{}ü ü¤m-PG-VÛG-fÞz-¼Û¾-zÞü

 

 

 

།རྒྱལ་ཀུན་ཡབ་རྗེ་ཡེ་ཤེས་མེ་ལོང་ཆེ། །མདོ་སྔགས་ཟུང་འབྲེལ་ཤིང་རྟ་བློ་བཟང་གྲགས།།པཎ་གྲུབ་ཆེན་པོ་ཀུན་དགའ་སྙིང་བོའི་ཞབས། །འཇམ་མགོན་ཡབ་སྲས་གསུམ་ལ་གུས་ཕྱག་འཚལ།

 

།ཆོས་མཆོག་གདམས་པའི་སྦྱིན་པ་བདག་ལ་ཞེས། །གྲོགས་ཁྱོད་རིང་ནས་རེ་བའི་འཕྲིན་བསྲིངས་ཚེ།།བདག་ནི་ནོར་གྱིས་ཕོངས་པའི་སློང་མོ་བཞིན། །བྲང་ཁོང་བྲག་གི་ཕུག་པར་རེ་ཞིག་གཞའ།

 

།འོན་ཏེ་སྦྱིན་ལས་ཆོས་སྦྱིན་ཆེས་མཆོག་ཅེས། །རྒྱལ་བ་སྲས་བཅས་གསུང་དེ་དྲན་པའི་མོད།

།བྱིས་པའིབློ་ཡང་ཅུང་ཟད་གཟེངས་བསྟད་དེ། །ཐོས་པའི་ཆོས་འགའ་ཚིགས་སུ་སྡེབ་ལ་སྤྲོ།

 

།སླར་ཡང་འཇམ་དབྱངས་བླ་མར་ཕྱག་བགྱིས་ནས། །ད་ནི་བདག་གིས་ཅུང་རྙེད་མན་ངག་གང༌།

།བརྩེ་དང་ལྡན་པའི་ངག་གིས་འདིར་སྨྲ་ན། །ལྷག་པའི་ལྷ་ཁྱེད་དགྱེས་བཞིན་གནང་བ་སྩོལ།

 

།དད་པའི་ཞིང་ས་བཟང་པོ་བསྐྲུན་པ་དང༌། །བརྩོན་པའི་ཆར་རྒྱུན་བཟང་པོ་རྟག་འཇོ་བ།

།ཤེས་རབ་ཞིང་མཁན་བཟང་པོ་དང་བཅས་པའི། །སྐལ་བཟང་དེ་དག་ཆོས་མཆོག་ལོ་ཏོག་སྤྱོད།

 

།ཐོག་མར་འདིར་སྣང་ཞེན་པའི་འཁྲི་ཐག་ཆོད། །བློ་སྣ་ཆོས་སུ་འགྲོ་བའིསྒོ་མོ་ཡིན།

།ལུས་དང་ལོངས་སྤྱོད་སྙིང་པོ་མེད་མཐོང་པ། །དེའི་ཚེ་ཚེ་འདིའི་ཞེན་པ་ལྡོག་པ་ལགས།

།མི་རྟག་སྤྱི་དང་འཆི་འབྲལ་ངང་ཚུལ་སོམས། 

།དེ་ནས་ཕྱི་མར་ཞེན་པའི་འཁྲི་ཐག་ཆོད།།ཆོས་སྤྱོད་ལམ་དུ་འགྲོ་བའི་སྒོ་མོ་ཡིན།

ཁམས་གསུམ་རིགས་དྲུག་སྙིང་བོ་མེད་མཐོང་བ། །དེའི་ཚེ་འཁོར་བའི་ཞེན་ཐག་ཆོད་པ་ལགས།།

ལས་འབྲས་བསླུ་བ་མེད་པའི་ཚུལ་གྱིས་སོམས།

།བར་དུ་བདག་དོན་ཞེན་པའི་འཁྲི་ཐག་ཆོད། །བསོད་ནམས་དངོས་གྲུབ་ལམ་གྱི་སྒོ་མོ་ཡིན།

།ཚད་མེད་བཞི་ཡིས་རང་སེམས་དབང་བསྒྱུར་པ། །དེའི་ཚེ་བདག་གཅེས་ཞེན་ཐག་ཆོད་པ་ལགས།།

འགྲོ་ཀུན་མ་དང་སྡུག་བསྔལ་ཚུལ་ལ་སོམས།

།ཐ་མར་བདག་འཛིན་ལྟ་བའི་འཁྲི་ཐག་ཆོད། །འཁྲུལ་སྣང་ཡེ་ཤེས་དབྱངས་འཆར་སྒོ་མོ་ཡིན།

།འཁོར་འདས་སྣང་སྟོང་དབྱེར་མེད་རོ་སྙོམས་པ། །དེའི་ཚེ་འཛིན་པའི་ཞེན་ཐག་ཆོད་པ་ལགས།།

ཞི་ལྷག་ཟུང་འབྲེལ་དབུ་མའི་ལྟ་བ་སྒོམས།

།དེ་ཡང་དངོས་གྲུབ་ཀུན་གྱི་སྒོ་འབྱེད་ནི། །གདམས་པ་མཛོད་ཀྱིས་གཏམས་པའི་ཡོངས་འཛིན་ཏེ།།

བསྟེན་ཚུལ་དག་པས་ཡུན་རིང་མཉེས་བྱས་ནས།།ཐོས་པ་རྒྱ་མཚོའི་ཕ་མཐར་སོན་པ་གཅེས།

 

།ཐོས་དོན་ཡང་ཡང་བསམས་པས་ངེས་རྙེད་དེ། །རྒྱལ་བའི་གསུང་ཀུན་གདམས་པར་ཤར་བ་ན།།

ཉམས་ལེན་རྒྱུད་ལ་གོམས་ཕྱིར་དབེན་པ་བསྟེན།།ཞི་ལྷག་ཏིང་འཛིན་སྒོམ་གྱི་ཚོགས་སྒོ་ཡིན།

 

།རྟག་ཏུ་རང་གི་རྒྱུད་ལ་བྱ་ར་གཅིག །དེ་བཞིན་གཞན་གྱི་དོན་ལ་བསམ་པ་གཉིས།

།སངས་རྒྱས་བསྟན་པའི་ཉམས་ལེན་གནད་དྲིལ་སྟེ། །ཐབས་ཚུལ་ལྔ་ཡི་ཚོགས་སྣོད་མཆོག་ཀྱང་ཡིན།

 

།མང་མང་ངེས་འབྱུང་མེད་པར་ཕྱི་ཚུལ་བསྒྱུར།།ཡང་དག་ཆོས་ལམ་མ་ཟིན་རབ་བྱུང་མིན།

།ཉུང་ཉུང་སེམས་བསྐྱེད་མེད་པར་ཐེག་ཆེར་འཇུག །དངོས་གྲུབ་ལམ་མཆོག་མ་བརྙེས་རིག་འཛིན་མིན།

 

།ལ་ལ་ལྟ་བ་མ་ངེས་སྒོམ་ལ་གཞོལ། །ཐར་བའི་ལམ་ངོགས་མ་རྙེད་རྣལ་འབྱོར་མིན།

།མང་དུ་ཐོས་པ་ནགས་ན་བདེ་འོ་ཞེས། །རྒྱལ་བའི་གསུང་དེ་དྲན་མཛོད་ཆོས་གྲོགས་ཚོ།

 

།མདོར་ན་ཐེག་ཆུང་བློ་སྦྱོང་ནས། །ཐེག་ཆེན་སེམས་བསྐྱེད་བྱང་ཆུབ་བར།

།ཐེམ་སྐས་བཞིན་དུ་འཛེགས་པ་ལས། །འཕུར་ཐུབ་བག་ཆགས་སད་པ་དཀོན།

 

།དེས་ན་རང་གི་བློ་དང་ཚད་བསྡུར་ནས། །ཆོས་ཀྱི་ཐེམ་པ་ཆོས་དད་གྲོགས་ཁྱོད་སྙོག

།ལུགས་གཉིས་ཡ་མ་བྲལ་བའི་བཟང་སྤྱོད་ཀྱང༌། །དེང་གི་དུས་འདིར་ལྷག་པར་མཁོ་བར་སེམས།

 

།ཞེན་བཞི་བསྡུས་འགྲེལ་ཚིགས་སུ་བཅད་པ་འདི། །འཇམ་མགོན་ཅོང་ཁའི་ལམ་གཙོ་རྣམ་གསུམ་སྟེ།

།ཤིན་ཏུ་ཟབ་གསལ་རྣམ་དག་རྒྱས་འགྲེལ་ཡང༌། །གང་དེའི་བྱང་ཆུབ་ལམ་རིམ་ཆེན་མོའི་གཞུང༌།

 

།དེ་བས་ཆོས་ལ་སྤྱོད་པའིགྲོགས་ཚོ་ཡང༌། །འཇུག་སྒོ་འདི་ལ་བརྩོན་པའི་གོ་བསྒོས་ཏེ།

།མན་ངག་རྒྱུད་ལ་སྦྱོངས་ཞེས་བསྐུལ་བ་ལས། །ཉམས་རྟོགས་ཆོས་ཀྱི་ལེགས་བཤད་བདག་ལ་མེད།

 

།འདི་ཡང་འཇམ་མགོན་རྣམ་གཉིས་རྣམ་པར་ཐར། །ཅུང་ཟད་མཇལ་ལས་རྙེད་པའི་ཆོས་སྐལ་ཏེ།

།ཆིག་ཐུབ་བདུད་རྩིའི་རིལ་བུུ་རེ་རེ་བཞིན། །བདག་གི་སྙིང་ལ་འཆང་བ་ཀུན་ལའོ།

 

།འདིས་ཀྱང་ཁྱོད་བཅས་གཞན་དག་ཀྱང༌། །ཐོག་མཐའ་བར་དུ་དགེ་བ་དང༌།

།བདག་ཀྱང་ལམ་མཆོག་འདི་ཉིད་ལ། །བགྲོད་པའི་སྐལ་བཟང་གེགས་མེད་ཤོག་

 

།བློ་ལྡོག་ཞེན་པ་བཞི་བྲལ་ལམ་མཆོག་འདིས།

།སྲིད་གསུམ་ཟུག་རྔུ་དྲུངས་ནས་འབྱིན་ནོ་ཞེས།

།འཇམ་མགོན་སྲས་བཅས་གསུངས་པ་བདེན་པའི་མཐུས།

།བསྟན་དང་དེ་འཛིན་རྒྱ་མཚོ་རྒྱས་གྱུར་ཅིག །

 

 གྲོགས་དགེ་འདུན་རྒྱ་མཚོས་འཕྲིན་ལམ་ནས་ཆོས་ཀྱི་ལེགས་སྐྱེས་ཤིག་དགོས་པའི་བསྐུལ་བ་དོན་ཡོད་ཕྱིར་དུ། ཤེས་རབ་ཀྱི་མིག་ཡ་གཅིག་དང་ལྡན་པའི་རྒྱལ་ཁམས་པ་ཆབ་བྲག་ཕོ་ཉས་མཁར་ཞིང་སྨུག་རིའི་མགུལ་བ་རང་ཤོང་སྤྱིལ་བུར་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ལ་བགྱིས་པ་དགེ་ལེགས་འཕེལ།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php