༄༅། །དམ་པའི་ཆོས་ཀྱི་སྡོམ

 

བསྟན་པ་འཛིན་པའི་ཐུགས་བསྐྱེད་རྒྱ་མཚོ་ཆེས།  

།དུས་མཐར་རྒྱལ་ཚབ་ཁྲི་ལ་དབང་སྒྱུར་བ།  

།ལྷར་བཅས་འགྲོ་བའི་མགོན་གང་འཕྲིན་ལས་ཀྱིས།  

།གནམ་འོག་ཞི་བདེའི་དཔལ་ལ་འགོད་པར་ཤོག

 

བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་དང་པོར་ཐུགས་བསྐྱེད་ཅིང་བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་ཡོངས་སུ་རྫོགས་པར་བསགས་ཏེ། མཐར་འཇིག་རྟེན་འདིར་ཡང་ང་ཚོ་མི་ཕལ་བ་ལྟར་རྒྱལ་སྲིད་བཟུང་ཞིང་བཙུན་མོ་བཞེས་ཏེ་འདོད་པའི་བདེ་བ་དག་ལ་ལོངས་སུ་སྤྱད་ཅིང༌། དེ་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་པའི་རྐྱེན་བྱས་ཏེ་ཐུགས་རབ་ཏུ་སྐྱོ་ནས་རང་བྱུང་གི་སྒོ་ནས་བསྙེན་པར་རྫོགས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང༌། ལོ་དྲུག་ལ་དཀའ་བ་ཆེན་པོ་སྤྱད་དེ་གཞི་ནས་སངས་རྒྱས་པའི་མཛད་པ་གནང་ཡོད།

དེ་རྗེས་གདུལ་བྱ་དྲངས་པའི་རིམ་པ་དང་ཁམས་དང་མོས་པ་སྣ་ཚོགས་ལ་བལྟོས་ཏེ་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང༌། དེ་ཡང་ཡོངས་གྲགས་ཆོས་ཀྱི་འཁོར་ལོ་ཆེན་པོ་རིམ་པ་གསུམ་བསྐོར་བ་ནི། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་དང༌། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་པའི་ཆོས་འཁོར་བཅས་ཡིན་ལ། དེ་དག་གི་གཞི་རྟེན་ཆོས་ཀྱི་སྡོམ་ཆེན་པོ་ཉག་གཅིག་ནི་བདེན་པ་བཞི་ཡིན་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། འདི་ནི་འདི་ནི་འགོག་པ་འཕགས་པའི་བདེན་པའོ། འདི་ནི་ལམ་འཕགས་པའི་བདེན་པའོ། ཞེས་དང༌། སྡུག་བསྔལ་ཤེས་བར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་དང༌། དེ་ནས་སྡུག་བསྔལ་ཤེས་བར་བྱ་སྟེ་ཤེས་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བྱར་མེད། ལམ་སྒོམ་པར་བྱ་སྟེ་སྒོམ་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་བྱར་མེད། ཅེས་གསུངས་པ་བཞིན། ང་ཚོའི་འདོད་པའི་བདེ་སྐྱིད་དང་མི་འདོད་པའི་སྡུག་བསྔལ་གཉིས་པོ་དེ་དག་རྒྱུ་གང་ཞིག་ལ་བརྟེན་ནས་འབྱུང་བ་ཡིན་པས་ཆོས་ཀྱི་སྙིང་དོན་དེ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ལ་འདུ། དེ་ཡང་རང་སེམས་རབ་ཏུ་མ་དུལ་བའི་དབང་གིས་གཞན་ལ་གནོད་པ་བྱས་པ་ལ་བརྟེན་ནས་རང་ཉིད་ལ་སྡུག་བསྔལ་སྣ་ཚོགས་ཡོང་གིན་ཡོད་པས་ང་ཚོས་འཚེ་བ་སྤང་དགོས་པ་ཡིན། འཚེ་བ་སྤངས་པས་སྡུག་བསྔལ་གྱི་སྒོ་འགོག་ཅིང་རང་ཉིད་ལ་བདེ་སྐྱིད་ཡོང་བ་ཡིན།

དེ་ལྟར་ཀུན་འབྱུང་སྟེ། ལས་དང་ཉོན་མོངས་པའི་རྒྱུ་ལས་འབྲས་བུ་སྡུག་བསྔལ་བ་འབྱུང་བ་དང༌། འགོག་པ་སྟེ། སྡུག་བསྔལ་ཉེ་བར་ཞི་བའི་བདེ་བ་ཆེན་པོ་གང་དེ་ནི་ལམ་བདེན་བསྒོམས་པ་ལ་བརྟེན་ནས་འབྱུང་བ་ཡིན་པས་བདེ་སྡུག་དེ་ཀུན་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཅན་ཡིན། དེ་བས་རྟེན་འབྱུང་གི་གནས་ལུགས་ཕྲ་མོ་ནས་རྟོགས་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན། དེ་ཡང་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་བར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པ་བཞིན། ཆོས་ཐམས་ཅད་རྒྱུ་རྐྱེན་གཞན་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས་རང་བཞིན་ཚུགས་ཐུབ་ཏུ་གྲུབ་པའི་རྟག་པ་ཞིག་མེད་པས་རང་བཞིན་སྟོང་བ་ཡིན་པ་དེས་རྟག་མཐའ་བསལ་ཞིང༌། དེ་འདྲའི་རང་བཞིན་གྱིས་མ་གྲུབ་པར་སྣང་བ་འདི་ཡང་རྒྱུ་རྐྱེན་ཚོགས་པའི་འབྲས་བུ་ཞིག་ཆགས་ཡོད་པས་ན་ཆད་པའི་མཐའ་སེལ་བ་སྟེ། རྟེན་འབྱུང་གི་ངོ་བོ་སྟོང་བ་དང་སྟོང་བ་ཉིད་རྟེན་འབྱུང་ཡིན་ཚུལ་ལ་ངེས་ཤེས་རྙེད་ན་ལས་འབྲས་ལ་ཡིད་ཆེས་དང་ནན་ཏན་བྱེད་པས་སྒོ་གསུམ་བག་ཡོད་ལ་གནས་པ་དང༌། འཁོར་བའི་རྩ་བ་བདག་ཏུ་འཛིན་པ་ལས་གྲོལ་བར་འགྱུར་བའི་ལྟ་གྲུབ་འདི་ནི་དབུ་མའི་ལྟ་བ་ཞེས་ནང་པའི་གྲུབ་མཐའ་སྨྲ་བཞིའི་ལྟ་བ་མཐོ་ཤོས་སམ་ཡང་དག་པའོ།

 

ནང་པའི་ལྟ་གྲུབ་སྨྲ་བ་ཞིག་ཡིན་ན། འདུས་བྱས་ཐམས་ཅད་མི་རྟག་པ། །ཟག་བཅས་ཐམས་ཅད་སྡུག་བསྔལ་བ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། །མྱ་ངན་ལས་འདས་པ་ཞི་བའོ། །ཞེས་པའི་བཀར་བཏགས་ཀྱི་ཕྱག་རྒྱ་ཆེན་པོ་བཞི་བོ་ཁས་ལེན་དགོས། འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་རྒྱུ་རྐྱེན་ལས་བྱུང་བ་ཞིག་ཡིན་པས་དེའི་རང་བཞིན་སྐད་ཅིག་རེ་རེ་ནས་འཇིག་པའི་མི་རྟག་པའི་རང་བཞིན་ཅན་ཡིན་པ་དང༌། དེ་འདྲའི་འཇིག་པའི་རང་བཞིན་ཡིན་པའི་ཟག་པ་དང་བཅས་པའི་རྒྱུས་བསྐྱེད་ཅིང༌། ཉོན་མོངས་པའི་སེམས་ཀྱིས་ཀུན་ནས་བསླངས་ཏེ་ལས་དབང་གིས་གྲུབ་པ་ཞིག་ཡིན་ན་སྡུག་བསྔལ་བའི་རང་བཞིན་དུ་གྲུབ་པ་ཡང་ཡིན། དེ་ལྟར་མི་རྟག་པའི་རང་བཞིན་དང་སྡུག་བསྔལ་བའི་རང་བཞིན་ལེགས་པར་བསམ་ཞིང་དེ་ལས་ཐར་བའི་སྐབས་ཤིག་ཡོད་མེད་ལ་བརྟགས་ཚེ། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཞིང་གང་ཟག་གི་བདག་མེད་པའི་ལྟ་བ་འདིས་འཁོར་བ་ལས་ཐར་ངེས་པའི་གནས་ལུགས་བསྟན་ཡོད། དེ་ལྟར་ཐར་བའི་སྡུག་ཀུན་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་མྱང་འདས་ནི་གཅིག་ཏུ་ཞི་བའོ།

མདོར་ན། སྡུག་བསྔལ་འདྲེན་པའི་རྒྱུ་ཉོན་མོངས་པའི་ཀུན་འབྱུང་རགས་པ་དེ་དང༌། ཀུན་འབྱུང་ཕྲ་མོ་དང་བདུད་བཞི་ཕྲ་རགས། ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་དབང་དུ་བྱས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་སོགས་ཤེས་བར་བྱས། སྡུག་བསྔལ་དེ་ཡང་རང་ཐོག་ཙམ་མིན་པར་མཐའ་ཡས་སེམས་ཅན་གྱི་སྡུག་བསྔལ་བསལ་ནས་ཐར་བའི་ལམ་ལ་འགོད་པའི་གཞན་ཕན་གྱི་སེམས་སྟོབས་རྨད་དུ་བྱུང་བ་འཁྲུངས། དེ་ཡང་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ལ་བརྟེན་ནས་བདག་འཛིན་ཡོངས་སུ་སྤང་དགོས་ཏེ། མདོར་ན། ཐབས་དང་ཤེས་རབ་ཟུང་གི་གཤོག་རླབས་རྒྱས་ནས་སངས་རྒྱས་ཀྱི་སར་གཤེགས་དགོས་སོ།

 

དེ་འདྲའི་ཟབ་རྒྱས་ཀྱི་ཆོས་དེ་ཡང་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་དང་བསླབ་པ་གསུམ་གྱི་ནང་དུ་འདུ་སྟེ། སྡུག་བསྔལ་གྱི་རྩ་བ་ཀུན་འབྱུང་གི་གཙོ་བོ་ཉོན་མོངས་ཡིན་ཞིང་དེ་སྤོང་བའི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་དགོས་ཤིང༌། དེ་ཡོང་བར་ཡང་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་གྱི་བསླབ་པ་དགོས། དེ་ཡང་ལུས་སེམས་ཀྱི་གཡེང་བ་རགས་པ་སྡོམ་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དགོས་པར་བརྟེན། ནང་པའི་ཆོས་ཀྱི་བརྗོད་བྱ་བསླབ་པ་གསུམ་པོ་སྟོན་པའི་རྗོད་བྱེད་ལུང་ལ། མངོན་པ། མདོ་སྡེ། འདུལ་བ་བཅས་པའི་བཀའ་སྡེ་སྣོད་གསུམ་རྒྱས་པར་གསུངས་ཡོད། ལུང་གི་ཆོས་འདི་དག་ལ་ཐོས་བསམ་སྒོམ་གསུམ་གྱིས་རྟོགས་པའི་བསྟན་པ་རང་རྒྱུད་ལ་འཁྲུངས་དགོས་པས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་སོ།

ཚུལ་ཁྲིམས་ཀྱི་རྩ་བ་དེ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡིན། སོ་ཐར་དང་རབ་བྱུང་གི་སྡོམ་པའི་གཙོ་བོ་དགེ་སློང་གི་སྡོམ་པ་ཡིན་ཞིང་དེ་ལ་ཁྲིམས་ཉིས་བརྒྱ་ང་གསུམ་ཡོད། ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པའི་བྱེད་ལས་གཙོ་བོ་ནི། ལུས་ངག་གི་གཡེང་བ་རགས་པ་བསྡམས་ནས་དྲན་ཤེས་ཀྱི་སྟོབས་བསྐྱེད་པ་དེ་ཡིན། དྲན་ཤེས་ཅི་ཙམ་ཤུགས་ཆེ་བ་དེའི་ཚོད་ཀྱིས་རྟག་ཏུ་བག་ཡོད་པ་གནས་ཐུབ། དེ་ནས་རིམ་པ་གཉིས་པ་དྲན་པ་དང་ཤེས་བཞིན་སྐྱོང་བ་ལ་བརྟེན་ནས་ཏིང་ངེ་འཛིན་བསྒྲུབས་ཏེ་སྒོམ་གྱི་གཞི་བཏིང་ནས་འཇོག་སྒོམ་གཙོ་བོར་གྱུར་བའི་ཞི་གནས་ཀྱི་སྒོམ་ཐུན་མོང་བ་དང༌། དེ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་སྒོམ་གཙོ་བོར་གྱུར་བའི་ལྷག་མཐོང་གི་སྒོམ་ཐུན་མིན་ཡོང་དགོས། དེ་ལ་ཡང་བསམ་གཏན་བཞིའི་རིམ་པ་དང་དེ་ནས་གཟུགས་མེད་བཞི་བཅས་ཀྱི་རིམ་པ་ཡོད།

དེ་ལྟར་ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བཟུང་ཞིང་ཏིང་འཛིན་གྱི་བསླབ་པས་སེམས་ལས་རུང་དུ་བྱས་ནས་དམིགས་པ་ལ་གང་འདོད་དུ་རྩེ་གཅིག་གནས་ཐུབ་པ་ན། འདོད་སྲེད་དང་ཉོན་མོངས་ཀྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་སྒོམ་ནས་འཇིག་རྟེན་ལས་འདས་པའི་ལྷག་མཐོང་གི་ཤེས་རབ་མངོན་དུ་བྱ་དགོས། དེ་རྗེས་གསང་སྔགས་རྡོ་རྗེ་ཐེག་པར་ཞུགས་ནས་ལམ་མྱུར་བའི་སྒོ་ནས་འཚང་རྒྱ་བར་བྱ་དགོས་པའོ།

དེ་ལྟའི་མདོ་སྔགས་ཀྱི་གཞུང་ཤིན་ཏུ་རྒྱ་ཆེ་ཟབ་པ་རྣམས་ཀྱང་རྗེས་འཇུག་གདུལ་བྱའི་དབང་གིས་ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ། གསང་སྔགས་རྡོ་རྗེའི་ཐེག་པ་བཅས་གསུམ་དང༌། ཡང་ལྟ་གྲུབ་ལ་ཕྲ་ཞིབ་ཀྱི་ཟབ་ཁྱད་ཀྱི་སྒོ་ནས། མདོ་སྡེ་སྨྲ་བ་དང་བྱེ་བྲག་སྨྲ་བ། སེམས་ཙམ་པ། དབུ་མ་བ་བཅས་ནང་པའི་གྲུབ་མཐའ་སྨྲ་བ་ཆེན་པོ་བཞི་སོགས་བྱུང༌།

དེ་ལྟ་བུའི་སངས་རྒྱས་ཆོས་ལུགས་དེ་ནི་སྟོན་པ་ཞལ་བཞུགས་དུས་ནས་ད་ལྟ་བའི་བར་ལ་ཤམ་བྷ་ལ་དང༌། བལ་པོ་དང་བོད། རྒྱ་ནག སིང་ག་ལ། འབྲུག་དང་འབྲས་ལྗོངས། ཡོ་ནན། ལི་ཡུལ། ཧིན་རྡུ་ཉི་ཞི་ཡཱ། འཇར་པན། ཀོ་རི་ཡ། སོག་པོ། འབར་མ། ཐའེ་གོ ཅན་ཕུའུ་ཀྲེ། ལའོ་ཝོ། ཨུ་རུ་སུ། དབྱིན་ཡུལ། འཇར་མན། ཨ་མེ་རི་ཀ་སོགས་རྒྱལ་ཁབ་མང་པོར་སྔ་གཞུག་ཏུ་དར་ཅིང་དེང་སང་ཚན་རིག་པ་ཚོས་ཀྱང་ཞིབ་འཇུག་གིས་ཚན་རིག་གི་གཞུང་ལུགས་ཆེན་མོ་ཞིག་ཏུ་ངེས་པ་རྙེད་ཀྱིན་ཡོད་པ་བཅས་ཆོས་ལུགས་འདིའི་འཕྲིན་ལས་ཕྱོགས་མཐར་རྒྱས་ཤིང་དགེ་མཚན་ཀུན་གྱིས་སྨོན་ཡུལ་དུ་འགྱུར་གྱིན་ཡོད།

ལྷག་པར་དུ་ཡང་རེ་བོད་ཁ་བ་ཅན་དུ་སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་ས་ལ་བྱོན་པའི་སེམས་དཔའ་ཆེན་པོ་རྣམས་འཕགས་བལ་དུ་ཕེབས་ནས་མཁས་པར་བསླབས་རྗེས་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོསམཆིས་སོ་ཅོག་ཡང་དག་པར་བསྒྱུར་ཅིང་བཀའ་འགྱུར་ལ་བེའུ་བུམ་ཆིག་སྟོང་ང་ལྔ་དང༌། བསྟན་འགྱུར་ལ་བེའུ་བུམ་སུམ་སྟོང་དགུ་བརྒྱ་རེ་གཉིས་ཡོདའཆད་རྩོད་རྩོམ་གསུམ་མམ་བཤད་སྒྲུབ་ཟུང་སྦྲེལ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཉམས་མེད་དར་རྒྱས་སུ་བཏང་བ་ཞིག་ཡིན་པས། ཐོག་མར་སངས་རྒྱས་ཀྱིས་གསུངས་པ། བར་དུ་སྡུད་པ་པོས་བསྡུས་ཤིང་མཁས་གྲུབ་རིམ་བྱོན་གྱིས་དགོངས་དོན་བཀྲལ་བ། ཐ་མར་ལོ་པཎ་སྐྱེས་མཆོག་རྣམ་པས་བསྒྱུར་ཅིང་བླ་མ་བརྒྱུད་པའི་མན་ངག་དང་ལུང་དང་ལྡན་པའི་བཀའ་བསྟན་མ་ནོར་བ་དག་ལགས་པས་ལྟ་སྒོམ་སྤྱོད་སོགས་ཚང་མ་མདོ་སྔགས་གཉིས་ལས་འདས་པའི་གཞན་པ་ཞིག་ལོགས་སུ་མེད་ན་ཡང༌། རང་རང་ལ་བརྒྱུད་པའི་མན་ངག་དང་ཉམས་ལེན་གནང་ཚུལ་དང་གདུལ་བྱ་འཁྲིད་ཐབས་ཀྱི་དབང་གིས་བླ་མ་སོ་སོས་ཚིག་རིས་མི་འདྲ་བ་དང༌། གོ་རིམ་མི་འདྲ་བ། བཤད་སྒྲུབ་གང་ཞིག་གཙོ་བོར་འཛིན་ཚུལ་མི་འདྲ་བ། རྒྱས་བསྡུས་མི་འདྲ་བ་སོགས་ཀྱི་ཁྱད་པར་ཙམ་ལས་ས་དགེ་བཀའ་རྙིང་སོགས་ཀྱི་ཆོས་བརྒྱུད་བྱུང་བ་ཡིན་ལ། དེ་དག་ལས་ད་བར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མཁས་ཤིང་གྲུབ་པ་དུ་མ་ཟམ་མ་ཆད་པར་བྱུང་ཞིང༌། དེང་སང་སངས་རྒྱས་ཆོས་ལུགས་མདོ་སྔགས་ཡོངས་སུ་ཚང་ཞིང་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ནི་བོད་མི་ཙམ་ཡིན། འོན་ཀྱང་དེང་གི་དུས་ན་ཐེག་པ་ཆེན་པོའི་ཆོས་ལ་མོས་ཤིང་བརྩོན་མཁན་མང་བ་ཙམ་ལས་འཕགས་པའི་དགེ་འདུན་ཤིན་ཏུ་དཀོན་ཅིང་བཤད་སྒྲུབ་ཟུང་གིས་བསྟན་པ་འཛིན་སྐྱོང་གནང་མཁན་ཡང་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་ལ། དེའི་མི་མཐུན་ཕྱོགས་ནས་མི་ཆོས་བླ་མའི་རྫུན་བཤད་མཁན་དང༌། ཐ་ན་ནང་པའི་མཚན་ཉིད་ཙམ་ཡང་མི་ཚང་བའི་བླ་མ་དགེ་བཤེས་ཀྱི་མིང་འཛིན་པ་དག་ཀྱང་འབྱུང་བཞིན་ཡོད་པས་གཟབ་ཅིང་བརྟག་དགོས་སོ།

སྤྱིར་ནང་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་ན། མདོ་མྱང་འདས་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་བཞིན། སྙིང་ཐག་པ་ནས་དཀོན་མཆོག་གསུམ་པོ་ལ་དད་ཅིང་སྐྱབས་སུ་སོང་ནས། འཇིག་རྟེན་པའི་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང། སེམས་ཅན་ལ་གནོད་འཚེའི་བསམ་པ་སྤོང་བ། ཕྱི་རོལ་མུ་སྟེགས་པའམ་ལྟ་ལོག་གྲོགས་ངན་རིགས་ལ་འགྲོགས་འདྲིས་མི་བྱ་སྟེ། གལ་ཏེ་དཀོན་མཆོག་གསུམ་ལ་ཐེ་ཚོམ་དང་ཡིད་མ་ཆེས་པར་ལྷ་གཞན་ལ་སྐྱབས་སུ་སོང་ན་རང་རྒྱུད་ཀྱི་སྐྱབས་འགྲོ་ཉམས་པ་ཡིན་ལ། གནོད་འཚེ་སྤོང་མ་ཐུབ་པ་དང་མུ་སྟེགས་པར་འགྲོགས་ན་ཡང་སྐྱབས་འགྲོ་གཏོང་བའི་ཉེས་པ་འབྱུང་ཉེན་ཆེའོ།

དེ་ལྟར་སྐྱབས་སུ་སོང་ནས། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་སྟེ། ང་ཚོས་སྒོ་གསུམ་གྱི་སྡིག་པ་ཀུན་ནས་སྤོང་བར་བརྩོན་ཞིང། སྒོ་གསུམ་ཀུན་ནས་དགེ་བ་ཡོངས་སུ་སྒྲུབ་ཅིང། རང་སེམས་ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་ཉོན་མོངས་ཡོངས་སུ་འདུལ་བར་བརྩོན་པའི་ལས་སུ་བྱ་བ་རྣམས་ནི་དམ་པའི་ཆོས་ཡིན་ཞེས་གསུངས་པ་འདིའི་ཤུགས་ནས་དེ་ལྟར་ཆོས་སྒྲུབ་མཁན་དེ་ཉིད་བསྟན་པ་འཛིན་པའི་སྐྱེས་བུ་ཡིན་པ་ཡང་གོ་ནུས་པས་འདི་ནི་ཆོས་དང་ཆོས་པ་གཉི་གའི་མཚན་ཉིད་ལྷན་དུ་བསྟན་པའི་ཆོས་ཀྱི་སྡོམ་ཆེན་པོ་ཡིན་ལ། དེ་འདྲའི་བསྟན་པ་རྣམས་ཡང་དག་པར་འཛིན་མཁན་ཞིག་ཡིན་དགོས་ལ། རང་ཉིད་དེ་ལྟའི་ཆོས་ལ་གནས་ནས་གཞན་དག་ཀྱང་དེ་འདྲའི་ཆོས་ལ་འགོད་པ་གནང་དགོས་ཏེ། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱིད། །ཅེས་གསུངས་པ་བཞིན་དུ་རང་གཞན་དོན་གཉིས་ཕུན་སུམ་ཚོགས་པ་སྒྲུབ་ལ་བརྩོན་དགོས་པ་ལགས་སོ།

དེ་ལྟར་རྒྱལ་བསྟན་རིན་པོ་ཆེ་ཀུན་ཏུ་འཕེལ་ཞིང་ཡུན་དུ་གནས་པ་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་བསྟན་འཛིན་སྐྱེས་ཆེན་རྣམས་ལ་སྲུང་སྐྱོབ་དང་གྲོགས་འཕྲིན་ལས་སྒྲུབ་པ། བར་དུ་གཅོད་པའི་ནག་ཕྱོགས་དགྲ་འདྲེའི་ངོ་ཡ་བཅས་ལ་དཀར་ཕྱོགས་སྐྱོང་བའི་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་རིགས་ཀྱང་བྱུང་ཞིང་དགོས་པ་ཡིན་པས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཞོར་དུ་ཆོས་སྐྱོང་ལའང་བསྟོད་བཀུར་གྱིས་འཕྲིན་གསོལ་རེ་བཅོལ་ བྱེད་འོས་པ་ཞིག་ཡིན་ལ་ཡུལ་ལྷ་གཞི་བདག་སོགས་ཀྱང་བྲན་གྱི་ཚུལ་དུ་བཀོལ་ནས་ཆོས་མཐུན་གྱི་གྲོགས་བྱེད་དུ་འཇུག་པ་ལ་འགལ་བ་མེད་དོ།

འདི་འདྲའི་དགོས་དབང་གིས་བསྟན་པ་སྤྱི་སྲུང་བའི་བསྟན་སྲུང་སྤྱི་ཁྱབ་དམག་སྤྱི་ལྟ་བུ་དང༌། ཆོས་བརྒྱུད་སོ་སོར་གྲོགས་འཕྲིན་སྒྲུབ་པའི་བསྟན་སྲུང་དམག་མི་ལྟ་བུའི་རིགས་ཀྱང་མང་ཙམ་བྱུང་ཡོད། ལྷ་སྲུང་གི་མིང་ཅན་གང་ཞིག་འཇིག་རྟེན་ཕལ་བའི་གྲོགས་འཕྲིན་ཁོ་ན་སྒྲུབ་པར་མཐུ་ཆེན་འཇོན་པོ་གང་འདྲ་ཞིག་ཡིན་ཡང། དམ་པའི་ཆོས་དང་དམ་པའི་སྐྱེས་བུ་ལ་གནོད་ཅིང་རྒྱལ་འབངས་ལ་གནོད་པའི་དོལ་རྒྱལ་ལྟ་བུ་ནི་ཆོས་སྐྱོང་སྲུང་མ་ཞིག་མིན་པ་མ་ཟད་འཇིག་རྟེན་པའི་ལྷ་ཡག་པོ་ཞིག་ཀྱང་ག་ལ་ཡིན།

འོ་ན། ང་ཚོས་ཆོས་བྱེད་པ་ནི་ལྷ་གསོལ་རྒྱུ་དེ་མིན་ལ། ལྷག་པར་ལྷ་འདྲེར་སྐྱབས་བཅོལ་ནས་ནང་ཆོས་གཤའ་མ་ཞིག་མི་འོང་པར་གསུངས་པས། མི་རིགས་འདིའི་མི་རབས་གསར་བ་ཚོས་ནང་པའི་ཆོས་ཀྱི་གནད་འགག་ངོས་འཛིན་ཐུབ་པའི་ཐོག་ནས་སློབ་གཉེར་དང་དད་པ་བསྐྱེད་པ་གཅེས་སོ།།

སྨྲས་པ།

།རྒྱ་ཆེན་གཞུང་ལ་ཐོས་བསམ་མེད་ནའང༌། 

།རྒྱལ་བའི་གསུང་གི་ཆ་ཙམ་གོ་བ་ཡིས།

།རྒྱལ་བསྟན་རིན་ཆེན་རང་ངོ་ཅུང་འཕྲོད་པ།

།རང་མཉམ་གྲོགས་ཚོར་སྡོམ་ཙམ་གླེང་བ་དགེ །

 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་དང་གསུང་རྩོམ་ཁག་འགའ་མཇལ་ནས་གསུང་གི་སྤྱི་དོན་འདི་ཙམ་ཞིག་བདག་དང་བདག་འདྲ་དག་ལ་ཕན་སྙམ་བསྡུས་པ་དགེ་གྱུར་ཅིག། ༎

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php