སྦྲ་གུར་གྱི་ཁྱིམ་གཞི་ངེད་ཚང།

 

 

        ནོ་ཡོན་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་པ་དར་རྒྱས་ཚང་ཡང་དུས་ལོག་གི་རླུང་དམར་ནང་དུ་སྐྱ་བོའི་བརྟུལ་ཞུགས་འཛིན་དགོས་བྱུང་བ་བཞིན་སྐྱ་སར་བབས་ཏེ། མདའ་ཚན་ཐུ་མེད་སྡེ་བའི་སྒྲོལ་མ་མཚོ་༼ཨ་མ་ཇ་མ༽ཞེས་པའི་སྨན་ཤར་སེམས་བཟང་མ་ཞིག་དང་གཉེན་བསྒྲིགས། དེ་དུས་མོ་ལ་བུ་མོ་རྗེས་ཁྲིད་ཅིག་ཡོད་པའི་མིང་ལ་ཁོ་མོ་ཟེར།  རྗེས་སུ་ཨ་ལག་ནོ་ཡོན་གྱི་སྲས་ཆེ་བ་ཆོས་དབྱིངས་དང་འབྲིང་བ་འཕྲིན་ལས། ཆུང་བ་བརྩོན་འགྲུས་གསུམ་འཁྲུངས། 

        ཁོ་མོ་གཞོན་དུས་སུ། སྦྲ་ནག་སྡེ་བའི་ཨ་མྱེས་གདུགས་དཀར་རྒན་རྒོན་གཉིས་ལ་བུ་སྐལ་དུ་བརྫངས། སྐབས་དེར་སྦྲ་ནག་ར་ལོ་ཚང་གི་རྒྱུད་པ་རྟ་མགྲིན་སྐྱབས་དང་མཛའ་འབྲེལ་བྱུང་ནས་མ་བསམས་ས་ནས་ལན་ཆགས་བུ་ལོན་ཞིག་འཁོར་བ་ནི་ཆུ་མོ་ཡོས་ལོར་༼༡༩༦༣༽སྐྱེས་པ་ཨ་ལགས་ཡ་རོང་ཚང་ལ་ཞུས་ནས་མིང་ལ་ལྷ་མོ་སྐྱབས་ཞེས་བཏགས་པ་བདག་གོ ཨ་མྱེས་གདུགས་དཀར་རྒན་རྒོན་གཉིས་ཀྱིས་ནོར་བུ་རིན་པོ་ཆེ་ལྟར་གཅེས་པར་བསྐྱངས་ཚུལ་དྲན་གྱི་འདུག ཨ་མྱེས་ཁོང་ནི་ཆོས་སེམས་ཆེ་བ་ཞིག་སྟེ། མ་ཎི་དུང་ཕྱུར་བཏོན་ནས་དུང་སོ་དཀར་མོ་སྐྱེས་པ་བདག་གིས་ཀྱང་དངོས་མཇལ་བྱུང།

        བདག་ལོ་གསུམ་ཙམ་ལ་སླེབས་དུས་ཕ་རྟ་མགྲིན་སྐྱབས་ལགས་ཀྱི་ཕ་མ་སྤུན་མཆེད་བསྟན་པ་ལགས་དང་ངའི་ཨ་མ་ལགས་གཉིས་ལས་མཐུན་གྱི་བཟའ་ཟླར་གྱུར་ཅིང། ཁོང་གིས་ང་ལ་ཨ་ཀའི་ཞེས་གཅེས་པས་ངས་ཀྱང་ཁོང་ལ་ཨ་ཀ་ཞེས་བོས་པ་རྗེས་སུ་ངའི་ནུ་མོ་དང་ནུ་བོ་ཚང་མས་ཀྱང་རང་གི་ཨ་ཕར་ཨ་ཀ་ཞེས་འབོད་སྲོལ་ཞིག་ཏུ་གྱུར་བ་ནི་ཅུང་དགོད་བྲོ་བ་ཞིག་ཡིན། བདག་ལ་སྲིང་མོ་རྟ་མགྲིན་མཚོ་དང། གཅུང་བོ་ཚེ་རིང་དོན་གྲུབ། སྲིང་མོ་གདུགས་དཀར་སྐྱིད་དང་འཇིགས་བྱེད་མཚོ། ནུ་བོ་དབང་ཕྱུག་ཚེ་རིང། ནུ་མོ་གཅོད་པ་སྐྱིད་དང་སྐལ་བཟང་སྐྱིད་བཅས་རིམ་བཞིན་སྐྱེས་སོ།

        བདག་གི་ཕ་ཡར་ཁོང་ལ་སྦྲ་ནག་བསྟན་ཀོ་ཞེས་འབོད་ཅིང། ཨ་ལག་བྲག་སྒོམ་པ་ཚང་གི་སྐྱེས་རབས་རྣམ་ཐར་ཞིག་བརྩམས་པར་མ་ཟད། སྙན་རྩོམ་ཅི་རིགས་དེབ་ཆུང་ལོངས་པ་ཞིག་བདག་ལ་བསྐུར་བྱུང་བས་བདག་གིས་ཀྱང་ཁོང་ལ་ཅང་ཤེས་ཞེས་པའི་སྙུག་མིང་ཞིག་་ཕུལ་ཅིང་། སྙུག་མིང་དེའི་ཐོག་ནས་ཁོང་གི་སྙན་ཚིག་འགའ་རེ<<རྩམ་པ>>དུས་དེབ་ནང་ལ་བཀོད་ཅིང། ད་ལྟ་སྙན་རྩོམ་རྣམས་ཕྱོགས་བསྒྲིགས་ཀྱི་དེབ་ཆུང་<<ལྷང་ལྷང་གི་འཚེར་སྐད>>ཅེས་པ་རྒྱ་གར་དུ་དཔར་སྐྲུན་བྱས། དེ་ནི་ཁོང་གིས་བདག་ལ་བཅོལ་བའི་རེ་བའང་ལགས་ལ་བདག་གིས་འཇལ་འོས་པའི་དྲིན་ལན་ཞིག་དང་ཁོང་ཉིད་ད་ལོར་གནམ་ཡིག་ནང་གི་མཇལ་འཕྲད་ཅིག་གི་རྗེས་སུ་འཇིག་རྟེན་ཕྱི་མར་ཆས་པའི་འདས་མཆོད་ཅིག་ཏུ་ཡང་བསམས་ཡོད།

        མ་རྒྱུད་ཨ་ལགས་ནོ་ཡོན་ཚང་དང་ཕ་རྒྱུད་སྦྲ་ནག་ར་ལོ་ཚང་གི་བྱུང་བ་མདོ་ཙམ་ལོགས་སུ་བཀོད་པའི་རྗེས་ལ་བདག་གི་མི་ཚེའི་བྱུང་བ་རགས་ཙམ་ཡང་འབྲི་བཞིན་ཡོད། 

 

              སྦྲ་ནག་གྲུ་བཞི་མགོ་ནག་བོད་པའི་ཁྱིམ། 

              གུར་དཀར་ཟླུམ་པོ་སེར་པོ་སོག་གི་ཁྱིམ།

              དེ་གཉིས་གཅིག་ཏུ་གྲུབ་པ་བདག་གི་ཁྱིམ།

              མི་རིགས་མཛའ་མཐུན་སྙོམ་པ་ཀུན་དགའི་ཁྱིམ།

      ༢༠༡༠།༢།༢༦།

 

ཨ་མའི་སྐེ་ཡི་གའུ་འདི་རང་གི་སྲུང་འཁོར་དང་ཁྱིམ་རྒྱུད་ཀྱི་ནོར་བུ་ཡིན།

ངའི་ཨ་མའི་གཡས་གཡོན་གྱི་མི་འདི་གཉིས་ངའི་ཨ་ཞང་ཆོས་དབྱིངས་དང་འཕྲིན་ལས་གཉིས་རེད། ད་དུང་ཨ་ཞང་བརྩོན་འགྲུས་ཡོད་ན་་་་ཁྱོད་ཚོས་ལྟོས་ར་ཁོང་གསུམ་གྱི་ནང་ནས་རྒན་ཤོས་དང་གཞོན་ཤོས་སུ་ཞིག་ཡིན་ས་རེད།

རྒྱབ་ཀྱི་ཕོ་གསར་དེ་གཡུ་སྒང་ཕོ་ཉ་རེད། ཁོས་ང་འགྲན་རྒྱུ་ཅན་པོ་ཡེད་གོ་ནི་རེད།

 

རྫ་འདི་སོ་བརྩིགས་ནི་མརེད་སྐྱེས་ནི་རེད། པར་འདི་སོ་བླངས་ནི་མ་རེད་བསྒྲིགས་ནི་རེད།

མི་ འདི་སོ་རིང་ནས་མ་ཡིན་ཉེ་ནས་ཡིན། ཉེ་ཨ་མ་གཅིག་གི་ཁོག་ནས་སྐྱེས་ནི་ཡིན། དེ་ཡིན་རུང་མཉམ་འཛོམས་དཀའ་སེ་རེད། ས་ཁ་ཐག་རིང་ནོ་གཅིག་པུ་མིན། ལམ་དགྲ་ཇག་ཆེ་ནོ་ལྟས་ངན་ཡིན། དེ་ཡིན་རུང་མཇལ་རྒྱུའི་རེ་བ་ཡོད།

      ས་འདི་ཡི་ས་ངོ་མ་ཤེས་ན། འདི་ཀླུ་ཡི་ཆབ་བྲག་དཀར་པོ་སྟེ། སྨན་ཀླུ་མོ་སྟོང་གི་ཕོ་བྲང་ཡིན། ཕྱུགས་སྒོ་ཟོག་དར་གི་གཡང་ཁྱིམ་ཡིན། ས་སོག་ཡུལ་མཛེས་གི་རྒྱན་ཆ་ཡིན། མི་རང་ཉིད་དགའ་སའི་གནས་རི་ཡིན།

 

ཞི་ལི་འདི་ངའི་སྤུན་ཆུང་བ་དབང་ཕྱུག་ཚེ་རིང་རེད། ཁོས་སྒོ་ཕྱུགས་བརྒྱ་སྐོར་ལྷག་འཚོ་སྐྱོང་བྱེད་ཞོར་དབྱངས་གསལ་སོ་བཞི་བོ་ཡང་འཚོ་ཐུབ་འདུག འཕྲུལ་རིག་ལ་དགའ་ཞིང་ལག་བདེ་སེ་ཞིག་ཡང་རེད།

ངའི་སྲིང་མོ་འཇིགས་བྱེད་འཚོ་ཁོའི་གཡས་ཀྱི་དེ་རེད། མོ་བོད་ཡིག་དང་ཨང་རྩིས་ཀྱི་དགེ་རྒན་ཞིག་ཡིན། མོ་སྒོ་ལས་རིག་པ་ཡག་སེ་ཞིག་ཡོད་ར་ངའི་རེ་བ་བྱས་ནོའི་ཚོད་གི་ཡར་ར་འགྱོ་མ་ཐུབ་ད། ཨོ་ད་རུང་རེ་བ་ལོས་ཡོད།

མོའི་གཡས་ཀྱི་དེ་ཡང་ངའི་སྲིང་མོ་གདུགས་དཀར་སྐྱིད་རེད། མོ་ད་འབྲོག་མོ་བཟང་མོ་ཞིག་ཆགས་ཡོད་ས་རེད།

ཨ་མའི་གཡས་དེ་གཉིས་ནུ་མོ་གཅོད་པ་སྐྱིད་དང་སྐལ་བཟང་སྐྱིད་གཉིས་རེད། མོ་རང་གཉིས་ཀྱང་ཀ་ཁ་དང་ལས་འབྲེལ་མེད་མཁན་འབྲོག་མོ་གཉིས་ཡིན།

ད་དུང་ངའི་ནུ་མོ་ཆེ་བ་རྟ་མགྲིན་མཚོ་དང་ནུ་བོ་ཆེ་བ་སྐལ་བཟང་གཉིས་འདིར་མེད་གི་ར་ངའི་སེམས་ན་ཡོད། 

ངས་ད་བར་དུ་ངའི་གཉེན་ཉེ་ཚོར་དོན་ཕན་ལྡན་པའི་རོགས་པ་ཞིག་བྱེད་མ་ཐུབ་ ལ། ཁོ་རང་ཚོས་ཀྱང་ཕལ་ཆེར་དོན་སྙིང་ཅན་གྱི་ལས་ཀ་ཞིག་ཨེ་འཁྱོང་ལ་མི་ལྟ་གི གང་ལྟར་ལུས་སེམས་བདེ་ཐང་ངང་ནས་ཕན་ཚུན་འཆམ་མཐུན་ངང་ནས་མི་ཚེའི་དུས་ཚིགས་ བརྒལ་ཐུབ་སོང་ན་དེ་ཡང་མིའི་མི་ཚེ་འབྲིང་ཞིག་ལ་བརྩི་ཆོག་གམ།

 

དྲིན་མ་ལོའི་སྐུ་ཁམས་བདེ་ཐོག་རེད། བུ་བུ་མོའི་རླུང་རྟ་དར་ཐོག་རེད།

ས་རྒྱལ་ཁམས་སྐོར་གི་ཕུ་བོ་ཡང། ལྷན་ཅིག་ཏུ་འཛོམས་ལ་སྨོན་ལམ་འདེབས།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php