https://tibettimes.net/2012/03/18/103700/

 

གཙང་དགོན་པའི་དགེ་འདུན་པ་བཅོ་ལྔ་དང་། ཨ་རིག་སྡེ་བའི་མི་སྐྱ་གཉིས་བཅས་མི་ ༡༧ ཙམ་གྱིས་སྣེ་འཁྲིད་དེ་སྐྱ་སེར་མི་མང་ ༢༠༠༠ ལྷག་གིས་རྨ་ལྷོ་སོག་རྫོང་ཁྲོམ་གཞུང་དུ་“རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་སྤྲོད་དགོས ” ཞེས་སྐད་འབོད་ཀྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་འདུག

ལས་འགུལ་མགོ་བཙུགས་ཏེ་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་འབྱོར་ཏེ། ལས་འགུལ་དེའི་ཐོག་མའི་སྣེ་འཁྲིད་པ་༡༧ དེ་འཛིན་བཟུང་བྱས་ཡོད་འདུག་ལ། སྐབས་དེར་མི་མང་གི་ངར་ཤུགས་སྔར་ལས་ཇེ་ཆེར་སོང་སྟེ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་སྒོ་མདུན་དུ་འཛོམས་ཏེ་སྐད་འབོད་བརྒྱབ་ཡོད་པ་དང་། མཚམས་ཤིག་ལ་མི་མང་ཚོས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་ཆེན་གཏོར་ཏེ་འཛིན་བཟུང་བྱས་པ་དེ་དག་ཀློད་གྲོལ་མ་བཏང་ཚེ་ངོ་རྒོལ་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་པའི་རྣམ་འགྱུར་མི་ལེགས་པ་བསྟན་སྟབས། ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་གོང་གསལ་མི་དེ་དག་ཀློད་གྲོལ་བཏང་ཡོད་འདུག ཉེན་རྟོག་པ་ཚོས་ཁོང་ཅག་གི་མིང་དང་ལོ་རྒྱུས་ཐོ་འགོད་བྱས་ཡོད་སྟབས། ལས་འགུལ་ཞི་འཇམ་དུ་སོང་རྗེས་ཁོང་ཅག་བསྐྱར་དུ་འཛིན་བཟུང་བྱ་སྲིད་པའི་དོགས་པ་བྱེད་ཀྱིན་ཡོད་འདུག"

 

https://tibettimes.net/2014/02/15/106441/

 

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། རྨ་ལྷོ་སོག་རྫོང་སློབ་གསོ་ལྷན་ཁང་དང་འཕྲོད་བསྟེན་ལྷན་ཁང་དུ། ནོར་སྲིད་སྒྲིག་ཁྲིམས་དང་འགལ་བའི་ནག་ཉེས་ཚབས་ཆེན་བྱུང་བའི་ཉེས་མིང་འོག འབྲེལ་ཡོད་དཔོན་རིགས་སོགས་མི་གྲངས་ ༣༥ ལ་ཉེན་བརྡ་དང་ཉེས་ཆད་བཅད་ཡོད་པ་མ་ཟད། སོག་རྫོང་གི་རྫོང་དཔོན་གཞོན་པ་སྒྲོལ་མ་མཚོ་ཟེར་བར་ཉེས་དོན་ཐོ་འགོད་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༠ ལོའི་ལོ་སྟོད་ནས་ ༢༠༡༣ ལོའི་ཕྱི་ཟླ་ ༣ བར། རྨ་ལྷོ་སོག་རྫོང་ཁྱབ་ཁོངས་སློབ་གྲྭ་ ༡༢ ལས་སློབ་གྲྭ་ཁག་ ༡༡ གིས་སློབ་མའི་རོགས་རམ་མ་དངུལ་དང་སྤྱི་དངུལ་རྒྱ་སྒོར་ས་ཡ་ལྔ་འབུམ་གཅིག་ཁྲི་དགུ་ལྷག་བེད་སྤྱོད་ལོག་པར་བཏང་ཡོད་པ་དང་། དེའི་ནང་ནས་སྒོར་ས་ཡ་གསུམ་འབུམ་གསུམ་ཁྲི་ལྔ་ལྷག་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གཞུང་གི་གྲོན་དངུལ་ཁ་གསབ་ཐད་བཀོལ་སྤྱོད་དང་། སྒོར་ས་ཡ་གཅིག་འབུམ་ལྔ་ཁྲི་དགུ་ཡིས་དགེ་རྒན་དང་ལས་བཟོ་བ་རྣམས་ལ་ཁེ་ཕན་བསྐྲུན་ཏེ། ཤུལ་དུ་སྒོར་འབུམ་གཉིས་དང་ཁྲི་ལྔ་ལས་ལྷག་མེད་ཚུལ་བརྗོད་འདུག

དེ་བཞིན། ༢༠༡༡ ལོ་ནས་ ༢༠༡༣ ལོའི་བར་སོག་རྫོང་འཕྲོད་བསྟེན་ལྷན་ཁང་གིས། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཆེད་སྤྱོད་མ་དངུལ་དང་སྨན་རིན་ཁ་གསབ་མ་དངུལ་འབུམ་གཉིས་ཁྲི་ལྔ་ལྷག་འཕྲོད་བསྟེན་ཞབས་ཞུར་བེད་སྤྱོད་མ་བཏང་བར་དངུལ་མཛོད་བཙུགས་པ་དང་། རྫོང་ཁོངས་ཀྱི་མཐོ་ཡས་མ་དང་སུམ་མདོ། ཡེ་རྒན་ཉིན། ཉིན་མཐའ། གསེར་ལུང་། ཁོའུ་སུན་བཅས་གྲོང་ཚོ་དང་གྲོང་རྡལ་ཁག་ ༦ གི་འཕྲོད་བསྟེན་ཁང་དག་གིས། འཕྲོད་བསྟེན་ཆེད་སྤྱོད་མ་དངུལ་འབུམ་གསུམ་ཁྲི་གཉིས་ཙམ་བེད་སྤྱོད་ལོག་པར་བཏང་བ་དང་སྒེར་ལ་བགོ་བཤའ་བརྒྱབ་པ། དངུལ་འཛིན་རྫུན་མ་བཟོས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་ཡོད་པ་མ་ཟད། རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཁང་གི་མགོ་ཁྲིད་ལུའུ་ཁྲིན་ཡཱན་གྱིས་དབང་ཆ་སྒེར་སྤྱོད་ཀྱིས་སྤྱི་དངུལ་འབུམ་ལྔ་ཁྲི་གཉིས་ལྷག་དུས་ཡུན་རིང་པོར་གཞན་ལ་གཡར་བ་བཅས་ཤེས་རྟོགས་བྱུང་ཡོད་འདུག

གནད་དོན་དེའི་ཐད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། སོག་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་སྡེ་ཚན་གཉིས་ཀྱིས་ལས་བྱེད་པའི་དོ་དམ་དབང་ཚད་ལྟར། ཧི་ནན་རྫོང་གི་རྫོང་དཔོན་གཞོན་པ་ལུ་གུ་དང་ཧེ་ཞན་ཡོན། རྫོང་དཔོན་གཞོན་པ་ན་ཁོ་བཅས་ལ་ཐ་ཚིག་བསྒྲགས་ཡོད་པ་མ་ཟད། རྫོང་དཔོན་གཞོན་པ་སྒྲོལ་མ་མཚོ་ལ་ཉེས་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། རྫོང་སློབ་གསོ་ལྷན་ཁང་གི་མགོ་ཁྲིད་ཟུར་པ་རྒྱ་ཁོ་ལ་ཏང་ནང་ཁུལ་ནས་ལོ་གཅིག་ལ་ལྟ་རྟོག་དང་། རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་གཞོན་པའི་གོ་གནས་ནས་གནས་དབྱུང་བཏང་ཡོད་འདུག རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཁང་གི་མགོ་ཁྲིད་ཏུའུ་ཀོ་ཇེ་ཏང་ནང་ནས་གནས་དབྱུང་གཏོང་རྒྱུའི་ཉེན་བརྡ་བཏང་བ་དང་ཆབས་ཅིག སྲིད་འཛིན་ལས་གནས་ནས་ཕྱིར་འཕུད་པ་བཅས་ཀྱི་ཉེས་ཆད་བཅད་ཡོད་ལུགས་བསྒྲགས་འདུག

གསར་འགོད་པ། པདྨ་མཚོ།

 

 

 

  གནས་ཚུལ་འདི་ངས་སྔ་ས་ནས་གོ་བྱུང།

སྤྱིར་ཡིན་ན་མཐོ་ཀྲུང་དབྱང་ནས་དམའ་རྫོང་དཔོན་བར་གྱི་ཏང་ཡོན་དཔོན་པོ་བརྒྱ་ཆའི་དགུ་བཅུ་རུལ་སུངས་པ་ཆགས་འདུག་ཟེར། གོང་གསལ་མི་དེ་དག་ངའི་སློབ་གྲོགས་དང་ཡང་ན་བཟང་ས་དེ་འདྲ་རེད། སྤྱིར་དཔོན་ངན་རུལ་སུངས་པ་ཟེར་བ་དེར་ང་གཏན་ནས་མི་དགའ། ཁོ་ཚོས་དེ་འདྲ་མ་བྱས་ན་སྡུག་གྱོང་རེད། ཟ་དགོས་པ་རེད་ཟེར་གྱིན་འདུག་ཟེར། དཔོན་གནས་འཕྲོག་རྩོད་བྱེད་པ་དེ་རུལ་སུངས་ལམ་ལུགས་དེའི་རྐྱེན་གྱིས་ཆགས་འདུག ང་བློ་ཕམ་ནས་བསྡད་ཡོད། ཕ་ཡུལ་གྱི་འགོ་ཁྲིད་མང་ཆེ་བ་རང་གི་ས་གནས་ཀྱི་མི་རེད། དེ་སྔ་ཡིན་ན་ང་ཚོའི་རིག་གནས་སློབ་གསོ་ཁུལ་ཡོངས་ཀྱི་ཨང་དང་པོ་ཡིན། དེང་སང་རུལ་འདུག་ཟེར། ང་ཆེས་སྙིང་ལངས་ས་ནི་སློབ་གྲྭའི་སྒོར་མོ་ཟོས་པ་དང་སློབ་མ་གསོ་སྐྱོང་ཡག་པོ་བྱེད་མ་ཐུབ་པ་དེ་ཡིན།

ངས་ཞི་ཅིན་ཕིན་ལ་རྒྱ་ནག་སྟག་གསོད་རྔོན་པ་ཟེར་ནས་བསྟོད་པ་བྱེད་ཀྱིན་ཡོད། གོང་གསལ་འགོོ་ཁྲིད་དེ་རིགས་ཀྱང་ས་དེའི་ཚོད་ཀྱི་སྟག་ཕྲུག་རྐྱང་རྐྱང་རེད། མི་མང་ཟ་མཁན་གྱི་སྟག་དེ་རིགས་འདུལ་ཐུབ་སོང་ན་མ་མཐར་ཡང་དཔལ་འབྱོར་གྱི་གནས་སྟངས་ཇེ་ལེགས་སུ་འགྲོ་ལ་སློབ་གྲའི་མཐུན་རྐྱེན་དང་སྤུས་ཚད་ཀྱང་ཅུང་ཇེ་ལེགས་སུ་གཏོང་ཐུབ། མུ་མཐུད་དེ་ས་གནས་གཞན་དག་ལ་ཡང་འདི་ལྟར་གཙང་སེལ་ཡོང་ངེས་རེད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php