ཁང་གསར་རྡོ་རྗེ་དང་གསར་བརྗེ་སྐྱབས་རྣམ་གཉིས་ལ།

བསམ་པ་རྣམ་པར་དག་དང་གཅིག སྤྱི་ཡོངས་རྒྱུས་ཙམ་ལོན་དང་གཉིས།

གླེང་སློང་གཞི་རྒྱ་ཆེ་དང་གསུམ། དེ་བས་ཁྱོད་གཉིས་གཞན་ལས་ལྷག

            གང་གིས། གནས་ལུགས་ཟེར་བ་དེ་མི་ཁ་མང་ཉུང་དང་བཤད་ཤེས་མིན་སོགས་ལས་དོན་ངོ་མའི་གནས་ལུགས་ཤིག་མེད་པའི་འདོད་ཚུལ་དེར་ང་མོས་མཐུན་མེད། གལ་ཏེ་དེ་ལྟར་ཚང་མ་གནས་ལུགས་ཡིན་ན་གང་ཞིག་བརྩིས་ན་ཡང་འགྲིགས་སོང་ལོས་ཡིན། དེ་ལྟར་ན་བོད་རང་བཙན་མ་རེད་ཅེས་པའི་གནས་ལུགས་ཤོད་མཁན་ཚོ་ཡང་བདེན་པ་རེད་ཅེས་ཁས་བླངས་ན་ལོས་འགྲིགས། ངས་གནས་ལུགས་ཟེར་བ་དེ་བདེན་དོན་ཞིག་ལ་གོ་དགོས་སྙམ། བདེན་པ་ལྟར་སྣང་བ་མང་ན་ཡང་བདེན་དོན་ཁོ་ན་ནི་གཅིག་ལས་མེད།

            ད་ལྟའི་དབུ་མའི་ལམ་ཟེར་བ་འདི་གང་ཟག་གི་ཆེ་མཐོང་ལ་བལྟས་ནས་ཁས་བླངས་པ་ཞིག་ལས་དོན་ལ་རྟོན་ཚུལ་གྱི་ཁས་ལེན་ཞིག་མིན་ཚུལ་འཇམ་ནོར་སོགས་ལ་བརྟག་པ་མཐའབཟུང་གི་དཔེ་བཞག་ནས་བཤད་པ་དེ་ཡང་རྒྱུག་པ་ལེབ་བརྡུངས་ཤིག་རེད། ཁྱོད་ཀྱི་དཔེ་འཇོག་འདིས་འཇམ་ནོར་སོགས་བོད་ཀྱི་སྤྱི་ཚོགས་ནང་དགྲ་དགྲ་ནག་ལ་བརྩིས་པ་གཞིར་བཞག་པ་འདི་ཡང་ངོས་འཛིན་ཡང་དག་ཅིག་མ་རེད།

            ཡང་། ཁྱོད་ཀྱིས་ཐུགས་ཀྱི་ར་བའི་ཆེ་ཆུང་ཞིག་བཤད་འདུག དབུ་མའི་ལམ་འདི་ཁོང་གི་ཐུགས་ཀྱི་ར་བ་ཆུང་བར་ངོས་བཟུང་བ་ཡིན་ན་ནོར། དེའི་དོན་ཁོང་གི་དགོངས་དོན་གཙོ་བོ་དག་གི་ལམ་ལ་འགྲོ་རྒྱུ་དགོངས་ཚུལ་ཕལ་བ་དག་གི་ལམ་ལ་མི་འགྲོ་ཟེར་གྱི་ཡོད་དམ། ཡང་ན་ཁོང་གི་ལམ་སྟོན་བདེན་པ་དག་བརྩི་རྒྱུ་ནོར་བ་དག་མི་བརྩི་ཟེར་བ་ཡིན་ནམ། གལ་ཏེ་དེ་འདྲ་ཞིག་ཡིན་ན་གཙོ་ཕལ་དང་ཡང་དག་དང་མི་དག་པ་སོགས་ཀྱི་དགོངས་པའི་ར་བ་ཆེ་ཆུང་དེ་ཁ་གསལ་བོ་ཞིག་གནང་རོགས།

            དབུ་མའི་ལམ་དང་རང་བཙན་གཉི་ག་སྤྱིར་བོད་དོན་ཡིན་པའི་ཆ་ནས་དང་ལྷག་པར་བོད་དོན་འཐབ་རྩོད་ཀྱི་ཆ་ནས་དེ་གཉི་ག་དགོས་ཚུལ་བཤད་པ་དེ་རྒྱུ་མཚན་ཞིག་རེད། མང་པོ་ཞིག་གིས་འདི་འདོད་བཞིན་པ་རེད། འོན་ཀྱང་། མི་རིགས་ས་གནས་རང་སྐྱོང་ཟེར་བ་དང་རང་བཙན་གཉིས་ཀྱི་ངོ་བོ་རྦད་དེ་ཐ་དད་རེད། གཅིག་གིས་རྒྱལ་ཁབ་གསར་འཛུགས་དང་ཅིག་ཤོས་ཀྱིས་རྒྱལ་ཁབ་བློས་གཏོང་གི་སྐད་ཆ་བཤད་ཀྱིན་ཡོད་པས་དེ་ལ་གཉི་ག་ཡིན་པ་དང་འགལ་བ་མེད་པ་ཞིག་ཡོང་ཐབས་མེད་པ་རེད། དེ་ནི་གཅིག་འདོད་ན་གཅིག་འདོར་དགོས་པའི་བསམ་ཚུལ་གཉིས་རེད། དེ་བས་དེ་གཉིས་ཀྱིས་བསམ་ཚུལ་དེ་འཛིན་མཁན་གཉིས་ལ་གཅིག་གྲོགས་གཅིག་གིས་བྱེད་པ་ལས་ལྡོག་སྟེ་གཅིག་ལམ་གཅིག་གིས་འགོག་བཞིན་པའི་ཚོར་སྣང་ཡོང་གིན་ཡོད་པ་རེད། རྒྱ་གཞུང་ནས་ཀྱང་བོད་མིར་རང་བཙན་དོར་བའི་སྐད་ཆ་རྣམ་དག་བཤད་འདོད་མི་འདུག་ཚུལ་བཤད་ཀྱིན་པའང་བདེན་པ་ཆགས་ཀྱིན་ཡོད་རེད། དེ་བས་བོད་ཡོངས་ལ་རང་སྐྱོང་ཞིག་སྤྲད་ཀྱང་དེ་ལས་ལྡོག་ནས་རང་བཙན་རྩོད་རྒྱུར་དོགས་པ་དང་འཇིགས་སྣང་བྱེད་ཀྱིན་པ་རེད།

            ཁྱོད་རང་གཉིས་དང་གཞོན་ནུ་ཚོགས་པ་སོགས་ཀྱི་ལྟ་ཚུལ་ལ་བར་ཁྱད་ཆེན་པོ་ཡོད། ཁྱོད་གཉིས་ཀྱིས་དབུ་མའི་ལམ་དེ་ཡང་འགྲིག་པ་དགོས་པ། གལ་ཡང་ཆེ་ཚུལ་ཤོད་ཀྱིན་འདུག འོན་ཀྱང་ཁོང་ཚོ་དེ་འདྲ་མ་རེད། འདིར་ང་ཚོའི་ཐག་ཉེ་ས་ནས་གང་ཟག་ཅིག་དཔེ་མཚོན་ལ་བཞག་ན།        ཟིན་བྲིས་ནང་། 1.༧གོང་ས་མཆོག་གིས་དམ་པའི་ལྷ་ཆོས་ལག་ལེན་སྟར་དུས་བོད་ཁ་བ་རི་པའི་འཇིག་རྟེན་ཕ་ཆོས་ཡར་རྒྱས་འགྲོ་བ་ལ་འགོག་རྐྱེན་མཐོང་མཁན་ཞིག་ཡིན། 2.༧གོང་ས་མཆོག་གིས་བདག་ གཞན་མཉམ་བརྗེ་གྱི་སྒོ་ནས་རྒྱ་རིགས་སྤུན་ཟླ་ཞེས་དགྲ་བོའི་རིགས་རྒྱུད་ལ་དགའ་ གུས་བྱེད་པར་མཐོང་དུས་སྙིང་ལ་གྲི་རྒྱག་པ་བཞིན་ཁོང་ཁྲོ་མེ་འབར་ཡོང་མཁན་ཞིག་ ཡིན། 3.༧གོང་ས་མཆོག་གི་དགོངས་པ་ལྟར་རྒྱ་ནག་དམར་པོའི་རྩ་ཁྲིམས་འོག་ཏུ་སྡོད་འདོད་མེད་པ་མ་ཟད་མ་འོང་པ་སྡོད་རྩིས་མེད་མཁན་ཞིག་ཡིན། ཞེས་ངར་ངར་རྫིག་རྫིག་གིས་བཤད་ཡོད། འདི་དག་གིས་བོད་ཀྱི་ཕ་ཆོས་དར་བའི་འགོག་རྐྱེན། དགྲ་བོ་པང་དུ་ལེན་མཁན། རྒྱལ་འཚོང་བ་ཞིག་རེད་ཟེར་གྱི་མི་འདུག་གམ། ད་དུང་སྙིང་ལ་གྲི་བཙུགས་པའི་ཚོར་བ་ཁོང་ཁྲོའི་མེ་འབར་གྱི་ཡོད་པ་རེད། འོན་ཀྱང་ད་དུང་མཇལ་ཁ་དང་བཀའ་སློབ་ཞུ་རུ་སོང་བ་ཡིན་ཞེས་བཤད་ཀྱིན་འདུག་ག ད་བཀའ་སློབ་ག་རེ་ཞུ་རྒྱུ་ཡོད་དམ། མཐོང་ཚུལ་འདི་ཁོང་གི་ཐུགས་ཀྱི་ར་བ་ཆེ་ཆུང་གང་ཞིག་ལས་འདས་ཡོད་མེད་གླེང་ཕོད་དམ། ངས་འགལ་འདུའི་ལྟ་ཚུལ་ཞེས་ཡང་ཡང་ནན་གྱིས་བརྗོད་པ་དག་གི་དཔེ་མཚོན་ཡང་འདི་འདྲ་རང་རེད། འདི་དག་ལ་དཀར་འདོན་ཇི་ལྟར་བྱའམ།

            གཞན་ཡང་ལ་ལས། བཀའ་ཁྲི་དམངས་བསྐོས་རྒྱལ་བོ་ལྟ་བུ་ཞིག་ཡིན་པའམ་ཡིན་དགོས་ཚུལ་བཤད་པ་དག་ཀྱང་ནོར་བ་སྟེ། བཀའ་ཁྲི་ལ་༸གོང་ས་མཆོག་གི་སྐུ་དབང་ལས་ཆེ་བ་ཞིག་དགོས་པར་འདོད་ན་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་དགོས་པར་མ་ཟད་རྒྱ་ཆེ་བའི་བོད་མི་དམངས་ལ་སྐད་ཆ་འདྲི་དགོས་པ་ཞིག་ཡིན་པ་བཅས་དེ་རིང་འདི་ཙམ་མོ།

ང་ལ་སྲིད་ཀྱི་ལྟ་བ་མེད་ཀྱང་རུང། ང་ལ་ཆོས་ཀྱི་འདུ་ཤེས་ཆེ་ཡང་རུང།

ང་ནི་ང་ལས་གཞན་དུ་མི་འགྱུར་བས། ཅི་ཞིག་བཤད་ཀྱང་སུ་ལ་ཉེས་པ་མེད།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php