༄༅། །འབྱུང་འགྱུར་ནང་པའི་ཆོས་ལུགས་ཀྱི་གཙོ་འཛིན་ལམ་ལུགས།

 

 

          བོད་ལ་མཚོན་ན། སྔོན་ཆད་ཆོས་བརྒྱུད་ཁག་ལ་བླ་ཆེན་མང་པོ་བྱུང་ནའང་ཆོས་བརྒྱུད་ཡོངས་ཀྱིས་མང་མོས་ཀྱི་དབུ་འཛིན་ཞིག་བདམས་མྱོང་མེད་ལ། ལྷག་པར་འཛམ་གླིང་ནང་པའི་གཙོ་འཛིན་ཞིག་བྱུང་མྱོང་མེད་ཀྱང༌། ཏཱ་ལའི་བླ་མ་རྒྱ་དམར་གྱིས་མཐར་སྤྲོད་བཏང་བའི་རྐྱེན་ངན་གྲོགས་ཤར་དུ་ཆོས་བརྒྱུད་རྣམས་ཙམ་མ་ཟད་འཛམ་གླིང་ནང་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པ་འདི་སྟོན་པ་འཇིག་རྟེན་ལ་སླར་ཡང་བྱོན་པ་དང་ཅི་ཁྱད།

       འཕགས་པ་སྤྱན་རས་གཟིགས་དབང་གི་ཐུགས་རྗེ་སྨོན་ལམ་ནི་བསྐལ་བ་ཇི་སྲིད་བར་དུ་བོད་རྒྱལ་ཁབ་སྲུང་སྐྱོབ་བྱ་རྒྱུ་ཙམ་གཏན་ནས་ཡིན་མི་སྲིད། ཁོང་གི་རྣམ་པར་ཐར་བ་དག་ལས་རྒྱལ་བློན་མཁས་བཙུན་ཅི་རིགས་ཀྱི་རྣམ་པས་བོད་དམུ་རྒོད་ཆོས་ཀྱིས་བཏུལ་ནས་མཐའ་འཁོབ་ཀྱི་ཡུལ་དེ་ཆོས་ཀྱི་དབུས་འགྱུར་རམ་བསྟི་གནས་ཤིག་ཏུ་བཏང་བ་གཙོ་བོ་ཞིག་ཡིན་ལ། འདིའི་ཆ་ནས་བལྟས་ན་ཁོང་གི་ཐུགས་སྨོན་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འགྲོ་བ་ཐམས་ཅད་ཀྱི་མགོན་དུ་བྱོན་པས། བོད་ཙམ་མ་ཡིན་པར་གནམ་འོག་ཞི་བདེ་ལ་འགོད་རྒྱུ་དེ་ཡིན་ངེས་པས། ཁོང་གི་མཛད་འཕྲིན་འཛམ་གླིང་ལ་རྒྱས་བཞིན་ཡོད་ལ། འདིས་འཕགས་མཆོག་ཁོང་གི་ཐུགས་སྨོན་མཐུ་སྟོབས་ལ་ཚོད་དཔག་དང་ཡིད་ཆེས་ཀྱང་བྱེད་ཆོག

        ཉེ་ཆར་འཕགས་པའི་རྣམ་སྤྲུལ་འདིས་རང་གི་ཡང་སྲིད་སྐོར་ལ་དགོངས་ཚུལ་ཁ་གསལ་འདོན་གྱིན་པ་འདིར་ང་ཚོས་ཆེས་དོ་སྣང་བྱེད་དགོས་པ་ཞིག་རེད། ཁོང་གི་ཡང་སྲིད་འབྱུང་མིན་ལ་ཐེ་ཚོམ་མི་དགོས་ཏེ། ཇི་སྲིད་བསྐལ་བའི་བར་དུ་གནས་རྒྱུ་དེ་འཕགས་མཆོག་གི་ཐུགས་སྨོན་ཡིན་པས་སོ། “སྐུ་ཚེ་བསྐལ་བརྒྱའི་བར་དུ་གནས་པར་ཤོགཅེས་པའི་སྨོན་ལམ་གྱི་ནང་དོན་ངོ་མ་ཡང་བདག་གིས་དེ་ལྟར་གོ་ལ། དེ་ལྟར་སྨོན་ལམ་འདེབས་ཀྱིན་ཡང་ཡོད། སྟོན་པའི་གསུངས་པ་ལྟར་ན་སྨོན་ལམ་གྱི་མཐུ་ཧ་ཅང་བཙན། བོད་མི་ཚང་མ་ལ་རེ་སྨོན་དེ་བཞིན་ཡོད་ལ་ནང་པ་ཚང་མར་ཡང་རེ་སྨོན་དེ་ལྟར་ཡོད་ན། གདུལ་བྱ་དང་འདུལ་བྱེད་གཉི་གའི་ངོས་ནས་རྒྱུ་རྐྱེན་རྟེན་འབྲེལ་ཚང་བས་བསླུ་མེད་རྒྱུ་འབྲས་ཡིན། འོ་ན་ཉི་མ་དེ་འཆར་ངེས་ཡིན་པས་ཤར་ནུབ་གང་ནས་ཤར་ཀྱང་ཁྱད་པར་མེད་དེ་ང་ཚོར་མཁོ་བའི་འོད་སྣང་ཐོབ་པས་སོ།

          གལ་ཏེ། རྟེན་འབྲེལ་དེ་ལྟར་མ་ཚང་ན་ཉི་མ་ཤར་ན་ཡང་སྤྲིན་པའམ་གཟའ་ཡིས་འཛིན་སྲིད་ལ། ཉི་མ་དེ་འོད་སྣང་ཆུང་བའམ་ཡང་ན་ཕྱོགས་རེ་བའི་ཉི་མར་འགྱུར་ཡང་སྲིད། “གང་ལ་གང་འདུལ་དེ་ལ་དེར་སྟོན་པཡི་ཉི་མ་ཞིག་ཡིན་ན། དབྱིབས་སྒོར་མོ་ལས་གཞན་གྲུ་བཞི་དང་ཡང་ན་ཟུར་གསུམ་སོགས་སུ་འགྱུར་སྲིད་ལ་འགྱུར་ཡང་འོས།

          དེ་ལྟར་བསམས་ན་ཏཱ་ལའི་བླ་མའི་ཡང་སྲིད་དེ་ཡི་ཤུའི་སྦོབ་ལྟར་བདམས་ནའང་ཡང་སྲིད་གང་ཉིད་སླེབས་ངེས་པ་ཡིན། དོན་ལ་དམངས་གཙོའི་ལམ་ནས་ཆོས་ཀྱི་གཙོ་འཛིན་ཞིག་བསྐོས་པས་དེ་ལ་དད་ལྡན་མང་ཚོགས་ཀྱིས་དད་བཀུར་འཐོབ་ངེས། དེའི་རྒྱུད་རིམ་ནང་སྔར་སྲོལ་ཆོས་ལུགས་བཞིན་དུ་བརྟག་པ་གནང་ནས་འོས་གཞི་འཚོལ་ཆོག་ལ་དེའི་ཐོག་ལ་མང་མོས་འོས་འདེམས་གནང་ན་འོས། འདི་ལ་དགོས་པ་གཙོ་བོ་གཉིས་མཐོང་སྟེ། གཅིག་ནི་ཏཱ་ལའི་བླ་མ་དང་བོད་སྤྱི་ཚོགས་གཉིས་བར་ལ་ཆབ་སྲིད་ཀྱི་འབྲེལ་བའང་དམིགས་བསལ་ཞིག་ཡོད་པ་དང་ལྷག་པར་སྐུ་ཚེ་འདི་ཉིད་ངེས་པར་ཚབ་སྲིད་ཐད་ལ་མེད་ཐབས་མེད་པ་ཞིག་ཡིན་པའི་ཐོག་སྐུ་ཚེ་རྗེས་མ་དེ་ཡང་ང་ཚོའི་ཆབ་སྲིད་ཐད་ལ་བླ་མ་གཞན་ལས་དགོས་མཁོ་ཆེ་ངེས་ན། ཏཱ་ལའི་བླ་མ་བོད་ཀྱི་སྲིད་སྟེགས་ཐོག་ཏུ་སླེབས་ཚུལ་ལའང་དམངས་གཙོའི་རྣམ་པའི་ཆ་ནས་འོང་རྒྱུ་དེ་གལ་ཧ་ཅང་ཆེ།

          གཉིས་པ་ནི་ལམ་སྲོལ་དེ་རིམ་བཞིན་གནས་ན་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་འཐུས་ཚང་དུ་གནས་རྒྱུར་ཡང་ཕན་ཞིང་ལྷག་པར་ཏཱ་ལའི་བླ་མ་ཟེར་བའི་མཚན་དེ་ཆབ་སྲིད་དང་མ་འབྲེལ་ལ་དགེ་ལུགས་པའི་གོ་དོན་ཡང་མེད་པར་ཆོས་བརྒྱུད་རིས་མེད་དང་ནང་པ་སྤྱིའི་གཙོ་འཛིན་གྱི་མཚན་གནས་ཤིག་ཏུ་རྒྱུན་འཇགས་འབྱུང་སྲིད། དེ་ལྟར་གྱུར་ན་མ་འོངས་པའི་དུས་ནམ་ཞིག་ལའང་བླ་སྤྲུལ་དངོས་རྫུན་ག་ཚོད་ཅིག་བྱུང་ཡང་ནང་པ་ཚོརཨ་ཡོད་ནང་གི་ད་ཡོད་དང༌། སྒོ་ངའི་ནང་གི་སེར་ཐིགགཅིག་རང་ཡོད་པར་འགྱུར་བས་ན་དགེ་མཚན་ཧ་ཅང་ཆེ་སྙམ། སྐབས་དེ་དག་ཏུ་བོད་མི་ཙམ་མ་ཡིན་པར་ནང་པ་ཚང་མས་འོས་ཤོག་འཕེན་རྒྱུ་ཡིན་ལ་གཅིག་བྱས་ན་ཏཱ་ལའི་བླ་མའི་ཡང་སྲིད་མ་ཡིན་པའི་ནང་པའི་བླ་ཆེན་སུ་ཞིག་ཀྱང་སླེབས་སྲིད་ལ་སླེབས་ཀྱང་ཆོག་པ་ཡིན། གནས་ལུགས་དེ་གསང་བ་བསམ་གྱིས་མི་ཁྱབ་པས་ན་ང་ཚོར་ཤིན་ཏུ་ལྐོག་གྱུར་ཡིན་མོད་ཡང་དག་ཀྱང་ཡིན།

          འདི་ནི་བསྟན་དང་འགྲོ་དོན་སྐྱོང་བའི་བླ་མའི་རྣམ་ཐར་ལ་ཡིད་ཆེས་པའི་ནང་པ་ཡོངས་ལ། ྋགོང་ས་མཆོག་ཉིད་ཀྱི་དགོངས་དོན་ལ་དད་མོས་ཙམ་མ་ཡིན་པའི་རྒྱབ་སྐྱོར་སླད་དུ་ཕུལ་བའི་ཐོག་མའི་བསམ་ཚུལ་ཙམ་མོ།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php