ཕྱི་ཟླ་ ༡༢ ཚེས་ ༢༦ ནས་ ༢༨ ཉིན་གསུམ་རིང་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཞིང་ཡོངས་ཀྱི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་པ་ཚོགས་བཞིན་པའི་སྐབས་དང་བསྟུན་ནས། རེབ་གོང་དང་། གཅན་ཚ། རྨ་ལྷོ་སོག་རྫོང་། མགོ་ལོག ཡུལ་ཤུལ། མཚོ་ལྷོ་སོགས་ཁུལ་དང་རྫོང་ཁག་མང་པོའི་དགེ་རྒན་ ༥༠༠ དང་སློབ་ཕྲུག་ ༥༠༠༠ ལྷག་གིས་མཚན་རྟགས་བཀོད་པའི་སྙན་ཞུ་ཕུལ་ཏེ། ད་ལོའི་དགུན་ཚིགས་སློབ་སྐབས་ནས་བཟུང་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱེད་བཞིན་པ་དེ་མཚམས་འཇོགས་བྱས་ཏེེ། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་ཡིག་གཙོ་བོར་འཛིན་པའི་མི་རིགས་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཕྱི་ཚེས་ ༢༩ ཉིན་བོད་ནས་འདི་ག་གསར་འགོད་པར་ཁ་པར་བརྒྱུད་གནས་ཚུལ་བརྗོད་དོན། ཉེ་ཆར་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་ལོ་འཁོར་བྱ་བའི་མཇུག་སྡོམ་གྱི་ཚོགས་ཆེན་འཚོགས་བཞིན་པའི་སྐབས་དང་བསྟུན་ནས། ཕྱི་ཚེས་ ༢༦ ཉིན་རེབ་གོང་དང་གཅན་ཚ། སོག་རྫོང་། མགོ་ལོག ཡུལ་ཤུལ། མཚོ་ལྷོ་སོགས་མི་རིགས་རང་སྐྱོང་ཁུལ་དང་རྫོང་བཅས་ཀྱི་མི་རིགས་སློབ་གྲྭ་ཁག་གི་དགེ་སློབ་རྣམས་ཀྱིས་ས་ཁུལ་སོ་སོ་ནས་དུས་གཅིག་ཏུ། མི་རིགས་རང་སྐྱོང་ཁུལ་དུ་མི་རིགས་སློབ་གསོའི་སྲིད་ཇུས་བསྐྱར་གསོ་དང་ལག་བསྟར་བྱེད་དགོས་པའི་སྙན་ཞུ་བྲིས་ཏེ།   དགེ་སློབ་ཚང་མས་མོས་མཐུན་མཚན་རྟགས་བཀོད་དེ་འཐུས་མི་ཆེད་གཏོང་གིས་ཚོགས་ཐོག་ཏུ་འབུལ་བར་ཕྱིན་ཡོད་འདུག སྙན་ཞུ་ཡི་གེ་ཁག་གི་ནང་དོན་གཙོ་བོ་ནི་མི་རིགས་འབྲིང་རིམ་སློབ་གྲྭ་ཁག་ནང་རྒྱ་ཡིག་གཙོ་བོར་འཛིན་པའི་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་སྤེལ་བཞིན་པ་དེ་མཚམས་འཇོག་དང་།   མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། མི་རིགས་རང་སྐྱོང་ས་ཁུལ་ཏུ་མི་རིགས་རང་གི་སྐད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་དང་ཡར་རྒྱས་མཐོར་འདེགས་གཏོང་དགོས་པའི་སྐོར་ཡིན་འདུག 

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན།   འདི་ལོའི་དགུན་ཚིགས་སློབ་སྐབས་དང་པོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མངའ་ཁུལ་གྱི་མི་རིགས་འབྲིང་རིམ་སློབ་གྲྭ་ཁག་ནང་། མི་རིགས་ཀྱི་སྐད་ཡིག་གཙོ་བོར་འཛིན་པའི་དེ་སྔའི་མི་རིགས་སློབ་གསོའི་སྲིད་ཇུས་མཚམས་འཇོག་བྱས་ཏེ། བོོད་ཡིག་བསླབ་ཚན་ཁོ་ན་མ་གཏོགས་བསླབ་ཚན་ཚང་མ་རྒྱ་ཡིག་ཐོག་བསྒྱུར་ཏེ། རྒྱ་སྐད་རྒྱ་ཡིག་གིས་སློབ་ཁྲིད་བྱེད་པའི་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་ལྟར། འདས་པའི་སློབ་སྐབས་གཅིག་ཙམ་གྱི་རིང་འདིར་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་རྒྱུགས་འབྲས་ཉམ་ཆག་ཏུ་གྱུར་ཏེ། འདི་ལོའི་དཀྱིལ་རྒྱུགས་སྐབས་སློབ་གྲྭ་ཁག་སོ་སོའི་སློབ་མའི་རྒྱུགས་འབྲས་བརྒྱ་ཆ་ ༣༠ ནས་ ༣༥ མར་ཆག་ཡོད་པར་བརྟེན། ས་ཁུལ་སོ་སོའི་ཁྱིམ་བདག་དང་སློབ་མ། དགེ་རྒན་ཚང་མའི་ངོས་ནས་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་དེ་ནི། མི་རིགས་རང་སྐྱོང་ས་ཁུལ་གྱི་དངོས་ཡོད་གནས་བབ་དང་མི་འཚམ་ལ། སློབ་གསོའི་སྤུས་ཚད་ཡར་རྒྱས་དང་། མི་རིགས་རིག་གནས་རྒྱུན་འཛིན་བཅས་ལ་གནོད་པའི་བསམ་ཚུལ་ཤུགས་ཆེན་པོ་བྱུང་ཡོད་པ་མ་ཟད། དེ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་དགོངས་དོན་དང་ཡང་འགལ་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག

ད་དུང་གནས་ཚུལ་མཁོ་སྤྲོད་པས།   ཁོ་ཚོས་ངོས་ནས་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་ཡིག་གཙོ་བོར་འཛིན་པའི་མི་རིགས་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཡོང་བར་ཤུགས་བརྒྱབ་སྟེ་མུ་མཐུད་གོང་རིམ་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་འབུལ་རྒྱུ་ཡིན་ལ། དེ་བཞིན།   མི་རིགས་རང་སྐྱོང་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་དཔོན་རིགས་དང་ལས་བྱེད་རྣམས་གཙོས། མི་རིགས་རང་སྐྱོང་ས་ཁུལ་གྱི་དགེ་རྒན་དང་སློབ་མ། ཁྱིམ་བདག དེ་བཞིན་རྒྱལ་ཁབ་ཕྱི་ནང་གཉིས་ཀར་ཡོད་པའི་གྲངས་ཉུང་མི་རིགས་ཚང་མའི་ངོས་ནས་མི་རིགས་རང་སྐྱོང་གི་སློབ་གསོའི་སྲིད་ཇུས་ལག་བསྟར་ཡོང་ཐབས་ཐད་རྒྱབ་སྐྱོར་དང་འབོད་སྐུལ་ཡོང་བའི་རེ་འདུན་ཡང་ཞུས་སོང་། 

དེ་མིན་གནས་ཚུལ་གཞན་ཞིག་ལ། ལོ་སྔོན་མ་ནས་བཟུང་མདོ་སྨད་གཅན་ཚ་དང་རེབ་གོང་ཁུལ་དུ། བོད་ལུགས་སྐར་རྩིས་གཞིར་བཟུང་བོད་ཐུན་མོང་གི་གཅིག་གྱུར་ལོ་གསར་ལ་རོལ་མགོ་བརྩམས་ཡོད་པ་ལྟར། འདི་ལོ་ཡང་ས་ཁུལ་དེ་གཉིས་གཙོས་པའི་མགོ་ལོག་དང་མཚོ་ལྷོ། ཡུལ་ཤུལ་སོགས་ས་ཁུལ་མང་པོས་གཅིག་གྱུར་ཐོག ད་ལོ་ནས་བཟུང་སྟེ་བོད་ལུགས་ལོ་གསར་ལ་རོལ་རྒྱུའི་མགོ་བརྩམས་ཡོད་འདུག་ལ། འདི་ལོ་བོད་ནང་དུ་བོད་མི་མང་པོས་རང་ལུས་མེར་བསྲེགས་ཀྱིས་ཚེ་སྲོག་ཕུལ་ཡོད་སྟབས། གླུ་ལེན་གར་འཆམ་དང་རྟ་རྒྱུགས་མདའ་རྩེད་སོགས་བྱ་རྒྱུ་མིན་པར། ལོ་གསར་སྐབས་མར་མེ་མཆོད་འབུལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁོ་ན་བྱ་འཆར་ཡོད་འདུག   ཡིན་ནའང་། ས་གནས་རྒྱ་གཞུང་གིས་འབྲེལ་ཡོད་བོད་རིགས་ལས་བྱེད་དང་། དགོན་སྡེ་ཁག་གི་བླ་སྤྲུལ། སྡེ་བ་སོ་སོའི་སྡེ་དཔོན་སོགས་བཀོད་མངགས་བྱས་ཏེ་ས་གནས་མང་ཚོགས་ལ། སྔར་སྲོལ་ལྟར་རྒྱ་ལོའི་ལོ་གསར་ལ་རོལ་དགོས་པའི་སྐུལ་མ་གཏོང་བཅུགས་པ་མ་ཟད། རྒྱ་ལོའི་ལོ་གསར་སྐབས་མང་ཚོགས་ལ་རོགས་དངུལ་དང་བྱ་དགའ་སོགས་སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

 

      འདི་ལྟར་སློབ་གསོའི་ལས་དོན་ཐད་ཀྱི་དགེ་སློབ་རྣམ་པས་རང་གི་འོས་འགན་ཕྲག་ཏུ་བཞེས་ནས་ཁྲིམས་མཐུན་གྱི་ཞུ་གཏུགས་ངོ་རྒོལ་བྱས་དང་བྱེད་བཞིན་པར་རaེས་སུ་ཡི་རང་མངོན་པར་བསྟོད་འོས་ཏེ། འདི་རིགས་ནི་ང་ཚོའི་འཚེ་མེད་ཞི་རྒོལ་དང་བདེན་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་ལག་ལེན་ཡང་དག་དེ་ཡིན་པས་སོ།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php