༢༠༠༩ལོའི་ཟླ༦ཚེས་༢༥ཉིན་ཕྲན་ཕོ་བྲང་དུ་བཀའ་འགུགས་གནང་སྟེ་ཐུགས་བརྩེས་རྗེས་འཛིན་གནང་སྐབས་བསྒྲོན་པ་དགེའོ།

 

 

༄༅།རང་གི་མི་ཚེ་དབྱངས་ཅན་འཚོལ་བའི་ལམ་བུ།

 

            ༡༩༦༣ ཆུ་མོ་ཡོས་ལ་བོད་མདོ་སྨད་བླ་བྲང་སོག་པོ་རྫོང་དུ་སྐྱེས། ལོ་བཅུ་གཉིས་ཙམ་ནས་སློབ་ཆུང་ལ་ཞུགས་ཏེ་དམའ་འབྲིང་མཐར་ཕྱིན་རྗེས་ཨ་རིགས་སློབ་ཆུང་ལ་དགེ་རྒན་ལོ་གཉིས་བྱས། རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དུ་བོད་ཡིག་དགེ་རྒན་འོས་སྦྱོང་ལོ་གཉིས་བྱས་རྗེས་སོག་པོ་རྫོང་མི་རིགས་སློབ་འབྲིང་དུ་ལོ་གསུམ་ཙམ་ལ་བོད་ཡིག་སློབ་ཁྲིད་བྱས།

         སྐབས་དེར་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་གྲྭ་ཆེན་མོར་ཡིག་འགྲུལ་ལམ་ནས་བོད་ཡིག་སློབ་སྦྱོང་ལོ་གཅིག་ལྷག་བྱས།

       ༡༩༨༩ ལོར་རང་དབང་གི་རྩོམ་འབྲི་དང་མི་རིགས་ཀྱི་ལས་སྐལ་ཆེད་རྒྱ་གར་དུ་བཙན་བྱོལ་ལ་ ཡོང། སྐབས་དེར་བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་ལ་བོད་དགེའི་དཀའ་ངལ་ཆེ་བསསླར་ཡང་ དགེ་རྒན་གྱི་བྱ་བ་གཉེར་དགོས་བྱུང༌།

        ༡༩༩༤ ལོ་ནས་བཞུགས་སྒར་དྷ་རམ་ཤ་ལའི་རིགས་ལམ་སློབ་གཉེར་ཁང་དུ་དགེ་རྒན་འོས་སྦྱོང་དང་སློབ་ཁྲིད་མཉམ་དུ་བྱས་རྗེས། ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་ལྷན་དུ་རྩོམ་འབྲི་སོགས་ལས་ཞོར་བྱ་བ་འགའ་རེ་གཙོ་གཉེར་བྱས་པ་འདི་ལྟར།

          བདག་ཆུང་དུས་ནས་རྩོམ་རིག་ལ་དགའ་སྣང་ཆེ་བས། ༡༩༨༨ ལོར་རྨ་ལྷོ་སོག་རྫོང་གི་རྩོམ་རིག་དུས་དེབ<<རྩེ་ཆུ>>ཡི་ནང་ལ་སྒྲུང་རྩོམ་རེ་གཉིས་དང། <<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>ནང་དུའང་སྙན་དངགས་རེ་གཉིས་བཀོད། ༡༩༩༠ ལོར་རྒྱ་གར་དུ་སླེབས་པ་ནས་རྩོམ་རིག་དུས་དེབ་གསར་བ<<ལྗང་གཞོན>>སོགས་ཀྱི་ནང་དུ་སྒྲུང་རྩོམ་དང་སྙན་དངགས། ལྷུག་རྩོམ་སོགས་མི་ཉུང་ཙམ་བཀོད།

         ༡༩༩༥ ལོར་གངས་ལྗོངས་རྩམ་པ་རྩོམ་རིག་ཚོགས་པ་གསར་འཛུགས་ཀྱི་རྐང་འགན་ཁུར་ནས<<རྩམ་པ>>ཞེས་པའི་བོད་ཀྱི་རྩོམ་རིག་སྣ་འཛོམས་ཀྱི་དུས་དེབ་མུ་མཐུད་འདོན་བཞིན་པའི་རྩོམ་སྒྲིག་པ་གཙོ་བོའི་འགན་ཁུར་ཡོད།

        ༡༩༩༧ ལོར་བཙན་བྱོལ་བོད་ཀྱི་མཁས་པའམ་རྩོམ་པ་པོ་རྣམས་ལ་ཆེད་བསྐུལ་རྩོམ་ཡིག་འགྲན་སྡུར་ཅིག་གནང་བའི་ནང<ཞི་བའི་བསྟི་གནས་ནི་མི་ཡུལ་གྱི་ལྷ་ཡུལ་ཡིན>ཞེས་པའི་ཆེད་རྩོམ་ལ་ཨང་དང་པོའི་བྱ་དགའ་ཐོབ།

        ༡༩༩༩ ལོར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་གསར་འཛུགས་ཀྱི་ཁོངས་སུ་ཞུགས་ནས་ཚོགས་ གཙོ་གཞོན་པའི་འགན་ཁུར་ཅིང་༢༠༠༤་ནས་བཟུང་ཚོགས་གཙོའི་ལས་འགན་ཁུར།

         ༡༩༩༩ ལོར་བཙན་བྱོལ་བོད་མིའི་ནང་གི་བོད་ཀྱི་ཕུལ་བྱུང་རྩོམ་པ་པོའི་གཟེངས་རྟགས་ཐོབ།

         ད་བར་སྔ་ཕྱིར་སྒྲུང་རྩོམ་དང༌། སྙན་དངགས། ལྷུག་རྩོམ། འཁྲབ་གཞུང༌། དཔྱད་བརྗོད་བཅས<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་པའི་དེབ་བདུན་གཞུང་འབྲེལ་ཐོག་དཔར་དུ་བསྐྲུན། གཞན་ཡང༌། འདི་ག་མཐོ་སློབ་ཁང་གི<<གངས་ལྷ་མེ་ཏོག>>གི་རྩོམ་སྒྲིག་པ་དང༌། <<སྤྱི་ཚོགས་མེ་ལོང་>>ཚགས་པར་གྱི་སློབ་སྟོན་པ་སོགས་ཞུ་དག་པ་དང་རྩོམ་སྒྲིག་པའི་ལས་ཀ་གང་མང་བྱས་དང་བྱེད་ཀྱིན་ཡོད

          ༢༠༠༤ ལོ་ནས་བཟུང་མདོ་སྨད་སྤྱི་འཐུས་སུ་འོས་ཐོབ་ཀྱིས་སྐབས་བཅུ་བཞི་བའི་ལས་མཇུག་༢༠༡༡ བར་དུ་བོད་མི་མང་གི་སྤྱི་མི་ཞིག་གི་ཚུལ་དུ་༸གོང་ས་ཡིད་བཞིན་ནོར་བུའི་རླབས་ཆེན་དགོངས་དོན་ལ་ཞབས་ཞུ་གང་ཐུབ་བསྒྲུབས།

         ༢༠༠༩་ནས་བཟུང་ཧྥ་རིན་སིའི་རྒྱལ་ཡོངས་སྐད་ཡིག་སློབ་གླིང་ཆེན་མོར་བོད་ཀྱི་ རྩོམ་རིག་སོགས་སློབ་ཁྲིད་དང་ལྷན་རང་གི་བརྩམས་ཆོས་འགའི་མཇུག་སྐྱོང་ལ་འབད་ བཞིན་ཡོད།

 

གལ་ཆེའི་ཚོགས་འདུ་དང༌། བགྲོ་གླེང་སོགས་སུ་ཞུགས་ཚུལ།

 

           ༡། ༡༩༩༥།༣།༡༥ནས་༡༧ བར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་གོ་སྒྲིག་གནང་བའི་རྩོམ་ རིག་དང་རང་དབང་ཞེས་པའི་བོད་ཀྱི་རྩོམ་པ་པོའི་རྒྱལ་ཡོངས་ཚོགས་ཆེན་དང་པོའི་ནང་ ལ་ཞུགས།

          ༢། ༡༩༩།༣།༡༩ ཉིན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དབུ་བརྙེས་མཛད་སྒོར་ཚོགས་གཙོ་གཞོན་པའི་མཚན་ཐོག་ནས་གཏམ་བཤད་བྱས།

          ༣། ༢༠༠༠།༣།༡༩ ནས་༢༡ བར་གྱི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་དང་པོའི་ཐོག་ཚོགས་གཞོན་གྱི་མཚན་ཐོག་ནས་གཏམ་བཤད་བྱས།

          ༤། ༢༠༠༠།༡༡།༢༥ ནས་༢༨ བར་ལ་ནོར་གླིང་དུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་དང་བོད་དོན་སྐོར་རྒྱལ་སྤྱིའི་ མཁས་པའི་བགྲོ་གླེང་གི་ཚོགས་ཆེན་ཞིག་གོ་སྒྲིག་གནད་བའི་ཐོག་ཇི་ལྟར་རེ་བསྐུལ་ བཞིན། བོད་ཇི་སྲིད་གནས་པའི་བར་དུ་ཆོས་ལྡན་རྒྱལ་ཁབ་ཅིག་ཅེས་པའི་བརྗོད་གཞིའི་ཐོག་ ནས་གཏམ་བཤད་བྱས།

          ༥། ༢༠༠༢།༨།༣ ཉིན་བོད་ཀྱི་ཡིག་སྒྱུར་ཁང་གིས་གོ་སྒྲིག་གནང་བའི་དཔེ་དེབ་དབུ་འབྱེད་དང་བགྲོ་ གླེང་ཚོགས་འདུའི་ཐོག་ལ་རེ་བསྐུལ་ཇི་བཞིན་རྒྱ་དམར་གྱི་སྲིད་ཇུས་ལ་ཉམས་ཞིབ་ བྱ་སྟངས་ཞེས་པའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་བྱས།

          ༧། ༢༠༠༤།༢།༧ ནས་༨ བར་ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བཙན་བྱོལ་བོད་མིའི་གཞི་ རིམ་ཤེས་རིག་གི་སྲིད་བྱུས་ཟིན་བྲིས་ཐོག་བོད་ཀྱི་མཁས་པའི་བགྲོ་གླེང་ཚོགས་ འདུ་ཞེས་པ་ཞིག་སྲོང་བཙན་དཔེ་མཛོད་ཁང་དུ་འཚོགས་པའི་ཐོག་ལ་མཁས་དབང་གི་མཚན་ ཐོགས་ནས་ཚོགས་ཞུགས་དང་བགྲོ་གླེང་བྱས།

          ༨། ༢༠༠༤།༣།༢༥ ནས་༢༦བར་ལ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་གཉིས་པ་གཙོ་སྐྱོང་དང་ཚོགས་འདུའི་སྐབས་ཚོགས་གཙོར་འོས་འདེམས་བྱུང༌།

          ༩། ༢༠༠༤།༦།༢༥ ནས་༢༦བར་ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་དེང་དུས་ཀྱི་བརྡ་ ཆད་གཏན་འབེབས་གནང་ཕྱོགས་ལས་འཆར་སྐོར་བཀའ་བསྡུར་ལྷན་ཚོགས་ཁོངས་བོད་ཀྱི་རྩོམ་ པ་པོའི་མཐུན་ཚོགས་ཀྱི་མཚན་ཐོག་ནས་ཚོགས་ཞུགས་དང་གྲོས་མོལ་གནང་ཞིང༌། བཀའ་བསྡུར་གཉིས་པའི་ཐོག་ལའང་ཞུགས།

          ༡༠། ༢༠༠༥།༡༡།༡༧ནས་༡༩་བར། སི་ཀི་ཀྲི་ལན་ཊིའི་ཾངཧཌགྱཤགྲམྱཊཌའུྃནང་ལ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་ བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བཞི་བར་བོད་མི་མང་སྤྱི་འཐུས་ཀྱི་མཚན་ཐོག་ ནས་ཚོགས་ཞུགས་བྱས།

          ༡༡། ༢༠༠༦།༡༡།ཚེས་༣༠ ནས་ཉིན་གཉིས་རིང༌། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་གནང་བའི་བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུར་མགྲོན་འབོད་གནང་བ་ལྟར་ཚོགས་འདུར་ཞུགས།

          ༡༢། གཞན་ཡང༌། ༢༠༠༣།༣།༢༩ནས་ཉིན་གསུམ་རིང༌། འབྲི་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང་གི་སྲོང་བཙན་དཔེ་མཛོད་ཁང་ནས་གོ་ སྒྲིག་གནང་བའི་བོད་ཀྱི་སྐད་ཡིག་ཐོག་ལ་རྒྱལ་སྤྱིའི་མཁས་པ་རྩེ་ཕུད་གདན་ཞུས་ བགྲ་གླེང་ཚོགས་འདུར་མགྲོན་འབོད་བཞིན་དུས་བཅར་མ་ཐུབ་ཀྱང་བོད་ཀྱི་དེང་རབས་ རྩོམ་རིག་སྐོར་གྱི་ཆེད་རྩོམ་ཞིག་ཕུལ་བ་དེ་གའི་མཁས་པའི་བགྲོ་གླེང་ཆེད་རྩོམ་ ཕྱོགས་བསྒྲིགས་ནང་བཀོད།

          ༡༣། ༢༠༠༣།༩།༢༥ནས་༢༧བར། ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལེགས་སྦྱར་སྐད་ཡིག་ རིག་སྡེའི་གོ་སྒྲིག་འོག ལེགས་སྦྱར་གྱི་སྐད་ཡིག་ནང་བཅིངས་པའི་སྙན་ངག་རྣམས་ཀྱི་ལེགས་བྱང་དང་སྤྱི་ ཚོགས་ལ་ཕན་རླབས་ཞེས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུར་ མགྲོན་འབོད་གནངབར་ཚོགས་བཅར་མ་ཐུབ་ཀྱང་བོད་ཀྱི་སྙན་ངག་མེ་ལོང་མའི་སྐོར་ལ་ཆེད་རྩོམ་ཞིག་བསྐུར

          ༡༤། ༢༠༡༠་༨་༢༩ནས་ཉིན་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་རྩོམ་རིག་གི་བགྲོ་གླེང་ཚོགས་ཆེན་བསྐོངས།

         ༡༥། ༢༠༠༩་༡༠་་༡༩་་་་༢༤་བར་ལ་ཨོ་སི་ཊི་རི་ཡ་ལ་རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་ཐེངས་༧༥་པར་ཞུགས།

བདག་དང་སྙན་དངགས་ཀྱི་ལས་འབྲེལ།


ཀ༽ང་དང་སྙན་དངགས་ཀྱི་ཐོག་མའི་འབྲེལ་བ།

ང་ལོ་བཅུ་གཉིས་ཐོག་སློབ་གྲྭར་བསྐྱོད་དུས་སྙན་ངག་ཅེས་པའི་ཐ་སྙད་དེ་མི་ཤེས་མོད། ངས་རྩ༷་ཐང་གི་ལ་གླུ་གཞས་གང་མང་ཞིག་ལེན་ཤེས་ལ་ཁེད་གང་མང་ཞིག་འཇོག་ཐུབ། ད་དུང་གཏམ་དཔེ་དང་གནའ་གཏམ་གང་འཚམ་ཞིག་བཤད་ཐུབ། ང་དེ་དག་ལ་ཧ་དང་དགའ། དེང་སང་དེ་དག་ལ་དམངས་ཁྲོད་རྩོམ་རིག་ཟེར། དེའི་ནང་ན་ཁྱོད་ཀྱིས་སྙན་ངག་མེད་ཅེས་བཤད་མི་ཐུབ། གླུ་གཞས་གང་མང་ཞིག་སྙན་ངག་རེད་འདོད། གཏམ་དཔེ་གང་མང་ཞིག་ལེགས་བཤད་སྙན་ངག་ལ་གཏོགས། ཁེད་ནི་གབ་ཚིག་སྙན་ངག་ཅི་ལ་མིན། ད་དུང་རོགས་མཐུན་དང་བསྟོད་ར། བཤད་པ་སྣ་ཚོགས་དག་ཚིགས་བཅད་སྙན་ངག་དང་བཅད་ལྷུག་སྤེལ་མའི་སྙན་ངག་ཏུ་གྲུབ་ཡོད།

དེ་རྗེས་སློབ་ཆུང་ནང་དུ་སློབ་དེབ་དང་བོད་ཡིག་ཚགས་ཤོག་ཐོག་ནས་སྙན་ངག་ཅེས་པའི་ཐ་སྙད་དང་ལྷན་དུ་ཚིགས་བཅད་བསྟོད་རྩོམ་འགའ་རེ་སྒྲོག་འདོན་བྱེད་མྱོང་ལ། ཚིགས་བཅད་འགའ་རའ་བྲིས་པ་ཡིན། ཚིགས་བཅད་ཀྱི་སྡེབ་སྦྱོར་དེ་ཁ་ནང་ལ་ཡོང་བདེ་བོ་ཞིག་རེད། དེ་ནི་ང་ལ་ཅུང་རྒྱུས་ཡོད་པའི་གླུ་གཞས་སོགས་ཀྱི་ཤུགས་རྐྱེན་ལ་རག་ལས་སྙམ།

དེ་ནས་རྨ་ལྷོ་སོག་རྫོང་གི་དམའ་འབྲིང་ནང་ནས་དཔེ་རྒྱན་དང་གཟུགས་རྒྱན་བསླབས་པར་དཔེར་བརྗོད་གང་མང་བཞག སྐབས་དེར་བོད་མཁས་པའི་སྙན་ངག་འགྲེལ་བ་ལྕགས་དཔར་མ་སྤུས་དག་ཅིག་ཕ་ཡར་ལགས་ཀྱིས་རྔན་པར་ཉོས་པས་ཧ་ཅང་དགའ་སྟེ། དཔེར་བརྗོད་གང་མང་ཞིག་བཀླགས་ཤིང་བློར་ཡང་བཟུང་།འདི་ནི་སྙན་ངག་མེ་ལོང་མ་རྗེས་སུ་བག་མར་བསུ་རྒྱུའི་རྟེན་འབྲེལ་དང་འདྲ། སྐབས་དེར་ཕ་ཡུལ་གྱི་དབྱར་ལྗོངས་ལ་བསྔགས་པའི་དཔེ་རྒྱན་སོ་གཉིས་ཚང་བ་བ་ཞིག་བརྩམས། སྐབས་དེར་གེ་སར་གྱི་སྒྲུང་ལས་ཧོར་གླིང་གཡུལ་འགྱེད་དེ་མཚོ་སྔོན་བོད་ཡིག་ཚགས་ཤོག་ཐོག་མུ་འགོད་བྱས་པས་ཡང་ཡང་བཀླགས། དེ་ནས་རང་ལོ་བཅོ་བརྒྱད་ཐོག་ཨ་རིག་སློབ་ཆུང་གི་བོད་དགེ་བྱས། སྦྲང་ཆར་དུས་དེབ་ལ་ལས་འབྲེམ་བྱུང་། ཕ་ཡུལ་གྱི་རི་སྐྱེས་མེ་ཏོག་ཐོག་མའི་ནང་ལ་དརང་གི་དགའ་སྣང་མཚོན་པའི་ཚིགས་བཅད་འགའ་སྤེལ། དེ་དག་ནི་ང་དང་སྙན་ངག་གི་ཐོག་མའི་ལས་འབྲེལ་ཏེ་བརྩེ་དུང་གི་བསླུ་བྲིད་དུ་ཚུད་པ་དང་འདྲའོ༎

ཁ༽ང་དང་སྙན་ངག་གི་བར་གྱི་ལས་འབྲེལ།

ངའི་སློབ་འབྲིང་གི་ཤེས་ཚད་ཙམ་གྱིས་རང་གི་འདོད་བློ་མི་ཁེངས་པའི་ཐོག་སློབ་མར་ཡང་ཕན་ཐོགས་དེ་ཙམ་མི་ཡོང་བས་སྐབས་དེར་རེབ་གོང་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་འོས་སྦྱོང་འཛིན་གྲྭར་ཞུགས་ཏེ་སྙན་ངག་པ་དགེ་རྒན་རྩེ་གཞུང་ལྷ་མོ་སྐྱབས་ཀྱིས་ང་ཚོར་བོད་མཁས་པའི་སྙན་ངག་མེ་ལོང་འགྲེལ་བ་ཆ་ཚང་ཞིག་སློབ་ཁྲིད་དང་ལྷན་དུ་སྒེའུ་སྟེང་ཚང་གི་ཆབ་ཤོག་ཕྱོགས་བསྒྲིགས་ཕལ་ཆེར་ཟུར་འཁྲིད་གནང་བའི་སྐལ་བཟང་ཐོབ། དེ་རྗེས་ཡིག་འགྲུལ་སློབ་ཆེན་ལམ་ནས་འཇམ་དབྱངས་གྲགས་པ་ལགས་ཀྱིས་སྙན་ང་སྣང་གསལ་ཡང་མཛོད་མགྱོགས་ཁྲིད་གནང་། སྐབས་དེ་དག་ལ་སྙན་ངག་གི་དཔེར་བརྗོད་དག་ལས་སྙན་རྩོམ་ངོ་མའི་འབྲི་སྦྱོང་དེ་ཙམ་མ་ཐུབ།

འཆད་ཁྲིད་དེ་དག་གིས་ང་སྙན་ངག་ལ་དགའ་བའི་འདུན་པ་ཇེ་ཆེར་བཏང་། ངས་སྐབས་དེར་སྙན་ངག་མེ་ལོང་ལེགས་ཙམ་སྦྱངས་ཐུབ་པ་དེས་ང་ལ་ཕན་ཐོགས་ཆེན་པོ་ཞིག་ཐོབ་ཡོད། དེ་ནི་༡༩༨༩ལོར་ང་རྒྱ་གར་ལ་བྲོས་བྱོལ་དུ་ཕྱིན་རྗེས་ས་ར་བོད་ཀྱི་མཐོ་སློབ་ཁང་དུ་སྙན་ངག་གི་དགེ་རྒན་བྱེད་དགོས་བྱུང་བས། སྐབས་དེར་ངས་སྙན་གཞུང་མེ་ལོང་མ་འཁྲིད་རྒྱུར་དཀའ་ངལ་ཆེན་པོ་མ་བྱུང་། རིམ་བཞིན་ངས་བོད་མཁས་འགྲེལ་བ་དང་དབྱངས་ཅན་དགྱེས་གླུ འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་སོགས་ལ་ཟུར་ལྟ་བྱེད་ཞོར་སློབ་ཁྲིད་གྲ་སྒྲིག་བྱས་པས་མངོན་གསལ་དོད་པོས་ཡར་རྒྱས་བྱུང་སྟེ་མཐར་ངས་འགྲེལ་བ་དེ་དག་གཞར་བཞག་གིས་སློབ་ཁྲིད་བྱེད་མི་དགོས་པར་རང་སྟོབས་ཀྱིས་འགྲེལ་ཐུབ་པ་ཞིག་བྱུང་། ང་རང་གིས་གསར་འགྲེལ་ལྟ་བུ་ཞིག་ཀྱང་བརྩམས་ཡོད།

ལོ་རབས་དགུ་བཅུ་བའི་ནང་དེར་ད་དུང་དམིགས་བསལ་གྱིས་རཀ་ར་རིན་པོ་ཆེས་ས་རའི་མཐོ་སློབ་པ་ཁག་ལ་སྙན་དངགས་དཔག་བསམ་འཁྲི་ཤིང་ལས་ལེའུ་འགའ་ཞིག་རྒྱ་གར་གྱི་རྩ་བ་དང་སྦྲགས་ཏེ་འཆད་ཁྲིད་གནང་བ་དེས་སྙན་ངག་མེ་ལོང་མ་དང་འབྲེལ་བའི་རྒྱ་གར་བའི་སྙན་ངག་གི་རྩོམ་ཉམས་ལ་གོ་བ་ལེགས་ཙམ་ལེན་ཐུབ་པ་བྱུང་།

སྐབས་དེར་ངས་སྙན་ངག་སྤྲིན་གྱི་ཕོ་ཉ་དང་ར་མ་ཎའི་རྟོགས་བརྗོད། གཞོན་ནུ་དྲུག་གི་རྟོགས་བརྗོད། སྙན་ངག་ལ་སྦྱར་བའི་སྒྲུང་གཏམ་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན་སོགས་ཀྱང་འཆད་ཁྲིད་ཐེངས་གཅིག་བྱེད་ཐུབ་པ་བྱུང་།

ད་དུང་སྦྲང་ཆར་སོགས་ལས་རང་མོས་སྙན་དངགས་སྨ་དེང་རབས་སྙན་དངགས་དག་ལ་ཡང་ལྟ་ཀློག་གང་མང་བྱེད་ཀྱིན་ཡོད་པ་མ་ཟད་སྙན་རྩོམ་ཁག་ཅིག་སློབ་ཚན་དུ་བདམས་ཏེ་ཁྲིད་པ་ཡིན།

ད་དུང་སྐབས་དེ་དག་ལ་དུས་དེབ་སོགས་སུ་སྙན་དངགས་གང་མང་ཞིག་སྤེལ་ཡོད། དེ་བས་ང་དང་སྙན་ངག་བར་གྱི་ལས་འབྲེལ་དེ་ཡང་རང་གི་བཟའ་ཟླ་ཞིག་ལ་མཚོན་ན་ཡིད་ཆེས་དང་རེ་བ་ཅན་གྱི་ཚེ་གཅིག་སྐྱ་ཡ་ལྟ་བུའི་འདང་ཅན་དུ་གྱུར།

༣༽ ང་དང་སྙན་དངགས་ཀྱི་དེང་གི་འབྲེལ་བ།

རིམ་བཞིན་ང་སྙན་དངགས་རྩོམ་རྒྱུ་ལས་གྱེར་ཀློག་ལ་དགའ་བར་གྱུར། ངས་ཉི་དབང་མགོན་པོའི་<<སྙན་ངག་གི་མཆོད་པ>>མགོན་པོ་སྐྱབས་ཀྱིས་བསྒྱུར་བ་བ་དང་། ཟླ་བ་གཞོན་ནུས་བསྒྱུར་བའི<<མེ་ཏོག་ཕྲེང་རྒྱུད>>གཉིས་ཆ་ཚང་གྱེར་འདོན་བྱས་ཤིང་སྐབས་རེར་གང་འདོད་དུ་ཁ་ཕྱེས་ནས་ཚན་པ་རེ་གྱེར་གིན་ཡོད། སེམས་ལ་ཞི་བདེའི་ཚོར་སྣང་དམིགས་བསལ་བ་སྐྱེད་ཀྱིན་འདུག ད་དུང་སྙན་ངག་ཚགས་པར་གྱི་ལེགས་རྩོམ་གཅེས་བཏུས<<ཁ་བའི་རོལ་དབྱངས>>་དང་བོད་ནང་གི་སྙན་དངགས་ཀྱི་དུས་དེབ<<གངས་རྒྱན་མེ་ཏོག>>ནང་གི་སྙན་ངག་ཁག་ཅིག་ཡང་ཡང་གྱེར་གྱིན་ཡོད། གཞན་ཡང་བཙན་བྱོལ་ནང་གི་སྙན་ངག་ལོ་དེབ<<སྨྱུག་སྡེ>>སོགས་ལས་ཀྱང་འགའ་རེ་གྱེར་གྱིན་ཡོད། སྐབས་རེར་ང་རང་གི་སྙན་དངགས་གསར་རྙིང་དག་ཀྱང་གྱེར་གྱིན་ཡོད། ང་སྙན་དངགས་གྱེར་འདོན་ལ་དགའ་བཞིན་པ་འདི་ང་སྙན་དངགས་ལ་དུངས་ཀ་ཇེ་ཆེར་འགྲོ་བཞིན་པ་ཞིག་རེད་སྙམ། སྙན་ངག་ཅིག་སྐད་དམའ་མོས་ཀློག་པ་དང་སྤྱིར་བཏང་གི་ཀློག་ཚུལ་ལྟར་ལས་གྱེར་འདོན་བྱས་ན་སྤྲོ་སྣང་འཕེལ་བ་ཞིག་རེད། དེའི་རྒྱུ་མཚན་ནི་སྙན་དངགས་ལེགས་པོ་དག་ལ་སྡེབ་སྦྱོར་དང་དབྱངས་ཀྱི་སྙན་ཆ་ཞིག་ཡོད་པས་ཡིན་ལ། ད་དུང་སྙན་དངགས་དེའི་ནང་དོན་ལ་སེམས་པ་གླན་རྒྱུར་ཡང་རོགས་འདེགས་ཐུབ་པའི་ཚོར་སྣང་སྐྱེ།

དེང་སང་ངས་སྙནདངགས་ནི་གང་དྲན་དྲན་དུ་འབྲི་རྒྱུ་ཞིག་མ་རེད་འདོད་ལ། སྙན་ངག་མང་པོ་ཞིག་འབྲི་དགོས་པ་ཡང་མིན་ལ་སྙན་ངག་རིང་པོ་ཞིག་འབྲི་དགོས་དོན་ཡང་མི་འདུག་སྙམ། ངས་འདི་དུང་སེམས་མཚོན་པ་དང་གནས་ལུགས་ཟུར་སྟོན་གྱི་སྙང་དངགས་དག་ལ་ཟེར་བ་ཡིན།

ངས་སྙན་དངགས་གྱེར་འདོན་བྱེད་པར་ད་དུང་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་དེ། དེ་ནི་སྙན་དངགས་ལ་དགའ་སྣང་དང་རོལ་མྱོང་བྱེད་མཁན་ཇེ་མང་དུ་འགྲོ་བའི་ཆེད་དུ་ཡིན། དེང་སང་སྙན་དངགས་གྱེར་འདོན་གྱི་འགྲན་སྡུར་ཡང་གང་མང་ཞིག་བྱེད་ཀྱིན་འདུག དེས་ན་སྙན་དངགས་གྱེར་འདོན་བྱས་ན་རང་གཞན་གཉི་གར་དགའ་ཚོར་རེ་སྦྱིན་གྱིན་པ་ཧ་ཅང་གསལ་བོ་རེད། ཡིན་ན་ཡང་སྙན་དངགས་ལ་ངེས་པར་ཀློག་པ་པོ་དང་ཉན་པ་པོ་དགོས་པར་མི་འདོད་དེ། རང་ཉིད་ཀྱི་སྙན་དངགས་རང་ཉིད་ཀྱིས་གྱེར་ནས་རང་གི་ཚོར་སྣང་བསྐྱེད་ན་དེས་ཀྱང་ཅི་ལ་མི་འགྲིགས་སྙམ། དཔར་ན་མི་ལ་ལས་ཁེར་འགྲོ་ཁེར་སྡོད་དང་ཞོར་དུ་རང་ཉིད་ཁོ་ནའི་གོ་བའི་གཞས་ཆུང་རེ་ལེན་པ་ལྟ་བུའོ།

དེང་སང་སྐབས་རེར་སྙན་དངགས་ནི་དོན་གྱི་སྒྲ་དབྱངས་ལྷ་མོ་དེ་ཉིད་རེད་ཨང་སྙམ་པའང་འཆར་གྱི་འདུག

མ་འོངས་པར་ང་དང་སྙན་དངགས་ཀྱི་ལས་འབྲེལ་དེ་ང་རང་སྙན་དངགས་ཡིན་པ་འདྲ་བ་སྙན་དངགས་ང་རང་ཡིན་པ་འདྲ་བའི་ཚོར་སྣང་ཞིག་ཏུ་གྱུར་ན་ཅི་མ་རུང་ཨང་།

 

མདོར་བསྡུས་ན།

ང་རང་ལ་ཆུང་དུས་ནས་དམངས་ཁྲོད་རྩོམ་རིག་གི་བག་ཆགས་སམ་ས་བོན་ཞིག་ཡོད་པའི་ཐོག་ཚིགས་བཅད་འབྲི་ཀློག་སོགས་ཀྱི་རྐྱེན་དག་ཚང་ཞིང་མུ་མཐུད་དེ་སྙན་ངག་མེ་མོང་མས་བསྐྱེད་བསྲིངས་ཤིང་སྙན་རྩོམ་སྣ་ཚོགས་ཀྱིས་མཐུན་རྐྱེན་གསར་བ་བསྐྲུན་པར་བརྟེན་ནས་སྙན་དངགས་ཀྱི་དགའ་མར་བརྩེ་འདང་ཇེ་ཆེ་དང་ཡིད་ཆེས་དང་རེ་བ་ཇེ་ཆེར་འགྲོ་བཞིན་པའི་བརྒྱུད་རིམ་འདིས་གཞན་དག་ལ་ཡང་སྙན་ངག་གི་འཇུག་ངོགས་སམ་སྐས་རིམ་ལྟ་བུ་ཞིག་ཡོད་པ་བསྟན་པ་ཙམ་ཡིན་ནོ།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php