༄༅།།ནོ་ཡོན་གྲུབ་ཆེན་རིམ་བྱོན་འགའི་རྣམ་ཐར་ས་བོན་ཙམ་ཞིག 

 

 

 

བློ་བཟ༵ང་རྒྱལ་བའི་བསྟ༵ན་པ་ད༵ར་ཞིང་རྒྱ༵ས། །

མཁའ་མཉམ་འགྲོ་ལ་བདེ་སྐྱིད་འབྱུང་བ་སོགས།།

ལྷག་བསམ་རྣམ་པར་དག་པས་ཁུར་འཛིན་པའི། །

ནོ་ཡོན་སྤྲུལ་སྐུ་ཕྱོགས་འདིར་བཀྲ་ཤིས་ཤོག

 

       སྐུ་ཕྲེང་དྲུག་པ། བློ་བཟང་བསྟན་པ་དར་རྒྱས་ཚང་'འདི་ཉིད་མདོ་སྨད་སོག་ཡུལ་གྱི་མདའ་ཚན་ཐུ་མེད་དུ་ཁ་ཆེ་ ཚང་ཟེར་བའི་ཁྱིམ་ནས་ཡབ་ཚེ་ལོ་དང་ཡུམ་ཚེ་བྷོའུ་གཉིས་ཀྱི་སྲས་སུ་སྤྱི་ལོ་ གཅིག་སྟོང་དགུ་བརྒྱ་ཉི་ཤུ་རྩ་གཉིས་ལོར་འཁྲུངས། སྐུ་ན་ཕྲ་དུས་སུ་གཙང་སྐུ་མདུན་དང༌། ྋཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་གཉིས་ཀྱིས་ཐུགས་གྲོས་མཛད་ནས། བླ་མ་ནོ་ཡོན་གྱི་སྤྲུལ་སྐུར་ངོས་འཛིན་མཛད་ནས་ཐུགས་ཐག་བཅད། བར་ཆད་ཀྱི་དབང་གིས་གདན་ས་གཙང་དགོན་དུ་ཕེབས་མ་ཐུབ་པར་ཁོ་ཚེ་དགོན་བདེ་ཆེན་ཆོས་འཁོར་གླིང་དུ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་ཆོས་སྒོར་ཞུགས། འཇམ་དབྱངས་བླ་མ་གུང་ཐང་རིན་པོ་ཆེས་གལ་ཆེན་གྱི་ཚུལ་དུ་གདུང་གྲལ་ནས་གྲལ་མཚམས་གནང༌། ཨ་ལགས་སྐྱོར་དཔོན་རིན་པོ་ཆེ་དང་དགེ་བཤེས་དགེ་འདུན་རྒྱ་མཚོ་རྣམ་གཉིས་ཡོངས་འཛིན་དུ་བཀུར་ནས་མདོ་སྔགས་ཀྱི་ཆོས་ཐམས་ཅད་དང་ཁྱད་པར་དུ་གཅོད་ཀྱི་སྐོར་ལ་ གསན་བསམ་རྒྱ་ཆེར་བཞེས་ནས་མཐར་ཕྱིན་པ་མཛད།

        དགུང་ལོ་ཉེར་བདུན་གྱི་ཚེ་ཁོང་གིས་སྐུ་ངལ་ལ་མ་འཛེམ་པར་སོག་པོ་དང་ཁོ་ཚེ། བླ་རི་འགུལ། ཤིས་ཚང་སོགས་ཡུལ་ཕྱོགས་མང་པོར་ཕེབས་ནས་ཉམ་ཐག་གི་སྐྱེ་འགྲོ་རྣམས་ལ་གང་ལ་གང་ འཚམ་གྱིས་ཞི་རྒྱས་དབང་དྲག་གི་ལས་ཅི་འདོད་དུ་བསྒྲུབས་ཏེ་འགྲོ་དོན་མཛད།

        སྐུ་ཚེའི་སྨད་ལ་རང་ཡུལ་མདའ་ཚན་དུ་བཞུགས་ནས་དགོན་པ་དང་བླ་མའི་ཞབས་བརྟན་ལ་ཆེད་དུ་ དམིགས་ནས་གདུགས་དཀར་བྱད་གྲོལ་གྱི་འཁོར་ལོ་བཅུ་གཅིག་དང༌། ཁྱད་པར་དུ་མི་སྐྱ་ནད་པ་ནད་མ་སྡུག་བསྔལ་ཅན་རྣམས་ལ་ཐོག་མ་མེད་པ་ནས་བསགས་པའི་ ནད་གདོན་སྡིག་སྒྲིབ་སྤྱི་དང༌། ལྷག་པར་ད་ལྟའི་ལུས་ངག་ཡིད་གསུམ་ལ་ཞུགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ལ་ཆེད་དུ་རྟ་ཕྱག་ཁྱུང་གསུམ་གྱི་སྐུ་ཁང་བཞེངས་པ་སོགས་ཁོང་གི་སྐུ་ཚེ་གང་པོར་གཞན་ཕན་ལྷག་བསམ་དཀར་པོས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་དོན་དུ་ཕན་དང་བདེ་བའི་བཀའ་དྲིན་བསྐྱངས་པའི་རྣམ་ཐར་ངོ་མཚར་བ་ཧ་ཅང་མང་ངོ༌།

        སྤྱི་ལོ་ཉིས་སྟོང་གཉིས་ལོ་དགུང་གྲངས་བརྒྱད་ཅུ་པར་སྐུ་མྱ་ངན་ལས་འདུས་པའི་ཚུལ་བསྟན  ཨ་ལགས་བྲག་དགོན་པའི་གསུང་བཀོད་ལྟར་སྐུ་གདུང་མཆོད་རྟེན་སྐུ་འབུམ་ནས་བཞེངས མཐོ་ཚད་ལ་ཁྲུ་ཙི་གཉིས་དང་ཕྱེད། ཞེང་ལ་ཁྲུ་ཙི་གཅིག་དང་ཕྱེད། དངུལ་རྒྱ་མ་བཅོ་ལྔ༌། གསེར་ཁུ་སུམ་བཅུ། ཕྲ་རྒྱན་གཡུ་བྱུར་བདུན་ཅུ་དོན་ལྔ་།

        གཟུངས་འཇུག་ཨ་ལགས་ཁྱོམ་དགེ་ཚང་གི་བསྒྲུབས། ནང་རྟེན་ནི ཉི་ཟླའི་ནང་དུ་རྗེ་རིན་པོ་ཆེའི་དབུ་སྐྲ། བུམ་པའི་ནང་དུ་སྔོན་བྱོན་སངས་རྒྱས་ཀྱི་གདུང་ཐལ། སྐུ་ཤ་ན་བཟའ་སོག་རྟེན་འདུས་སྣ་ཚོགས་བརྒྱ་དང་ཉི་ཤུས་བསྒྲུབ་པའི་བདུད་རྩི་རིལ་བུ་བདུན། ཀུན་མཁྱེན་རིན་པོ་ཆེས་གནང་བའི་ཇོ་བོ་རིན་པོ་ཆེའི་ན་བཟའ། ཀུན་མཁྱེན་སྐུ་ཕྲེང་དང་པོ་འཇམ་དབྱངས་བཞད་པའི་ན་བཟའ། མ་ཎི་དུང་བསྒྲུབ་ཀྱི་རིལ་བུ། ད་དུང་ཨ་མྱེ་ཁོང་གི་སྐུ་རུས་སོགས་ཀྱིས་ལེགས་པར་གྲུབ།

 

        གོང་གི་གཅིག་ཆོག་གསོལ་འདེབས་བྱིན་ཅན་འདི་ཉིད་ྋཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས་པ་སྟེ། ཁོང་ལ་དད་ལྡན་རྣམས་ཀྱིས་དེ་ལྟར་གསོལ་བ་སྨོན་ལམ་བཏབ་ན་ལྷག་བསམ་རྟེན་འབྲེལ་གྱི་མཐུ་ཆེ་བ་ལགས་སོ། །

 

        སྐུ་ཕྲེང་ལྔ་པ། ཁྲི་ཀའི་རྩ་རིང་དུ་འཁྲུངས་གཙང་དགོན་དུ་བཞུགས། མིག་དམར་མཁྱེན་བརྩེ་ཚང་ལས་རབ་ཏུ་བྱུང་སྟེ། བློ་བཟང་འཇམ་དབྱངས་རབ་རྒྱས་ཞེས་མཚན་གསོལ། ྋཀུན་མཁྱེན་སྐུ་ཕྲེང་བཞི་པས་ནོ་ཡོན་བླ་མའི་སྤྲུལ་སྐུར་ཐུགས་ཐག་བཅད་དེ དགོན་འདིར་གདན་སར་བཀོད་ཅིང་གཞིས་ཀ་ཕུ། སློབ་གཉེར་གནང་སྟེ་མཁས་གྲགས་བྱུང་བས་དགོན་པའི་ཁྲི་ཡུན་རིང་བསྐྱངས། གཡུ་རྔོག་རྩ་རིང་ཐུབ་བསྟན་འོན་པོ་བྱས་པར་གྲགས། ཚོགས་ཆེན་འདུ་ཁང་དང༌། དུས་འཁོར་འདུ་ཁང་དུ་མཆོད་རྫས་སོགས་སྤྱི་འཇོག་མང་པར་གྲགས།

 

        སྐུ་ཕྲེང་བཞི་པ། ནོ་ཡོན་དོན་ཡོད་རྒྱ་མཚོ་ཚང་ཤ་སྦྲང་ཁོ་ཀྱཱའི་དཔོན་རྒྱུད་ཡབ་བན་ངྷེ་འབུམ་དང་ཡུམ་ཀླུ་མོ་མཚོའི་སྲས་སུ་འཁྲུངས།

 

        སྐུ་ཕྲེང་གསུམ་པ། བལ་ཡོལ་གནམ་ཁོ་དུད་ཚང་དུ་འཁྲུངས། ན་རོ་མཁའ་སྤྱོད་མའི་རྣལ་འབྱོར་བ་ཚེ་དང་སྒྲུབ་པ་སྙོམས་པར་མཛད་པ་ཅིག་ཡིན་པས་ནོ་ཡོན་ཧེ་རུ་ཀ་ཞེས་ཀྱང་གྲགས།

 

གཉིས་ཀྱི་སྲས་སུ་འཁྲུངས འདི་བ་བལ་ཡོལ་གྱིས་བླུས། ཝང་གིས་བླ་མར་བཀུར་ཞིང༌། ཁོ་ཚེའི་གུར་སྒར་གྱི་ཁྲི་ཡུན་རིང་བསྐྱངས

 

    སྐུ་ཕྲེང་གཉིས་པ། ནོ་ཡོན་ཞྭ་ནག་པ་བསྟན་པ་དར་རྒྱས་ཚང་རེབ་གོང་ཀུའུ་སྡེ་ནས་འཁྲུངས། ཁོང་ཕུར་བའི་རྣལ་འབྱོར་བ་ཡིན་པས། རྒྱུན་གྱི་བསྣམས་ཕུར་སྐུ་རྗེས་མའི་འཁྲུངས་ཡུལ་ལ་རྟེན་ཏུ་གནང་ཡོད།

 

     སྐུ་ཕྲེང་དང་པོ།         རྒན་ ཀྱཱའི་ནོ་ཡོན་སྨན་པའི་མི་རྒྱུད་མདའ་ཚན་དུ་འོང་བ་ལ་ནོ་ཡོན་རབ་འབྱམས་པ། མཚན་ལ་ནམ་མཁའ་རྒྱལ་མཚན་ཞུ་བ་དེ་འཁྲུངས། དེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པས། ལྷོ་བྲག་གྲུབ་ཆེན་གྱི་སྤྲུལ་བར་གྲགས། ྋཀུན་མཁྱེན་སྐུ་ཕྲེང་དང་པོ་མདོ་སྨད་དུ་ཕེབས་དུས་(༡༧༠༢) ཇུ་ནང་གིས་བསུ་ཆེན་བྱེད་དུས་ཨང་དང་པོའི་གྲས་ཡིན་པར་གྲགས།

 

      སྐུ་ཕྲེང་རིམ་བྱོན་གྱི་ས་བོན་འདི་གཙང་དགོན་པའི་ཨ་ལགས་རི་ཤེ་མཁན་ཆེན་གྱིས་མཛད་ཅིང། དེ་ཡང་ྋཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་དང་བསྟུན་པའི་རྟེན་འབྲེལ་བསྒྲིགས་པ་ལས། ལྷོ་བྲག་གྲུབ་ཆེན་བར་གྱི་སྐུ་ཕྲེང་མང་ཙམ་བསྒྲིགས་ན་ཆོག་གསུངས།

        དེ་ལྟར་དགའ་ལྡན་ཨེར་ཏི་ནི་ཛུ་ནང་གི་གཅེན་པོ་མེར་རྒན་ནོ་ཡོན་ཞེས་བླ་དཔོན་གཅིག་ལྕོགས་མཛད་པ་དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་དྲུག་གི་རིང་ལ་ཆོས་ སྲིད་ཀྱི་མཛད་པ་རྒྱས་པ་བྱུང་འདུག་ཀྱང་ཡི་གེར་བཀོད་པ་ཉུང་བས་འདིར་མདོ་ཙམ་ལས་ ངོ་སྤྲོད་ཞུས་ཐུབ་མེད་ལ། ད་དུང་ད་ལྟའི་སྐྱེ་བོའི་མིག་མཐོང་ལག་ཟིན་གྱི་གྲུབ་རྟགས་མཛད་པའང་མང་པོ་ཡོད་ མོད། འདིར་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱ་སྟེ། རིམ་གྱིས་དངོས་འབྲིའི་རྣམ་ཐར་འབྲིང་ཙམ་ཞིག་ཨེ་འཁྱོངས་རེ་བ་ཡོད།

 

ཉེ་བར་བཅར་ཀྱང་ཡོན་ཏན་མི་མཐོང་བ། །

བདག་འདྲའི་སྐལ་དམན་དག་གི་ཆུ་བུར་མིག །

རིང་བར་གྱེས་ཀྱང་འགྱོད་པའི་མཆི་མ་འགའ། །

འཆོར་བར་དཀའ་བའི་ངང་ཚུལ་འདི་ཡང་སྐྱོ། །

 

ཞིབ་པར་བསམས་ན་གང་གི་བྱིན་རླབས་མཐུས། །

བསྐྱབས་ཤིང་བསྡོངས་པའི་བྱུང་རབས་མང་བ་ཚོར།།

ཇི་སྲིད་དམ་པ་རྣམས་ཀྱི་གྲིབ་བསིལ་དང། །

མི་འབྲལ་འཚོ་བའི་སྐལ་བ་ལྡན་གྱུར་ཅིག།།

 

བསྟན་འགྲོའི་མཛད་འཕྲོ་ད་དུང་རྫོགས་མེད་ཅིང། །

དད་ལྡན་གདུལ་བྱའི་ལས་སྨོན་ཟད་མེད་ན། །

སླར་ཡང་གནས་འདིར་སྔར་ལྷག་རྨད་བྱུང་གི །

མཛད་རྗེས་རི་མོ་དགོད་ལ་འབྱོན་པར་སྨོན། །

 

 

 

Write a comment

Comments: 0

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php