ཨ་མའི་དྲིན་གཟོ་ཆོས་ཀྱི་སྒྲ་དབྱངས་བརྒྱད་ཅུ་པ།
 
རྒྱལ་ཡུམ་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ༎
མར་གྱུར་སེམས་ཅན་ཀུན་ལ་དགའ་བ་སྒོམ༎
བྱམས་བརྩེའི་བདག་ཉིད་ཨ་མ་རིན་པོ་ཆེ༎
འདི་ཕྱི་ཀུན་ཏུ་དགེ་ལེགས་འབྱུང་བར་སྨོན༎
 
ང་ཡི་ཨ་མའི་མིང་ལ་མཁོ་མོ་ཟེར༎ 
ཀུན་ལ་ཆེས་ཆེར་མཁོ་མོ་ཨ་མ་ཡིན༎
ཀུན་ལ་བཀའ་དྲིན་ཆེ་བ་ཨ་མ་ཡིན༎
དེ་བས་ཨ་མ་ཀུན་ལ་བཀུར་སྟི་བྱེད༎
ཟླ་དགུར་ཁོག་པར་ཁུར་བའི་དྲིན་ཆེན་མ༎
ལོ་གསུམ་བྲང་ལ་སྦྱར་བའི་དྲིན་ཆེན་མ༎
ཚེ་གང་བརྩེ་བས་གཟིགས་པའི་དྲིན་ཆེན་མ༎
ཨ་མ་རྣམ་པའི་སྐུ་དྲིན་གཟོ་བར་དཀའ༎
 
ཨ་མས་སྤྱན་གྱིས་གཟིགས་ས་གཅེས་ཕྲུག་དག
ཨ་མས་ཕྱག་གིས་བྱིལ་ས་གཅེས་ཕྲུག་དག
ཨ་མས་འཛུམ་གྱིས་བསུ་ས་གཅེས་ཕྲུག་དག
ཨ་མའི་རེ་བ་བཅོལ་ས་གཅེས་ཕྲུག་དག
 
བྱིས་དུས་ལག་མགོའི་ཁྲིད་པའི་དྲིན་ཆེན་མ༎
གཞོན་དུས་སེམས་གཏམ་བཤད་པའི་དྲིན་ཆེན་མ༎
རྒས་དུས་བརྩེ་བས་རྒྱང་གཟིགས་དྲིན་ཆེན་མ༎
བཀའ་དྲིན་ཆེའོ་དག་ཞིང་སྐྱེ་རྒྱུ་མ༎
 
ཁ་རྒྱབ་གོན་པའི་ཆེད་དུ་ལུས་ཚེགས་ཆེ༎
འགྲོ་འདུག་སྤྱོད་པའི་དོན་ལ་སེམས་ཁྲལ་ཆེ༎
ཨ་མའི་ལུས་ངག་ཡིད་གསུམ་གཅེས་ཕྲུག་ཆེད༎
ཨ་མ་གཅེས་ཕྲུག་དག་གི་གཡོག་མོ་ཡིན༎
 
ཨ་མའི་སེམས་ཀྱི་ཁུར་ཆེན་གཅེས་ཕྲུག་ཡིན༎
ཨ་མའི་ལུས་ཀྱི་ངལ་དུབ་གཅེས་ཕྲུག་ཡིན༎
ཨ་མའི་ངག་གིས་བསྟོད་ས་གཅེས་ཕྲུག་ཡིན༎
དེ་བས་ཨ་མའི་ཡོད་ཚད་གཅེས་ཕྲུག་ཡིན༎
རང་གི་བདེ་སྐྱིད་གཞན་ལ་སྟེར་ནུས་ན།།
ཨ་མས་གཅེས་ཕྲུག་དག་ལ་ཕངས་མེད་སྟེར༎
གཞན་གྱི་སྡུག་བསྔལ་གང་དག་ལེན་ཐུབ་ན༎
ཨ་མས་གཅེས་ཕྲུག་སྡུག་བསྔལ་དགའ་བས་ལེན༎
 
བུ་ལ་གྲང་ལྟོགས་བྱུང་ན་ཨ་མ་སྡུག།
ན་བ་ཚ་བས་མནར་ན་ཨ་མ་སྡུག།
བྱ་བ་ལམ་འགྲོ་མ་བྱུང་ཨ་མ་སྡུག།
ཨ་མའི་སེམས་སྡུག་མཐའ་དག་བུ་ལས་འབྱུང་༎
 
བུ་ཡིས་རང་དོན་འཁྱོངས་ན་ཨ་མ་དགའ།།
གཞན་ཕན་རོགས་རམ་ནུས་ན་ཨ་མ་དགའ།།
ཡ་རབས་ཡོན་ཏན་འབྱོར་ན་ཨ་མ་དགའ།།
ཨ་མའི་དགའ་བ་མཐའ་དག་བུ་ལས་འབྱུང་།།
 
ཨ་མའི་ཞབས་ཞུ་སྒྲུབ་པ་དྲིན་ལན་ཡིན།།
ཨ་མའི་སེམས་ཁྲལ་ཞི་བྱེད་དྲིན་ལན་ཡིན།།
ཨ་མའི་རེ་བ་སྒྲུབ་པ་དྲིན་ལན་ཡིན།།
མདོར་ན་ཨ་མ་དགའ་བྱེད་དྲིན་ལན་ཡིན།།
 
ཨ་མའི་སྐུ་ལུས་རིན་ཆེན་གསེར་ལས་ལྷག།
སྐུ་ལ་ན་ཚ་བར་ཆད་མེད་པར་ཤོག།
ཨ་མའི་གསུང་ངག་དུང་ཧྥི་དབྱངས་ལས་སྙན།།
གསུང་སྐད་འགག་མེད་འཆད་པ་མེད་པར་ཤོག།
 
ཨ་མའི་ཐུགས་ནི་སྙིང་རྗེའི་གཏེར་མཛོད་ཡིན༎
ཐུགས་འདུན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ།།
དེ་རིང་ཨ་མ་དགེ་བསྙེན་རིན་ཆེན་མ།།
ཨ་མའི་སྐུ་གསུང་ཐུགས་ལ་ཕྱག་གསུམ་འཚལ།།
 
འཁོར་བ་ལས་སྒྲོལ་ཐབས་ཞུ་ཕྱིར༎
སངས་རྒྱས་ཉིད་ལ་སྐྱབས་སུ་སོང་༎
ཐར་བའི་གོ་འཕང་འཐོབ་པའི་ཕྱིར༎
ལེགས་གསུང་ཆོས་ལ་སྐྱབས་སུ་སོང་༎
 
དམ་ཆོས་སྒྲུབ་པའི་ཟླ་གྲོགས་སུ༎
དགེ་འདུན་ཚོགས་ལ་སྐྱབས་སུ་སོང་༎
དཀོན་མཆོག་གསུམ་ལ་སྐྱབས་སོང་བས༎
གཏན་བདེའི་བྱང་ཆུབ་མྱུར་འཐོབ་ཤོག།
 
སྲོག་གཅོད་སྤངས་པའི་དགེ་བ་ཡིས༎
ཚེ་རབས་ཀུན་ཏུ་ཚེ་རིང་ཤོག།
མ་བྱིན་ལེན་སྤངས་དགེ་བ་ཡིས༎
སྐྱེ་ཀུན་ལོངས་སྤྱོད་ཕུན་ཚོགས་ཤོག།
 
ལོག་པར་གཡེམ་པ་སྤངས་པ་ཡིས༎
སྐྱེ་ཀུན་གྲོགས་བཟང་འཛོམས་པར་ཤོག།
ངན་གཡོའི་རྫུན་ཆེན་སྤངས་པ་ཡིས༎
སྐྱེ་ཀུན་བདེན་སྨྲས་ཀུན་དགར་ཤོག།
 
མྱོས་འགྱུར་ཆང་དག་སྤངས་པ་ཡིས༎
སྐྱེ་ཀུན་བག་ཡོད་བརྟན་གྱུར་ཅིག།
མདོར་ན་དགེ་བསྙེན་བསྒྲུབས་པའི་མཐུས༎
རང་གཞན་ལེགས་ཚོགས་འཕེལ་གྱུར་ཅིག།
 
དཀོན་མཆོག་གསུམ་པོ་རྟག་ཏུ་དྲན་པ་དང་༎
སྡིག་སྤོང་དགེ་སྒྲུབ་སྙིང་རྗེ་ཆེ་བསྐྱེད་ཅིང་༎
རྟེན་འབྱུང་སྟོང་ཉིད་སྒོམ་པ་གང་ནུས་ཀྱིས༎
སྐྱེ་ཀུན་དོན་མཆོག་གསུམ་དང་མི་འབྲལ་ཤོག།
 
འདི་ལྟར་ཚིགས་སུ་བསྡེབས་པའི་བུ་འཁྱམ་ཡང་༎
ཚེ་རབས་ཀུན་ཏུ་དམ་ཆོས་དབང་འབྱོར་ཅིང༎
མ་ཁྱེད་ཆོས་ཀྱི་གྲོགས་སུ་འགྱུར་བ་དང་༎
བླ་མེད་བྱང་ཆུབ་གོ་འཕང་ལྷན་འཐོབ་ཤོག། 
 
བོད་རྒྱལ་ལོ་ཉིས་སྟོང་ཞེ་ལྔ་ལོའི་ལོ་སར་དང་སྟབས་བསྟུན་ཨ་མའི་གྱ་སྟོན་དང་དགེ་བསྙེན་མའི་སྡོམ་པ་བླངས་པའི་དགེ་བ་ལ་ཡི་རང་སྨོན་འདུན་དང་བཅས་སྦྱར་བ་འདིས་སྐྱེ་བོ་གཞན་དག་ལ་ཡང་ཕན་པར་གྱུར་ཅིག་གུ། ༎
 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php