག་ཚོགས་དྲུང་ལས་ཁུངས་ དང་འབྲེལ་བ་ཆགས་བསྡད་ཡོད་པ་རེད། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོས་ཀྱང་ཁྲིམས་དང་སྒྲིག་གཞིའི་ལས་དོན་གྱི་ ཐོག་ལའང་འགན་འཁུར་མཉམ་བསྐྱེད་དང་། ཧུར་བརྩོན་བྱས་ཏེ་ཁྲིམས་དང་སྒྲིག་གཞིའི་ལས་དོན་ཙམ་མ་ཡིན་པར་ལས་རིམ་བང་ བསྒྲིགས་པ་ནས་བཟུང་མཚན་མོའི་ཆུ་ཚོད་བཅུ་བཅུ་གཅིག་དེ་འདྲ་ལ་བསྡད་ནས་ལས་ཀ་ བྱས་པ་དེ་དག་ཚང་མར་བསྔགས་བརྗོད་ཞུས་པ་ཡིན། ཚོགས་གཙོ་ཚོགས་གཞོན་གཉིས་ལ་ཞེ་དྲག་ཐུགས་ཕན་ཆེན་པོ་སོས་སོང་ཞེས་གྲོས་ཚོགས་ འདིའི་ཐོག་ནས་ཞུ་རྒྱུའི་འདོད་པ་བྱུང་།

གཞུང་ འབྲེལ་གྱི་གྲོས་འཆར་ཁག་གཉིས་བྱུང་བ་རེད། དེ་བཞིན་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་དྲུག་དང་། སྤྱི་འཐུས་སྒེར་གྱི་གྲོས་འཆར་གཉིས་གྲོས་ཚོགས་འདིའི་ནང་ལ་གཏན་འབེབས་བྱེད་ ཐུབ་ཡོད་པ་རེད། དེའི་ནང་ནས་གཞུང་འབྲེལ་གྱི་གྲོས་འཆར་ལོ་རྒྱུས་དང་ལྡན་ལ། གནད་འགག་ཆེ་བའི་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་ཡང་སྲིད་དང་ འབྲེལ་བའི་གྲོས་ཆོད་ཅིིག་གྲོས་ཚོགས་འདིའི་ཐོག་ནས་གཏན་འབེབས་བྱེད་ཐུབ་ཡོད་པ་ རེད། གྲོས་ཆེད་དེ་གཏན་འབེབས་བྱས་པའི་རྗེས་སུ་ཚོགས་གཙོས་ལམ་སྟོན་ཞུས་པ་ནང་བཞིན། ད་རེས་༸རྒྱལ་བ་རིན་པོ་ཆེའི་སྐུའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་དང་འབྲེལ་བའི་ ཐོག་ནས། ཡང་སྲིད་ཀྱི་བྱུང་རིམ་དང་། ཡང་སྲིད་ཀྱི་སྲོལ་བཏོད་སྟངས། ཡང་སྲིད་ཡོང་དགོས་པའི་རྒྱུ་མཚན། ཡང་སྲིད་འདེམས་སྟངས་སོགས་བརྒྱུད་རིམ་ཆ་ཚང་ཡོད་པའི་ཡིག་ཆ་དེ། ཚོགས་གཙོའི་ངོས་ནས་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་ཡིན་པའི་ཐོག་ནས་ཡིག་ཆ་དེ་གྲོས་ཚོགས་འཐུས་མི་ཚང་མར་བཀྲམ་ཡོད། དེ་དང་ཕྱོགས་མཚུངས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་ དྲུང་བོན་དང་བཅས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ལ་ཟུར་རྒྱན་གྲོས་ཆོད་ སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་ཡིག་ཆ་དེའང་ཕུལ་ཡོད།  དེ་བཞིན་སྤྱི་ནོར་༸གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་ཆོས་ཚོགས་ཚོགས་ཆེན་ཉིན་ གཉིས་པའི་ཐོག་ལ་བཀའ་སློབ་ཕེབས་པ་ཡིག་ཐོག་ལ་ཕབ་སྟེ་གྲོས་ཚོགས་འཐུས་མི་ཚོ་ལ་ བཀྲམ་ཡོད།  དེར་བརྟེན།  ཡིག་ཆ་དེ་ཚོ་གཞིར་བཞག་པའི་པའི་ཐོག་ནས་སོ་སོ་བཞུགས་གནས་གང་ཡིན་པ་དེར་མ་གོ་མ་ ཐོས་མེད་པ་ཞིག་བཟོ་རྒྱུ་དེ་གནད་འགག་ཆེན་པོ་ཞིག་ལ་བརྩི་གི་ཡོད།

ད་ ཐེངས་ང་ཚོའི་གྲོས་ཆོད་ནང་དུ་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ གཙོས་༸རྒྱལ་བ་སྐུ་ཕྲེང་ན་རིམ་དང་བོད་གཞུང་དགའ་ལྡན་ཕོ་བྲང་ལ་བཀའ་དྲིན་རྗེས་ དྲན་ཞུ་ཐུབ་པ་དང་།  ཉ་འཚོ་རྟའུ་དགོན་པའི་གྲྭ་ཚེ་དབང་ནོར་བུ་སྐུ་གྲོངས་པའི་གནས་སྟངས།  ཉེ་ཆར་རང་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་རྣམ་ གཉིས་ནས་སོ་སོའི་སྐུ་ལུས་མཆོད་མེའི་ཚུལ་དུ་ཕུལ་བ་བཅས་ཀྱི་གནས་སྟངས་འོག་ གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གལ་ཆེན་པོ་གཉིས་འཇོག་ཐུབ་ཡོད་པ་རེད།  གྲོས་ཆོད་འདི་བརྒྱུད་ནས་གྲོས་ཚོགས་འདིར་བོད་ནང་སྤྱིའི་གནས་སྟངས་བགྲོ་གླེང་ ཞུ་བའི་གོ་སྐབས་བྱུང་ཡོད་པ་རེད།  གྲོས་ཆོད་འདི་བརྒྱུད་ནས་འཐུས་མི་རྣམ་པ་ཚོས་བོད་ནང་གི་གནས་སྟངས་ག་རེ་གསུང་ གི་ཡོད་མེད་མང་ཚོགས་ཀྱིས་མཁྱེནཐུབ་པའི་དགེ་མཚན་ཞིག་ཀྱང་བྱུང་ཡོད་པ་རེད། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཡིན་ཡང་སྤྱི་མོས་ཀྱི་ཐོག་ནས་གཉིས་ འཇོག་ཐུབ་ཡོད་པ་རེད། དེ་ཚོ་གཟི་བརྗིད་ཡིན་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

བཀའ་ བློན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་གྲོས་ཚོགས་འདིའི་ནང་ལ་སྙན་སྒྲོན་ ཞུས་པ་རེད།  སྐབས་དེ་དུས་ཞུ་རྒྱུ་བྱུང་བ་ལྟར། ལས་བསྡོམས་དེ་བཀའ་ཤག་སྐབས་སྔོན་མའི་ལས་བསྡོམས་ཆགས་ཀྱི་ཡོད་པ་རེད།  བཀའ་ཤག་གསར་དུ་ཕེབས་པ་རེད་དེ་འཛིན་སྐྱོང་གི་ཕྱག་ལས་གནང་མཁན་ཚོ་མུ་མཐུད་དུ་ བཞུགས་ཡོད་སྟབས་གྲོས་ཚོགས་ནང་བཀའ་ཤག་གསར་བ་ཕེབས་པའི་ཉམས་མྱོང་མེད་པ་ཡིན་ཡང་ འཛིན་སྐྱོང་བརྒྱུད་ནས་བཀའ་ཤག་གི་ལས་བསྡོམས་ཚད་དང་ལྡན་པ་ཞིག་བྱུང་སོང་བསམ་པ་ དྲན་ཡོད།         བཀའ་ཤག་གསར་བ་ཕེབས་གྲུབ་ཙམ་ཡིན་པས་དུས་ཚོད་ཀྱང་མང་པོ་ཞིག་རག་ཡོད་པ་མ་རེད།  བཀའ་ཤག་ལྷན་འཛོམས་གནང་བ་ཡང་ལས་བསྡོམས་དང་འབྲེལ་བའི་ཐོག་ལ་མ་གཏོགས་མ་སྤྱི་ ཡོངས་ནས་གནང་ཐུབ་ཡོད་པ་མ་རེད།  དེར་བརྟེན།  བཀའ་བློན་ཁྲི་བའི་དགོང་གཞི་གཞིར་བཟུང་གི་ཐོག་ནས་སྲིད་བྱུས་འཛིན་སྟངས་རེ་རེ་ བཞིན་འདི་ཡིན་ཞེས་བཀའ་ཤག་གསུང་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་རེད་དེ།  ད་ཐེངས་གྲོས་ཚོགས་ནང་ལ་འགན་ཁུར་སྟངས་དེ་ཡག་ཐག་ཆོད་ཅིག་བྱུང་སོང་།   རིམ་གྱིས་ལས་ཁུངས་ཁག་རྒྱུས་ཡོད་ཆགས་ཚར་བའི་རྗེས་ལ་འཛིན་སྐྱོང་བཀའ་ཤག་གིས་ གྲོས་ཚོགས་ལ་འགན་ཁུར་སྟངས་དང་རྩིས་རྒྱག་སྟངས།  ལན་འདེབས་ཞུ་སྟངས་དེ་ཚོ་ཆ་ཚང་ཞིག་ཏན་ཏན་ཡར་རྒྱས་ལ་འགྲོ་གི་བསམ་པའི་ཡིད་ཆེས་ ཡོད།   བཀའ་བློན་འབྲེལ་ཡོད་ཚོས་ལམ་སྟོན་ཡོང་གི་རེད་ལ་བཀའ་བློན་ཁྲི་བའི་དགོངས་གཞི་ གཙོར་བཟུང་གིས་ལས་དོན་ག་རེ་ཡིན་ཡང་ཚགས་ཚུད་པོ་ཡོང་བའི་རེ་བ་ཞུ་གི་ཡོད།  བཀའ་ཤག་གི་གསལ་བཤད་འདི་བརྒྱུད་ནས་འདས་པའི་ལོ་གཅིག་གི་ནང་ལ་བཀའ་ཤག་གིས་ཕྱག་ ལས་ག་རེ་གནང་ཡོད་མེད་དེ་རིང་གི་གྲོས་ཚོགས་འདི་བརྒྱུད་ནས་མང་ཚོགས་ནང་ལ་གསལ་ པོ་ཡོང་ཡོད་པ་རེད།  བཀའ་ཤག་གི་གསལ་བཤད་ཐད་ལ་བགྲོ་གླེང་གནང་བའི་སྐབས་སྔོན་མ་ཡིན་ན་བཀའ་བློན་ཁྲི་ བ་ཟམ་གདོང་རིན་པོ་ཆེས་གསུངས་པ་རེད།  སྐབས་རེར་ཚོགས་གཙོ་ཚོགས་གཞོན་དང་བཀའ་བློན་ཁྲི་པ་མཉམ་དུ་འཛོམས་པའི་དུས་ལ་ བཀའ་བློན་ཁྲི་པའི་ལམ་སྟོན་ཅིག་དགོས་ཀྱི་འདུག་ཟེར་དུས། གྲོས་ཚོགས་ཀྱིས་བཀའ་ཤག་ལ་ལམ་སྟོན་གནང་དགོས་པ་རེད་མ་གཏོགས་བཀའ་ཤག་གིས་གྲོས་ ཚོགས་ལ་ལམ་སྟོན་གནང་ཟེར་བ་ཞིག་ཡོད་པ་མ་རེད་གསུངས་མྱོང་།

དེར་ བརྟེན། ཐེངས་འདིའི་གྲོས་ཚོགས་ནང་དུ་སྔོན་མ་གནང་མྱོང་མཁན་ཕྱེད་ཀ་ཞིག་ཕེབས་ཡོད་པ་དང་ གསར་བའི་ནང་ནའང་འཇོན་ཐང་ཡོད་མཁན་དང་།  སྔོན་མ་ལས་ཀའི་ཉམས་མྱོང་ཡོད་མཁན་དེ་འདྲ་མང་པོོ་ཞིག་ཕེབས་ཡོད་དུས། འགན་ཁུར་བའི་ཐོག་ནས་བཀའ་མོལ་གནང་གི་ཡོད་པ་རེད།  སྤྱི་བའི་དོན་ལ་ཕན་པ་ཞིག་གི་ཐོག་ལ་བཀའ་མོལ་གནང་གི་ཡོད་པ་རེད།  དེར་བརྟེན།  འཛིན་སྐྱོང་གི་ངོས་ནས་ཀྱང་གང་ཐུབ་པ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ ནས་ལག་ལེན་ལ་བསྟར་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལྟ་དགོངས་བཞེས་གནང་གི་ཡིན་གསུངས་པ་ལྟར་མ་འོངས་པར་ཡང་ཏན་ཏན་དགོངས་བཞེས་ གནང་མདོག་ཁ་པོ་རེད།  ང་རང་ཚོ་གྲོས་ཚོགས་འཐུས་མིའི་ངོས་ནས་ཡིན་ཡང་ལམ་སྟོན་བྱེད་པ་ལ་སོ་སོའི་གནས་ ཚད་ཡག་པོ་ཞིག་དགོས་པ་ཡིན་དུས། ང་རང་ཚོས་ལས་དོན་ག་རེ་བྱས་པ་ཡིན་ཡང་གནས་ཚད་དང་ལྡན་པ་ཞིག་གི་ཐོག་ནས་ལམ་སྟོན་ གནང་བ་ཡིན་ན། འཛིན་སྐྱོང་ལ་ཏན་ཏན་ཕན་ཐོགས་པ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་ཞུ་འདོད་བྱུང་།

དཔལ་ ལྡན་བཀའ་བློན་ཞིག་གིས་གསུངས་པ་ལྟར། གྲོས་ཚོགས་རྗེས་མ་འཚོགས་བར་དུ་སྒུག་མ་བསྡད་པར། གནད་དོན་གང་འདྲ་ཞིག་གི་ཐོག་ལ་གྲོས་ཚོགས་འཐུས་མི་སུ་ཡིན་ཡང་། གཟིགས་ཚུལ་མ་འདྲ་བ་ཞིག་དང་སྐྱོན་ཡོད་པ་ཞིག་ལ་གཟིགས་ཀྱི་ཡོད་པ་ཡིན་ན། སྐབས་དེ་རང་ལ་བཀའ་བློན་རྣམ་པ་ཚོའི་ཞལ་པར་ཨང་གྲངས་ཡོད་ཡོད་པ་ཡིན་དུས། བཀའ་བློན་རྣམ་པ་དང་ཡང་ན་ལས་ཁུངས་ལ་ཁ་པར་བཏང་ན་འགྲིག་གི་རེད།  གང་ལྟར་གཙང་མ་དང་གསལ་པོ་བཟོ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད།

མཚམས་ རེར་གནད་དོན་ཞིག་བྱུང་བ་མ་ཟད། དེའི་སྐྱོན་དེའང་མཐོང་།  ཡིན་ན་ཡང་ཡོ་བསྲང་གནང་བའི་ཐབས་ཤེས་མ་གནང་བར། གྲོས་ཚོགས་འཚོགས་པའི་སྐབས་ལ་སྔོན་མ་དེ་འགྲིག་མ་སོང་། འདི་འགྲིག་མ་སོང་ཞེས་གསུངས་བསྡད་པ་ཡིན་ན་ཟམ་པའི་འོག་ནས་ཆུ་བཞུར་ཚར་བ་རེད།  དེ་ནོར་ཡང་ནོར་ཚར་བ་རེད། མ་འོངས་པར་ཡིད་འཇོག་བྱེད་རྒྱུ་ཙམ་ལས་ཐུགས་ཕན་གང་ཡང་སོས་ཀྱི་མ་རེད།   འཛིན་སྐྱོང་རང་ནས་གྲོས་ཚོགས་འདི་ལ་བཀའ་གནང་བ་ལྟར་ཐད་ག་ཐད་གར་འབྲེལ་བ་གནང་བ་ ཡིན་ན་ཐུགས་ཕན་གསོས་པས་དེ་ལུགས་གནང་རོགས་ཞེས་ཞུ་རྒྱུ་ཡིན།

ང་ ཚོའི་ལས་རིམ་ནང་ལ་སྐར་རྟགས་ཅན་གྱི་དྲི་བ་ཁག་གསུམ་བྱུང་བ་རེད།  སྐར་རྟགས་ཅན་གྱི་དྲི་བ་སོ་སོར་འཕྲོས་དོན་དྲི་བ་འདྲི་རྒྱུ་རག་པ་དང་མ་རག་པ་ བྱུང་ཡོད་པ་རེད།  སྐར་རྟགས་ཅན་གྱི་དྲི་བ་འདི་བརྒྱུད་ནས་སོ་སོའི་སེམས་ནང་ལ་དོགས་མ་ཆོད་པ་དེ་ རིགས་འཛིན་སྐྱོང་གིས་དགོངས་པ་གང་བཞེས་ཡོད་མེད་དེ་གསལ་པོར་ཆགས་ཐུབ་པའི་ བརྒྱུད་ལམ་ཞིག་ཆགས་ཡོད་པ་རེད།  དེ་ཡིན་དུས་དྲི་བ་དེ་ཚོ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་རེད།

ཐུགས་ སྣང་གཞེན་སྐུལ་གྱི་གྲོས་འཆར་ལྔ་བྱུང་བ་རེད།  དེ་ཚོ་གནད་དོན་གལ་ཆེན་པོ་རྐྱང་རྐྱང་རེད། འཛིན་སྐྱོང་བཀའ་ཤག་གིས་ཐུགས་སྣང་གནང་བའི་ཆེད་དུ་ཞུ་གི་ཡོད་པ་རེད། འཛིན་སྐྱོང་གིས་ཀྱང་ཐུགས་སྣང་གཞེན་བསྐུལ་རེ་རེ་ལའང་ཐུགས་རྗེ་ཆེ་ཞེས་གསུངས་ ཡོད་པ་རེད།  དེ་ཚོ་ལག་ལེན་བསྟར་བ་ལ་འབད་བརྩོན་གནང་གི་ཡིན་ཞེས་གསུངས་པ་ནང་བཞིན་འབད་ བརྩོན་གནང་གི་རེད་བསམ་པའི་རེ་བ་ཞུ་གི་ཡོད།  སྤྱི་ཡོངས་ཀྱི་ལས་རིམ་སྒང་ནས་ཞུ་བ་དེ་འདྲ་ཞིག་རེད།

དེ་ རིང་གི་ཡིག་ཆ་བརྩིས་པའི་ཁྱོན་ཡིག་ཆ་གྲངས་ ༡༣༢ གྲོས་ཚོགས་འདིའི་ནང་ལ་བཀྲམ་ཡོད་པ་རེད།  དེ་ཕལ་ཆེར་སྔོན་མ་ལས་མང་ཤོས་ཤིག་ཆགས་ཀྱི་མེད་དམ་བསམ་གྱི་ཡོད། ཤོག་གྲངས་ཀྱི་ཆ་ནས་ ༡༢༠༠ ནས་ ༡༣༠༠ ཡས་མས་ཤིག་བཀྲམ་ཡོད་པ་རེད། ལས་འབོར་ཆེ་ཤོས་ཤིག་ཐེངས་འདིའི་གྲོས་ཚོགས་ནང་ལ་ཁེལ་བ་རེད། ལས་འབོར་ལ་དཔག་སྟེ་ལས་ཉིན་བཅུ་དྲུག་བང་བསྒྲིགས་པ་ཡིན་ཡང་། ཉིན་རེ་ཉིན་རེར་ལས་ཀ་བྱས་ཡོང་དུས་ཉིན་གཉིས་ལ་ཚོགས་མ་ཐུབ་པ་དང་། ཉིན་གཅིག་གི་ཉིན་ཕྱེེད་མ་གཏོགས་འཚོགས་མ་ཐུབ་པ།  ཡང་ལས་རིམ་འཕར་མ་འཚོགས་པ་དེ་འདྲ་བྱུང་ཡོད་པ་རེད།  གང་ལྟར་ལས་ཉིན་ཆ་ཚང་བསྡོམས་པ་ཡིན་ན་ཉིན་གྲངས་བཅུ་གཉིས་རིང་འཚོགས་ཐུབ་པ་ བྱུང་བ་རེད། གྲོས་ཚོགས་ཀྱི་ཚོགས་དུས་ཆ་ཚང་ལ་ཕེབས་མ་ཐུབ་མཁན་སྤྱི་འཐུས་རྣམ་པ་གཉིས་དང་ གཅིག་འདས་གྲོངས་སུ་ཕྱིན་པ་རེད། དེ་མ་ཡིན་པའི་སྤྱི་འཐུས་འགས་སྐབས་སྐབས་སུ་དུས་ཚོད་ཐུང་ངུའི་ནང་དགོངས་པ་ཞུ་ དགོས་པ་བྱུང་བ་མ་གཏོགས་ཆ་ཚང་ཕེབས་ཐུབ་ཡོད་པ་རེད།  ཉིན་མ་ ༡༢ དེའི་ནང་དུ་ཆུ་ཚོད་༦ རེ་བརྩིས་པ་ཡིན་ན་ཆུ་ཚོད་  ༧༢ དང་དེ་སྤྱི་ཡོངས་ཀྱི་ཐོག་ནས་བརྩིས་པ་ཡིན་ན་ཆུ་ཚོད་ ༣༤༥༦ རིང་ལ་ང་ཚོས་ལས་ཀ་བྱས་པ་དེ། མི་གཅིག་གིས་ལས་ཀ་བྱེད་སྟངས་ལྟར་བརྩིས་པ་ཡིན་ན། ལོ་གཅིག་ནང་གི་ཉིན ༡༤༤ རིང་ལ་ལས་ཀ་བྱས་པ་ཞིག་ཐེངས་འདིའི་གྲོས་ཚོགས་ནང་ལ་འགྲུབ་ཐུབ་ཡོད་པ་རེད་ཅེས་ ཞུ་རྒྱུ་ཡིན།

དེ་ འབྲེལ་ནས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་འཕར་གཙོས་པའི་ལས་བྱེད་ཚང་ མས་གང་ཐུབ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་བ་དང་། དེ་བཞིན་ཕྱི་དྲིལ་ལས་ཁུངས་ནས་བརྙན་འཕྲིན་བཟོ་བསྐྲུན་གནང་བ་ལ་སྙིང་ཐག་པ་ནས་ ཐུགས་རྗེ་ཆེ་ཞུ་བ་ཡིན།   ལས་རིམ་དང་འབྲེལ་བའི་སྐོར་དེ་ཙམ་རེད།

ང་ ཚོ་དེ་རིང་ཉིན་མཐའ་མ་ཡིན་སྟབས་སོ་སོའི་རང་གནས་ལ་ལོག་འགྲོ་གི་ཡོད་པ་རེད།  འཛིན་སྐྱོང་བཀའ་ཤག་ཡིན་ནའང་དུས་ཚོད་ཀྱི་ཆ་ནས་ལྷན་འཛོམས་གནང་རྒྱུའང་རག་གི་ ཡོད་པ་རེད།  སྤྱི་འཐུས་རྒྱུན་ལས་འདིར་བཞུགས་པ་མ་གཏོགས་སྤྱི་འཐུས་གཞན་ཚང་མ་སོ་སོའི་རང་ གནས་ལ་ཕེབས་ཀྱི་ཡོད་དུས།  ང་ཚོ་གྲོས་ཚོགས་ར་བ་འདིའི་ནང་ལ་གདམ་མཁན་དེ་མི་མང་རེད།  མི་མང་གིས་རེ་བ་ཆེན་པོ་ཞིག་གནང་སྟེ་སོ་སོ་ཁུངས་གང་ནས་ཡིན་ཡང་དྲག་གྲས་བྱས་ ནས་བདམས་ཡོད་པ་རེད།  ངས་ནམ་རྒྱུན་ཡིད་ཆེས་བྱས་བསྡད་པ་ཞིག་ལ། ང་རང་ཚོའི་སྤྱི་འཐུས་ནང་དཔལ་འབྱོར་དང་ཤེས་ཡོན་གྱི་སྒང་ནས་གནས་ཚུལ་མ་འདྲ་བ་ ཡོང་སྲིད་པ་རེད།  འོན་ཀྱང་།  མི་རེ་རེ་ལ་ཡོན་ཏན་རེ་རེ་ཡོད་པ་ཞིག་ལ་ག་དུས་ཡིན་ཡང་ངོས་འཛིན་ཞུས་བསྡད་ཡོད།  ཡང་ན་དཔལ་འབྱོར་གྱི་སྒང་ནས་གཞན་ལ་རོགས་པ་བྱེད་ཐུབ་མཁན་དང་། ཡང་ན་བཀའ་མོལ་གནང་བ་ལ་སྤྱི་བའི་དོན་ལ་ཕན་པ།  ཁ་ཤས་མི་དང་མིའི་བར་ལ་འབྲེལ་བ་བྱེད་པའི་ཐད་སོགས་གང་ལྟར་ལེགས་པའི་ཆ་སྤྱི་ འཐུས་མི་རེ་ངོ་རེར་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

ལྷག་ པར་དུ་གྲོས་ཚོགས་འདིའི་ནང་ལ་ཤེས་ཡོན་དང་འཇོན་ཐང་། ཉམས་མྱོང་ཡོད་མཁན་མང་པོ་ཞིག་ཡོད་པ་ངས་སྔོན་མ་ཡང་བཤད་མྱོང་། ལྷག་པར་དུ་བོད་ནང་འཚར་ལོངས་བྱུང་ནས་བཙན་བྱོལ་དུ་འབྱོར་བ་བོད་ནང་གི་དངོས་ ཡོད་གནས་སྟངས་མཁྱེན་མཁན་དང་། བཙན་བྱོལ་ནང་ལའང་ཕྱིའི་འཛམ་བུ་གླིང་གི་འགྲོ་སྟངས་མཁྱེན་མཁན་ཡོད་པ་བཅས་ཟུང་ འབྲེལ་ཞིག་ཏུ་ཆགས་འདུག དཔེར་ན་ལག་ཆ་ལྟ་བུ་ཡག་པོ་ཡོད་མཁན་སྤྱི་འཐུས་མང་པོ་ཞིག་ཕེབས་བསྡད་ཡོད་རེད། ང་རང་ཚོའི་ནུས་པ་དེ་ཡག་པོ་འདུག་ཅེས་ལབ་པ་ཙམ་གྱིས་ཕན་རྒྱུ་གང་ཡང་མི་འདུག གྲོས་ཚོགས་ནང་ལ་བཀའ་མོལ་གསུང་དགོས་པ་དེ་སྤྱི་འཐུས་རྣམ་པ་ཚོའི་ལས་འགན་རེད།

ཡིན་ ན་ཡང་གྲོས་ཚོགས་ནང་ལོགས་ལ་འགན་ག་ཚོད་ཅིག་ཁྱེར་པ་ནང་བཞིན། ཁས་ལེན་ག་ཚོད་ཅིག་གནང་པ་ནང་བཞིན། གྲོས་ཚོགས་འདི་གྲུབ་པའི་རྗེས་ལ་མི་མང་གི་སྐུ་ཚབ་བྱས་ནས་མི་མང་གི་རེ་བ་སྐོང་ དགོས་པ་དེ་ང་ཚོ་ཚང་མའི་ལས་འགན་ཆགས་བསྡད་ཡོད་རེད། དེ་ཡིན་པ་སོང་ཙང་ད་རེས་བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་གྲོས་ཚོགས་འདི་ གྲུབ་པའི་རྗེས་ལ་དགུན་ཁའི་སྐབས་ས་གནས་གཞིར་བཟུང་གཞིས་གྲོང་ས་ཁུལ་ཁག་དང་། མཐོ་སློབ་སློབ་གཉེར་བྱེད་སའི་སློབ་ཕྲུག་ཁག་ལ་བཀའ་སློབ་གནང་རྒྱུ་སོགས་སྤྱི་ འཐུས་ས་བགོས་ཀྱི་ལས་རིམ་མར་ཕེབས་བསྡད་པ་ཞིག་རེད།

དེ་ མིན་ང་རང་ཚོས་རྒྱུན་སྐྱོང་བྱེད་དགོས་པའི་ཚོགས་ཆུང་འཛུགས་དགོས་པའི་ལས་ཀ་དེ་ འདྲ་ཡང་ཡོད་རེད། དེ་ཚོའི་ཐོག་ལ་དུས་ཚོད་ག་ཚོད་ཐུབ་ཐུབ་ཅིག་བཏང་སྟེ་མི་མང་གིས་རེ་བ་བྱས་ནས་ འོས་འདེམས་གནང་བ་ནང་བཞིན་བསྒྲུབ་ཐུབ་པར་འབད་བརྩོན་བྱེད་དགོས་པ་དེ་ཧ་ཅང་གིས་ གལ་ཆེན་པོ་གཅིག་དང་། དེ་མིན་གྲོས་ཚོགས་འདིའི་ནང་ལོགས་ལ་གསུང་བཤད་གནང་པའི་སྐབས་ལ་གསུང་སྐད་རྒྱས་ པོ་ཞིག་གནང་། གྲོས་ཚོགས་ཕྱི་ལོགས་ལ་ཐོན་པའི་སྐབས་ལ་ཕྱག་ལས་གནང་མ་ཐུབ་པ་ཡིན་ན་ང་ཚོ་མིང་ དོན་མཚུངས་པའི་གྲོས་ཚོགས་འཐུས་མི་ཞིག་ཆགས་ཀྱི་ཡོད་མ་རེད་ཅེས་ཐག་བཅད་ནས་ཞུ་ ཐུབ་པ་ཞིག་རེད།

ལྷག་ པར་དུ་ང་རང་ཚོས་ལས་འགུལ་སྤེལ་སྟངས་དང་འབྲེལ་བའི་ཐོག་ནས་རྒྱ་བལ་འབྲུག་གསུམ་ ནང་ལ་ཡིན་ནའང་ལས་འགུལ་སྤེལ་སྟངས་ཀྱི་ཐོག་ལ་བསམ་གཞིག་གནང་དགོས་པ་ཞིག་རེད། རྒྱལ་སྤྱིའི་ནང་ལ་ཡིན་ནའང་ཁ་སེང་ཚོགས་འདུ་དབུ་འཛུགས་ཀྱི་སྐབས་ལའང་ཞུས་པ་ནང་ བཞིན། ང་ཚོར་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡོད་པ་ཡིན་ན་ཁྲིམས་བཟོ་ལྷན་ཚོགས་ནས་ ཁྲིམས་གཅིག་པུ་གཏན་འབེབས་བྱས་ན་འགྲིག་རྒྱུའི་བཟོ་འདྲ་བོ་ཞིག་རེད། ད་ལྟ་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། བོད་དོན་ལ་རྒྱབ་སྐྱོར་འཚོལ་རྒྱུ་དེ་འཛིན་སྐྱོང་བཀའ་ཤག་གཅིག་པུ་ཙམ་མ་ཡིན་པར་ གྲོས་ཚོགས་འཐུས་མིས་འགན་ཤུགས་ཆེན་པོ་འཁྱེར་དགོས་རྒྱུ་དེ་གནད་འགག་ཅིག་མཐོང་ གི་འདུག དེ་འདྲ་སོང་ཙང་ཁ་སེང་ཚོགས་འདུ་འཚོགས་པའི་བར་ལ་འབྲེལ་ཡོད་སོ་སོ་ལ་ཞུས་ཡོད། ལྷག་པར་དུ་བྱང་ཨ་མི་རི་ཀ་དང་ཡོ་རོབ་ཀྱི་སྤྱི་འཐུས་རྣམ་པ་ཚོ་དང་གོ་བསྡུར་ཞུ་ རྒྱུའི་གོ་སྐབས་བྱུང་། དེ་ག་ནང་བཞིན་རིམ་པས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང་ཕྱི་དྲིལ་བཀའ་བློན་ ལྷན་དུ་རྒྱལ་སྤྱིའི་ནང་དུ་ལས་འགུལ་སྤེལ་སྟངས་ཀྱི་ཐོག་ལ་བཀའ་མོལ་ཡོང་གི་རེད།

མཚམས་ རེར་ང་ཚོས་ལས་འགུལ་སྤེལ་པའི་སྐབས། གཅིག་གིས་གཅིག་ལ་རྐང་པའི་སྒང་རྡོག་རྫི་མནན་བསྡད་པ་འདྲ་བོ་བཟོད་བསྲན་བྱེད་མ་ ཐུབ་པ་དང་། གཅིག་གིས་གཅིག་ལ་ཁ་བཏང་བསྡད་པ་དེ་འདྲ་ཆགས་བསྡད་ཀྱི་ཡོད་རེད། དེ་ལྟར་མིན་པར་ང་ཚོས་ལས་ཀ་ག་རེ་བྱས་པ་ཡིན་ནའང་། དོན་གཅོད་རྣམ་པ་ཚོས་འགན་ཁྱེར་དགོས་པ་དང་། སྤྱི་འཐུས་རྣམ་པ་ཚོས་འགན་ཁྱེར་དགོས་པ་དང་། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཀྱང་འགན་ཁྱེར་དགོས་པ། དེ་ག་ནང་བཞིན་དབུས་ནས་ག་རེ་བྱེད་དགོས་ཀྱི་འདུག་དཔེར་ན་རླངས་འཁོར་ལྟ་བུ་ འཕྲུལ་འཁོར་ཨ་མར་སྣུམ་ཡག་ཐག་ཆོད་ཅིག་བླུགས་ནས། བཙའ་ཐེབས་པ་དེ་ཚོ་གཙང་མ་བཟོས། ཚང་མ་ལྷུ་ཚུར་བསྒྲིགས་ནས་ལས་དོན་བྱེད་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་ཞིག་ མཐོང་གི་འདུག གཞི་རྩའི་ང་ཚོའི་མིའི་ནུས་པ་སྐྱོ་པོ་རེད། ཉུང་ཉུང་རེད། དཔལ་འབྱོར་གྱི་ནུས་པའི་ཐོག་ནས་ཀྱང་དཀའ་ལས་ཁག་པོ་རེད། ཡིན་ན་ཡང་ང་ཚོའི་ཆོད་སེམས་བརྟན་པོ་ཡོད་པ་ཡིན་ན་ལས་དོན་ག་རེ་བྱས་པ་ཡིན་ནའང་ ཐབས་ཤེས་ཏན་ཏན་ཡོང་གི་རེད། ང་རང་ཚོ་ལས་ཀ་བྱེད་མཁན་གྱི་ངོས་ནས་ནང་ཁུལ་མཐུན་པོ་དང་།་གཅིག་གིས་གཅིག་ལ་ཕན་ གྲོགས་བྱེད་ཐུབ་པ་ཡིན་ན། རང་བཞིན་གྱིས་ནུས་པ་འཐོན་རྒྱུ་ཡིན་པ་དེ་བཤད་མི་དགོས་པ་ཞིག་རེད།

སོང་ ཙང་ད་རེས་འདི་ཚོའི་ཐོག་ལ་ཡིན་ནའང་ང་རང་ཚོས་རྒྱུན་སྐྱོང་བྱེད་དགོས་པ་མང་པོ་ ཞིག་ཡོང་གི་རེད། ང་རང་ཚོའི་སྤྱི་འཐུས་ནང་ལ་ནུས་པ་ཡོད་པ་ཚོས་ག་འདྲ་བེད་སྤྱོད་གཏང་དགོས་ཀྱི་ ཡོད་མེད། སུ་དང་སུས་འགན་ག་རེ་འཁྱེར་ཐུབ་ས་རེད། དེ་ཚོའི་ཐོག་ལ་ཡིན་ནའང་སྤྱི་འཐུས་ཚོགས་ཆུང་ནང་ལ་བཀའ་མོལ་ཡོང་གི་རེད། དེ་ནས་ང་ཚོས་བང་བསྒྲིགས་ནས་རིམ་པའི་ཐོག་ནས་དེ་དེ་བཞིན་བྱས་ནས་ལས་ཀ་བྱེད་ ཐུབ་པའི་རེ་བ་ཞུ་བསྡད་ཀྱི་ཡོད།

དབུ་ འབྱེད་སྐབས་ལ་གཏམ་བཤད་ཞུས་པ་ནང་བཞིན། རྒྱལ་སྤྱིའི་གྲོས་ཚོགས་ལ་འབྲེལ་བ་བྱེད་རྒྱུ་དེ་འགན་གཙོ་བོ་དེ་གྲོས་ཚོགས་ ཀྱིས་འཁྱེར་དགོས་ཀྱི་ཡོད་རེད། གྲོས་ཚོགས་འཐུས་མི་དབུས་དང་ས་གནས་ལ་འབྲེལ་བ་ཞུ་ཕྱོགས་སྔོན་མའི་བཀའ་ཤག་སྐབས་ ལའང་བཀའ་གནང་ཡོད་རེད། ༸རྒྱལ་བ་རིན་པོ་ཆེས་གྲོས་ཚོགས་ནང་ལ་གསུང་འཕྲིན་ཕེབས་པ་ཞིག་གི་ནང་ལའང་བཀའ་ གནང་ཡོད་རེད། དེའི་ཐོག་ལ་རྒྱ་གར་ནང་ལ་རེད། རྒྱལ་སྤྱིའི་ནང་ལ་ང་ཚོས་ག་འདྲ་བྱེད་དགོས་ཀྱི་ཡོད་མེད་དེ་རེད། གཙོ་བོ་དེ་འགན་བཞེས་མཁན་འཛིན་སྐྱོང་གི་ངོས་ནས་དོན་གཅོད་རྣམ་པ་ཚོ་ཡོད་རེད། ཕྱི་དྲིལ་ལས་ཁུངས་ཡོད་རེད། བཀའ་ཤག་ཡོད་པ་རེད། དེའི་ཐོག་ནས་ང་ཚོ་མཉམ་རུབ་ཀྱིས་འགན་ག་འདྲ་འཁྱེར་དགོས་ཀྱི་ཡོད་མེད་དང་འབྱུང་ འགྱུར་འབྱོར་ལ་ཉེ་བའི་དུས་ཚོད་ནང་ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ཐེངས་དྲུག་པ་དེ་འཚོགས་རྒྱུའི་ལས་རིམ་བང་སྒྲིག་གི་ཡོད་རེད། རྒྱུན་ལས་ངོས་ནས་འགན་འཁྱེར་དགོས་པ་དེ་ཚོ་འཁྱེར་ནས་འགྲོ་བསྡད་ཀྱི་ཡོད་རེད། ང་ཚོས་བཟོ་ལྟ་སྤྲོད་ཀྱིན་སྤྲོད་ཀྱིན་འབྱུང་འགྱུར་གྱི་ཟླ་བ་ཁ་ཤས་ནང་ལ་ཚོགས་ འདུ་གོ་སྒྲིག་ཞུ་རྒྱུར་དུས་ཚོད་མང་པོ་ཞིག་འགྲོ་གི་རེད། ང་ཚོ་སྤྱི་སྒེར་གང་སྤྱིའི་ཐོག་ནས་ཚོགས་འདུ་དེའི་ནང་ལ་ཚོགས་བཅར་བ་གང་མང་མང་ ཡོང་ཐུབ་པར་བྱེད་རྒྱུ་དང་། ཚོགས་འདུ་དངོས་གནས་དྲང་གནས་དོན་དང་ལྡན་པ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་ དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད་ཅེས་ཞུ་འདོད་བྱུང་།

སྔོན་ དུ་དཔལ་ལྡན་བཀའ་བློན་ཁྲི་པས་གྲོས་ཚོགས་ཀྱི་ནང་ལ་སྙན་གསེང་ཞུས་པ་ནང་བཞིན་ རེད། ད་ལྟའི་བར་དུ་ང་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོ་ལ་རྩིས་སྤྲོད་ བྱས་པའི་རྗེས་ཀྱི་གནས་སྟངས་ལ་བལྟས་བསྡད་པ་ཞིག་ཡིན་ན། ཕྱིའི་གསར་འགོད་པས་དོ་སྣང་དཔེ་མི་སྲིད་པའི་ཤུགས་ཆེན་པོ་གནང་གི་འདུག དེ་ག་ནང་བཞིན་ཆབ་སྲིད་མི་སྣ་ཚོས་ཀྱང་ད་ལྟ་ཉེ་བའི་ཆ་ལ་བཀའ་བློན་ཁྲི་པ་ཕར་ ཚུལ་ཕེབས་པའི་སྐབས་ལ་དཔེ་མི་སྲིད་པའི་དོ་སྣང་དང་མཐོང་ཆེན་པོ་ཞེ་དྲག་བྱེད་ ཀྱི་འདུགདེ་ལ་ང་རང་ཚོའི་བོད་མི་ཚོས་ཀྱང་རེ་བ་ཞིག་རྒྱག་སྡོད་ཀྱི་ཡོད་རེད། ཕྱིའི་འཛམ་བུ་གླིང་ནས་ཀྱང་ང་ཚོར་ལྟ་སྡོད་ཀྱི་ཡོད་རེད། ད་ལྟའི་འགྱུར་མཚམས་དེ་ལ་ང་ཚོས་གདོང་ལེན་བྱེད་དགོས་པའི་གནད་དོན་མང་པོ་ཞིག་ ཡོད་རེད། བོད་རྒྱ་འབྲེལ་མོལ་རེད། གཞིས་ཆགས་སྲ་བརྟན་རེད། བོད་པའི་ནང་ཁུལ་ལ་ཡོད་པའི་བོད་མི་ཚོའི་དཀའ་ངལ་སེལ་ཐབས་རེད།  challenges མང་པོ་ཞིག་བྱེད་དགོས་ཀྱི་ཡོད་རེད། དེ་དག་ལ་གདོང་ལེན་བྱེད་པར་ང་རང་ཚོས་སེམས་ཀྱི་གཏིང་ནས་གྲ་སྒྲིག་དགོས་རྒྱུ་ དེ་གལ་ཆེན་པོ་ཞེ་དྲག་རེད་ཅེས་ཞུ་རྒྱུ་དང་། མི་མང་ལ་རེ་བ་ཡོད་པ་ནང་བཞིན་ང་ཚོས་ལས་དོན་ཚང་མ་བསྒྲུབ་ཐུབ་པར་འབད་འབུངས་ བྱེད་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་རེད་ཅེས་ད་ལན་གྱི་གྲོས་ཚོགས་འདིའི་ བརྒྱུད་ནས་ཞུ་རྒྱུའི་འདོད་པ་བྱུང་།

གྲོས་ ཚོགས་ཀྱི་ལས་དོན་ཚགས་ཚུད་པོ་ཡོང་བ་ལ་གྲོས་ཚོགས་ཚོགས་ཁང་གི་ནང་ལ་བཞུགས་མཁན་ ཚང་མས་མཉམ་རུབ་ཀྱིས་མཐུན་རྐྱེན་མ་སྦྱར་པ་ཡིན་ན་ཡོང་རྒྱུ་མེད་པ་ཞིག་རེད། ད་རེས་ཀྱི་གྲོས་ཚོགས་ལ་བལྟས་པ་ཡིན་ན། གྲོས་ཚོགས་ནང་དང་ཕྱི་གཉིས་ཀར་ཚོགས་གཙོ་གཉིས་ལ་ཚོར་སྣང་ཤུགས་ཆེན་པོ་ཞིག་ག་ རེ་བྱུང་ཟེར་ན། མཐུན་སྒྲིལ་གྱི་བསལ་བློ་དཔེ་མི་སྲིད་པའི་ཤུགས་ཆེན་པོ། བསམ་བློ་ཡང་སྔོན་མ་དང་མ་འདྲ་བ་གུ་ཡངས་པོ་དང་། གནད་དོན་ག་འདྲ་ཞིག་གི་ཐོག་ལ་ཡིན་ནའང་གོ་རྟོགས་ཡག་པོ་ཡོད་པ། གྲོས་ཚོགས་ནང་ལ་ཆ་ཤས་ལེན་པའི་སྐབས་ལའང་བཀའ་མོལ་གསུང་མཁན་ཚོ་དངོས་གནས་བཀའ་ མོལ་དོན་དང་ལྡན་པ་ཞིག་འདུག ཁ་ཤས་ཏོག་ཙམ་རིང་དྲགས་པ་ཡོད་ཀྱི་རེད། ཏོག་ཙམ་ཐུང་དུ་གཏོང་དགོས་ཀྱི་འདུག སྔོན་མ་གྲོས་ཚོགས་ནང་ལ་ཞུ་བསྡད་ཀྱི་ཡོད། ཆུ་ཚོད་མར་བཏོན་ནས་སོ་སོས་ཐོ་ཞིག་བཀག་བཞག་ན་སོ་སོས་སྐར་མ་ག་ཚོད་ཅིག་ཞུས་ ཡོད་པ་མཁྱེན་གྱི་རེད་ཅེས་ཞུས་ཡོད། སྤྱི་ཡོངས་ཀྱི་ཐོག་ལ་བལྟས་པ་ཡིན་ན་དངོས་གནས་དྲང་གནས་ལས་ཀ་བྱེད་རྒྱུའི་ཁོར་ ཡུག་ཡག་པོ་ཞིག་སླེབས་བསྡད་འདུག དེ་ཡིན་དུས་སྔོན་མའི་རྒན་རབས་ཚོས་རྨང་གཞི་ཡག་པོ་བཏིངས་བཞག་པའི་དེའི་སྒང་ལ་ ང་རང་ཚོས་རྩིག་པ་ཐོག་བརྩེགས་ག་ཚོད་ཅིག་རྒྱག་ཐུབ་ས་རེད། དེ་ཚོའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་རེད། གྲོས་ཚོགས་རེད། གཉིས་ཀའི་ཐོག་ནས་འགན་ཁྱེར་ནས་ལས་ཀ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད།

ཟླ་ བ་དྲུག་གི་རིང་ལ་རྣམ་པ་ཚོས་ཕྱག་ལས་ག་རེ་གནང་པ་ཡིན་ནའང་དེ་ཚོ་ཚང་མ་ཡོངས་ལ་ ཡག་པོ་ཡོང་བའི་སྨོན་འདུན་ཞུ་གི་ཡོད། ཚོགས་གཙོ་གཉིས་དང་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་མཐུན་འགྱུར་ཞུ་དགོས་པ་ག་ རེ་ཡོད་པ་ཡིན་ནའང་སྐབས་མཚམས་སོ་སོ་ལ་འབྲེལ་བ་གནང་པ་ཡིན་ན་མཐུན་འགྱུར་ཞུ་ ཆོག་ཆོག་ཡིན་ཞེས་ཞུ་རྒྱུ་དང་། ང་ཚོ་འདིར་རྡ་རམ་ས་ལ་སྡོད་མཁན་སོང་ཙང་རྒྱུན་ལས་ཀྱི་ངོས་ནས་བོད་དོན་གྱི་ཐོག་ ལ་ལས་དོན་ག་རེ་ཞིག་བྱེད་དགོས་ཀྱི་ཡོད་མེད་རིམ་པས་བང་བསྒྲིགས་ནས་ཡོང་གི་རེད། དེ་ཚོ་ཚང་མ་བསྒྲུབ་རྒྱུར་གྲོས་ཚོགས་ནང་ལ་ཁས་ལེན་གནང་པ་ནང་བཞིན་བྱས་ནས་ང་ཚོ་ ཚང་མས་ནུས་པ་མཉམ་འཛོམས་བྱེད་དགོས་རྒྱུ་གལ་ཆེན་པོ་ཞེ་དྲག་རེད།

ད་ རེས་གྲོས་ཚོགས་འདི་བརྒྱུད་ནས་བོད་ནང་ལ་ཡོད་མཁན་བོད་མི་ཚང་མ་ལ་ཞུ་རྒྱུར། རྩ་བའི་ཆབ་སྲིད་ཀྱི་དབང་ཆ་དེ་ཚོ་མི་མང་གི་དབུ་ཁྲིད་ལ་སྤྲད་ནས་འགྱུར་བ་ཆེན་ པོ་ཞིག་ཕྱིན་ཡོད་རེད་དེ། ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་ད་ལྟ་ཡིན་ནའང་འཕྱུག་མེད་པ་ཞིག་དང་། ཁྱེད་རང་ཚོས་བོད་ནང་ལ་དཀའ་ལས་ག་ཚོད་ཅིག་བརྒྱབས་པ་ནང་བཞིན་ང་ཚོས་ཡོང་ཐུབ་པ་ ཞིག་མ་རེད་དེ། ཡིན་ནའང་ཁྱེད་རང་ཚོས་རང་སྲོག་འབེན་ལ་བཙུགས་ནས་ལྷག་བསམ་དང་སྙིང་སྟོབས། ཆོད་སེམས་གང་ཅིར་ཞུམ་པ་མེད་པའི་ཐོག་ནས་གནང་བསྡད་པ་དེ་ལ་ང་ཚོའི་ངོས་ནས་མཐུན་ འགྱུར་ག་རེ་གནང་ཐུབ་པ་ཡིན་ནའང་མཐུན་འགྱུར་ཞུ་གི་ཡིན། ཞུ་ཐུབ་པའི་གནས་སྟངས་ཤིག་འདུག་ཅེས་ད་རེས་གྲོས་ཚོགས་འདིའི་བརྒྱུད་ནས་ཞུ་ འདོད་བྱུང་།

ཟླ་ བ་དྲུག་གི་རྗེས་ལ་ང་རང་ཚོ་མཉམ་འཛོམས་ཡོང་གི་རེད། སྔོན་མ་ཡང་འབོད་སྐུལ་ཞུས་པ་ཡིན། ད་རེས་བསྐྱར་དུ་འབོད་སྐུལ་ཞུ་གི་ཡོད། བཟློག་མེད་དབང་གིས་གྲོས་ཚོགས་ལ་བཅར་མ་ཐུབ་པ་ཡིན་ན་ཞུ་རྒྱུ་གང་ཡོད་མ་རེད་མ་ གཏོགས། མི་མང་གིས་འོས་བླུགས་ཀྱི་ཡོད་རེད། སོ་སོ་ཡིན་པ་ཡིན་ནའང་ངས་འགན་དེ་འཁྱེར་གྱི་ཡིན་ཞེས་སྤྱི་ཚོགས་ནང་ལ་མར་དོན་ ནས་བཤད་ཀྱི་ཡོད་རེད། བཤད་པ་ནང་བཞིན་གྲོས་ཚོགས་འཐུས་མིའི་འགན་འཁྱེར་ཐུབ་པ་ལ་ཉུང་མཐར་གྲོས་ཚོགས་ སུ་བཅར་ཐུབ་པ་དགོས་ཀྱི་ཡོད་རེད། གྲོས་ཚོགས་ནང་ལ་སླེབས་པ་ཡིན་ན་སོ་སོས་བསམ་ཚུལ་བཤད་རྒྱུའི་གོ་སྐབས་ཤིག་ཡོད་ རེད། འགན་ཞིག་འཁྱེར་ཐུབ་པ་ཆགས་ཀྱི་ཡོད་རེད། གྲོས་ཚོགས་ནང་ལ་མ་སླེབས་པ་ཡིན་ན་འགན་འགྲུབ་ཐུབ་པ་ག་བ་ཡོད་རེད། དེ་ཡིན་པ་སོང་ཙང་ད་རེས་ཟླ་བ་དྲུག་གི་རིང་ལ་ཕྱག་ལས་གནང་པའི་སྐབས་ལ་འདི་ནས་ མཐུན་འགྱུར་ཞུ་དགོས་པ་དང་། ཟླ་བ་དྲུག་གི་རྗེས་ལ་ང་ཚོ་མཉམ་འཛོམས་བྱུང་པའི་སྐབས་ལ་ཚང་མ་སྐུ་ཁམས་བདེ་ཐང་ གི་ངང་ནས་མཉམ་འཛོམས་ཡོང་ཐུབ་པའི་སྨོན་འདུན་དང་། འཛིན་སྐྱོང་བཀའ་ཤག་གིས་ཕྱག་ལས་གནང་རྒྱུའི་འགོ་འཛུགས་ཀྱི་ཡོད་རེད། གང་བང་བསྒྲིགས་པ་ཡིན་ནའང་དངོས་གནས་བསམ་གཞིགས་ནན་པོའི་ཐོག་ནས་གནང་གི་རེད་ལ། དེ་ནང་བཞིན་གྱི་དོན་དག་བསྒྲུབ་པའི་རེ་བ་ཞུ་གི་ཡོད།

མཐའ་ དོན་དེ་ལ་ནམ་རྒྱུན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་ཞབས་པད་ བརྟན་པའི་སྨོན་ལམ་ཞིག་ཞུ་གི་ཡོད་རེད། ཡིན་ན་ཡང་ཞབས་པད་བརྟན་པའི་སྨོན་ལམ་ཞུས་པས་ནུས་པ་ག་ཚོད་ཅིག་ཡོད་དང་མེད་ཚང་ མས་ཤེས་གསལ་རེད། གཙོ་བོ་དེ་དམ་ཚིག་ལ་རག་ལས་ཀྱི་ཡོད་རེད། དེ་ཡིན་པ་སོང་ཙང་༸རྒྱལ་བ་རིན་པོ་ཆེས་བཀའ་ག་རེ་གནང་པ་ང་ཚོས་བསྒྲུབ་ཐུབ་པར་ འབད་བརྩོན་ཞུ་རྒྱུ་དང་། མཐའ་དོན་བོད་གཞིས་བྱེས་གཉིས་མཉམ་འཛོམས་མགྱོགས་པོ་ཡོང་བའི་སྨོན་འདུན་ཞུ་ རྒྱུ་ཡིན། །

 

༢༠༡༡ ལོའི་སྤྱི་ནོརྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

 

Print

དེ་རིང་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ ན་མ་མཆིས་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ྋསྐུའི་འཁྲུངས་སྐར་དུས་ཆེན་ གྱི་རྟེན་འབྱུང་མཛད་སྟོན་མཚར་དུ་དངར་བ་སྐྱོང་བཞིན་པའི་དུས་བཟང་འདིར་ཕེབས་ པའི་སྐུ་མགྲོན་ཡོངས་ལ། གུས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཡིད་སྤྲོའི་ངང་འཚམས་ འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

 

མགོན་ པོ་གང་ཉིད་བོད་རབ་བྱུང་ ༡༦ པའི་ཤིང་ཕག་ཟླ་ ༥ པའི་ཚེས་ ༥ དང་ཕྱི་ལོ་ ༡༩༣༥ ཟླ་ ༧ པའི་ཚེས་ ༦ ཉིན་བོད་ཀྱི་མངའ་ཁུལ་མདོ་སྨད་ས་ཡི་ཐིག་ལེ་སྟག་མཚེར་དུ་ཡབ་ཡུམ་རིགས་རུས་ཕུན་ སུམ་ཚོགས་པའི་སྲས་སུ་ངོ་མཚར་རྨད་དུ་བྱུང་བའི་ལྟས་དང་བཅས་ལེགས་པར་སྐུ་བལྟམས། སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ དབུ་ཁྲིད་དུ་མངའ་གསོལ་ཞུས་ཏེ། དེ་རིང་བཀྲ་ཤིས་དགའ་སྟོན་གྱི་ཉིན་མོ་འདིར་སྒོ་གསུམ་མི་ཕྱེད་དད་པས་འཚམས་ཞུ་ དང་སྦྲགས་མཁའ་མཉམ་སྐྱེ་འགྲོ་སྤྱི་དང༌། བྱེ་བྲག་ཏུ་གང་གི་སྐྱོང་ཡུལ་ཆོས་ལྡན་ཞིང་གི་ཉམ་ཐག་རྣམས་ཀྱི་མགོན་དཔུང་དམ་ པར་ྋསྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་ཅིང༌། རྒྱ་ཆེར་རྒྱུན་མི་ཆད་པའི་འཕྲིན་ལས་བསྐལ་པའི་བར་དུ་སྐྱོང་བའི་གསོལ་འདེབས་ སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

སྤྱི་ ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་བོད་ འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པའི་རེ་དོན་བཞིན་བོད་ ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་ཏེ་ཕྱོགས་གཅིག་ནས་བོད་ ཀྱི་སྔར་སྲོལ་ལམ་ལུགས་ལ་ལེགས་བཅོས་ཀྱིས་བོད་མི་རྣམས་དེང་དུས་མང་གཙོའི་ལམ་ བཟང་ཕྱོགས་སུ་འཁྲིད་གནང་མཛད་རྒྱུ་དང༌། ཕྱོགས་གཞན་ཞིག་ནས་རྒྱ་དམར་གྱི་ཞི་དྲག་འགོ་འཁྲིད་རྣམས་ལ་ཐབས་མཁས་ཐུགས་རྗེའི་ འབྲེལ་ལམ་མཛད་དེ་སྤྱིར་བོད་ལྗོངས་རང་དབང་དུ་མུ་མཐུད་གནས་ཐབས་དང༌། འཕྲལ་སྒང་བོད་མི་རྣམས་མི་གསོད་ཁྲག་སྦྱོར་ལས་སྐྱོབ་ཐབས་མཛད་ཡོད། འོན་ཀྱང་རྒྱ་དམར་གྱི་དབང་ཤུགས་བོད་ཁམས་ཡོངས་སུ་ཁྱབ་པས་མཐར་ྋགོང་ས་ྋསྐྱབས་ མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་གྱི་ སྐྱབས་བཅོལ་ལ་མ་ཕེབས་ཐབས་མེད་དུ་གྱུར། རྒྱ་གར་དུ་བོད་ལྗོངས་རང་དབང་སླར་གསོའི་ཆེད་བཙན་བྱོལ་བོད་གཞུང་གི་སྒྲིག་ འཛུགས་མང་གཙོ་ཅན་དུ་བསྒྱུར་གནང་མཛད་པ་དང༌། གང་གི་ཕེབས་རྗེས་སུ་སྙེགས་འབྱོར་བོད་ཕྲུག་བློ་གསར་ན་གཞོན་རྣམས་ལ་ཕྱི་ནང་གི་ ཤེས་ཡོན་ཐོབ་ཆེད་གཏན་ཉིན་སློབ་གྲྭ་ཁག་མང་གསར་འཛུགས་དང༌། བོད་མི་རིགས་ཀྱི་ངོ་བོ་རྒྱུན་གནས་སྲུང་འཛིན་སླད། རང་བཞིན་ཁ་འཐོར་དུ་གྱར་སྡོད་མ་ཡིན་པར་བཟོ་གཞིས་ཁག་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་རིས་སུ་མ་མཆིས་པའི་དགོན་ སྡེ་ཆོས་སྒར་ཁག་མང་གསར་འཛུགས་སོགས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཕྲ་ཚུགས་ ཀྱིས་འཛམ་གླིང་ནང་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་ཡར་རྒྱས་འབུར་ཐོན་ཐོག བོད་དོན་བདེན་པའི་གནས་ལུགས་སྐོར་དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ ཞུ་སྐུལ་སྔ་རྗེས་དང༌། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཕལ་མོ་ཆེར་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་ཡང་ནས་ ཡང་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་སྟེ་བདེན་རྒྱབ་ཡོང་བའི་ཞུ་སྐུལ་མཛད་དང་མཛད་ བཞིན་པའི་ཉེར་ལེན་གྱིས་དེང་སྐབས་བོད་དོན་འདི་བཞིན་འཛམ་གླིང་ཐོག་གི་ཆབ་སྲིད་ ཀྱི་གནད་དོན་གལ་ཆེར་གྱུར་ཏེ་སྣང་མེད་སྐྱུར་འཇོག་བྱེད་ཐབས་མེད་པ་ཞིག་ཆགས་ ཡོད། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་ཡོངས་ཀྱི་གནས་སྟངས་དངོས་ཡོད་ དང་བསྟུན་གནང་མཛད་དེ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ ནས་ཐབས་ཤེས་ཡོད་རྒུ་མཛད་པ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་པར་བོད་མི་སྤྱི་བོ་ གནམ་བསྟན་ཡོངས་ཀྱིས་དུས་ནམ་ཡང་བརྗེད་མེད་སྙིང་བཅངས་ངང་བཀའ་དྲིན་རྗེས་དྲན་ ཞུ་དགོས་པ་ཡིན།

ལྷག་ པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་བྱམས་ བརྩེ་དང༌། བཟོད་སེམས། འཇིག་རྟེན་ཀུན་ཁྱབ་འགན་ཁུར་བཅས་ཀྱི་བཀའ་སློབ་ལམ་སྟོན་ཐོག་ནས་འགྲོ་བ་མིའི་ རིགས་ཀུན་ལ་ཞི་བདེ་སྤེལ་བའི་ཐུགས་འགན་རླབས་པོ་ཆེ་བཞེས་དང་བཞེས་བཞིན་པ་དང༌། ད་དུང་ཆོས་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་བཟང་སྤྱོད་ཀྱི་བསླབ་བྱ་ལས་འགྲོ་བ་ མི་སྤྱི་དང༌། འཛམ་གླིང་ཁོར་ཡུག་དང་བཅས་པར་ཕན་རླབས་ཡོང་བའི་ཐུགས་འགན་ཧ་ཅང་ཆེན་པོ་བཞེས་ ཀྱི་ཡོད། དེ་བཞིན་ཆོས་ལུགས་ནང་ཕན་ཚུན་འཆམ་མཐུན་ཡོང་ཐབས་སུ་འཛམ་གླིང་ཆོས་ལུགས་དབུ་ འཁྲིད་མང་དག་གི་ལྷན་དུ་རྒྱ་ཆེ་གུ་ཡངས་ཀྱི་བགྲོ་གླེང་མཛད་དེ་ཕན་ཚུན་དྭོགས་པ་ དང༌། འགལ་བ་སེལ་ཐབས་ཀྱི་ཐུགས་འགན་བསྐྱེད་བཞེས་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་ ཡས་པ་བསྐྱངས་དང་སྐྱོང་བཞིན་པ་རྣམས་ནི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་དགའ་ སྒོམ་བྱ་འོས་སུ་གྱུར་ཡོད།

དེ་ རིང་འདིར་ྋསྐུ་ཡི་འཁྲུངས་སྐར་གྱི་དགའ་སྟོན་སླད་མང་ཚོགས་གང་ཙམ་འཛོམས་ཡོད་པ་ དང༌། ཁྱེད་རྣམ་པ་བརྒྱུད་གཞིས་བྱེས་བོད་མི་ཡོངས་ལ་ཞུ་རྒྱུར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་ཡོད་པ་བཞིན་སྔ་ལོ་ རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་གཞུང་མང་རྒྱལ་ཡོངས་ ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཇུག་བསྡོམས་མཛད་སྒོའི་སྐབས་དང༌། ཊོ་རོན་ཊོར་རྒྱ་རིགས་མང་ཚོགས་ནས་དྲི་བ་ཕུལ་བར་བཀའ་ལན་སྩལ་སྐབས། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཀྱི་དུས་དྲན་མཛད་སྒོའི་སྐབས། ལྡི་ལིར་གསར་འགོད་པར་བཀའ་ལན་སྩལ་སྐབས་སོགས་སུ་མགོན་པོ་གང་ཉིད་བགྲེས་ཡོལ་དུ་ ཕེབས་བཞེད་སྐོར་བཀའ་སློབ་རིམ་ཕེབས་ལ་གཞིས་བྱེས་བོད་མི་རྣམས་བློ་འཚབ་དང་ སེམས་ངལ་ཅི་ཆེའི་ངང་དེ་ལྟའི་དགོངས་བཞེས་ནམ་ཡང་མི་མཛད་པའི་གསོལ་འདེབས་ྋསྙན་ ཞུ་རིམ་པར་ཕུལ་ཡོད་པ་ལྟར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སུའང་མགོན་པོ་གང་ཉིད་བགྲེས་ཡོལ་ཆ་ཚང་ཕེབས་ བཞེད་ཀྱི་བཀའི་ཕེབས་སྒོར་བློ་འཚབ་ཧ་ཅང་ཆེན་པོའི་ངང་གོ་བསྡུར་སྔ་རྗེས་ཞུས་ པར། བར་ལམ་བཀའ་སློབ་རིམ་ཕེབས་རྣམས་བོད་འབངས་ཡོངས་ཀྱི་འཕྲལ་ཕུགས་བདེ་ཐབས་སུ་ ཐུགས་བརྩེ་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་དགོངས་གཞི་ཡིན་པ་ནི་སྨོས་ཅི་དགོས། འོན་ཏེ་བདག་ཅག་བོད་ཁ་བ་རི་པ་རྣམས་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་དང་བཀའ་ དྲིན་ཉག་ཅིག་གིས་འཚོ་བ་དང༌། མགོན་པོ་གང་ཉིད་ཀྱི་གདུལ་ཞིང་ངམ་སྐྱོང་ཡུལ་དུ་སངས་རྒྱས་ཀྱི་བཀའི་ལུང་གིས་ ཟིན་པའི་ཐོག་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཡོད་པ་བཅས་བོད་འབངས་རྣམས་ མགོན་པོ་གང་ཉིད་ཀྱི་ཆོས་སྲིད་ཀྱི་ཡང་དག་པའི་དབུ་ཁྲིད་ལས་བསྐལ་པ་ཇི་སྲིད་བར་ དུའམ་དུས་ནམ་ཡང་འབྲལ་ཐབས་མེད་ངེས་ལགས་པའི་གནས་ལུགས་དང༌། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ ཐེངས་དང་པོའི་རྒྱབ་གཉེར་སྙན་ཐོ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་རྗེས། ལྷག་པར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་དང་པོ་ཉིད་དུ། "སྤྱི་ ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ ཁྲིད་དང༌། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་སྦྲགས་མགོན་པོ་གང་གིས་ ཕྱེད་བགྲེས་ཡོལ་ཡིན་པའི་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་ བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་ བཞེས་ནམ་ཡང་མི་མཛད་པའི་ཚོགས་ཆེན་འདི་ཐོག་ནས་ྋསྙན་གསན་ཞུ་རྒྱུ།" ཞེས་ སྤྱི་མོས་ཀྱིས་གཏན་འབེབས་ཞུས་ཡོད་པ་བཅས་ལ་བརྟེན་མགོན་པོ་གང་ཉིད་ནས་ཕྱེད་ བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གཞིས་བྱེས་བོད་མི་ ཡོངས་ཀྱི་ངོ་ཚབ་ཞུས་ཏེ་གསོལ་འདེབས་ྋསྙན་ཞུ་འབུལ་ལམ་ཞུས་ཡོད།

དེ་ རྗེས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་ནང༌། "བཅའ་ ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ ཞིག་ངེས་པར་བཟོ་དགོས་" ཞེས་ སོགས་སྤྱི་ཕེབས་བྱུང་བར་གྲོས་ཚོགས་ཚོགས་དུས་ ༡༡ པས་ལས་ཉིན་བཞིའི་རིང་གྲོས་ཚོགས་ནང་དང༌། སྤྱི་འཐུས་བཞུགས་མོལ་ཚོགས་འདུ། དེ་བཞིན་སྤྱི་འཐུས་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་ཞིབ་ཕྲ་ཞུས་མཐར། "མགོན་ པོ་གང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་མཛད་ཁུར་མུ་ མཐུད་སྐྱོང་བཞེས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་" ཞེས་ སོགས་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་བཞག་སྟེ་སྐུ་སྒེར་དྲུང་ཆེ་བརྒྱུད་ ྋསྙན་གསན་ཞུས་ཡོད། དེར་སྐུ་སྒེར་ཡིག་ཚང་ནས་བཀའ་ལན་གནང་འབྱོར་ནང༌། "ྋགོང་ ས་མཆོག་གི་དགོངས་བཞེས་ཐག་གཅོད་ལ་འགྱུར་བ་མེད་གཤིས་གྲོས་ཆོད་ནང་གསལ་ལ་དགོངས་ བཞེས་གནང་ཐབས་མ་གྱུར་པས་ཕྱིར་སློག་ཞུ་དགོས་བཀའ་ཕེབས་འདུག" ཅེས་ བཀའ་ནན་ཕེབས་སྟབས་སྤྱི་འཐུས་རྣམས་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་བཀའ་ཡིག་སྐོར་ ལ་བགྲོ་གླེང་གིས་ལས་འཆར་ཚོགས་ཆུང་ཞིག་བསྐོ་འཛུགས་ཞུས་ཤིང༌། ཚོགས་ཆུང་གི་སྙན་ཐོ་ཟུར་འཛར་བཅས་པ་གྲོས་ཚོགས་སུ་སྙན་སྒྲོན་གནང་སྟེ་ཕྱི་ཚེས་ ༢༤ དང་ ༢༥ སོ་སོར་བགྲོ་གླེང་མཐིལ་ཕྱིན་དང་འབྲེལ། གསུང་འཕྲིན་དང་བཀའ་སློབ་དགོངས་དོན་ཉམས་ལེན་ཞུ་སླད། ཚོགས་གཙོ་སྦྲེལ་པོས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་ བྲིས་ཚོགས་ཆུང་ཞིག་བསྐོ་གཞག་གནང༌། ཚོགས་ཆུང་དེས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༡ ཉིན་གྲུབ་དོན་སྙན་ཐོ་ཚོགས་དྲུང་ལས་ཁུངས་སུ་ཕུལ་བ་ལྟར། རྒྱ་ཆེའི་མང་ཚོགས་ཀྱིས་མཁྱེན་རྟོགས་གནང་ཆེད་རྒྱ་ཁྱབ་ཏུ་འགྲེམས་སྤེལ་ཞུས། དེ་རྗེས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༡ ནས་ཚེས་ ༢༤ བར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གནང་སྟེ། གྲོས་ཚོགས་ཀྱིས་ཆེད་བཙུགས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་བཅའ་ ཁྲིམས་འཆར་ཟིན་དུ་གསལ་བའི་སྔོན་གླེང་དང་དོན་ཚན་དང་པོའི་སྐོར་དང༌། དེ་བཞིན་བཅའ་ཁྲིམས་ཀྱི་སྤྱི་ཡོངས་འཆར་ཟིན་བཅས་པར་བགྲོ་གླེང་མཐིལ་ཕྱིན་གནང༌། ཚོགས་ཆེན་དེའི་ཐོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་ནས་བོད་ རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཛད་འཁུར་བཞེས་རྒྱུར་སྤྱི་མོས་ཀྱིས་གསོལ་བ་ཕུར་ ཚུགས་སུ་བཏབ་པར་ཞལ་བཞེས་མ་མཛད་པ་དང༌། སྔོན་གླེང་དང་དོན་ཚན་དང་པོ་གསར་འཇུག་ཆོག་པའི་ྋསྙན་ཞུ་ལ་བཀའ་བཅོས་ཕྲན་བུ་དང་ བཅས་བཀའི་གནང་བ་བཀའ་དྲིན་ཆེ་བསྩལ་ལྟར། ཕྱི་ཟླ་ ༥ ཚེས་ ༢༦ ནས་ཚེས་ ༢༨ བར་གྲོས་ཚོགས་ཚོགས་དུས་འཕར་མ་བསྡུ་བསྐོང་གྀས་བཙན་བྱཽལ་བོད་མིའི་བཅའ་ཁྲིམས་ བསྐྱར་བཅོས་ཐེངས་ ༢༥ པ་གཏན་འབེབས་གནང་སྟེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཚེ་རབས་གཏན་གྱི་ མགོན་སྐྱབས་ནས་ནམ་ཡང་མི་འབྲལ་བ་དང༌། དགོས་གལ་ནམ་བྱུང་ལ་ལམ་སྟོན་མཛད་རྒྱུའི་བཀའ་བཞེས་ཟབ་མོ་སྤྱི་བོའི་རྒྱན་དུ་ བཀའ་དྲིན་ཆེ་བ་དང་བཅས། དེང་འཛམ་གླིང་སྤྱི་འགྲེའི་མང་གཙོའི་ལམ་སྲོལ་དང་སྒོ་ཀུན་ནས་མཐུན་ཞིང༌། བོད་མི་ཡོངས་ཀྱི་འཕྲལ་ཕུགས་བདེ་ཐབས་ཁོ་ནའི་སླད་དེང་དུས་ཀྱི་གནས་བབ་དངོས་དང་ བསྟུན་པའི་དགོངས་བཞེས་བླ་མེད་མཛད་དེ་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་གསུང་འཕྲིན་རིན་པོ་ཆེ་སྤྱི་སྩལ་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ ནང་གསལ་མགོན་པོ་གང་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མང་ ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་སྩལ་ལམ་རྩིས་སྤྲོད་གནང་ བ་འདི་བཞིན་མགོན་པོ་གང་གི་མ་འོངས་སྔོན་གཟིགས་ཀྱི་ལམ་སྟོན་དང་མཛད་ཐབས་ཡིན་ པར་བསམ་ཤེས་ཐུབ་པ་གནང་སྟེ་བོད་མི་འགོ་མང་ཚང་མས་འགན་འཁུར་དང་ལེན་ཞུ་སྒོར་ སྔར་བས་ལྡབ་བརྒྱའི་ནུས་ཤུགས་འདོན་དགོས་ཞེས་དེ་རིང་གོ་སྐབས་འདི་བརྒྱུད་ནས་ གཞིས་བྱེས་བོད་མི་ཡོངས་ལ་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

བོད་ མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགོ་ཁྲིད་མང་ཚོགས་ཀྱིས་འོས་ འདེམས་བྱས་པའི་མི་སྣས་བྱ་རྒྱུར་འགྱུར་བ་སོང་བ་དེས་བཙན་བྱོལ་བོད་མིའི་བཅའ་ ཁྲིམས་ནང་གི་མང་ཚོགས་ཀྱི་འགོ་ཁྲིད་མི་སྣའི་འགན་དབང་སོགས་ཀྱི་ཆ་རྐྱེན་ཁག་ལ་ འགྱུར་བ་ཅི་ཆེ་སོང་ཡོད་ནའང༌། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དང༌། མང་གཙོའི་ཀ་བ་གསུམ་གྱིས་མཚོན་སྒྲིག་འཛུགས་ཀྱི་གནས་སྟངས་དང་ལས་དོན་ཞུ་སྒོ་ མཐའ་དག་སྔར་བཞིན་རྒྱུན་གནས་སུ་ཡོད།

ཕྱི་ ལོ་ ༢༠༠༨ ནས་བོད་ཆོལ་གསུམ་ཡོངས་སུ་ཞི་བའི་ངོ་རྒོལ་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་ གཞུང་གིས་བོད་ནང་སྲིད་བྱུས་འཛིན་ཕྱོགས་ལ་མོས་མཐུན་རྩ་བ་ནས་མེད་པར། རྒྱལ་སྤྱིའི་ནང་བོད་མིའི་མངོན་འདོད་གསལ་སྟོན་བྱས་ཡོད་ནའང་རྒྱ་གཞུང་དབང་ འཛིན་པས་སྣང་མེད་སྐྱུར་འཇོག་གིས་བོད་མིར་ཉེས་མེད་ཁག་དཀྲི་དང༌། དྲག་གནོན། རྡུང་རྡེག འཛིན་བཟུང་བཀག་བསྐྱིལ་དང༌། དྲང་བདེན་གྱི་ཁྲིམས་བཤེར་མ་བརྒྱུད་པར་བཙོན་འཇུག་དང༌། སྲོག་ཐོག་བཏང་བ་སོགས་མི་སྤྱོད་ལས་འདས་པའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་ བྱེད་བཞིན་ཡོད།

འདི་ ལོ་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་གྲྭ་བློ་བཟང་ཕུན་ཚོགས་ཀྱིས་བོད་མིའི་རང་དབང་ཆེད་རང་སྲོག་བློས་བཏང་གིས་ རང་ལུས་མེར་བསྲེགས་གནང་བ་ནས་བཟུང་བོད་རྔ་པ་ཀིརྟི་དགོན་དང་ཉེ་ཁུལ་གྱི་ཡུལ་ མི་བཅས་པར་དོན་མེད་བརྡབ་གསིག་དང་འཇིགས་སྐུལ་བཙན་གནོན་བྱས་པའི་ཉེར་ལེན་གྱིས་ བོད་མི་རྐྱེན་འདས་སུ་གྱུར་པ་དང༌། རྨས་སྐྱོན། དེ་བཞིན་ཀིརྟི་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་མང་པོ་དགོན་པ་ནས་བཙན་ཁྲིད་དང༌། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་བར་མཚམས་མ་ཆད་པར་སྤེལ་ཏེ་སེར་སྐྱ་མི་ ཉུང་བ་ཞིག་འཛིན་བཟུང་དང༌། བཀག་བསྐྱིལ་བྱས་དང་བྱེད་བཞིན་པར་བརྟེན་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་ མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ནས་རང་གཞན་གཉིས་ཕུང་གི་སྲིད་བྱུས་ ཐབས་རྡུགས་འདི་རིགས་འཕྲལ་དུ་མཚམས་འཇོག་གིས་བོད་མི་ཚོར་རྒྱ་ནག་གི་བཅའ་ཁྲིམས་ སུ་བཀོད་པའི་མི་རིགས་རང་སྐྱོང་དང༌། གཞི་རིམ་གྱི་ཐོབ་ཐང་ཁག་དོན་འཁེལ་འགན་ལེན་ཐོག་ཞི་འཇགས་ཡོང་བའི་ཐབས་ཚུལ་ལ་ བསམ་ཞིབ་བྱེད་དགོས་པའི་རྒྱ་གཞུང་ལ་འབོད་སྐུལ་ནན་ཏན་དང༌། དངོས་དོན་བདེན་རྫུན་རྟོག་ཞིབ་སླད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས་རྒྱལ་སྤྱིའི་ ཚོགས་སྡེ་དང་རང་དབང་གསར་འགོད་པ་ས་གནས་སུ་ངོ་བསྐྱོད་ཐུབ་པ་དགོས་པའི་ཉེ་སྔོན་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་དང་པོར་སྤྱི་མོས་ཀྱིས་གྲོས་ཆོད་སྣོལ་འཇོག་དང༌། རྒྱ་ཁྱབ་འབོད་སྐུལ་ཞུས་ཡོད།

ཉེ་ བའི་ཆར་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ནས་ཁམས་དཀར་མཛེས་རྫོང་དུ་གྲྭ་ཚེ་དབང་བཀྲ་ཤིས་དང༌། གྲྭ་འགྱུར་མེད་བསོད་ནམས་གཉིས་ཀྱིས་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ྋགོང་ས་མཆོག་བོད་ནང་མྱུར་དུ་གདན་ཞུ་གནང་དགོས། བོད་ལ་རང་དབང་དགོས་ཞེས་སོགས་ཞི་བའི་སྐད་འབོད་གནང་བ་ནས་བཟུང་ཁམས་དཀར་མཛེས་ རྫོང་ཕྱོགས་སུ་གཅིག་མཇུག་གཉིས་མཐུད་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་དང༌། སྐད་འབོད་བྱུང་བའི་ཐད། རྒྱ་གཞུང་གིས་བོད་མིར་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་རྐྱེན་གྱིས་ངོ་རྒོལ་ བྱུང་བ་ཡིན་པར་ངོས་མ་ཟིན་པར་བོད་མིར་ཉེས་མིང་འདྲ་མིན་བཏགས་ཏེ། བོད་མི་ཇེ་མང་འཇུ་བཟུང་གིས་རྡུང་རྡེག་དང༌། བཙོན་འཇུག་གནར་གཅོད་གཏོང་བཞིན་པར་བོད་མི་རྣམས་སེམས་འཚབ་ཆེན་པོའི་ངང་ཁོང་ རྣམ་པའི་ཚེ་སྲོག་གི་རིན་ཐང་དང༌། གཟུགས་ཁམས་འཕྲོད་བསྟེན་བཅས་ཇི་ལྟར་ཆགས་ཀྱི་ཡོད་མེད་དྭོགས་གནས་སུ་གྱུར་ཡོད། ད་ཆ་དཀར་མཛེས་ཕྱོགས་ཀྱི་དགོན་གྲོང་ཚང་མར་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དང༌། གྲྭ་བཙུན་ཚོར་ཡར་མར་འགྲོ་བསྐྱོད་བཀག་སྡོམ། ནད་མནར་སོགས་ཀྱིས་དཀར་མཛེས་རྫོང་དུ་བསྐྱོད་དགོས་ཆགས་ཚེ་འགན་ལེན་མི་སྣ་མཉམ་ ཁྲིད་དགོས་པ། དགོན་སྡེ་ཁག་ཏུ་རྒྱ་གཞུང་གི་མི་སྣ་ཡོང་སྟེ་དགོན་པ་སྒོ་རྒྱག་རྒྱུ་ཡིན་ཚུལ་ སྡིགས་ར་བསྐུལ་བ་དང༌། བསུན་གཙེར། འཇིགས་སྐུལ་རྒྱུན་མཐུད་བྱེད་བཞིན་པའི་སྲིད་བྱུས་ཐབས་རྡུགས་འདི་རིགས་རྒྱ་ གཞུང་གིས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཤུགས་དྲག་བྱ་རྒྱུ་དང༌། དེ་བཞིན་དཀར་མཛེས་ཕྱོགས་ཀྱི་བོད་མི་འཇུ་བཟུང་དང༌། བཙོན་འཇུག་བྱས་པ་དེ་དག་མྱུར་དུ་གློད་གྲོལ་ཡོང་ཐབས་སུ་རྒྱ་གཞུང་ལ་སྐུལ་མ་ དང༌། གནོན་ཤུགས། གནས་ཚུལ་རྩད་གཅོད་ཡོང་ཐབས་གནང་དགོས་པའི་གཞེན་བསྐུལ་ནན་པོ་ཞུ་རྒྱུ་བཅས་ཀྱི་ གསར་འགོད་བསྒྲགས་གཏམ་ཤིག་སྤྱི་འཐུས་རྒྱུན་ལས་ཀྱིས་སྤེལ་ཟིན་ཡིན་ཡང་ད་དུང་ དེ་རིང་གོ་སྐབས་འདི་བརྒྱུད་ནས་བསྐྱར་དུ་འབོད་སྐུལ་ནན་པོ་བྱ་རྒྱུ་ཡིན།

ཉེ་ བའི་ཆར་རྒྱ་གཞུང་གིས་རྒྱ་ནག་གུང་ཁྲན་ཏང་འགོ་འཛུགས་བྱས་ཏེ་མི་ལོ་ ༩༠ འཁོར་བ་དང༌། བོད་ལ་ཞི་བས་བཅིངས་འགྲོལ་ཟེར་བ་བཏང་སྟེ་ལོ་ ༦༠ འཁོར་བ་ཡིན་ཞེས་སོགས་ཀྱི་དུས་ཚིགས་འདྲ་མིན་མང་པོ་ཞིག་མིང་བགྲངས་ནས་བོད་ཆོལ་ ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་དགའ་སྤྲོའི་དུས་སྟོན་བརྩི་སྲུང་དགོས་པའི་བཙན་ བཀའ་ཕབ་པ་དང༌། ཕྱི་མི་བཀག་སྡོམ། བོད་མིའི་འཆར་ཅན་གྱི་དུས་སྟོན་ཁག་བཀག་འགོག་སོགས་སྔར་ལས་དམ་བསྒྲགས་ཆེ་རུ་ གཏོང་བཞིན་པ་དང༌། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེ་འགྲོ་གཞིའི་གཏེར་ཁ་སྔོག་འདོན་གྱི་ལས་ གཞི་ཁག་གཞི་རྒྱ་ཆེ་རུ་བཏང་དང་གཏོང་བཞིན་པ་སོགས་རྒྱ་ནག་དབང་འཛིན་པ་ཚོས་ད་ དུང་དབང་ཤུགས་ངོམ་ཁྱེར་གྱིས་མཁྲེགས་འཛིན་དང༌། ལྷག་པར་བོད་མི་ཉམ་ཆུང་བའི་ཐོག་གདུག་རྩུབ་མནར་གཅོད་རྒྱུན་མི་ཆད་པ་སྤེལ་བ་ དང༌། དེ་བཞིན་མགོ་སྐོར་བསླུ་བྲིད་ཁོ་ནས་དུས་ཚོད་སྐྱེལ་ཐབས་བྱས་ནའང་ནམ་ཕུགས་ འཁྱོལ་ཐབས་མེད་ཅིང༌། བོད་མི་རྣམས་ཀྱིས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་བདེན་པའི་ འཐབ་རྩོད་བློས་གཏོང་ངམ་བར་མཚམས་འཇོག་མི་སྲིད་པ་བཞིན་རང་རེའི་སྒྲིག་འཛུགས་ ཁག་དང་མང་ཚོགས་བཅས་ཚང་མས་སྔར་བས་མཐུན་ལམ་དང་གདུང་ཤུགས་གཅིག་བསྒྲིལ་ངང་ནུས་ པ་འདོན་དགོས་པའི་དུས་མཚམས་དམིགས་བསལ་ཞིག་ཏུ་སླེབས་ཡོད་པས་ཚང་མས་འཁུར་འགན་ ཆེ་བཞེས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཉེ་ སྔོན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་རྣམ་པ་མཛད་འཁུར་བཞེས་ཟིན་པ་ལྟར་ཐོག་མར་མང་ཚོགས་ལ་ འཚམས་འདྲི་གཟིགས་བསྐོར་དུ་ཕེབས་རྒྱུ་དང༌། དེ་རྗེས་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་རེའི་ནང་མང་ཚོགས་ལ་ཆབ་སྲིད་ཀྱི་ ལམ་སྟོན་དང༌། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུ་བཅས་ཀྱི་ཆེད་སྤྱི་འཐུས་རྣམ་པ་གཞིས་ཆགས་ ཁག་སོགས་ས་བགོས་གྲུབ་ཡོད་པ་ལྟར་ཐོག་མར་འཚམས་འདྲི་གཟིགས་སྐོར་ཐད་འདི་ལོ་ཕྱི་ ཟླ་ ༦ པ་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༩ པའི་ཚེས་ཤར་བར་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ལ་རིམ་ཕེབས་གནང་འཆར་ཡིན་པས་ སྐབས་དེ་དག་ཏུ་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་སོགས་ཕན་ཐོགས་དགེ་མཚན་གང་ ལེགས་ཡོང་རྒྱུའི་རེ་འདུན་ཞུ་བཞིན་ཡོད་པ་དང༌།

མཐའ་ དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་ྋསྐུ་ཚེ་ྋཞབས་པད་ བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ལ།། །།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php