༄༅།།ཆོས་རྒྱལ་དཀོན་མཆོག་འབངས་ཀྱི་རྣམ་ཐར་འཁྲབ་གཞུང་ངོ་མཚར་སྒྱུ་མའི་ཟློས་གར་མཐོང་བ་དོན་ལྡན་

ཞེས་བྱ་བ་བཞུགས་སོ།།

 

 སྔོན་གླེང།

 

༄།ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང།

།སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང།

།གང་ལ་གང་འདུལ་དེ་ལ་དེར་སྟོན་པ།

།བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།

 

          ཞེས་པའི་བྱིན་ཅན་བསྟོད་ཕྱག་གིས་སྔུན་བསུས་ཏེ། བདག་ཅག་ཁ་བ་གངས་ཅན་པའི་མགོན་པོ། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་འཇིག་རྟེན་གྱི་ཁམས་འདིར་རྒྱལ་བློན་སེམས་དཔའ་དུ་མའི་ཚུལ་དུ་སྤྲུལ་ནས་སེམས་ཅན་སྤྱི་དང་སྒོས་བོད་གངས་ཅན་པ་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་སྐུའི་སྐྱེ་བ་ངོ་མཚར་ཚར་དུ་དངར་བ་ཞིག་ཡོད་པ་ལས། འདིར་ཆོས་རྒྱལ་དཀོན་མཆོག་འབངས་ཀྱི་སྐུའི་སྐྱེ་བ་བཞེས་པའི་རྣམ་ཐར་ྋཇོ་བོ་རྗེ་དཔལ་མར་མེ་མཛད་དམ་ཨ་ཏི་ཤས་གསུངས་པ་ཅུང་སྟབས་བདེ་གོ་བདེའི་འཁྲབ་གཞུང་དུ་བཅོས་པའང་ལས་སྨོན་བཟང་པོའི་མཚམས་སྦྱོར་དུས་ནས་དུས་སུ་སྨིན་པའི་སླད་དུའོ།

          དེ་ཡང༌། ཆེན་པོ་ཧོར་གྱི་ྋསྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་འཇམ་དཔལ་རྣམ་གྲོལ་མཆོག་གིས་འདི་འདྲ་ཞིག་དགོས་གལ་ཆེ་བའི་རྩོམ་བསྐུལ་གནང་བའི་བཀའི་སྙུ་གུ་སྙིམ་པར་ཐོགས་ཏེ། རྣམ་ཐར་ལས་ལུག་རྫི་ཁྱེའུ་དེ་ཉིད་བུ་མོ་མེ་ཏོག་མ་ཞེས་པ་ཞིག་ལ་བསྒྱུར་བ་ཙམ་ལས་བྱུང་རིམ་དངོས་ལ་རྟོག་བཟོ་གང་ཡང་མེད་པར་སྲས་མོ་ཀུན་ཏུ་བཟང་མོས་གཙོས་འཇིག་རྟེན་པའི་ཆོས་དང་ཆོས་མིན་གྱི་སྤྱོད་ཚུལ་གཙོ་བོར་སྟོན་པ་སོགས་ཐབས་ཀྱི་ཕྱོགས་ཀྱི་ལེའུ་གཅིག་དང། རྒྱལ་བུ་དཀོན་མཆོག་འབངས་ཀྱི་ཐུན་མིན་མཛད་པ་གསང་སྔགས་ཀྱི་ཉེ་ལམ་ཤེས་རབ་ཀྱི་ཕྱོགས་ལེའུ་གཅིག་སྟེ། སྟོད་ཆ་སྨད་ཆ་གཉིས་སུ་བྱས་ཤིང། དེ་རེ་རེ་ལའང་ནང་གསེས་འཁྲབ་ཚན་ཁག་འགར་བྱས་ཏེ། གློག་བརྙན་ཟློས་གར་འཁྲབ་གཞུང་གི་རྣམ་པར་གཟིགས་འབུལ་ཞུ་བའི་ཚུལ་དུ་བྲིས་ཡོད་ན་ཡང། གཏམ་བརྗོད་འཁྲབ་གཞུང་གི་ཚུལ་དུ་ཡང་འཁྲབ་མི་ཆོག་པ་མེད་པས་འཁྲབ་མཁན་སོ་སོའི་མཐུན་རྐྱེན་དང་འཇོན་ཐང་ལ་ལྟོས་ནས་འཁྲབ་པར་རིགས་སོ།

          འདི་དང་ལྷན་དུ་གཏམ་བརྗོད་ཟློས་གར་ཐུང་ངུ་གསུམ་ཡང་ཟུར་དུ་བཀོད་ཡོད་པ་སུ་ཞིག་གིས་འཁྲབ་སྟོན་གནང་ཡང་དགའ་བསུ་ཡོད།

          རང་གཞུང་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་མཐུན་རྐྱེན་སྦྱར་ཏེ་དཔར་སྐྲུན་དང་འགྲེམས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ།

 

།དད་དང་ལྷག་བསམ་དར་གྱིས་ལྕིབས་པ་ཡི།

།སྒྱུ་མའི་རྣམ་ཐར་སྒྱུ་རྩལ་གླེགས་བམ་འདིར།

།བྱིས་བློས་བྱས་པའི་དྲི་མ་གང་མཆིས་རྣམས།

།རང་ལ་འགོས་ཤིང་དགེ་བ་གཞན་ལ་བསྒོའོ།

 

རྩོམ་སྒྲིག་པས།

༢༠༠༦།༨།༢༨།

 

 སྟོད་ཆ།

སྲིད་པ་སྒྱུ་མའི་ལྟད་མོ།

 

           །ཀུན་ཏུ་བཟང་མོ་བར་ཆད་རླུང་གིས་ཁུར།

           །ས་མཐའ་ཉུལ་ནས་བདེན་མཐའི་བདེ་བ་རྙེད།

          །སྤྲུལ་བའིསྲས་ཀྱིས་སྣ་ཚོགས་སྤྲུལ་བ་ཡིས།

          །ལས་ཅན་རྣམས་ལ་ལས་འབྲས་བདེན་པ་བསྟན།

 

ལེའུ་དང་པོའི་ནང་གི་འཁྲབ་མཁན་གཙོ་གྲས་དག་ནི།

 

༡ སྲས་མོ་ཀུན་ཏུ་བཟང་མོ་དགུང་ལོ་༡༦ཙམ།

༢ སྤྲུལ་བའི་སྲས། དགུང་ལོ་ལྔ་ཙམ་གྱི་ན་ཚོད་ཅན།

༣ རྒྱལ་པོ་བདེ་སྤྱོད། དགུང་ལོ་༢༠ཙམ།

༤ རྒྱལ་པོ་དཔལ་ལྡན་དགུང་ལོ་༤༠ཙམ།

༥ བཙུན་མོ་གསལ་ལྡན་མ་དགུང་ལོ་༣༠ཙམ།

༦ ལུག་རྫི་མེ་ཏོག་ལོ་བཅོ་བརྒྱད་ཙམ།

༧ གཡོག་མོ་རིག་ལྡན་མ་ལོ༢༠ཙམ།

༨ གཡོག་མོ་མཛེས་ལྡན་མ་ལོ་༡༨ཙམ།

༩ རྨོ་ནོར་དགའ་ལོ་༤༠།

འཁྲབ་ཚན་དང་པོ།

 

།ཀུན་ཏུ་བཟང་མོའི་འཁྲུངས་སྐར་ལ།

།ཀུན་ནས་དགའ་བའི་དགའ་སྟོན་མཛད།

 

རྒྱལ་བློན་འཁོར་བཅས་འཛོམས་ནས་སྲས་མོ་ཀུན་ཏུ་བཟང་མོའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་ཚུལ་མཛད་པ། རྒྱལ་པོ་དཔལ་ལྡན་ཡར་བཞེངས་ཏེ། ཐུགས་ཧ་ཅང་དགྱེས་ཉམས་ཆེན་པོས་ཚང་མ་ལ་གཟིགས་བཞིན་དུ།

མཆོད་གནས་དགེ་འདུན་རྣམ་པ་དང༌། སྐུ་མགྲོན་ལྷན་རྒྱས། དེ་རིང་ཀུན་ཏུ་བཟང་མོའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བར་ཕེབས་པར་ཐུགས་རྗེ་ཆེ་ཞུ། ཚང་མས་མཁྱེན་གསལ་བཞིན་ཀུན་ཏུ་བཟང་མོ་འདི། དཀོན་མཆོག་གིས་ང་ལ་གནང་བའི་སྲས་སྐལ་ཡིན། ཁོ་མོ་འཁྲུངས་པ་ནས་བཟུང་ངའི་མངའ་ཐང་ལོངས་སྤྱོད་ཚང་མ་ཡར་ངོའི་ཟླ་བ་བཞིན་དུ་ཡར་རྒྱས་ཆེན་པོ་བྱུང། དེ་རིང་མོ་དགུང་ལོ་བཅུ་དྲུག་ལ་སླེབས་པའི་འཁྲུངས་སྐར་ཉིན་མོ་ཡིན། ངའི་སྲས་མོའི་བསམ་དོན་ཚང་མ་ཆོས་བཞིན་འགྲུབ་པ་ལ། ཚང་མས་ལྷག་བསམ་རྣམ་དག་གིས་སྨོན་ལམ་འདེབས་རྒྱུ་དང། དགྱེས་སྟོན་འདི་ལ་གང་དགའ་ཅི་སྐྱིད་ཀྱིས་རོལ་བར་མཛོད། བཀྲ་ཤིས་བདེ་ལེགས།

ཉི་མའི་འོད་ཀྱིས། མཚན་བཟང་གི་བུ་མོ་ཀུན་བཟང་མ། བསམ་བཟང་གི་བུ་མོ་སྤྱད་བཟང་མ། མ་འོངས་པའི་སྲས་མཆོག་བསྐྱེད་བྱེད་མ། ལས་ཅི་བྱེད་དགེ་བའི་གྲོགས་གྱུར་ནས། ཁྱེད་བསམ་དོན་ཆོས་བཞིན་འགྲུབ་པར་ཤོག ཅེས་བསྟོད་ཅིང་བཀྲ་ཤིས་པའི་སྨོན་ལམ་བཏབ་གནང་བ་དང

སྲས་མོས། དགེ་འདུན་པ་དང་ཡབ་ཡུམ་ལ་ཕྱག་བྱས་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཡབ་ཡུམ་གཉིས་དང་གཉེན་ཉེ་འཁོར། བདག་ལ་བརྩེ་བའི་སྐྱེ་བོ་ཀུན། དེ་རིང་བདག་གི་སྐྱེས་སྐར་ལ། རྟེན་འབྲེལ་ཞུ་བར་ཕེབས་པ་ལ། སྙིང་ནས་ཐུགས་རྗེ་ཆེ་ཞེས་ཞུ། བདག་བློ་དཀོན་མཆོག་གསུམ་ལ་བཅོལ། དགེ་སྡིག་ལས་ལ་ཡིད་ཆེས་ཡོད། སུ་ལའང་གནོད་སེམས་མི་དགའ་མེད། དེ་བས་ཀུན་ཀྱང་ཁོ་མོར་དགའ། འདི་ལྟར་རྟག་ཏུ་བདེ་ཞིང་སྐྱིད། དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །

དེར་མི་ཚང་མས་མེ་ཏོག་སྣ་ཚོགས་པས་ཕྲེང་བ་གཡོགས་ཏེ་བཀྲ་ཤིས་པའི་ཁ་གཡང་མང་པོ་བོས་ཤིང། བཀྲ་ཤིས་ཞབས་བྲོ་ཞེས་པའི་འཁྲབ་གཞས་འདི་ཕུལ།

བཀྲ་ཤིས་དང་པོ་སངས་རྒྱས་བཀྲ་ཤིས།

བཀྲ་ཤིས་གཉིས་པ་དམ་ཆོས་བཀྲ་ཤིས།

བཀྲ་ཤིས་གསུམ་པ་དགེ་འདུན་བཀྲ་ཤིས།

དཀོན་མཆོག་གསུམ་པོས་རྟག་ཏུ་བཀྲ་ཤིས།

སྐུ་ལ་སྙུང་གཞི་མེད་པའི་བཀྲ་ཤིས།

གསུང་ལ་ཉེས་པ་མེད་པའི་བཀྲ་ཤིས།

ཐུགས་ལ་མི་དགྱེས་མེད་པའི་བཀྲ་ཤིས།

ཀུན་ཏུ་བཟང་མོ་ཀུན་ནས་བཀྲ་ཤིས། །

 

འཁྲབ་ཚན་དང་པོ་མཇུག་འགྲིལ་བར་བྱའོ།

འཁྲབ་ཚན་གཉིས་པ།

 

།བྲན་མོ་ཟུང་གི་ཕྲག་དོག་གཡོ་ཇུས་ཀྱིས།

།ཀུན་ཏུ་བཟང་མོའི་གསེར་གཞོང་ཆུ་ལ་བོར།

 

 

 

གཡོག་མོ་གཉིས་དང་ཨ་མ་བཅས་ཀྱི་གསང་གཏམ་བརྗོད་པའི་ཚུལ

གཡོག་མོ་གཉིས་ནང་ལ་ཡོང་ནས། རིག་ལྡན་མས། མ་དགའ་བའི་རྣམ་འགྱུར་ཅིག་བསྟན་ནས་ཨ་མའི་འཁྲིས་སུ་ཡོང་ནས།

མི་ཚང་མས་སྲས་མོ་ལ་དགའ་གུས་དང་བྱམས་པོ་བྱེད། ང་གཉིས་ལ་མིག་གིས་ལྟ་མཁན་ཡང་མི་འདུག ང་ཡང་བློ་རིག་པ་མོའི་ལྷག་མིན་ན་ངན་མིན།

མཛེས་ལྡན་མས། ངས་ཀྱང་དེ་འདྲ་བསམ་གི་འདུག ང་ཡང་ཡག་མོ་སྒོ་མོ་སྲས་མོ་དང་གཅིག་པ་ཡིན། མི་འདྲ་བ་ག་རེ་ཡོད། ང་ཚོ་ཆུང་དུས་ནས་སྲས་མོ་དང་མཉམ་དུ་འགྲོགས་པ་རེད།

ཨ་མས། བློ་རིག་པ་དང་མཛེས་ལང་ཚོ་ག་ཚོད་ཅིག་ཡོད་ན་ཡང། ཁྱོད་གཉིས་ནམ་ཡིན་ན་ཡང་སྲས་མོ་དང་འདྲ་བ་ཡོང་གི་མ་རེད།

བུ་མོ་གཉིས་ཀྱིས་མཉམ་དུ། དེ་ག་རེ་ཡིན་ནམ། མ་མཐའ་ཡང་ང་གཉིས་སྲས་མོའི་རྩེད་རོགས་རེད།

ཨ་མས། རྩེད་རོགས། མིང་འདི་སྙན་པོ་ཞིག་རེད། འོན་ཀྱང་དོན་ལ་ཁྱོད་གཉིས་སྲས་མོའི་གཡོག་མོ་རེད། དེ་བས་མི་ཚང་མས་ཁྱོད་གཉིས་ལ་ཡིད་སྨོན་བྱེད་ཀྱི་ཡོད་པ་མ་རེད།

རིག་ལྡན་མས། འོ་ན། ང་རང་གཉིས་ལ་ཡང་སྲས་མོའི་མཚན་ཐོགས་དགོས་པ་ཨེ་རེད།

ཨ་མས། རེད། གཙོ་བོ་མིང་ཞིག་བརྗེ་རྒྱུ་དེ་རེད།

མཛེས་ལྡན་མས། འོ་ན། ཨ་མ་རང་ལ་དེ་འདྲའི་ཐབས་ཤེས་རེ་ཡོད་དམ།

ཨ་མས། ང་ཚོའི་ལྡུམ་རའི་ནང་གི་མེ་ཏོག་ཕལ་བ་ཞིག་ཡིན་ན་ཡང། དེ་མེད་སའི་ས་ཆ་གཞན་ཞིག་གི་མེ་ཏོག་ཁྲོད་བཙུགས་ན་མ་མཐའ་ཡང་གཞན་དང་འདྲ་མཉམ་ཡོང་གི་རེད།

མཛེས་ལྡན་མས། ཨ་མའི་ག་རེ་བཤད་ཀྱིན་ཡོད། མེ་ཏོག་དང་ང་ཚོ་འབྲེལ་བ་ག་རེ་འདུག

རིག་ལྡན་མས། ཨ་མས་བཤད་ན། ངེད་གཉིས་རྒྱལ་ཁབ་གཞན་ཞིག་ལ་འཁྱམས་ནས་རྒྱལ་པོའི་སྲས་མོ་རྫུན་མ་ཞིག་བྱེད་དགོས་ཟེར་བ་མ་ཡིན་ནམ།

ཨ་མས། རིག་ཡག་མ། འགྲིགས་སོང༌། ཁྱོད་གཉིས་ཀྱིས་རྒྱན་གོས་ཡག་པོ་རེ་གྱོན་ན། གཟུགས་སྐྱེ་ལུས་དང་རྣམ་པ་མཛེས་པོ་ཡོད་པའི་ཐོག ཆུང་དུས་ནས་རྒྱལ་པོའི་སྲས་མོ་དང་འགྲོགས་པས། ཕྱོགས་གང་ཅིའི་ཐད་ནས་ཡོན་ཏན་ཡང་གང་འཚམ་འགོས་ཡོད་པ་རེད། ཁྱོད་གཉིས་ལ་ཡིད་ཆེས་ཀི་རེད། ཅེས་བུ་མོ་གཉིས་ལ་ལྟབཞིན་དགའ་ཉམས་ཀྱིས་བཤད།

རིག་ལྡན་མས། ཧ་ཅང་དགའ་ཉམས་བཅས།  ངེད་གཉིས་སྲས་མོ་ལྟ་བུ་ཞིག་ཆགས་ན་འདོད་པ་གཅིག་པུ་མ་ཡིན་པར་སྲས་མོ་ཀུན་བཟང་མ་དང་གོ་ས་བརྗེ་ཐུབ་པ་ཞིག་དགོས།

མཛེས་ལྡན་མས།དེ་འདྲ་བྱུང་ན་དགའ་བ་ལ། ངའི་སྙིང་ནད་ཀྱང་སངས་འགྲོ་ས་རེད། ཡིན་ན་ཡང་དེ་འདྲ་ཞིག་ག་ལ་ཡོང། ཧ་ཅང་དགའ་ཉམས་བསྟན།

རིག་ལྡན་མས། སྲས་མོ་ལ་མགོ་སྐོར་བཏང་ནས་ངེད་གཉིས་མཉམ་དུ་འཁྲིད་འགྲོ་དགོས། དེ་ལ་ངས་ཐབས་ཤེས་ཤིག་འཚོལ་ཐག་ཆོད་ཡིན། ཞེས་བཤད་དེ་ཨ་མ་དང་མཛེས་ལྡན་མའི་མགོ་མཉམ་དུ་སྦྱར་ཏེ་རྣ་ནང་ལ་ཤབ་ཤུབ་ཅིག་བཤད་རྗེས་ཚང་མས་མཉམ་དུ། ཧ་ཧ་ཧ་་་་་

དེ་ནས་བུ་མོ་གཉིས་སྲས་མོ་བཞུགས་སར་སོང་ནས་གུས་ཞབས་དང་བཅས་རིག་ལྡན་མ་ན་རེ།

ཀྱེ་ལྷ་ཅིག་སྲས་མོ་ལགས། སྐུ་ཁམས་བདེ།

སྲས་མོས། ང་བདེ་བོ་ཡིན། ཁྱེད་རང་གཉིས་གང་ལ་འགྲོ་རྩིས་ཡིན།

མཛེས་ལྡན་མས།དེ་རིང་གནམ་གཤིས་ཧ་ཅང་བཟང། ངེད་གཉིས་གཙང་ཆུའི་ཁ་ལ་གོས་འཁྲུད་དུ་འགྲོ་བ་ཡིན། སྲས་མོ་ཁྱེད་ཀྱང་སྐུ་ཁྲུས་དང་ཆུ་རྩེད་གནང་བར་ཕེབས་ན་བཟང།

སྲས་མོས། ཡག་པོ་འདུག ང་ཚོ་མཉམ་དུ་འགྲོ

རིག་ལྡན་མས།སྲས་མོས་གསེར་གྱི་གཞོང་བ་སྣོམས་དང། ངེད་གཉིས་ཟངས་ཀྱི་གཞོང་བ་བཟུང་ནས་འགྲོ

སྲས་མོས།གསེར་གཞོང་ནི་ངེད་ཚང་གི་གཡང་རྟེན་ནོར་བུ་ཡིན་པས། གལ་ཏེ་བརླག་སོང་ན་དཔེ་བསགས་པ་རེད།

རིག་ལྡན་མས། བརླག་གི་མ་རེད། ཁྱེད་ནི་སྲས་མོ་ཡིན་པས་ངེས་པར་གསེར་གཞོང་ནང་ལ་སྐུ་ཁྲུས་གསོལ་འོས། ངེད་གཉིས་གཡོག་མོ་ཡིན་པས་ཟངས་གཞོང་ནང་ལ་གོས་འཁྲུད་པའི་ཐོབ་ཐང་ལས་མེད།

མཛེས་ལྡན་མས། དེ་འདྲ་རེད། སྲས་མོས་གསེར་གཞོང་སྣོམས་རོགས།

སྲས་མོས། གསེར་གཞོང་དང་ཟངས་གཞོང་ལ་ཁྱད་པར་ཡོད་ཀྱང། ཁྱེད་རང་གཉིས་ངའི་རྩེད་རོགས་ཡིན་པས་ང་ཚོའི་བར་ལ་དེ་འདྲའི་ཁྱད་པར་ཅི་ལ་ཡོད།

རིག་ལྡན་མས། སྲས་མོས་ངེད་གཉིས་ལ་དེ་འདྲའི་བརྩེ་སེམས་བཅངས་གནང་བ་ཐུགས་རྗེ་ཆེ། ཡིན་ཡང། མི་གཞན་གྱིས་སྲས་མོ་དང་ངེད་གཉིས་བར་ལ། གསེར་གཞོང་དང་ཟངས་གཞོང་ལས་ཀྱང་ཁྱད་པར་ཆེན་པོ་བརྩི་གིན་ཡོད་པ་རེད།

སྲས་མོས། དེ་འདྲ་ཡིན་ནམ། ཁྱེད་གཉིས་ལ་གཞན་གྱིས་མཐོང་ཆུང་བྱས་པ་ཡིན་ནམ།

མཛེས་ལྡན་མས། སྲས་མོ་ངེད་གཉིས་ལ་ཐུགས་བརྩེ་ཆེ་བས་གཞན་གྱིས་བརྙས་བཅོས་ག་ལ་བྱེད་ཕོད། འོན་ཀྱང་ཕྲག་དོག་བྱེད་ངེས་རེད།

རིག་ལྡན་མས། རེད། གང་ལྟར་ངེད་གཉིས་ཀྱིས་སྲས་མོར་ཞབས་ཞུ་བྱེད་ཐུབ་པ་འདི་ངེད་རང་གཉིས་ཀྱི་བསོད་ནམས་རེད། སྲས་མོ་ངོ་མ་ངེད་གཉིས་ལ་ཐུགས་རྩིས་དེ་འདྲ་ཆེན་པོ་ཡོད་ན། དེ་རིང་ངེད་གཉིས་ཀྱི་འདོད་མོས་བཞིན་ཕེབས་པའི་རེ་བ་ཡོད།

སྲས་མོས། འོ་ན་འགྲིག་གི ཨ་ཅེ་གཉིས་ཀྱིས་ཏོག་ཙམ་སྒུག་དང༌། ངས་གསེར་གཞོང་འཁྱེར་ནས་མགྱོགས་པོ་ལོག་ཡོང། ཞེས་གསུངས་པ་དང་གཡོག་མོ་གཉིས་ཀས་དགའ་གུས་ཀྱི་རྣམ་འགྱུར་དང་བཅས། ལགས་ལགས་སོ། སྲས་མོ་ཐུགས་རྗེ་ཆེ། ཞེས་ལན་བཏབ་ནས་ཕན་ཚུན་གྱི་གདོང་ལ་གཅིག་བལྟས་ནས་གཡོ་འཛུམ་རེ་བསྟན་ནས་བསྒུག་བསྡད་པ་དང་སྲས་མོས་གསེར་གཞོང་དབུ་ལ་བཏེགས་ཏེ་ཕེབས་པ་དང་ཁོང་ཚོ་གསུམ་པོ་དགའ་བཞིན་དུ་གཙང་འགྲམ་དུ་བསྐྱོད།

འཁྲབ་ཡུལ། ནེ་གསིང་དང་རྫིང་བུ ཆུ་བྱ་མང་པོ་ཡོད་པའི་དབེན་ཞིང་ཉམས་དགའ་བའི་གཙང་པོ་ཞིག་གི་འགྲམ་དུ

རིག་ལྡན་མས། ཀྱེ་ལྷ་གཅིག ཁྱེད་ཀྱི་གསེར་གཞོང་དེ་ངའི་ལག་ལ་གཅིག་བཞག་ན་ཆོག་གམ།

སྲས་མོས། དེ་ལོས་ཆོག ཁྱེད་རང་ལོངས་དང།

རིག་ལྡན་མས། ལགས་སོ་ཐུགས་རྗེ་ཆེ། ཞེས་གསེར་གཞོང་ལག་ལ་བླངས་ཏེ་འགྱོག་ཙམ་འགྱོག་ཙམ་ཞིག་བྱས་ཏེ། ཡ་མཚར་བའི་ཁུལ་གྱིས། ལྷ་ཅིག འདི་གསེར་གཞོང་ནོར་བུ་ངོ་མ་དེ་མིན་པ་འདྲ། འདི་འདྲ་ཡང་མོ་ཞིག

སྲས་མོས། ངེད་ཚང་ལ་འདི་མ་གཏོགས་གསེར་གཞོང་ནོར་བུ་གཞན་ཞིག་མེད། འདི་གསེར་སྲབ་མོ་ཡིན་པས་རེད།

རིག་ལྡན་མས། འདི་གསེར་གཞོང་ངོ་མ་ཡིན་ན་ཡང་སྲས་མོའི་ཕྱག་ལ་བཟུང་ནས་གསེར་ལྷད་མ་ཞིག་ཏུ་གྱུར་ཡོད་པ་འདྲ།

སྲས་མོ། དེ་འདྲ་ཡོད་དམ། ཁྱེད་ཀྱིས་ང་ལ་བསོད་ནམས་མི་འདུག་ཟེར་བ་ཡིན་ནམ།

མཛེས་ལྡན་མས། རིན་པོ་ཆེ་ཡིན་མིན་དང་བསོད་ནམས་སུ་ཆེ་དེ་ལྟ་རྒྱུ་ལས་སླ་མོ་རེད། གསེར་གཞོང་དང་ཟངས་གཞོང་གཉིས་ཆུའི་སྟེང་ལ་བཞག་ན་ཤེས་ཀི་རེད།

སྲས་མོས། དེ་འདྲ་བྱེད་མི་ཉན། གལ་ཏེ་ཆུས་ཁྱེར་སོང་ན། ཡབ་རྒྱལ་པོས་ང་ཚོར་བཀའ་ཆད་གནང་ཡོང།

རིག་ལྡན་མས། གལ་ཏེ་ཆུར་ནུབ་ནས་ཁུར་སོང་ན་དེ་རིན་པོ་ཆེ་མིན་པ་དང་བསོད་ནམས་མེད་པའི་རྟགས་རེད།

མཛེས་ལྡན་མས། ལྷ་ཅིག་ཁྱེད་གཞན་ལས་ཁྱད་པར་བ་ཡིན་པས་བསོད་ནམས་ཀྱང་ཆེན་པོ་ཡོད་པས་ཞེད་དགོས་དོན་མེད།

རིག་ལྡན་མས། ངས་ཁས་མི་ལེན། དེ་རིང་ངས་ང་ཚོའི་བསོད་ནམས་སུ་ཆེ་ལ་དངོས་སུ་ལྟ་ན་འདོད། ཁྱེད་གཉིས་ལས་ང་བསོད་ནམས་ཆེན་པོ་ཡོད། སྲས་མོ་ཡིད་མི་ཆེས་ན་གཟིགས་དང། ཞེས་རང་གི་ཟངས་གཞོང་དེ་འགྲམ་གྱི་ཆུ་འཁོར་ཆེན་པོ་གཏིང་ཟབ་པ་ཞིག་ཡོད་པ་དེའི་སྟེང་ལ་བཞག་པས་ཟངས་གཞོང་ཡང་མོ་ཡོད་པས་ཆུར་མ་ནུབ་ཅིང་མ་ཁྱེར་བར་རླུང་གིས་གདུགས་བསྐོར་བ་བཞིན་འཁོར་ནས་བསྡད་པས། དེར་མཛེས་ལྡན་མས་ཀྱང། ངོ་མ་ཨ་ཆེ་རང་བསོད་ནམས་ཆེན་པོ་འདུག ང་རང་ལ་དེ་འདྲའི་བསོད་ནམས་ཡོད་འདུག་མི་ཤེས། ཞེས་ཅུང་ཞེད་སྣང་ངང་ཟངས་གཞོང་དེར་བཞག་པས་སྔར་བཞིན་འཁོར་ནས་བསྡད་པས། ངའི་ཟངས་གཞོང་ཡང་ནུབ་མ་སོང། ང་ལ་ཡང་བསོད་ནམས་ཆན་པོ་འདུག་ཅེས་དགའ་འབོད་བསྒྲགས།

རིག་ལྡན་མས། ཟངས་གཞོང་གསེར་གཞོང་ལྟ་བུའི་རིན་པོ་ཆེ་རྩ་ཆེན་མིན་ན་ཡང་ངེད་གཉིས་བསོད་ནམས་ཆེན་པོ་ཡོད་པས་ཆུར་མ་ནུབ་པ་རེད། ད་ལྷ་ཅིག་རང་གསེར་གཞོང་འཇོག་ཕོད་ཀྱི་འདུག་གམ་ཞེས་ཅུང་ང་རྒྱལ་ངང་བཤད།

སྲས་མོས། འོ་ན་ངས་ཀྱང་ཚོད་ལྟ་ཞིག་བྱ་ཟེར་ནས་ཡིད་ཆེས་ཏེ་གསེར་གཞོང་ག་ལེར་ཀློང་འཁོར་ཐོག་བཞག་པས་ཡོམ་ཡོམ་འགའ་བྱེད་ཀྱིན་ནུབ་སང་པས་སྲས་མོས། ངའི་གསེར་གཞོང་ནུབ་སོང༌། ད་དཔེ་བསགས་སོང། ཞེས་གསུང་སྐད་ཤོར།

རིག་ལྡན་མས། བསོད་ནམས་ཅན་ལ་ལྕགས་ཀྱང་གསེར་དུ་འགྱུར། བསོད་ནམས་མེད་ན་གསེར་ཡང་རྡོ་ལ་འགྱུར་ཟེར་བ་དེ་བདེན་པ་རང་རེད། ལྷ་ཅིག་རིགས་མཐོན་པོར་སྐྱེས་པས་ཀུན་གྱིས་བཀུར་ན་ཡང། བསོད་དམན་འདི་འདྲ་ཡིན་པ་སུས་ཤེས། ཞེས་མཐོང་ཆུང་གིས་བཤད།

མཛེས་ལྡན་མས་ཀྱང། མ་དགའ་བའི་རྣམ་འགྱུར་དང་བཅས། འདི་གཞན་གྱིས་གོ་ན་ངོ་ཚ། སྤྱིར་བུད་མེད་ཐམས་ཅད་ཀྱི་ངོ་ཚ་དང། ལྷག་པར་དུ་ཡང་ཡབ་ཡུམ་འཁོར་བཅས་པའི་ངོ་ཚ། དེར་མ་ཟད་ད་དུང་ངེད་གསུམ་པོའི་མི་ཚེ་ཡང་བརླགས་པ་རེད། ད་ག་རེ་བྱེད་དགོས་པ་རེད་ཅེས་འཁངས།

སྲས་མོས། མ་གཞི་ཨ་ཅེ་གཉིས་མིན་ན་འདི་འདྲ་བྱུང་མེད་ཀྱང། ད་འདིའི་འགན་ཆ་ཚང་ང་རང་གིས་འཁུར་ཆོག ཨ་ཅེ་གཉིས་སོང་ནས་ཡབ་ཡུམ་གཉིས་ལ་གནས་ཚུལ་འདི་ཞུ་རོགས།

རིག་ལྡན་མས། ང་འགྲོ་མི་ཕོད། གསེར་གཞོང་རྒྱལ་སྲིད་སྐྱོང་བའི་ནོར་བུ་རེད། གསེར་གཞོང་བོར་སོང་ཞེས་ཞུས་ན་ངའི་ལྕེ་གཅོད་རྒྱུ་རེད། ད་ང་ཚོ་ས་ཆ་གཞན་དུ་འགྲོ་བ་ལས་ལམ་མེད།

སྲས་མོས། གང་ལྟར་ང་རྒྱལ་པོའི་སྲས་མོ་ཡིན། གསེར་གཞོང་ལས་ལྷག་པ་མིན་ཡང་དམན་པ་ཡིན་གྱི་མ་རེད། ཡབ་ཡུམ་གཉིས་ང་ལ་བརྩེ་སེམས་ཆེན་པོ་ཡོད། ང་རང་སོང་ནས་ཞུས་ཆོག ཉེས་ཆད་ཅི་བཅད་ཀྱང་ང་རང་གཅིག་པུས་འཁུར་ཆོག ཁྱོད་གཉིས་ལ་སྡུག་པོ་གཏོང་དགོས་དོན་མེད།

རིག་ལྡན་མས། རྒྱལ་སྲིད་སྐྱོང་ལ་སྲས་དགོས། དེ་མེད་ན་ནོར་བུ་དགོས། སྲས་མོ་རང་འདི་འདྲའི་བསོད་དམན་ཞིག་ཡིན་པ་ཡབ་ཡུམ་གཉིས་ཀས་མཁྱེན་ན་ཁྱོད་མ་བསད་ན་ཡང༌། ཁྱིམ་ནས་ཕུད་རྒྱུ་ཉག་གཅིག་རེད།

མཛེས་ལྡན་མས། བདེན་པ་རེད། སྲས་མོ་ཁྱེད་འདྲ་བའི་བསོད་ཟད་ཅིག་རྒྱལ་པོའི་ཕོ་བྲང་དུ་འདུག་པ་ལས་མ་བསྡད་ན་བཟང། རྗེས་མ་ཡབ་ཡུམ་གཉིས་འཕུང་གི་འཇུག་ཐག་ཆོད་རེད།

སྲས་མོས། སྤྱན་ཆབ་བསིལ་བཞིན་དུ། ཨ་ཅེ་གཉིས། ད་འོ་ན་ང་ཚོས་ག་རེ་བྱེད་དགོས་པ་རེད། ང་ས་མཐར་འགྲོ་རྒྱུ་ཅང་མ་རེད། ད་གསེར་གཞོང་བརླགས་པས་ངས་ཡབ་ཡུམ་གཉིས་ལ་དྲིན་ལན་ལོག་འཇལ་བྱས་སོང།

རིག་ལྡན་མས། སྐབས་དེར། ཕྱི་རོལ་པའི་ཁ་ཆེ་སྦྱིན་བདག་ཅིག་ཉེ་འགྲམ་དེ་ན་རྟ་ཞོན་ནས་འགྲོ་གིན་ཡོད་པ་མཐོང་ནས། སྲས་མོ་དང་ཁྱེད་གཉིས་ཅུང་བཞུགས་དང། ཞེས་ཕར་རྒྱུགས་སོང་ནས། གུས་ཞབས་དང་བཅས ཀྱེ་སྦྱིན་བདག་ཆེན་པོ་ལགས། ཁོ་མོར་དོན་ཆེན་ཞིག་ཡོད་པས་རོགས་མགོན་ཞིག་བྱེད་རོགས།

ཁ་ཆེ་དེས། ག་རེ། ཁྱེད་ཚོ་རྒྱལ་ངན་དཔལ་ལྡན་གྱི་མི་མ་རེད་དམ། ང་ལ་ག་རེ་བྱས་ནས་ཞུ་བ་བྱེད་ཀིན་ཡོད། ཅེས་མ་དགའ་བའི་ཉམས་ཀྱིས་བཤད།

རིག་ལྡན་མས། ངེད་སྤུན་གཉིས་རྒྱལ་ངན་དེའི་གཡོག་མོ་ལས་ངན་གཉིས་ཡིན། ངེད་གཉིས་སྦྱིན་བདག་ཁྱེད་ལ་དད་པ་ཡོད། རྒྱལ་པོ་དེས་ཁྱེད་ལ་རྟག་ཏུ་ངན་བཤད་ཀྱིན་ཡོད་རེད། ད་རེས་ཁྱེད་ཀྱིས་རྒྱལ་ངན་དེ་ལ་གནོད་པ་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡོད།

ཁ་ཆེ་དེས། དགའ་ཉམས་ཀྱིས། ཨོ། དེ་འདྲ་ཞིག་ཡིན་ནམ། དོན་དག་ག་རེ་རེད། ཤོད་དང༌། ངས་རོགས་པ་བྱེད་ཆོག ཅེས་རྟ་ལས་བབས་ཏེ་མོའི་འཁྲིས་སུ་བཅར།

རིག་ལྡན་མས། ངས་སྲས་མོར་མགོ་སྐོར་བཏང་ནས་གསེར་གཞོང་ནོར་བུ་ཆུ་ལ་ནུབ་བཅུག་པ་ཡིན། དེ་བས་མོ་ལ་ཞེད་སྣང་བསྐུལ་ཏེ་ཆུ་ནང་ལ་འཆི་འཇུག་གི་ཡིན།

ཁ་ཆེས། ཧ་ཅང་དགའ་ཉམས་ཀྱིས ཨོ་ཨོ་་་དེ་འདྲ་ དེ་འདྲའི་གཏམ་བཟང། རྒྱལ་ངན་དཔལ་ལྡན་ལ་རྒྱལ་སྲིད་སྐྱོང་བའི་སྲས་མེད་པའི་ཐོག གསེར་གཞོང་ཡང་བརླགས། ད་དུང་བུ་མོ་ཡང་མེད་པ་བཟོ་བ། ད་འོ་ན་ངས་རོགས་པ་ག་རེ་བྱེད་དགོས།

རིག་ལྡན་མས། རྒྱལ་ཁང་གི་འོག་ན་རྨོ་མོ་ནོར་དགའ་མ་ཟེར་བ་ཞིག་ཡོད། དེ་ངེད་གཉིས་ཀྱི་ཨ་མ་རེད། ཁྱེད་རང་མགྱོགས་པོ་ཕེབས་ནས་མོ་ལ། ཆུ་ངོགས་ཀྱི་གསང་བ་ལེགས་གྲུབ་བྱུང་སོང་ཟེར། ཞེས་སྐད་འདི་གཅིག་པུ་བཤད་ན་འགྲིགས།

ཁ་ཆེས། ངས་ད་ལྟ་རང་བཤད་ཆོག ཅེས་དགའ་ཐག་ཆོད་ནས། རྟ་ལ་ལྕག་གིས་གཅིག་གཞུས་ནས་བྱ་འཕུར་བ་ལྟར་རྒྱུགས།

རིག་ལྡན་མ་ཕྱིར་ལོག་ནས། ངས་ཁོ་ལ་ཨ་མ་སར་གནས་ཚུལ་འདི་ཤོད་རོགས་ལབ་པ་ཡིན། ད་ཨ་མས་རྒྱལ་པོ་ཡབ་ཡུམ་ལ་ཞུས་ནས་ལན་འཁྱེར་ཡོང་གི་རེད། སྲས་མོ་རང་ལ་དཀའ་ངལ་མ་བྱུང་ན་གཡོག་མོ་ངེད་གཉིས་ལ་ག་རེ་བྱུང་ཡང་བྱུང། ཤ་ཚ་མདོག་ཁུལ་གྱིས་སྐྱོ་ཉམས་དང་བཅས་བཤད

སྲས་མོས། ཨ་ཅེ་དེ་འདྲ་མ་བཤད། ང་བསོད་ཟད་མ་ཞིག་ཡིན་པ་ངས་ཤེས་སོང། ངོ་མ་བཤད་ན་ཨ་ཅེ་ཁྱེད་གཉིས་ལ་སྲས་མོའི་མཚན་གསོལ་འོས་པ་ཞིག་རེད། ངས་ཡབ་ཡུམ་གཉིས་ལ་ཨ་ཅེ་རང་གཉིས་ལ་བསོད་ནམས་ཆེན་པོ་ཡོད་པ་བཤད་ནས་ང་ལས་ལྷག་པའི་གཟིགས་སྐྱོང་གནང་འཇུག་གི་ཡིན།

རིག་ལྡན་མས། སྤྱིར་བུད་མེད་ལས་ངན། ལྷག་པར་ངེད་གཉིས་གཡོག་མོ་ཞིག་རེད། དེ་རིང་ང་ཚོས་གསེར་གཞོང་བོར་ཚར་ནས་ད་བསོད་ནམས་ཆེན་པོ་འདུག་ཅེས་ཇི་ལྟར་བཤད། ད་གལ་ཏེ་སྲས་མོ་ཕྱིར་ནང་ལ་ལོག་ས་མེད་ན་ང་ཚོས་མཉམ་དུ་ས་མཐའ་འགྲིམས་ན་བཟང༌།

སྲས་མོས། དེ་འདྲ་ག་ལ་རུང། ང་འཆི་དགོས་ཀྱང་ཨ་ཅེ་ཁྱེད་རང་གཉིས་ལ་ཆད་པ་མི་ཡོང་བར་ངས་འགན་འཁུར།

མཛེས་ལྡན་མས། ང་ཚོ་ཆུང་དུས་ནས་མཉམ་དུ་འཚར་ལོངས་བྱུང་བ་རེད། ད་བར་དུ་ལྷ་ཅིག་རང་གི་ཐུགས་རྗེས་ངེད་གཉིས་ལ་ཡང་བདེ་སྐྱིད་བྱུང་བ་རེད། སྲས་མོ་དང་མཉམ་དུ་སྐྱིད་ཀྱི་རྟ་བོ་མཉམ་བཞོན་བྱས་ནས་ད་སྡུག་གི་ཁུར་བོ་མཉམ་འཁུར་མ་བྱས་ན་ལས་རྒྱུ་འབྲས་མེད་པ་རེད།

རིག་ལྡན་མས། ལྷ་ཅིག་རང་བསོད་ནམས་མེད་ན་ཡང། སེམས་པ་དཀར་པོ་དུང་རེད། རྗེས་མ་བསོད་ནམས་ཅན་ཞིག་ཆགས་ཐུབ་ཡང་སྲིད།

མཛེས་ལྡན་མས། རྒྱང་མིག་ཅིག་བལྟས་ནས། ཨོ། ཨ་མ་སླེབས་བྱུང། ཞེས་ཨ་མའི་མདུན་སར་རྒྱུགས་སོངབས། སྲས་མོ་དང་གཡོ་ལྡན་མ་གཉིས་ཀྱང་མོའི་རྗེས་སུ་སོང། ཨ་མས་རྟ་གཅིག་ཞོན་ནས་རྟ་གཉིས་ཁྲིད་དེ་སླེབས་བྱུང་བ་དང།

མཛེས་ལྡན་མས། ཨ་མ་ལགས། དོན་དག་ག་རེ་བྱུང་སོང། ཞེས་འཚབ་འཚུབ་ཀྱི་ཚུལ་གྱིས་དྲིས

སྲས་མོས། ཡབ་ཡུམ་གཉིས་ཀྱིས་ག་རེ་གསུང་བྱུང། རྟ་འདི་ཚོ་ཞེས་དངངས་འཚབ་སྐྱེ་བཞིན་བཤད་པ་དང

ནོར་དགའ་མས། མགོ་འཕྲེད་ལ་གཡུག་གཡུག་གིས་ཧ་ཅང་སྐྱོ་ཉམས་དང་བཅས་སྲས་མོའི་བཞིན་ལ་ལྟ་བཞིན།  ལྷ་གཅིག་ཁྱེད་རང་ཕྱིར་ཡོང་ས་མི་འདུག རྒྱལ་པོ་ཧ་ཅང་སྐུ་རླུང་ལངས་བྱུང། སྲས་མོ་ཁྱེད་ཀྱི་ཞལ་མཐོང་འདོད་མི་འདུག རྟ་འདི་བྱིན་ནས་ཐག་རིང་གི་ཐག་རིང་ཞིག་ཏུ་སོང་ཟེར།

སྲས་མོས། འོ་ན་ཨ་ཅེ་གཉིས་ལ་བཀའ་ཆད་ག་རེ་གནང་བྱུང་ངམ།

ནོར་དགའ་མས། ཁོ་གཉིས་ཀྱང་ད་ཕྱིན་ཆད་ཕོ་བྲང་དུ་ཡོང་མི་ཆོག་ཟེར། ཡིན་ཡང། སྲས་མོ་ཁྱེད་སྐུ་རྐྱང་རྒྱལ་ཁམས་འགྲིམས་ན་ཉེན་ཁ་ཆེ། དེ་བས་ངས་རྟ་གསུམ་པོ་འདི་ཁྲིད་ནས་འོང་བ་ཡིན།ཞེས་ཤ་ཚ་ཆེ་མདོག་ཁུལ་གྱིས་མོ་རང་གི་རྒྱབ་ལ་ཁུར་བའི་རས་ཐུམ་དེ་བླངས་ཏེ་འདིའི་ནང་ན་ཟས་གོས་དང་དངུལ་ཉུང་ཙམ་ཞིག་ཡོད། ད་ཁྱེད་ཚོ་མགྱོགས་པོ་ལམ་ལ་ཆས། འདི་ནས་ལྷོ་ཕྱོགས་སུ་སོང།

སྲས་མོས། ཨ་ཅེ་ཁོང་གཉིས་ང་མཉམ་དུ་དོན་མེད་དཀའ་ལས་ཁག་བཅུག་ན་མི་འགྲིགས། ཁྱེད་མ་སྨད་ཚང་མས་ངའི་ཆེད་དུ་ཐུགས་ཁྲལ་གནང་བ་འདིས་འགྲིགས། ལས་ངན་མ་ངས་ཁྱེད་ཚོ་ལའང་གནོད་པ་སྐྱེལ་སོང་བས། ད་དུང་ངའི་མཉམ་དུ་འཁྲིད་འགྲོ་ག་ལ་རུང། ཞེས་ཧ་ཅང་གནོང་འགྱོད་ཀྱི་ཉམས་ཀྱིས་བཤད།

རིག་ལྡན་མས། ཨ་མ་ལགས་ཐུགས་རྗེ་ཆེ། ངེད་གཉིས་ཀྱིས་ཀྱང་གལ་ཏེ་ལྷ་གཅིག་ཕྱིར་ལོག་ས་མེད་ན་མཉམ་དུ་རྒྱལ་ཁམས་འགྲིམ་རྒྱུ་ཡིན་ཞེས་ཁས་བླངས་ཚར་ཡོད།

མཛེས་ལྡན་མས། རེད། ངེད་གཉིས་སྲས་མོ་དང་འགྲོགས་ནས་འགྲོ་རྒྱུ་ཡིན།

ནོར་དགའ་མས། ཁྱེད་ཚོས་དུས་ནམ་ཡང་ད་སྔ་བྱུང་བའི་གནས་ཚུལ་འདི་རིགས་གཞན་སུ་ལ་ཡང་བཤད་མི་ཉན། མ་ཟད་ཁྱེད་ཚོ་གསུམ་ག་རྒྱལ་ཕྲན་ཕམ་ཉེས་བྱུང་བ་ཞིག་གི་སྲས་མོ་ཡུལ་གྱར་བ་དག་ཡིན་ཞེས་བཤད་ན་ཡིད་ཆེས་ཀི་རེད། ཁྱེད་ཚོ་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཐོབ་ཀི་རེད།

སྲས་མོས། ཐུགས་རྗེ་ཆེ། གལ་ཏེ་ང་ཚོར་བདེ་སྐྱིད་ཅིག་ཐོབ་སོང་ན་རྨོ་མོ་རང་ཡང་ལེན་ཆོག

བུ་མོ་གཉིས་ཀྱིས། ཨ་མ་ལ་གསང་བའི་མིག་བརྡ་ཞིག་བྱེད་ཀྱིན རེད། ཨ་མ་རང་སྒུག་སྡོད་དང་ལེན་གི་ཡོང་ངེས་ཡིན། ཞེས་འཛུམ་ཙམ་བྱས།

སྲས་མོས། རང་གི་རྒྱལ་ཁང་གི་ཕྱོགས་ལ་ཕྱག་ཅིག་འཚལ་ནས། དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། ཡབ་ཡུམ་སྐུ་ཚེ་བདེ་བར་སྨོན། ཚེ་འདིར་དྲིན་ལན་མ་མཇོལ་ཡང། ཕྱི་མར་འཇལ་བའི་སྨོན་ལམ་འདེབས། ཞེས་ཡང་བསྐྱར་རྟའི་སྲབ་སྐྱོག་ལ་འཇུས་ཏེ།

འདི་བཞིན་ཚེ་རབས་ཐམས་ཅད་དུ། ཚུལ་ཁྲིམས་ཡོབ་ཏུ་རྐང་བཅུག་སྟེ། དད་པའི་རྟ་ལ་ཞོན་གྱུར་ནས། བརྩོན་འགྲུས་ལྕག་གིས་བྲབ་པར་ཤོག སྨོན་ལམ་སྲབ་ཀྱིས་ཁ་ལོ་སྒྱུར། རྫུ་འཕྲུལ་བཞི་ཡིས་སྐྱོད་གྱུར་ནས། བྱང་ཆུབ་ས་ལ་སླེབས་པར་ཤོག །ཅེས་སྨོན་ལམ་རྩེ་གཅིག་ཏུ་བཏབ་རྗེས་ནོར་དགའ་མས་སྲས་མོ་བསྐྱོར་ཏེ་ཆིབས་པར་བསྐྱོན་ནས། སྲས་མོའི་ཆིབས་རྟའི་སྲབ་སྐྱོག་ལ་འཇུས་ཏེ་ཤ་ཚ་ཆེ་མདོག་ཁུལ་གྱིས།

ལྷ་གཅིག་མཆོག ཁྱེད་གང་དུ་ཕེབས་ན་ཡང་ལྷ་གཅིག་ཡིན་པས་ངའི་བུ་མོ་གཉིས་དང་འདྲ་གི་མ་རེད། སྐུ་གཟུགས་ལ་ཐུགས་བཅག་གནང་རོགས། ཁྱེད་ཚོའི་བསམ་དོན་ཆོས་བཞིན་འགྲུབ་པར་ཤོག

སྲས་མོས། དགའ་སྐྱོའི་ངང་ནསརྨོ་མོ་ལགས་ཀྱིས་ཐུགས་ཁུར་གནང་བ་ཐུགས་རྗེ་ཆེ།

ནོར་དགའ་མ། རང་གི་བུ་མོ་གཉིས་སར་སོང་ནས་ལག་པ་གཡས་གཡོན་གྱིས་མོ་རང་གཉིས་ཀྱི་སྐེ་ལ་འཐམས་ཏེ་འབྲལ་མི་ཐུབ་པའི་ཚུལ་གྱིས་ཁོ་མོ་གཉི་གའི་རྣ་རྩར་སྐད་དམའ་མོས།

ངས་ཁྱོད་གཉིས་ལ་བཤད་པ་ལྟར་གྱིས། ནམ་ཡང་གཡོ་སྒྱུའི་གདོང་པ་སྲས་མོས་མི་མཐོང་བ་བྱེད་དགོས། དོན་ཆེན་གྲུབ་ན་ང་ལ་གསང་བརྡ་བྱེད་དུ་ཤོག ཅེས་བཤད་དེ་ལྐོག་འཛུམ་ཞིག་དང་ལྷན་དུ་བུ་མོ་གཉིས་ཀྱང་རྟ་ལ་བསྐྱོན། ཁོ་ཚོ་གསུམ་ལམ་ལ་ཆས།

 

འཁྲབ་ཚན་གསུམ་པ།

 

།རྒྱལ་པོ་ཡབ་ཡུམ་མྱ་ངན་ཁུར་དང་བཅས།

།ཀུན་ཏུ་བཟང་མོ་ལྕེབས་སྙམ་འདས་མཆོད་བསྒྲུབས།

 

འཁྲབ་ཡུལ། རྒྱལ་པོའི་ཕོ་བྲང་ནང།

 

རྨོ་མོ་ནོར་དགའ་མས། དབུགས་སྟོད་ལ་འཚང་ཁུལ་གྱིས་རྒྱལ་པོ་ཡབ་ཡུམ་གཉིས་དང་བློན་ཆེན་འགའ་བཅས་ཕོ་བྲང་གི་སྐྱེད་ཚལ་ན་བཞུགས་པའི་ས་ལ་རྒྱུགས་ཡོང་ནས་གུས་ཕྱག་ཕུལ་ཏེ། རྒྱལ་པོ་ཡབ་ཡུམ་ལགས། སྲས་མོ་་་ སྲས་མོ་་་ ཞེས་ཞེད་མདོག་གིས་སྐད་ཆ་བཤད་ཐུབ་མི་ཐུབ་པའི་ཚུལ་བྱས།

ཡབ་ཡུམ་གཉིས་ཀས། སྲས་མོ་ལ་ག་རེ་བྱུང་སོང། མགྱོགས་པོ་ཤོད་དང། ཞེས་དངངས་འཚབ་དང་བཅས་མཉམ་དུ་བཞུགས་སྟེགས་ལས་ཡར་བཞེངས།

ནོར་དགའ་མས། སྲས་མོ་གཙང་པོས་ཁྱེར་སོང།

རྒྱལ་པོས། ཨ་་་ག་རེ། ཞེས་སྐད་ཅིག་ལ་ཞལ་མདོག་ནག་པོར་གྱུར།

བཙུན་མོས་ཀྱང། ཨ་་་ཞེས་གསུང་སྐད་རིང་པོ་ཞིག་ཤོར་ནས་ཞལ་གདངས་ནས་ཡུད་ཙམ་ལ་ཧད་ཅིང་ལུས་ཏེ། བརྒྱལ་བར་གྱུར། དེར་འགྲམ་གྱི་བློན་ཆེན་ཚོས་ལམ་སང་བཙུན་མོ་སྐྱོར་ཅིང་དྲན་པ་གསོ་བའི་ཆུ་གཏོར་བས་ག་ལེར་བརྒྱལ་ལས་སངས

ནོར་དགའ་མས། མུ་མཐུད་པུས་མོ་བཙུགས་ཏེ་སྐད་འདར་འདར་ཚུལ་གྱིས། སྲས་མོས་གཟབ་གཟབ་མ་བྱས་པར་གསེར་གཞོང་ནོར་བུ་གཙང་ཆེན་ནང་ཤོར་སོང་བས་དེ་ལེན་པར་བརྩམས་ནས་ཆུར་ལྷུང་བ་དང། གཡོག་མོ་གཉིས་ཀས་སྲས་མོ་སྐྱབས་ཕྱིར་ཆུར་མཆོངས་ཏེ་ཚང་མ་གཙང་པོས་ཁུར་སོང་ཟེར། ཞེས་ངུ་སྐད་འདོན་གྱིན་ཞུས།

བློན་ཆེན་དབང་ཕྱུག་གིས། རྒྱལ་པོ་ཡབ་ཡུམ་གྱིས་ཐུགས་སེམས་ལྷོད་ལ་འབབ་རོགས། ང་ཚོ་སོང་ནས་སྲས་མོའི་སྐུ་ཕུང་མ་རྙེད་ན་ཡང་གསེར་གཞོང་ཆུ་འོག་ལ་ཡོད་པས་ཕྱིར་རག་གི་རེད།

རྒྱལ་པོས། གསེར་གཞོང་ལས་ཀྱང་ང་ལ་སྲས་མོ་རྩ་ཆེན་ཡིན། མོ་དཀོན་མཆོག་གིས་ང་ལ་གནང་བ་ཡིན། ང་ལས་ངན་སོང་ནས་སྲས་མོ་གཅིག་པུ་ཡང་དབང་མ་སོང། ཁྱོད་ཚོ་སོང་ནས་ངེས་པར་སྲས་མོའི་སྐུ་ཕུང་འཚོལ་ཡོང་དགོས། ཞེས་སྤྱན་ཆབ་བསིལ་བཞིན་བཀའ་ཕབ་པ་དང༌། བློན་པོས། ལགས་སོ་ཞེས་མི་འགའ་ཁྲིད་དེ་གཙང་བོའི་ཕྱོགས་སུ་རྒྱུགས།

བཙུན་མོས།གསུང་སྐད་སྐྱོ་བོའི་ངང་ནས་འཁོར་གཡོག་ཚོར་བལྟས་ཏེམགྱོགས་པོ་དགེ་འདུན་པ་རྣམས་གདན་དྲངས་ཏེ་སྲས་མོའི་འདས་མཆོད་སྒྲུབ་པའི་གྲ་སྒྲིག་བྱོས།

དེ་ནས་རྒྱལ་པོ་ཡབ་ཡུམ་གཉིས་ག་ལེར་གཙུག་ལག་ཁང་དུ་ཕེབས་ཤིང་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་འདྲ་ཆེན་པོའི་དྲུང་དུ་ཕྱག་འཚལ་དང་སྐྱབས་འཇུག་སྨོན་ལམ་རྒྱག་པ་དང་དགེ་འདུན་པ་མང་པོས་སྲས་མོའི་འདས་མཆོད་ཀྱི་ཆོ་ག་སྒྲུབ་པའི་ཚུལ་གང་འོས་བཅས་འཁྲབ་ཚན་མཇུག་འགྲིལ།

 

 

འཁྲབ་ཚན་བཞི་བ།

 

།ཀུན་ཏུ་བཟང་མོ་བཤུལ་རིང་ཐང་སྟོང་དུ།

།བདེ་སྤྱོད་རྒྱལ་བུར་མཇལ་ནས་བཙུན་མོར་བསུས།

།ལས་དང་བསོད་ནམས་ཅན་དག་ལ།

།རྐྱེན་ངན་དག་ཀྱང་གྲོགས་སུ་འགྱུར།

 

འཁྲབ་མཁན། ཀུན་ཏུ་བཟང་མོ་དང་གཡོག་མོ་གཉིས། ལོ་ན་ཉི་ཤུར་སོན་པའི་རྒྱལ་པོ་བདེ་སྤྱོད་བཅས་དང། འཁྲབ་ཡུལ། མི་མེད་ལུང་སྟོང་ཆེན་པོ་ཞིག་གི་མདོ་ན་ཁོ་མོ་གསུམ་པོས་རྟ་ཞོན་ནས་ངལ་དུབ་ཆེ་བའི་ཚུལ་གྱིས་འགྲོ་བཞིན་པ་དང། ཁོ་ཚོའི་མདུན་གྱི་ཅུང་རིང་བའི་ལམ་མདོ་ནས་སྐྱ་མི་འགའ་ཞིག་མྱུར་བའི་ཚུལ་གྱིས་ཡོང་བཞིན་པ་མཐོང་ནས

 

མཛེས་ལྡན་མས། ཁོང་ཚོ་གང་དུ་འགྲོ་མཁན་ཡིན་ནམ། ཇག་ཚོགས་ཤིག་མིན་ནམ།

རིག་ལྡན་མས། ང་ཚོར་ཇག་པས་འཕྲོག་འགྲོ་རྒྱུ་ཅང་མེད་པར་ག་རེ་ཞེད་དགོས་ཡོད།

སྲས་མོས། ཁོང་ཚོའི་བཟོ་ལྟར་བལྟས་ན་སྤྱིར་བཏང་གི་མི་ཏག་ཏག་མ་རེད།

ཅེས་ཤོད་བཞིན་པའི་སྐབས་ཁོ་ཚོ་ཕན་ཚུན་ཐག་ཉེར་སླེབས་པ་དང་ཚང་མས་རྟ་ཁ་བསྒགས་ཏེ་ཕན་ཚུན་ལ་ཞིབ་ཏུ་ལྟ་རེས་བྱས། སྐབས་དེར་རྒྱལ་སྲས་བདེ་སྤྱོད་བློན་དམག་རྣམས་ཀྱི་མདུན་དུ་ཐོན་ནས། བུ་མོ་གསུམ་གང་ནས་ཡིན། ག་པར་འགྲོ

རིག་ལྡན་མས། ངེད་ཚོ་བྱང་ཕྱོགས་བཀྲ་ཤིས་པའི་ཡུལ་གྱི་རྒྱལ་ཕྲན་ཞིག་གི་སྲས་མོ་ཡིན། ད་ལྟ་རྒྱལ་སྲིད་ཉམས་ནས་ཡུལ་གཞན་ལ་འགྲོ་བ་ཡིན།

རྒྱལ་སྲས་ཀྱིས། ཁྱེད་ཚོ་རྒྱལ་ཕྲན་གང་ཞིག་གི་སྲས་མོ་ཡིན།

རིག་ལྡན་མས། གནས་སྐབས་ལོ་རྒྱུས་ཞུ་འདོད་མེད།

རྒྱལ་སྲས་ཀྱིས། ཕ་མི་བཤད་པའི་བུ་མོ་ཁྱོད་ལ་ཅི་ཞིག་དགོས།

རིག་ལྡན་མས། ཕུན་ཚོགས་ཡོན་ཏན་ལྡན་པའི་གྲོགས་མཆོག་རྒྱལ་སྲས་ཤིག་དགོས།

རྒྱལ་སྲས་ཀྱིས། དེ་ནི་ང་ཡིན། ང་ནི་བདེ་ལྡན་རྒྱལ་པོའི་སྲས་བདེ་སྤྱོད་བཟང་པོ་ཡིན། འོ་ན་ཁྱོད་ཚོ་ལ་ཡོན་ཏན་ཅི་ཡོད་ཤོད་ཅིག

རིག་ལྡན་མས། བལ་འཇམ་རྒྱ་མ་གང་གིས་མི་བཅུའི་གོས་བཟོ་ཐུབ། ད་དུང་བློ་དང་རིག་པ་གསལ།

མཛེས་ལྡན་མས། འབྲས་རྒྱ་མ་གང་གིས་མི་བཅུའི་ཟ་མ་འདང་བ་བཟོ་ཤེས། ད་དུང་གཟུགས་ལང་ཚོ་མཚར།

སྲས་མོས། གུས་ཞབས་དང་བཅས། རྒྱལ་སྲས་ལགས། ཁོ་མོའི་མིང་ལ་ཀུན་ཏུ་བཟང་མོ་ཞུ། བུ་མོ་ང་བསོད་ནམས་ཆུང། ཐབས་དང་ཤེས་རབ་དམན། ཡབ་ཡུམ་དང་བྲལ་ནས་ས་མཐའ་འཁྱམ་དགོས་བྱུང དམ་པའི་ལྷ་ཆོས་ཤིག་སྒྲུབ་སྙིང་འདོད།

རྒྱལ་སྲས་ཀྱིས། བུ་མོ་ཆེ་བ་ལག་ཤེས་བཟང་གི འབྲིང་བ་ཟས་སྦྱོར་ལ་མཁས་འདུག ཡིན་ན་ཡང་ཕ་ཐ་མ་ནོར་གྱིས་ཕྱུག་ཟེར་བས་ཡོན་ཏན་ཐ་མ་རེད། དེ་བས་ཁྱེད་གཉིས་གཡོག་མོ་ཡག་ཤོས་ཤིག་ཡོང་བ་འདྲ། བུ་མོ་ཆུང་བ་ཁེངས་སྐྱུང་དང་ཆོག་ཤེས་ཅན། ཆོས་དད་ཆེ་བ་ཞིག་འདུག ཡོན་ཏན་ཁྱད་པར་བ་ཡོད་ངེས། ཞེས་སྲས་མོའི་བཞིན་ལ་བལྟ་བཞིན་བཤད་པས། བུ་མོ་གཞན་གཉིས་ཀས་གཅིག་གཅིག་གི་གདོང་ལ་ལྟ་ཙམ་གྱིས་མ་དགའ་བའི་རྣམ་འགྱུར་ཅིག་བསྟན།

སྲས་མོས། ངས་ཚེ་སྔོན་མར་བསོད་ནམས་མ་བསགས་པས། དེང་སང་ང་ནོར་ལོངས་སྤྱོད་དང་བྲལ། ཚེ་སྔོན་མར་བྱམས་པ་མ་བསྒོམས་པས། ཡབ་ཡུམ་གཉེན་དང་གསོན་བྲལ་བྱེད་དགོས་པར་གྱུར། ང་ནི་ཤེས་རབ་ཀྱི་མིག་མེད་པས་བླང་དོར་གྱི་ལམ་མི་ཤེས། ཁོ་མོར་ཡོན་ཏན་མེད་པས་འདིར་འཁྱམ་ནས་འོང།

རྒྱལ་སྲས་ཀྱིས། ཁྱེད་ལ་འཁང་ཚིག་ཅིག་ཡང་འདུག རྐྱེན་ངན་ཅི་བྱུང་ང་ལ་དྲང་པོར་སྨོས།

སྲས་མོས། རྐྱེན་ངན་དག་ཡང་བུ་མོ་ང་ལ་ཐུག འདས་པའི་བྱ་བ་ཞུས་ནས་ཕན་ཐོགས་མེད། རྒྱལ་སྲས་དགོངས་ཚོམ་མེད་པར་ག་ལེར་ཕེབས།

རྒྱལ་པོས། ཁྱོད་ཀྱི་རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར། ངེས་པར་ཡོན་ཏན་ཅི་ཡོད་ཤེས་ན་འདོད།

སྲས་མོས། ང་ལ་ཡོད་པ་དད་པ་སྙིང་རྗེ་ཡིན། དེ་བས་མགོན་སྐྱབས་དཀོན་མཆོག་གསུམ་པོ་ཡོད། མཆོག་གསུམ་ཐུགས་རྗེའི་བྱིན་རླབས་ཀྱིས། བདག་གི་འདོད་པ་འགྲུབ་པར་འགྱུར། སངས་རྒྱས་རྣམས་ལ་སྐྱབས་འགྲོ་བས། ལུས་སྟོད་གསེར་ལས་གྲུབ་པ་དང། དམ་པའི་ཆོས་ལ་སྐྱབས་འགྲོ་བས། སྐེད་པ་དུང་ལས་གྲུབ་པ་དང། དགེ་འདུན་ཚོགས་ལ་སྐྱབསའགྲོ་བས། ལུས་སྨད་གཡུ་ལས་གྲུབ་པ་བཅས། སྲས་ཤིག་འཁྲུངས་པའི་ལུང་བསྟན་ཡོད།

རྒྱལ་སྲས་ཀྱིས། ཕོ་རབ་རྣམས་ནི་ཆོས་ཀྱིས་ཕྱུག ཕོ་འབྲིང་རྣམས་ལ་བུ་མཆོག་སྐྱེ ཕོ་ཐ་མ་རྣམས་ནི་ནོར་གྱིས་ཕྱུག ཡོན་ཏན་འདི་ཀུན་ཁྱེད་ལ་འཛོམས། ཁྱེད་ནི་ཆོས་རྒྱལ་ཞིག་གི་སྲས་མོ་ཡིན་ཐག་ཆོད་རེད། རྒྱལ་སྲས་ང་ཡང་ཆོས་ལ་དད། ཆོས་མཐུན་བཙུན་མོ་ཞིག་ཨེ་རྙེད་ལ་སྒུག་ཡོད། དེ་རིང་ངེད་གཉིས་ཐུག་པ་འདི། སྟེས་དབང་མ་རེད་ལས་དབང་རེད། སྲས་མོའི་བསམ་དོན་ཆོས་བཞིན་སྒྲུབ་ཆོག ཅེས་གསུངས་ནས་ཧ་ཅང་ཐུགས་དགྱེས་པའི་ཚུལ་མཛད་པའི་སྐབས་དེར།

རིག་ལྡན་མས། ངེད་སྲས་མོ་སྤུན་གསུམ་ལ་བསོད་ནམས་ཡོན་ཏན་མི་འདྲ་སོ་སོར་ཡོད། དད་པའི་ནོར་ནི་ཚང་མར་ཡོད། རྒྱལ་སྲས་བུ་མོ་ངེད་ཅག་སུ་ལ་མཉེས་ཀྱང༌། ངེད་ཚང་མའི་བསོད་ནམས་རེད། ང་ཚོ་སྤུན་གསུམ་ནང་ནས་ཐོན་དུས་ནས་སྐྱིད་སྡུག་མཉམ་མྱོང་ལས་ཁ་མི་འབྲལ་བའི་དམ་བཅས་ཡོད།

རྒྱལ་པོས། ཡག་པོ་འདུག ཁྱོད་ཚོ་བརྩེ་སེམས་གདུང་བ་དེ་འདྲ་ཆེན་པོ་ཡོད་ན་ངོ་མ་ཡག་པོ་འདུག ཁྱོད་ཚོ་རང་གི་ཕ་མ་གཉེན་ཉེ་དང་ཁ་བྲལ་ནས་འོང་བ་རེད། ད་ངས་ཁྱོད་ཚོ་ཁ་ཁར་གཏོང་སྲོལ་ཞིག་གང་ན་ཡོད། ཁྱོད་གཅེན་མོ་གཉིས་ཀྱང་ཕོ་བྲང་དུ་བསྡད་ནས་ཀུན་ཏུ་བཟང་མོའི་ཞབས་ཏོག་སྒྲུབ་ནས་འཚོ་བ་སྐྱེལ་ཆོག ཅེས་གསུངས་པས་བུ་མོ་གཉིས་ཡང་བསྐྱར་སྲས་མོའི་ཞབས་ཞུ་བྱེད་པར་བཞག་པས་ཡིད་མ་ཚིམ་ན་ཡང་མ་དགའ་དགའ་མདོག་གི་ཚུལ་ཀྱིས་ཚང་མ་ལྷན་དུ་ཆས།

 

འཁྲབ་ཚན་ལྔ་པ།

 

།བདེ་སྤྱོད་རྒྱལ་པོར་དབུ་བསྐོར་གནང།

།རྨོ་མོ་ནོར་དགའ་མ་མར་བླངས།

 

 

འཁྲབ་ཡུལ། བདེ་སྤྱོད་རྒྱལ་པོའི་ཕོ་བྲང།

 

ཟུར་བརྗོད་པའི་ངོ་སྤྲོད་གཏམ། སྲས་མོ་བདེ་སྤྱོད་རྒྱལ་སྲས་ཀྱི་བཙུན་མོར་བསུས་པ་དང་བུ་མོ་གཉིས་སྔར་བཞིན་སྲས་མོའི་རྩེད་གྲོགས་སུ་བཞག་པ་དེས་ཁོ་གཉིས་ཀྱི་ཧམ་སེམས་མ་ཚིམ་པས་སེམས་མི་དགའ་བར་གྱུར་ན་ཡང་གནས་སྐབས་ཤིག་ལ་གནོད་སྐྱེལ་མ་ནུས། དུས་དེར་རྒྱལ་བའི་འབྱུང་གནསྋརྒྱལ་བ་རིན་པོ་ཆེ་འདི་ཉིད། རི་བོ་པོ་ཏ་ལ་ན་ཐུགས་རྗེ་ཆེན་པོས་ཉིན་མཚན་ཀུན་ཏུ་འགྲོ་བ་དད་པ་ཅན་དོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྣམས་དང། འདྲེན་པའི་ལུང་ཡོད་པ་རྣམས་གང་ལ་ཡོད་པ་དེ་དེར་གཟིགས་པར་མཛད་ཀྱིན་པ་ལས། སྲས་མོ་ཀུན་ཏུ་བཟང་མོ་དེ་དད་པ་ཆེ་ཞིང། ཚོགས་གསོག་སྒྲིབ་སྦྱངས་ཅན་གྱི་ཚེ་རབས་སྔོན་མ་ནས་སྐྱེས་ཆེན་སེམས་དཔའ་དུ་མའི་ཡུམ་མཛད་དང་མཛད་བཞིན་པའི་ཐུགས་བསྐྱེད་སྨོན་ལམ་གྲུབ་པ་ཞིག་ཡིན་པ་གཟིགས་ནས། ཀུན་བཟང་མའི་ལྷུམས་སུ་ཞུགས་ཏེ་ཟླ་ངོ་དགུ་འགོར་ནས་བུ་སྐྱེ་བའི་དུས་ལ་བབ་པར་གྱུར་པ་དང། བུ་མོ་གཉིས་ཀྱིས་གོ་སྐབས་འདི་བཟུང་ནས་སྲས་མོ་ལ་གནོད་སྐྱེལ་བའི་གཡོ་ཐབས་ཇི་ལྟར་འཐེན་པའི་ཚུལ་དང་སྤྲུལ་བའི་སྲས་ཀྱིས་ངོ་མཚར་ཆོ་འཕྲུལ་ཇི་ལྟར་བསྟན་པའི་ཚུལ་སོགས།

 

རིག་ལྡན་མས། བསམ་བློ་ཞིག་གཏོང་བཞིན་དུ་མཛེས་ལྡན་མ་ལ།ད་ཟླ་བ་བརྒྱད་རེད། ངེད་གཉིས་ཨ་མ་ལགས་སྐད་གཏོང་དུ་འགྲོ་རན་འདུག

མཛེས་ལྡན་མས། ག་རེ་ཟླ་བ་བརྒྱད། ད་ལྟ་ནས་ཨ་མ་སྐད་བཏང་ནས་ག་རེ་བྱེད།

རིག་ལྡན་མས། ཀུན་བཟང་མར་ཕྲུ་གུར་ཆགས་ནས་ཟླ་བ་བརྒྱད་རེད།

མཛེས་ལྡན་མས། དེ་དང་ཨ་མ་ལ་འབྲེལ་བ་ག་རེ་འདུག

རིག་ལྡན་མས། ཕྲུ་གུ་སྐྱེ་དུས་མ་མ་རྒན་པ་ཞིག་དགོས་པ་རེད།

མཛེས་ལྡན་མས། མ་དགའ་བའི་ཚུལ་གྱིས། ག་རེ། ད་ཁྱོད་ཀྱིས་མོ་ལ་སེམས་ཁྲལ་བྱེད་ཀྱིན་ཡོད་དམ།

རིག་ལྡན་མས། གལ་ཏེ་ཀུན་བཟང་མར་ངོ་མ་རོ་སྟོད་གསེར་དང་རྐེད་པ་དུང། རོ་སྨད་གཡུ་ཅན་གྱི་བུ་ངོ་མཚར་ཅིག་སྐྱེས་སོང་ན། དེ་ད་ང་ཚོའི་སེམས་ཁྲལ་ཆེ་ཞིག་རེད།

མཛེས་ལྡན་མས། ཀུན་བཟང་མ་ཡང་མི་ཞིག་རེད། དེ་འདྲའི་ཕྲུ་གུ་ཞིག་སྐྱེ་ག་ལ་སྲིད། གལ་ཏེ་སྐྱེས་ན་ཡང་དེ་གདོན་འདྲེ་ཞིག་ཡིན་ཡང་སྲིད།

རིག་ལྡན་མས། ཆོས་རྒྱལ་དཔལ་ལྡན་གྱི་སྲས་མོ་འདི་སྤྱིར་བཏང་བ་ཞིག་མིན་པ་ཚང་མས་བཤད་ཀྱིན་ཡོད། མོ་སྐྱེས་དུས་གསེར་གཞོང་རིན་པོ་དེ་ཡང་ལྷན་དུ་བྱུང་བ་རེད་ཟེར་བ་ཁྱོད་ཀྱིས་ཀྱང་གོ་ལོས་ཡོད།

མཛེས་ལྡན་མས། བསམ་བློ་ཞིག་གཏོང་བཞིན། འོ་ན། ཨ་མ་ལ་དེར་ཐབས་ཤེས་ཡོད་པ་རེད་དམ།

རིག་ལྡན་མས། མཛེས་ལྡན་མའི་རྣ་རྩ་ལ་ཤབ་ཤུབ་འགའ་ཞིག་བཤད་པ་དང༌། གཉིས་ཀའི་གདོང་ལ་འཛུམ་ཞིག་ཤར་ནས་རང་དབང་མེད་པར་གད་མོ་ཞིག་ཤོར། ཧ་ཧ་ཧ་་་་

མཛེས་ལྡན་མས། འོ་ན། རྒྱལ་པོ་ལ་ག་འདྲ་ཞུ་གི་ཡིན།

རིག་ལྡན་མས། ངེད་གཉིས་ཀྱི་ཨ་མ་རེད་ཅེས་བཤད་བཞག་ནས་ཟེར་གྱི་ཡོད་མ་རེད། ཐོག་མར་ཀུན་བཟང་མས་མོས་མཐུན་ཡོང་བ་བྱེད་དགོས།

མཛེས་ལྡན་མས། ཨ་ཅེ་རང་གིས་ག་འདྲ་བྱས་ནས་བཤད་ཀི་ཡིན། ཁོ་མོས་ངོས་ལེན་བྱེད་སྲིད་དམ།

རིག་ལྡན་མས། འགྲོ ཕར་སླེབས་ན་ད་རང་གིས་ངས་ཇི་ལྟར་ཤོད་རྒྱུ་རང་གིས་ཧ་གོ་གི་རེད། ཅེས་མཛེས་ལྡན་མའི་ལག་པ་ནས་བཟུང་སྟེ་ཁྲིད་ནས་བཙུན་མོའི་དྲུང་དུ་བཅར།

རིག་ལྡན་མ་དང་མཛེས་ལྡན་མས། གུས་ཚུལ་དང་བཅས་མཉམ་དུ། བཙུན་མོ་མཆོག་གི་སྐུ་ཁམས་བདེ་ལགས་སམ།

བཙུན་མོས།འཛུམ་མདངས་དང་བཅས། བདེ་བོ་འདུག དེར་སྡོད་དང།

རིག་ལྡན་མས། བཙུན་མོ་མཆོག་གི་སྐུ་བདེ་བོ་ཡོད་པའི་ཐོག་དེང་སང་ཐུགས་ཀྱང་ཧ་ཅང་སྤྲོ་བོ་ཡོད་པ་འདྲ།

བཙུན་མོས།རེད། ཡིན་ན་ཡང་ཁ་སང་དེ་རང་ངའི་རྨི་ལམ་ཅུང་འཁྲུགས་ཀིན་འདུག

རིག་ལྡན་མས། ད་མི་རིང་བར་གསེར་དུང་གཡུ་གསུམ་ལས་གྲུབ་པའི་ངོ་མཚར་རྒྱལ་སྲས་ཤིག་འཁྲུངས་རྒྱུ་ཡིན་པས། བཙུན་མོ་ཐུགས་མཉེས་པོ་ཡོད་ད་ཡོད། ངེད་གཉིས་ཀྱང་དགའ་ནས་གཉིད་ཁུག་གི་མི་འདུག འོན་ཀྱང་བཙུན་མོར་མནལ་ལམ་ཅུང་འཁྲུགས་པ་དེ། གཅིག་བྱས་ན་ངེད་གཉིས་ལ་ཡང་སེམས་ཁྲལ་ཅུང་ཞིག་ཡོང་གི་འདུག་པ་དེ་དང་གཅིག་པ་ཡིན་རྒྱུ་རེད།ཅེས་ཤ་ཚ་མདོག་ཁ་བོའི་ངང་ནས་བཤད

བཅུན་མོས། ཁྱོད་གཉིས་ཀྱིས་ག་རེ་ལ་སེམས་ཁུར་བྱེད་ཀྱིན་ཡོད། ཤོད་དང།

རིག་ལྡན་མས། སྲས་བཙའ་དུས། གལ་ཏེ་བུ་བཙའ་རོགས་ཀྱི་མ་མ་ཡག་པོ་ཞིག་མེད་ན། ཅུང་ཉེན་ཁ་མེད་དམ།

བཙུན་མོས།སྐྱོན་མི་འོང། དུས་ལ་རན་ན་མ་མ་ད་རག་གི་རེད།

རིག་ལྡན་མས། མ་མ་རག་མི་རག་གནད་དོན་མ་རེད། བཙུན་མོས་ཕྱི་ལོགས་ཀྱི་སྐད་ཆ་ངན་པའི་རིགས་གོ་གི་ཡོད་མ་རེད།

བཙུན་མོས།གཏམ་ངན་ག་རེ་ཤོད་ཀྱིན་འདུག

རིག་ལྡན་མས། ངེད་ཚོ་གསུམ་ཡུལ་གྱར་འཁྱམ་པོ་ཞིག་ཡིན་པས་མི་དགའ་མཁན་ཕྲག་དོག་བྱེད་མཁན་མང་པོ་ཡོད་པ་རེད། ལྷག་པར་ང་ཚོ་རྒྱལ་པོའི་སྲས་མོ་ཡིན་ཞེས་ལབ་པར་ཡིད་ཆེས་ཀི་མེད་པ་རེད།

བཙུན་མོས།འོ་ན། མ་མ་གཞན་གྱིས་ང་ཚོར་གནོད་སྐྱེལ་གྱི་རེད་འདོད་པ་ཡིན་ནམ།

རིག་ལྡན་མས། གལ་ཏེ་དོན་དག་དེ་འདྲ་ཞིག་བྱུང་ན། ད་ཡག་པོ་མ་བྱུང་བ་རེད།

བཅུན་མོས།འོ་ན། མ་མ་རང་གཉིས་ཀས་ཡོང་གི་རེད་དམ།

མཛེས་ལྡན་མས། གློ་བུར་དུ་དོན་དག་ཅིག་ཧ་གོ་སོང་བའི་ཚུལ་གྱིས ངེད་གཉིས། ཨོ་་་་ཨ་མ་ལགས་ཡོད་རེད།

བཙུན་མོས།རྨོ་མོ་ནོར་དགའ་ཨེ། ངོ་མ་མོ་རང་ཡོད་ན་ཡག་པོ་ག་འདྲ་ཡོད་རེད། ང་སྐྱེ་དུས་ཀྱང་རྨོ་ནོར་དགས་བུ་རོགས་བྱས་པ་རེད་ཟེར། ད་མོ་ག་འདྲ་བྱས་ནས་་་

གཡོ་ལྡན་མས། བཙུན་མོའི་ཚིག་མཚམས་བཅད་དེ། བཙུན་མོ་མཆོག་གིས་རྒྱལ་པོ་ལ་ངེད་ཚོའི་ཕ་ཡུལ་ན་མ་མ་ཡག་པོ་ཞིག་ཡོད་པས་དེ་སྐད་གཏོང་ཆོག་པ་ཞེས་ཞུས་ན་འགྲིག་གི་རེད། སྐད་གཏོང་གི་ང་འགྲོ་ཆོག

བཙུན་མོས།འོ་ན་ཡག་པོ་འདུག དེ་ངས་ཞུས་ཆོག རྨོ་ནོར་དགའ་ཡིས་ཀྱང་ང་ཚོ་སྐྱིད་པོ་ཞིག་བྱུང་ན་མོ་ལེན་གི་ཡོང་རོགས་ལབ་ཡོད།

མཛེས་ལྡན་མས། བཙུན་མོས་ངེད་གཉིས་ཀྱི་ཨ་མའི་སྐད་ཆ་ཡང་ཐུགས་བསྙེལ་མི་འདུག

བུ་མོ་གཉིས་ཀས། ཐུགས་རྗེ་ཆེ། བཙུན་མོ་ཐུགས་རྗེ་ཆེ། ཞེས་ཧ་ཅང་དགའ་ཉམས་བཅས་ཕྱིར་ཐོན་པ་དང

མཛེས་ལྡན་མས། ཨ་ཅེ་རང་སྤྱང་བ་ལ་ངོ་མ་བཙུན་མོ་ཆགས་རྒྱུ་རང་རེད་ཞག ཞེས་བཤད་པ་དང་གཉིས་ཀ་གད་མོ་ཤོར

ཟུར་བརྗོད་པས། འཆར་གཞི་དེ་དག་ཚང་མ་ལེགས་པར་གྲུབ་པའི་ཉིན་ཤས་རྗེས

རྒྱལ་པོ། བཙུན་མོ་ཀུན་བཟང་མའི་གཟིམ་ཁང་དུ་ཕེབས་ཏེ་བྱམས་སེམས་ཆེ་བའི་ངང་ནས། དེ་རིང་གང་འདྲ་འདུག གཟེར་ཟུག་རྒྱག་གིན་འདུག་གམ།

བཙུན་མོས། གུས་ཚུལ་གྱིས། རྒྱལ་པོས་ཐུགས་ཁུར་གནང་བ་ཐུགས་རྗེ་ཆེ།མ་མ་ནོར་དགའ་ལགས་འབྱོར་བྱུང་བས་ངའི་བློ་བདེ་བོ་འདུག

ནོར་དགས། ང་ལ་འདིའི་ཕྱོགས་ཀྱི་ཉམས་མྱོང་ཅུང་ཡོད། ད་མགྱོགས་པོ་སྲས་འཁྲུངས་རྒྱུ་རེད།

རྒྱལ་པོས། ཡག་པོ་འདུག ད་ངས་ངང་སྒུག་བྱས་ནས་ཉི་མ་འགྲོ་གིན་མི་འདུག ངས་ངོ་མཚར་བའི་སྲས་དེ་གང་མགྱོགས་མགྱོགས་མཐོང་འདོད་འདུག ཅེས་ཕྱག་གིས་བཙུན་མོའི་ཕྱལ་འབུར་འདུག་པ་དེར་བྱུག་བྱུག་བྱེད་ཀྱིན་གསུངས་རྗེས། ཞལ་ཕྱིར་འཁོར་ནས སྲས་འཁྲུངས་རྗེས་ཁྱེད་ཚོ་ཚང་མས་ད་དུང་མ་མ་བྱེད་དགོས་ཀྱི་རེད།

རིག་ལྡན་མས། གུས་ཚུལ་དང་དགའ་ཉམས་ཆེན་པོས རྒྱལ་པོ་མཆོག་ཐུགས་རྗེ་ཆེ། ང་ཚོས་རྒྱལ་སྲས་དེ་ཉིན་མ་རེ་ལ་གཞན་ལས་ཟླ་བསྐྱེད་ཀྱིས་ཆེ་བ་དང། ཟླ་བ་རེ་ལ་གཞན་ལས་ལོ་བསྐྱེད་ཀྱིས་འཚར་ལོངས་ཐུབ་པར་ཞུས་ཆོག

རྒྱལ་པོས། སྤྲོ་ཉམས་ཀྱིས། ཧ་ཧ་ཧ་་་ ད་ངས་སྲས་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཤིག་གྲ་སྒྲིག་བྱེད་རན་འདུག

ཞེས་གསུངས་ནས་ཕྱིར་ཕེབས་པ་དང། དེ་ནས་བློན་པོ་འཁོར་བཅས་ཀྱིས་སྲས་འཁྲུངས་རྒྱུའི་དགའ་སྟོན་ལ་གྲ་སྒྲིག་བྱེད་པའི་ཚུལ་གྱི་རྣམ་པ་བཅས་མཇུག་འགྲིལ།

འཁྲབ་ཚན་དྲུག་པ།

 

།སྤྲུལ་བའི་ཁྱེ་འུ་བལྟམས་པ་ཐེམ་འོག་སྦས།

ཁྱི་གུའི་རོ་ཞིག་སྐྱེས་པའི་གཏམ་ངན་བསྒྲགས།

 

 

བཙུན་མོ་གཟིམ་ཁྲྀའི་ཐོག་ན་བུ་བཙའ་བའི་སྐྱེ་ཟུག་ཅུང་ཙམ་རེ་རྒྱག་གིན་ཡོད་པ་དང༌། རྨོ་ནོར་དགའ་མ་སྨད་གསུམ་པོས་བཙུན་མོའི་མཐའ་བསྐོར་ནས་རུབ་རུབ་བྱེད་ཀྱིན་པའི་ཚུལ།

 

ནོར་དགས། བཙུན་མོ་མཆོག སྐྱེ་གཟུག་མགྱོགས་པོ་མར་འཇགས་ཕྱིར་སྨན་ཆང་འདི་མཆོད་གནང་དང༌།

བཙུན་མོས། ཞལ་འཛུམ་མདངས་དང་བཅས། སྐྱོན་མི་འདུག ན་ཟུག་ཆེན་པོ་རང་མི་འདུག ངའི་སྲས་སྟོན་དང ཞེས་ཡར་དགྱེ་བའི་ཚུལ་མཛད།

ནོར་དགས། བཙུན་མོ་མཆོག་ན་སོ་གཞོན་པ་དང་སྲས་བཙས་པ་དང་པོ་ཡིན་པས། སྨན་ཆང་འདིས་ན་ཟུག་འཇམ་འཇུག་པ་མ་ཟད་སྐུ་ངལ་སེལ་བ་དང། སྐུ་སྟོབས་རྒྱས་པ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད། ཅེས་ཨུ་ཚུགས་ཀྱིས་མཆོད་དུ་བཅུག སྐབས་དེར་བུ་མོ་གཉིས་ཀས་ལྐོག་ལྐོག་སུད་སུད་ཀྱིས་བཙུན་མོའི་གཟིམ་ཁྲིའི་འོག་ནས་སྒམ་ཆུང་ཞིག་བཏོན་ནས་དེའི་ནང་ནས་གྲོད་ཐུམ་རྡོག་པོ་ཞིག་བླངས་པ་དང་བཙས་མ་ཐག་པའི་འོད་ཡུག་ཡུག་གི་ཤ་མ་དེ་སྒམ་ཆུང་ནང་ལ་འཇུག་པའི་ལས་བྱེད།

བཙུན་མོས།ད་མགྱོགས་པོ་ངའི་སྲས་སྟོན་དང། ཞེས་སྨན་ཆང་དེ་མཆོད་རྗེས། དབུ་ཡར་དགྱེས།

རིག་ལྡན་མས། ག་རེ་འདི་གྲོད་པ་ཞིག་མ་རེད་དམ། ཞེས་གྲོད་ཐུམ་དེ་བཙུན་མོའི་ཕྱག་ལ་བཞག་པ་དང༌། རྨོ་མོས་ལམ་སང། གྲི་ཆུང་ཞིག་གིས་གྲོད་ཐུམ་དེ་བརྟོལ་བ་དང་ཁྱི་ཕྲུག་ཅིག་འགུལ་ཙམ་འགུལ་ཙམ་བྱེད་ཀྱིན་མགོ་ཡར་དགྱེ་འོང་བ་མཐོང།

བཙུན་མོས།ཨ་ དཀོན་མཆོག་མཁྱེན། འདི་་་འདི་་་ ཞེས་དྲན་པ་འཐོར་བ་དང་མཉམ་དུ་བཟི་སྨན་གྱིས་ཀྱང་གཉིད་ཁུག་པར་གྱུར། ཁོ་ཚོས་མགྱོགས་པོ་སྒམ་གྱི་ཁ་ཕྱེ་སྟེ་ཞིབ་མོར་གཅིག་བལྟ་དུས་འོད་ཡུག་ཡུག་གི་ཕྲུ་མའི་ནང་ནས། སྐུ་སྟོད་གསེར་དང་སྐུ་རྐེད་དུང། སྐུ་སྨད་གཡུ་ཅན་གྱི་ཁྱེའུ་ཞིག་འགུལ་ཙམ་འགུལ་ཙམ་བྱེད་ཀྱིན་པ་མཐོང་བས། ཡ་མཚར་དང་བཅས་གཅིག་གཅིག་གི་གདོང་པར་བལྟ་རེས་རེ་བྱས། དེ་ནས་སྒམ་ཁ་བརྒྱབ་སྟེ། སྔ་ས་ནས་གྲ་སྒྲིག་བྱས་ཡོད་པའི་ནང་སྒོའི་ཐེམ་པའི་འོག་ཏུ་སྦས། དེ་ནས་སྒེའུ་ཁུང་ལས་ཕྱི་ལ་གཅིག་བལྟས་པས་རྒྱལ་པོ་བཙུན་མོ་ལ་གཟིགས་པར་ཕེབས་ཀྱིན་པ་མཐོང་ནས། ནོར་དགའ་མས་མཛེས་ལྡན་མ་ལ་ཁྱོད་རང་དྲན་པ་འཐོར་ཁུལ་གྱིས་ས་ལ་ཉལ་སྡོད་ཅེས་བཤད་པ་དང། གཡོ་ལྡན་མ་དང་མོ་རང་གཉིས་ཞེད་སྣང་སྐྱེས་པའི་ཚུལ་གྱིས། ད་དཔེ་བསགས་སོང། དཔེ་གླིང་ལ་བཞག་སོང། རྒྱལ་པོ་ལ་ཇི་ལྟར་ཞུ། ང་འདིར་ཡོང་ཉེས་བྱས་སོང ཞེས་སྐད་རྒྱག་བཞིན་ཕྱི་ལོགས་ལ་རྒྱུགས་ཐོན་པའི་ཚུལ་གྱིས་རྒྱལ་པོ་ལ་གདོང་ཐུག་བརྒྱབ

རྒྱལ་པོས། ག་རེ་བྱས་སོང། བཙུན་མོ་ལ་སྐྱོན་བྱུང་བ་ཡིན་ནམ། ཞེས་ཐུགས་འཚབ་ངང་དྲིས།

གཡོ་ལྡན་མས། བཙུན་མོ་ལ་་་འདི་་འདི་ལྷ་ཡི་ཁྱི་ཕྲུག་ཅིག་འཁྲུངས་སོང། ཞེས་ཧོན་ཐོར་བའི་ཚུལ་གྱིས་བཤད

རྒྱལ་པོས། ཨ་་་ག་་་རེ་ ལྟས་ངན་མ་ཁྱོད་ཚོ། ག་རེ་ཤོད་ཀྱིན་ཡོད། ཅེས་ཧང་སངས་པའི་ངང་ནས་ནང་དུ་རྒྱུགས་པ་དང་ཐེམ་པར་ཐོགས་པ་ལྟ་བུ་ཞིག་གིས་རྒྱལ་པོ་ས་ལ་འགྱེལ་གྲབས་ཤིག་བྱས་ཤིང། བཙུན་མོ་དྲན་པ་ཤོར་ནས་ཡོད་པའི་གཟིམ་མལ་གྱི་འདབས་ན་ཁྱི་གུ་ཞིག་འདུག་པ་མཐོང་ནས།

ཨ་ དཀོན་མཆོག་མཁྱེན། འདི་་་ངོ་མ་རེད་དམ། འདི་ག་རེ་རེད། འདི་་་ཞེས་རྒྱལ་པོ་ཧ་ལས་ཧང་སངས་ནས་ཡར་མར་ཚང་མར་གཟིགས་ཙམ་གཟིགས་ཙམ་རེ་བྱས་ཏེ། སླར་ཡང་ནོར་དགའ་མའི་གདོང་ལ་ཕྱག་མཛུབ་བཙུགས་ཏེ། ངའི་བཙུན་མོའི་སྲས་ག་པར་ཡོད། སྲས་ཁྲིད་ཤོག འདི་འདྲ་དཔེ་མི་སྲིད། ཅེས་ཐུགས་རབ་ཏུ་འཁྲུགས་ནས་བཀའ་བཀྱོན་གནང་བ་དང།

ནོར་དགའ་མས། པུས་མོ་བཙུགས་ནས རྒྱལ་པོ་མཆོག ང་འདི་ལ་ཡོང་ཉེས་བྱས་སོང། ཡིན་ན་ཡང། འདི་ངོ་མ་རེད། ངོ་མ་ཁྱི་གུ་འདི་ལས་ཅང་སྐྱེས་མ་སོང། གལ་ཏེ་རྒྱལ་པོ་ཐུགས་ཡིད་མི་ཆེས་ན་བཙུན་མོ་དྲན་པ་སོས་ན་བཀའ་འདྲི་གནང་རོགས། ཁྱེད་རང་མགྱོགས་པོ་དྲན་སོས་དང། ཞེས་ཀུན་བཟང་མའི་དབུ་ནས་སྐྱོར་གྱིན་ཞུ་བ་བྱེད་པའི་སྐབས་སུ། རིག་ལྡན་མས་ཀྱང་པུས་མོ་བཙུགས་ཏེ་སྐབས་འཚོལ་གཡོ་གཏམ་བཤད

གཡོ་ལྡན་མས། འདི་ཀུན་བཟང་མས་རྒྱལ་པོ་མཆོག་ལ་དབུ་སྐོར་ཧམ་པ་བཤད་པའི་ལས་འབྲས་འཁོར་བ་ཡིན་རྒྱུ་རེད། མ་གཞི་ནས་མི་ལུས་རིན་པོ་ཆེ་ག་འདྲ་ངོ་མཚར་ཅིག་སྐྱེ་ན་ཡང། ཤ་ཁྲག་གིས་གྲུབ་པའི་མི་ལུས་ཤིག་ཡིན་ལོས་དགོས། གསེར་དུང་གཡུ་ཡིས་གྲུབ་པ་ཞིག་སྐྱེ་ག་ལ་སྲིད། ངོ་མ་ཡ་མཚར་རེད། མཛེས་ལྡན་མས་འདི་མཐོང་བ་དང་ཞེད་ཐག་ཆོད་ནས་བརྒྱལ་སོང། ཞེས་མཛེས་ལྡན་མའི་མགོ་ནས་ཡར་སྐྱོར་བའི་ཚུལ་བྱས་པ་དང་མོ་ཡང་དྲན་པ་ག་ལེར་སོས་པའི་ཚུལ་བྱས།

མཛེས་ལྡན་མས། ང་ཚོས་རྒྱལ་པོ་ཁྱེད་ཀྱི་ཞབས་འདྲེན་ཞུས་སོང། ཀུན་བཟང་མ་འདི་འདྲའི་ལས་ངན་མ་ཞིག་ཡིན་པ་སུས་ཤེས། གལ་ཏེ་ཨ་ཅེ་ངེད་གཉིས་རྒྱལ་པོ་ཁྱེད་ཀྱི་བཙུན་མོར་བླངས་ཡོད་ན་ཡང་འདི་འདྲའི་ངོ་ཚའི་ཞབས་འདྲེན་ཞིག་གང་ནས་ཡོང། ཞེས་སྐྱོ་ཉམས་ཆེན་པོའི་ཚུལ་བསྟན

རྒྱལ་པོས། ཞབས་འདྲེན། ངོ་མ་བསམ་ཡུལ་ལས་འདས་པའི་ཞབས་འདྲེན་རེད། ད་ངས་མི་ཚོར་ག་རེ་བཤད་དགོས་པ་རེད།

ནོར་དགའ་མས། རྒྱལ་པོ་མཆོག གནས་ཚུལ་འདི་ང་ཚོ་མ་གཏོགས་ད་དུང་གཞན་གྱིས་ཤེས་མེད་པས། གསལ་བཤད་བྱེད་བདེ་བོ་ཡོད་རེད།

རྒྱལ་པོས། སྲས་སྟོན་རྒྱུ་མེད་པར་ད་གསལ་བཤད་གང་འདྲ་བྱེད་དགོས་སམ།

ནོར་དགའ་མས། སྲས་གྲོངས་སོང་ཟེར་ནས་སུ་ལ་ཡང་མ་བསྟན་པར་འདས་མཆོད་བྱས་བཞག་ན་གང་འདྲ་ ཞེས་བཤད་པ་དང་རྒྱལ་པོས་དབུ་ནང་ལ་ལྡེམ་ཙམ་བྱས་ཏེ་བཙུན་མོའི་གདོང་ལ་གཟིགས་ཙམ་བྱེད་པའི་སྐབས་སུ་ཀུན་བཟང་མ་ཡང་གཉིད་མ་སད་ཀྱི་ངང་དྲན་པ་ཏོག་ཙམ་སོས་ནས་ཡོང་བས།

རྒྱལ་པོས། ཀུན་བཟང་མའི་མལ་འདབས་ཀྱི་ཁྱི་གུ་དེར་ཕྱག་མཛུབ་བཙུགས་ཏེ། འདི་ཁྱོད་ཀྱིས་བཤད་པའི་ངོ་མཚར་བའི་སྲས་དེ་རེད་དམ། མགྱོགས་པོ་ཤོད། འདི་ག་རེ་རེད།

ཀུན་བཟང་མས། ཁྱི་གུ་དེར་བལྟས་ནས་མིག་ཆུ་ཤམ་ཤམ་དུ་བཞུར་བཞིནདཀོན་མཆོག་གིས་ང་ལ་གཟིགས་མི་འདུག ཅེས་ངུ་ངག་འདོན་པ་ལས་ལན་གང་ཡང་འདེབས་མ་ནུས་པར་གྱུར་པས་རྒྱལ་པོ་ཡིད་ཆེས་པར་གྱུར

རྒྱལ་པོས། མོའི་དབུ་སྐྲ་ནས་འཇུས་ཏེ་འགྲམ་ལྕག་གཅིག་གཞུས་ཏེ ཞབས་འདྲེན་མ་ཁྱོད་ཀྱིས་ང་བསླུས་འདུག ཅེས་སླར་ཡང་ཁྱི་གུ་དེར་རྡོག་ཐོ་གཅིག་གཞུས་ཏེ་ཕྱི་མར་བརྫངས

རིག་ལྡན་མས། ད་ནས་བཟུང་ངས་ཀུན་བཟང་མའི་ཞབས་ཞུ་བྱེད་འདོད་མི་འདུག རྒྱལ་པོ་དགོངས་དག

རྒྱལ་པོས། རིག་ལྡན་མ་དང་མཛེས་ལྡན་མའི་གདོང་ལ་གཟིགས་ཀྱིན། དེ་རིང་ནས་བཟུང་ཁྱེད་གཉིས་ངའི་བཙུན་མོ་ཡིན། ཞེས་དང་ཕྱག་མཛུབ་ཀུན་བཟང་མའི་ཕྱོགས་སུ་བཙུགས་ནས་མོ་ཁྱོད་གཉིས་ཀྱི་གཡོག་མོ་ཡིན། ནམ་ཡང་ཕོ་བྲང་ཕྱི་ལ་ཐོན་མི་ཆོག ད་རེས་ཀྱི་གནས་ཚུལ་འདི་ཕོ་བྲང་ནང་གི་གསང་བ་ཡིན། སུ་ལ་ཡང་བཤད་མི་ཆོག ཅེས་གསུངས་ནས་ཐུགས་ཕམ་ཆེན་པོའི་ངང་ཕྱིར་ཕེབས་སྐབས། སུ་ཞིག་གིས་ན་བཟའ་ནས་འཐེན་པ་བཞིན་སྒོའི་ཐེམ་ནས་ཐོགས་ཙམ་བྱས་པས། དེ་རིང་སྒོ་ཐེམ་འདི་ཡང་ཡར་འགྲོ་དུས་ཐོགས་མར་འགྲོ་དུས་ཐོགས་ཀྱིན་འདུག རྣམ་རྟོག་ལངས་པ་ཞིག་རེད། ཅེས་ཞབས་ཀྱིས་ཤུགས་ཆེན་པོས་སྒོ་ཐེམ་ཐོག་ལ་གཅིག་བརྡབས་པ་དང་ཁང་པའང་འགུལ་ཙམ་བྱས་པས་མ་སྨད་གསུམ་པོ་འཇིགས་ཡེར་རེ་བ་ཞིག་བྱུང། རིག་ལྡན་མས། རྒྱལ་པོ་མཆོག སྐྱོན་མ་བྱུང་ངམ། སྒོ་ཐེམ་འདི་རྙིང་གོག་ཆགས་འདུག་ང་ཚོས་བཟོ་བཅོས་རྒྱག་ཆོག ཅེས་བཤད། རྒྱལ་པོ་ཁྲོས་ནས་ཤར་སེ་ཕྱིན། མཇུག་འགྲིལ།

འཁྲབ་ཚན་བདུན་པ།

 

།སྤྲུལ་བའི་སྲས་ཀྱིས་སྣ་ཚོགས་ཆོ་འཕྲུལ་བསྟན།

།ལུག་རྫི་བུ་མོས་གསང་བའི་ཕྱག་རོགས་ཞུས།

 

ནོར་དགའ་མ་སྨད་གསུམ་པོས་ལྐོག་ལྐོག་སུད་སུད་ཀྱིས་མ་ཐེམ་ནས་སྒམ་འདོན་བཞིན་པ་དང། མཛེས་ལྡན་མས་སྒེའུ་ཁུང་འགྲམ་ནས་ཕྱི་ལོགས་སུ་གསང་བལྟ་བྱེད་ཀྱིན། མགྱོགས་པོ་གྱིས། རྒྱལ་པོ་ཕེབས་ཀྱིན་འདུག་ཅེས་བཤད་པ་དང། རིག་ལྡན་མས་མགྱོགས་པོ་སྒམ་ཁྱེར་ནས་གློ་སྒོ་ནས་བུད་དེ་ལོགས་ཀྱི་མཆོད་ཁང་ནང་དུ་སྦེད་པར་ཕྱིན། རྒྱལ་པོ་ནང་ལ་སླེབས། ནོར་དགའ་མ་དང་མཛེས་ལྡན་མས་གུས་ཕྱག་ཕུལ

རྒྱལ་པོས། རིག་ལྡན་མ་དང། ཀུན་བཟང་མ་ག་པར་ཕེབས་སོང། ཞེས་དྲིས་པ་དང།

མཛེས་ལྡན་མས། ཨ་ཅེ་ད་ལྟ་རང་མཆོད་ཁང་དུ་སྐྱབས་འཇུག་ཅིག་ཞུ་གིན་ཕྱིན་སོང༌། ཀུན་བཟང་མ་ངེད་གཉིས་ཀྱི་སྡོད་ཁང་དུ་ཕྱིན་སོང།

རྒྱལ་པོས། ཨོ། ང་ཡང་མཆོད་མཇལ་ལ་གཅིག་འགྲོ་དགོས། ཞེས་མཆོད་ཁང་དུ་ཕེབས། རིག་ལྡན་མས་སྒམ་སྦེད་ས་མ་རག་པར་མཆོད་ཁང་གི་སྒོའི་ཀླད་ཐོག་ལ་བཞག་ནས། འཚབ་འཚུབ་ངང་ཕྱིར་འབུད་རྩིས་བྱེད་སྐབས་རྒྱལ་པོ་ཕེབས་ཀྱིན་པ་ཚོར་ནས་ལམ་སང་ཁ་ཕྱིར་འཁོར་ནས་ལྷ་སྐུ་རྣམས་ཀྱི་དྲུང་དུ་སྨོན་ལམ་འདེབས་པའི་ཚུལ་བྱས། རྒྱལ་པོ་མཆོད་ཁང་གི་སྒོ་ནས་ནང་ལ་འཛུལ་དུས་དབུ་སྐྲ་སྒོ་ཡ་ཐེམ་ལ་ཐོགས་པ་ལྟ་བུ་ཞིག་བྱས་པས་རྒྱལ་པོས་གྱེན་ལ་གཅིག་གཟིགས་ཀྱང་ཅང་མ་མཐོང

རིག་ལྡན་མས། རྒྱལ་པོ་མཆོག་ཕྱག་ཕེབས་བྱུང་ངམ། ཞེས་གུས་ཚུལ་བསྟན།

རྒྱལ་པོས། རིག་ལྡན་མ་ལ་གཟིགས་བཞིན་གཟབ་ནན་གྱི་ངང་ནས། ཁྱེད་ཀྱིས་གསོལ་བ་སྨོན་ལམ་ག་རེ་བཏབ་པ་ཡིན།

རིག་ལྡན་མས། ངས་ད་རེས་ཀྱི་གནས་ཚུལ་འདིས་རྒྱལ་པོ་མཆོག་ལ་མཚན་ཤས་མི་འོང་བ་དང། རྗེས་མ་རང་ཉིད་ལ་མཚན་ལྟས་བཟང་པོའི་སྲས་མིང་དོན་མཚུངས་པ་ཞིག་འཁྲུངས་པར་སྨོན་ལམ་བཏབ་པ་ཡིན། ཞེས་མགོ་སྨད་ཙམ་གྱིས་ལན་བཏབ། སྐབས་དེར་ནོར་དགའ་མ་དང་མཛེས་ལྡན་མ་གཉིས་ཀྱང་སེམས་མ་བདེ་བར་མཆོད་མཇལ་བྱེད་ཁུལ་དུ་ནང་ལ་སླེབས་ནས། ལྷ་ཕྱག་ཕུལ།

རྒྱལ་པོས། ངས་བློན་པོ་ཚོར་སྲས་འཁྲུངས་མ་ཐག་ནས་གྲོངས་འདུག་ཅེས་བཤད་ཡོད། ད་དུང་རྒྱལ་སྲིད་སྐྱོང་ཕྱིར་སྲས་དགོས་པས། སྲས་མོ་ཆེ་བ་གཉིས་ཀྱང་ངའི་བཙུན་མོ་ཡིན་ཞེས་བསྒྲགས་ཡོད། འོན་ཀྱང་གནས་སྐབས་རིང་ཀུན་བཟང་མ་གཡོག་མོར་བཞག་པ་འདི་གཞན་གྱིས་མ་ཚོར་བ་བྱེད་དགོས།

མ་སྨད་གསུམ་པོས། ལགས་སོ། བཀའ་བཞིན་སྒྲུབ་ཆོག

དེ་ནས་རྒྱལ་པོ་མཆོད་ཁང་ལས་ཕྱིར་ཐོན་དུས་ཡང་བསྐྱར་དབུ་སྐྲ་ནས་སུ་ཞིག་གིས་འཐེན་པ་ལྟ་བུ་ཞིག་བྱས་པས། ཨ་ཚ་ཚ་ཞེས་གསུང་སྐད་ཅིག་འཆོར་བཞིན་ཕྱག་གིས་དབུ་ལ་རེག་ཙམ་གྱིས། ག་རེ་ལ་ཐོགས་ཀྱིན་པ་རེད། ཡ་མཚར་འདི་ ཞེས་ཡ་ཐེམ་ལ་གཟིགས་ཙམ་ཞིག་གནང་བ་དང་གོས་ཐག་ཅིག་མར་དཔྱངས་འདུག་པ་གཟིགས་ནས་ཕྱག་གིས་ཤུགས་ཆེན་པོས་གཅིག་འཐེན་པ་དང་གོས་ཐག་ཐག་སེ་ཆད་པ་དང་སྒོ་ཐེམ་ཡང་འདར་འདར་ཅིག་བྱས་པས།

རྒྱལ་པོས། ཁ་སང་བཙུན་མོའི་ཁང་པར་སོང་དུས་མ་ཐེམ་ལ་རྐང་པ་ཐོགས་ཀྱིན་འདུག དེ་རིང་མཆོད་ཁང་ལ་ཡོང་དུས་ཡ་ཐེམ་ལ་སྐྲ་ཐོགས་ཀིན་འདུག ལྟས་ངན། ཞེས་ཡ་མཚར་ངང་ཡ་ཐེམ་ལ་གཟིགས་ནས་གསུངས་པ་དང།

རིག་ལྡན་མས། རྒྱལ་པོ་མཆོག ཁ་སང་ལྟས་ངན་དེ་སྐྱེས་པ་ནས་འདི་འདྲའི་ཆོ་འཕྲུལ་འདྲ་བོ་ཞིག་ཡོང་གིན་འདུག འདི་མ་ཐེམ་དང་ཡ་ཐེམ་གྱི་དོན་གནད་ཅིག་མ་རེད། སྐུ་རིམ་ཡག་པོ་ཞིག་བསྒྲུབས་ན་མེད་འགྲོ་གི་རེད། རྒྱལ་པོ་མཆོག་ལ་ཐུགས་ངལ་ཆེན་པོ་བྱུང་སོང། ག་ལེར་ཕེབས་ནས་སྐུ་ངལ་ཡག་པོ་ཞིག་གསོས་གནང་དང། ཞེས་བྱམས་མདོག་ཁུལ་གྱིས་ཕྱག་ནས་འཇུས་ཏེ་ཕེབས་སྐྱེལ་བྱས།

དེ་ནས་མ་སྨད་གསུམ་པོས་སྲས་བཞུགས་སའི་སྒམ་དེ་ག་པར་སྦ་བར་གསང་བའི་སྒོ་ནས་གྲོས་བྱས་ཏེ།

མཛེས་དགའ་མས། འདི་ཁྱད་མཚར་བོ་ཞིག་འདུག ད་འདི་གནས་གཞན་ཞིག་ལ་སྦ་དགོས།

རིག་ལྡན་མས། རྟ་བྲེས་རྟ་ལྷས་ནང་ན་འབྲུ་བླུག་སའི་དོང་ཞིག་ཡོད་པ་རེད།

མཛེས་ལྡན་མས། ཨོ་རེད། དེ་ཏག་ཏག་རེད། རྒྱལ་པོ་དེ་ལ་ཕེབས་ཀི་མ་རེད།

ནོར་དགའ་མས། རྒྱལ་པོ་མི་ཕེབས་ན་ཡང། རྟ་རྫི་རྟག་པར་འགྲོ་གིན་ཡོད་པརེད། ཉེན་ཁ་མེད་དམ།

རིག་ལྡན་མས། ཉི་མ་ཁ་ཤས་དེར་སྦས་བཞག་ན་དེ་ནས་རིམ་པས་ཐབས་ཤེས་བྱེད་ཆོག་གི་རེད།

བུ་མོ་གཉིས་ཀས་སྒམ་དེ་ཁྱེར་ནས་སུས་མི་མཐོང་བར་བྱས་ནས་རྟ་བྲེས་སུ་སོང་ནས་སྦས། དེ་ཉིན་ས་རུབ་ནས་རྟ་རྣམས་ལྷས་སུ་བསྡུས་པ་དང། རྟ་ཚང་མ་འདྲོགས་ནས་འཚེར་སྐད་བཏོན་ནས་ཡར་རྒྱུགས་མར་རྒྱུགས་བྱས་པ་དང། ལྷག་པར་དུ་ཅང་ཤེས་རླུང་རྟ་རྟ་བྲེས་ལས་ཤོར་ནས་ཕོ་བྲང་གི་སྒོ་ཆེན་མདུན་ལ་ཡོང་ནས་འཚེར་ཅིང་ལག་རྡེབ་བྱས་ཏེ་བཀྲ་མི་ཤིས་པའི་ལྟས་བསྟན་པས། རྒྱལ་པོ་ལྷག་པར་རྣམ་རྟོག་ཟོས་ནས་དགེ་འདུན་པ་མང་པོར་སྐུ་རིམ་རྒྱ་ཆེན་གནང་དུ་བཅུག དེ་བས་མ་སྨད་གསུམ་པོ་ཞེད་ཐག་ཆོད་ནས་དགུང་མོ་དེར་རྒྱལ་པོའི་སྐྱེད་མོས་ཚལ་ཡངས་པོའི་མཐའི་གྲུ་ཟུར་ཅིག་ལ་སོང་ནས་ས་དོང་ཆེན་པོ་ཞིག་བརྐོས་ཏེ་ཁྱེའུ་སྒམ་ནང་ནས་བཏོན་ཏེ་ས་དོང་དུ་གཡུགས་ནས་སྦས་བཞག་པའི་ཚུལ་འཁྲབ་དགོས

དེ་ནས་ཟླ་ངོ་འགའ་འདས་པའི་ཉིན་ཞིག་གི་ཞོགས་པར། རྒྱལ་པོའི་ལུག་རྫི་བུ་མོ་མེ་ཏོག་མས་སྟོང་ལུག་ཁྱུ་གཅིག་པོ་གཟས་ལ་བཀྲམ་ནས་སྐྱེད་མོས་ཚལ་གྱི་ཟུར་དེར་སྤྲོ་འཆམ་བྱེད་ཀྱིན་མེ་ཏོག་འཐུ་བར་རྩོམ་པའི་ཚེ། གློ་བུར་དུ་རྩེ་མོ་གསེར་མདོག་དང་ཡུ་བ་དུང་མདོག རྩད་པ་གཡུ་མདོག་ཅན་གྱི་མེ་ཏོག་ངོ་མཚར་དྲི་ཞིམ་ཀུན་ཏུ་འཐུལ་བ། ད་དུང་བུང་བ་སོགས་འཁོར་གིན་མེད་ན་ཡང་སྐད་སྙན་མོ་ཞིག་གྲགས་ཀིན་འདུག་པ་ཞིག་མཐོང་སྟེ། དགའ་ཚོར་དང་མཚར་སྣང་གིས།

ཨ་ལ་ལ། མེ་ཏོག་བརྒྱ་ཤར་སྟོང་ཤར་ནང། འདི་འདྲ་མཐོང་བ་ད་རེས་ཡིན། རྩེ་མོ་གསེར་དང་ཡུ་བ་དུང། རྩ་བ་གཡུ་མདོག་ལྡན་པ་འདི། དྲི་བསུང་ཁོར་ཡུག་ཁྱབ་ན་ཡང། བུང་བ་མེད་པའི་སྐད་སྙན་མཚར། བཏབ་པ་ཡིན་ནམ་སྐྱེས་པ་ཡིན། རྒྱལ་པོའི་བཙུན་མོ་ཀུན་བཟང་མར། མེ་ཏོག་འདི་དང་དཔེ་མཚུངས་པའི། སྲས་ཤིག་འཁྲུངས་ནས་འདས་པ་དེ། མེ་ཏོག་སྐྱེ་བ་བླངས་མིན་ནམ། བུ་མོ་མེ་ཏོག་སྐལ་བ་བཟང། ངོ་མཚར་མེ་ཏོག་དེ་རིང་མཇལ། རྒྱལ་པོ་མཆོག་ལ་ཞུས་ན་ལེགས། ཞེས་ཐོལ་བྱུང་གི་གཞས་ཆུང་དེ་བླངས་པ་དང། མེ་ཏོག་དེས་ཐོས་པ་བཞིན་མགོ་ལྕོག་ལྡེམ་ལྡེམ་འགའ་བྱས་པས་རྫི་མོ་ལྷག་པར་ཡ་མཚར་སྐྱེས་ཏེ་དགའ་མཆོང་བྱེད་ཀྱིན་རྒྱལ་པོའི་ཕོ་བྲང་དུ་རྒྱུགས་ཕྱིན། ཕོ་བྲང་དུ་སླེབས་པ་དང་ཏག་ཏག་ཀུན་བཟང་མ་དང་ཐུག

ཀུན་བཟང་མས། སྐྱོ་ཉམས་དང་བཅས། མེ་ཏོག་རང་སྔ་བོ་ནས་ཕོ་བྲང་དུ་རྒྱུགས་འོང་དོན་ཅི།

རྫི་མོས། བཙུན་མོ་མཆོག དེ་རིང་ངས་མེ་ཏོག་ངོ་མཚར་བ་ཞིག་སྐྱེས་འདུག་པ་མཐོང་བྱུང།

ཀུན་བཟང་མས། མེ་ཏོག མེ་ཏོག་ད་མེ་ཏོག་རང་རེད། ཅེས་སྣང་མེད་ཀྱི་ཚུལ་དུ་བཤད། སྐབས་དེར་རྒྱལ་པོའང་ཕྱི་ལོགས་སུ་སྐྱོ་བསངས་ཕྱིར་སྒོར་ཐོན་པས་ཐོས་ནས་ཚུར་ཕེབས་ཀྱིན་པ་མཐོང་ནས། རྒྱལ་པོ་མཆོག་སྐུ་ཁམས་བཟང་ཞེས་གཉིས་ཀས་འཚམས་འདྲི་དང་གུས་ཕྱག་ཕུལ

རྒྱལ་པོས། ཞོགས་པ་སྔ་པོ་འདི་འདྲ་ནས་གཏམ་བཟང་ག་རེ་སྐྱེལ་འོང་བ་ཡིན། ཞེས་རྫི་མོ་དང་བཙུན་མོའི་གདོང་ལ་གཟིགས་ཙམ་གྱིས་ཟུར་ཟའི་ཚུལ་དུ་དྲིས།

རྫི་མོས། རྒྱལ་པོ་མཆོག་ལ་ཞུ་རྒྱུར། སྐྱེད་མོས་ཚལ་གྱི་མཐའ་ཟུར་ན་མེ་ཏོག་གསེར་མདོག་དང་ཡུ་བ་དུང་མདོག རྩ་བ་གཡུ་མདོག་ཅན་ཞིག་སྐྱེས་འདུག ད་དུང་དྲི་མ་ཞིམ་པོ་ཞིག་ཕྱོགས་ཚང་མར་འཐུལ་བ་མ་ཟད། བུང་བ་མེད་པར་ཡང་སྐད་སྙན་མོ་ཞིག་སྒྲོག་གིན་འདུག ཅེས་གཟབ་ནན་དང་ཡ་མཚར་གྱི་ངང་བཤད་པ་དང༌། རྒྱལ་པོ་དང་ཀུན་བཟང་མ་གཉིས་ཀས་མགྲིན་གཅིག་ཏུ། ཨ། དེ་ ཞེས་གཅིག་གཅིག་གི་གདོང་ལ་གཟིགས་ཙམ་ཞིག་གནང

རྫི་མོས། མུ་མཐུད་དེ། ངོ་མ་ཡ་མཚར་འདུག ངས་དེ་མཐོང་བ་དང་རང་དབང་མེད་པར་ངག་ནས་བསྟོད་གཞས་ཤིག་ཤོར་སོང་བ་དང། མེ་ཏོག་དེས་གོ་ནས་དགའ་བ་བཞིན་ང་ལ་མགོ་ལྕོག་ལྡེམ་ལྡེམ་ཞིག་བྱེད་ཀིན་འདུག ང་ཡ་མཚར་ཐག་ཆོད་ནས་རྒྱལ་པོ་དང་བཙུན་མོ་མཆོག་ལ་གཏམ་ཟང་འདི་ཞུ་གིན་འོངས་པ་ཡིན།

བཙུན་མོས། མེ་ཏོག་མགྱོགས་པོ་འགྲོ་དང། ག་པར་འདུག ཅེས་དགའ་ཚོར་ཆེན་པོས་རྒྱལ་པོའི་ཞལ་ལ་གཅིག་གཟིགས་ཏེ། རྒྱལ་པོ་མཆོག་ཕེབས་དང། ཞེས་རྫི་མོའི་རྗེས་སུ་སྙེགས་ཏེ་སྐྱེད་མོས་ཚལ་ཡངས་སུ་རྒྱུགས། དུས་དེར་རིག་ལྡན་མ་དང་མཛེས་ལྡན་མ་གཉིས་ཀས་ཀྱང་ཚུལ་དེ་མཐོང་ནས་ཡ་མཚར་སྐྲག་སྣང་སྡེབ་ཀྱིན་ཁོང་ཚོའི་རྗེས་སུ་རྒྱུགས། ཁོང་ཚོ་མེ་ཏོག་འཁྲུངས་སར་སླེབས་ལ་ཡོད་དུས། མ་མོ་ཞིག་གིས་མེ་ཏོག་དེ་རྩ་བ་ནས་བཅད་དེ་ཟ་བཞིན་ཟ་བཞིན་ལུག་ཁྱུའི་ནང་དུ་རྒྱུགས་སོང་བས། རྫི་མོས་མེ་ཏོག་མ་མོ་དུང་དཀར་མས་ཟ་བཞིན་པ་མཐོང་ནས། ངའི་མེ་ཏོག་ཟོས་སོང། ད་འགྲིག་མ་སོང། དུང་དཀར་མ་མེ་ཏོག་དེ་ཟ་མི་ཉན། ཞེས་སྐད་རྒྱག་གིན་རྒྱུགས་འོངས་པ་ན་མ་མོ་ཡང་ལུག་ཁྱུའི་ནང་དུ་བྲོས་སོང་བས། མོས་སྟོང་ལུག་གི་ནང་དུ་ཡར་མར་ལ་སྟོང་རྒྱུགས་ཤིག་བྱས། རྒྱལ་པོ་དང་བཙུན་མོ་ཡང་དབུགས་ཧལ་བཞིན་དེར་སླེབས་པ་དང་རྫི་མོས་མེ་ཏོག་འཁྲུངས་ས་འདི་རང་རེད་ཅེས་བསྟན། དེར་དྲི་ཞིམ་ཞིག་ལྷག་འདུག་པ་ལས་ཅི་ཡང་མེད་པས། ཀུན་ཟང་མས་དཀོན་མཆོག་གིས་གནང་བའི་ངའི་བུ་ཡིན་ངེས། ངའི་བུ་ཁྱེད་རང་ག་པར་ཡོད། ཅེས་ངུ་འབོད་བྱེད་ཀྱིན་ས་ལ་སྦར་འབྲད་ཀྱིས་བརྐོས་པས་རྫི་མོས་ཀྱང་རྐོ་རོགས་བྱས་པ་ན་ས་ཚང་མ་སོབ་སོབ་རྐོ་སླ་བོ་ཞིག་བྱུང་བས་སྐད་ཅིག་ལ་དོང་ཞིག་བརྐོས་བཞག དུས་དེར་རིག་ལྡན་མ་དང་མཛེས་ལྡན་མ་ཡང་དེར་སླེབས་ཏེ། ག་རེ་བྱས་སོང། འདི་ལ་ག་རེ་འདུག་ཅེས་དོང་ནང་ལ་བལྟས་ཀྱང་སྲས་ཀྱི་སྐུ་གདུང་མཐོང་རྒྱུ་མེད་པས་སེམས་བདེ་ལ་བབ།

ཟློ་ངོ་ཁ་ཤས་འདས་པའི་ཉིན་ཞིག་རྫི་མོ་མེ་ཏོག་མས། ནམ་རྒྱུན་བཞིན་སྟོང་ལུག་རྩྭ་སར་བཀྲམ་ནས་མེ་ཏོག་ཕྲེང་རྒྱན་ཞིག་སྒྲིག་ཕྱིར་མེ་ཏོག་འཐུ་བཞིན་སྔོན་མའི་མེ་ཏོག་ངོ་མཚར་བོ་སྐྱེ་ས་དེར་སླེབས་པ་དང྄།

མེ་ཏོག་རྣམ་པ་སྣ་ཚོགས། བརྒྱ་ཤར་སྟོང་ཤར་ཡོད་ཀྱང། དེ་དུས་བཞད་པའི་མེ་ཏོག མེ་ཏོག་གསེར་དུང་གཡུ་མདོག འདྲ་བ་གཅིག་ཀྱང་མི་འདུག གསེར་དུང་གཡུ་ཡི་མེ་ཏོག སླར་ཡང་བཞད་རོགས་གནང་དང། དྲི་ཞིམ་སྙན་པའི་གསུང་གཞས། ཀུན་ལ་ཁྱབ་པར་གྱིས་དང།

ཞེས་སྐྱོ་ཉམས་ངང་གཞས་ཆུང་དེ་བཏང་ཚར་བ་དང། གློ་བུར་དུ་རྒྱབ་ལོགས་ནས་ལུ་གུའི་འབའ་སྐད་དྭངས་ཤིང་གསལ་བ་སྙན་མོ་ཞིག་གྲག་བྱུང་བས་མོས་ཕྱི་མིག་ཅིག་བལྟས་པ་ན། མ་མོ་དུང་དཀར་མའི་སྔོན་ནས་ཁོག་སྟོད་གསེར་དང་དང་རྐེད་པ་དུང། ཁོག་སྨད་གཡུ་ལས་བྱས་པ་ལྟ་བུའི་ངོ་མཚར་ལུ་གུ་ཞིག་གིས་མཆོང་ལྡིང་བྱེད་ཀྱིན་མོའི་འཁྲིས་སུ་རྒྱུགས་འོང་ནས།

ཨ་ཅེ་ལུག་རྫི་མེ་ཏོག གསེར་དུང་གཡུ་ཡི་མེ་ཏོག ཁྱོད་ཀྱི་རྒྱན་ཆ་མི་འོང། གསེར་དུང་གཡུ་ཡི་ལུ་གུས། ཁྱོད་ལ་རྩེད་རོགས་བྱེད་ཆོག ཅེས་གསུང་གཞས་དང་བཅས་དགའ་མཆོང་སྐོར་རྒྱུག་བྱས་པས། ལུག་རྫི་བུ་མོ་རེ་ཞིག་ལ་ཧ་ལས་ནས་ལག་གི་མེ་ཏོག་དག་ས་ལ་ཤོར་བ་མ་ཚོར་བར་ལུ་གུའི་བྲོ་གཞས་ལ་ཧད་དེ་ལུས་ཤིང་དེ་ནས་དགའ་ཚོར་ཆེན་པོ་ཞིག་སྐྱེས་ཏེ།

ཁྱེད་རང་དེ་དུས་ཀྱི་མེ་ཏོག་དེ་ཡིན་ནམ།

ལུ་གུས། ཡིན། ང་མ་མོས་ཟོས་བས་ཡང་སྐྱར་ལུ་གུར་སྐྱེས་པ་ཡིན།

བུ་མོས། ཁྱེད་རང་བཙུན་མོ་ཀུན་བཟང་མའི་ངོ་མཚར་རྒྱལ་སྲས་དེ་ཨེ་ཡིན།

ལུ་གུས། ང་ལུ་གུ་ཞིག་ཡིན། ངའི་ཨ་མ་མ་མོ་དུང་དཀར་མ་ཡིན་པས། ང་རྒྱལ་སྲས་ག་ལ་ཡིན།

བུ་མོས། མ་རེད། ལུ་གུ་སྐད་ཆ་བཤད་ཤེས་མཁན་ཞིག་ག་ལ་ཡོད། བཙུན་མོ་མཆོག་གིས་སྲས་སྐུ་སྟོད་གསེར་དང་སྐུ་རྐེད་དུང། སྐུ་སྨད་གཡུ་ཅན་ཞིག་འཁྲུངས་བར་ཞལ་བཞེས་གནང་ཡོད་པ་ཡོངས་གྲགས་རེད།

ལུ་གུས། ཨ་ལེ། འོ་ན་སྲས་དེ་ང་ག་འདྲ་བྱས་ནས་ཡིན་པ་རེད།

བུ་མོས། ད་ལྟ་ཁྱོད་ལུ་གུ་ཡིན་ན་ཡང། སྔོན་ལ་ཁྱོད་ཀུན་བཟང་མའི་སྲས་སུ་འཁྲུངས་པ་ཡིན་ཐག་ཆོད། དེ་དུས་སྲས་འཁྲུངས་མ་ཐག་གྲོངས་པ་རེད་ཟེར། འདི་འདྲའི་ངོ་མཚར་སྲས་ཤིག་ལ་གྲོངས་རྒྱུ་ཞིག་ག་ལ་ཡོད། ཁྱེད་ཀྱིས་ང་ཚོར་བསམ་བཞིན་རྫུ་འཕྲུལ་སྟོན་གིན་ཡོད་པ་མིན་ནམ། བཙུན་མོ་མཆོག་གིས་ཐུགས་ཁྲལ་ཆེན་པོ་གནང་ནས་ཉིན་མཚན་མེད་པར་བཤུམ་ནས་བཞུགས་ཡོད་རེད་ཟེར། ཁྱེད་རང་ལ་སྙིང་རྗེ་མེད་དམ།

ལུ་གུས། ཁྱོད་ཀྱིས་རྒྱལ་པོ་ཡབ་ཡུམ་ལ་ཤ་ཚ་བ་ངས་ཤེས། ངས་ཀྱང་དོན་མེད་ཆོ་འཕྲུལ་འདི་འདྲ་ག་ལ་སྟོན། འདི་ལ་དགོས་པ་ཆེན་པོ་ཡོད། དེ་བས་གནས་སྐབས་རིང་ཁྱོད་ཀྱིས་ངའི་ངག་ལ་ཉོན།

བུ་མོས། ལགས་སོ། ངས་ཁྱེད་ཀྱི་བཀའ་བཞིན་སྒྲུབ་ཆོག

ལུ་གུས། འོ་ན་ཡག་པོ་འདུག ཁྱོད་ཀྱིས་གནས་ཚུལ་འདི་གསང་དགོས།

བུ་མོས། ལགས་སོ།

ལུ་གུས། ཁྱོད་འདིར་ཉོལ། ངས་འདིར་ངོ་མཚར་བའི་ཕོ་བྲང་ཞིག་བཞེངས་དགོས།

བུ་མོས། ཉལ་ནས་ཅི་བྱེད། ངས་ལྟད་མོ་བལྟ་ན་འདོད།

ལུ་གུས། ཕོ་བྲང་བཞེངས་པར་ལྷ་ཀླུ་འདྲེ་སོགས་མང་པོ་ཡོང་གི་རེད། ཁྱེད་ཀྱིས་མཐོང་ན་ཚེ་ལ་བར་ཆད་ཡོང་གི་རེད། སྒྲ་ལ་སོགས་པ་མཚན་ལྟས་ཅི་ཞིག་བྱུང་ཡང་ཞེད་སྣང་སྐྱེ་མི་དགོས།

བུ་མོས། ལགས་སོ། དུས་ཡུན་ཅི་ཙམ་ལ་ཉལ་དགོས་སམ།

ལུ་གུས། གཉིད་ཐུན་གཅིག་གཉིས་ཤིག་ལ་ཉལ་ན་འགྲིག་གི་རེད། གང་ལྟར་ངས་རང་ཡར་ལོངས་ཤོག་མ་ཟེར་བར་དུ་མིག་བཙུམ་ནས་ཉལ་སྡོད་དགོས། འདི་སེམས་ལ་ཟུངས།

དེ་ནས་བུ་མོ་ཕར་ཙམ་ཁྲིད་སོང་ནས་ས་དོང་ཞིག་གི་ནང་དུ་ཉལ་བཅུག་པ་དང་ལུ་གུས་མོའི་མགོ་ལ་ལྕེ་ལྡག་ཙམ་བྱས་པ་དང་དེ་མ་ཐག་གཉིད་དུ་ཡུར། དེ་ནས་ལུ་གུ་ལྷང་ལྷང་ཐེངས་འགའ་འབའ་ནས་མེ་ཏོག་འཁྲུངས་ས་དེར་མཆོང་ལྡིང་འགའ་བྱས་པ་དང་སྐད་ཅིག་དེ་ཉིད་ལ་ལྷ་ཀླུ་འདྲེ་སོགས་མི་མ་ཡིན་པ་མངས་པོ་ཞིག་འདུས་འོང་ནས་ལ་ལས་ས་འོག་དང་ལ་ལས་ས་སྟེང། ལ་ལས་བར་སྣང་བཅས་ནས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཕོ་བྲང་བཞེངས་མགོ་བརྩམས། མཚམས་ཤིག་ནས་སྒྲ་སྐད་ཡ་མཚར་མང་པོ་ཞིག་གིས་བུ་མོ་མེ་ཏོག་གཉིད་ལས་བསླངས། ཡིན་ན་ཡང་མོས་དེ་མ་ཐག་སེམས་ལ་ལུ་གུའི་གསུང་དྲན་ནས་མིག་བཙུམ་ནས་ཨུ་ཚུགས་ཀྱིས་ཉལ་བསྡད། ཅུང་ཙམ་ནས་དལ་འཇགས་སེ་སོང༌།

ལུ་གུས། ཕོ་བྲང་གི་རྩེ་ནས ཨ་ཅེ་མེ་ཏོག་ད་ཡར་ལོངས་ཤོག

བུ་མོས། ད་འགྲིགས་སོང་ངམ། ངས་མིག་ཕྱེ་ན་འགྲིག་གམ། ཞེས་ཅུང་འཚེར་སྣང་ངང་ག་ལེར་ཡར་དགྱེས།

ལུ་གུས། ད་ཁྱེད་རང་གིས་ངོ་མཚར་ཕོ་བྲང་ལ་ལྟད་མོ་ལྟོས་དང༌། ཞེས་གསུངས་པ་དང་མོས་ག་ལེར་མིག་ཕྱེ་ནས་གཅིག་བལྟས་པ་དང་བརྗིད་ཉམས་ལྡན་པའི་ཕོ་བྲང་ངོ་མཚར་ཁོར་ཡུག་དང་བཅས་པ་ཞིག་མཐོང་ནས་རང་དབང་མེད་པར་ཕོ་བྲང་གི་ཕྱི་ནང་ཚང་མར་རྒྱུགས་ཀྱིན་དུ།

རིན་ཆེན་བརྒྱ་ལས་གྲུབ་པ་ཡི། །ཕོ་བྲང་བང་རིམ་མཁའ་ལ་བསྙེགས། །སྐུ་གསུང་ཐུགས་རྟེན་དད་པའི་གསོས། །འབྲུ་དང་ནོར་བུ་ཕུན་སུམ་ཚོགས། །ཕྱི་ནས་བལྟས་ན་ནང་ཀུན་མཐོང། །ནང་ནས་བལྟས་ན་ཕྱི་ཀུན་གསལ། །མེ་ཏོག་རྩི་ཤིང་ནགས་ཚལ་མཛེས། །ཆུ་མིག་རྫིང་བུ་དྭངས་ཤིང་བསིལ། །རྟ་གླང་སྒོ་ཕྱུགས་བགྲང་ལས་འདས། །ཨེ་མ་ངོ་མཚར་ཉམས་དགའ་འདི། །རྨི་ལམ་ཡིན་ནམ་མིག་འཕྲུལ་ཡིན། །ངོ་མཚར་ལུ་གུ་ག་པར་བཞུགས། །རིན་ཆེན་ཁྲི་ཡི་ཡང་སྟེང་གི །མཚན་བཟང་ཁྱེའུ་འདི་སུ་ཞིག

ཅེས་པའི་བསྟོད་གཞས་འདི་འདྲ་ཞིག་ཐལ་བ་དང་ཁྲི་ཐོག་གི་ཁྱེའུ་དེས། ཆོས་རྣམས་ཐམས་ཅད་རྫུན་པ་སྟེ། །སྒྱུ་མ་སྤྲུལ་བའི་གྲོང་ཁྱེར་ཡིན། །མེད་ཀྱང་ཡོད་པར་སྣང་བ་སྟེ། །དཔེར་ན་ཁྱེད་ཀྱི་རྨི་ལམ་བཞིན། ། ང་ནི་ངོ་མཚར་ལུ་གུ་ཡིན། ། ཞེས་གསུངས་པ་དང། བུ་མོ་རབ་ཏུ་དགའ་ཞིང་དད་ནས། གུས་ཕྱག་དང་བཅས་ཞུས་པ།

ངོ་མཚར་ཁྱེའུ་རིན་པོ་ཆེ། ཁོ་མོ་ཡང་ལུག་རྫིའི་ལས་བསྐྱུར་ནས་སྤྲུལ་བ་དང་སྒྱུ་མ་ལྟ་བུའི་ཆོས་ལ་བསླབ་པར་བྱའོ།

ཁྱེའུས། སེམས་ཅན་ཐམས་ཅད་ལུག་ཁྱུ་བཞིན། བྱང་ཆུབ་སེམས་དཔའ་ལུག་རྫི་བཞིན། བྱམས་དང་སྙིང་རྗེ་ཆེར་བསྐྱེད་དེ། །ལུག་རྣམས་རང་གི་གཉེན་བཞིན་སྐྱོངས། ཁྱོད་ཀྱི་ཕ་མར་མ་གྱུར་བའི། ལུག་གཅིག་འདི་ན་ཡོད་མ་ཡིན།

རྫི་མོས། རྨི་ལམ་སྒྱུ་མ་ལྟ་བུའི་ངང། །ཚད་མེད་བཞི་ཡི་རྩྭ་ཐང་ནས། །ལུག་སོགས་ཕ་མ་མང་པོའི་དོན། །རྒྱུན་ཆད་མེད་པར་བསྟན་རོགས་མཛོད། །

ཁྱེའུས། ལེགས་སོ་ལེགས་སོ། ཁྱེད་ནི་རིགས་ཀྱི་བུ་མོ་སྟེ། སྔོན་ནས་ལས་སྨོན་བཟང་པོས་བདག་དང་འབྲེལ་བ་ཡིན། ཞེས་ཟེར་བཞིན་ཁྲི་ལས་བབ་འོངས་ནས་བུ་མོའི་མགོ་ལ་ཕྱག་གིས་བྱིན་རླབས་ཤིག་གནང་ནས། ད་ཉི་མ་ནུབ་སོང་ཁྱེད་ཀྱིས་ཨ་མ་རྣམས་དེད་ནས་ཕྱིར་སོང་ལ། སང་ཉིན་ཡང་འདིར་མ་རྣམས་སྐྱོངས། ཞེས་གསུངས།

བུ་མོས།ལགས་སོ། ཁྱེའུ་རིན་པོ་ཆེ་དང་མཇལ་བ་ཁོ་མོ་བསོད་ནམས་ཅི་འདྲ་ཆེ་བ་ཨང༌། བཞུགས་གདན་འཇགས་གནང། ཞེས་དགའ་ཉམས་ཆེན་པོས་ལུག་དེད་དེ་སོང་ངོ།

ཕྱི་ཉིན་དེར་རྫི་མོ་ནམ་རྒྱུན་ལས་སྔ་བར་ལངས་ཏེ་ལུག་རྣམས་དེད་དེ་ལུ་གུ་སར་སླེབས་པ་དང།

ལུ་གུས། ཨ་ཅེ་རང༌། འདི་འདྲའི་སྔ་མོ་ནས་དགའ་སྣང་ཆེན་པོ་ཞིག་སྐྱེས་ནས་འོང་དོན་ཅི།

རྫི་མོས། ལུ་གུ་ལགས། ཨོ་ཨོ་མ་རེད། སྤྲུལ་བའི་ཁྱེའུ་ལགས། མདང་དགོང་ང་དགའ་ཐག་ཆོད་དེ་ཡུན་རིང་གཉིད་ཀྱང་ཁུག་མ་སོང། ཐོ་རངས་ལ་ངའི་རྨི་ལམ་དུ་ཁ་སང་ཁྱེད་ཀྱིས་ཕོ་བྲང་ངོ་མཚར་དེ་བཞེངས་ཚུལ་རྣམས་ཇི་བཞིན་མཐོང་སོང།

ཁྱེའུས། ག་འདྲ་འདུག་ཞེད་སྣང་ཚ་བོ་འདུག་གམ།

བུ་མོས། མི་འདུག ངོ་མ་ཡ་མཚར་བ་དང་དགོད་བྲོ་བོ་འདྲ་བོ་ཞིག་འདུག

ཁྱེའུས། འོ་ན་རྨི་ལམ་གཞན་པ་ག་རེ་བཏང་སོང།

བུ་མོས། ང་ཡང་རྫུ་འཕྲུལ་ཅན་གྱི་མཁའ་འགྲོ་གཞོན་ནུ་མ་ཞིག་ཏུ་གྱུར་ནས་ཁྱེའུ་ཁྱེད་དང་མཉམ་དུ་མཁའ་ལ་འཕུར་བ་དང་ཆོས་གསུང་བ་སོགས་རྨིས་སོང། ད་དུང་ངས་ལུག་རྣམས་རེ་རེ་བཞིན་རང་གི་སྐྱེ་བ་སྔོན་མའི་ཨ་མ་ཡིན་པ་ངོ་ཤེས་ནས་ང་ཨ་མ་ཚོ་དང་འཐམ་འཁྱུད་ཀྱིས་མཚམས་རེར་ངུ་བ་དང་མཚམས་རེར་དགོད་པ་སོགས་རྨིས་བྱུང། ད་ནང་ཡར་ལངས་དུས་ངའི་ལུས་སེམས་ཚང་མ་ནམ་རྒྱུན་དང་མི་འདྲ་བའི་དགའ་བདེ་ཞིག་གིས་ཁྱབ་འདུག ཅེས་དགའ་སྣང་ཆེན་པོས་བཤད།

ཁྱེའུས། རྨི་ལམ་དེ་ཚོ་ཁྱེད་རང་གི་སྡིག་པ་དག་པའི་དགེ་བའི་མཚན་ལྟས་རེད། མ་ཟད་ཁྱེད་རང་ཡང་མི་རིང་བར་མཁའ་འགྲོ་མ་ཞིག་ཆགས་རྒྱུ་ཡིན་པ་རེད། དེ་རིང་ནས་བཟུང་ཁྱེད་ཀྱི་མཚན་ལའང། མེ་ཏོག་མཁའ་འགྲོ་ཞེས་ཟེར་བ་ཡིན། ཁྱེད་ཀྱིས་ཨ་མ་འདི་ཚོར་འཚོ་སྐྱོང་ཡག་པོ་བྱོས་དང། མ་འོངས་པ་ན་ཁྱེད་རང་རྫི་བོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དུ་མའི་སྐུ་སྐྱེ་བླངས་ནས་འགྲོ་དོན་རྒྱ་ཆེན་འབྱུང་གི་རེད།

བུ་མོས། ལུ་གུ་ལ་ཕྱག་བྱས་ཏེ་མིག་མཆི་མས་གང་བཞིན་ལུག་རྣམས་ལ་བལྟས་ཏེ། ཨ་མ། ཨ་མ། ངའི་ཨ་མ་ཚོ། ང་ལ་འདི་འདྲའི་ཨ་མ་མང་པོ་ཞིག མར་གྱུར་སེམས་ཅན་ཐམས་ཅད་སྙིང་རྗེ་བ་ཨང༌། ཞེས་དགའ་སྐྱོའི་རྣམ་པ་བཅོས་མ་མ་ཡིན་པ་ཞིག་བསྟན

ལུ་གུས། མེ་ཏོག་མཁའ་འགྲོ་མ། དེ་རིང་ཕོ་བྲང་དུ་བཞུགས་ལ་ཨ་མ་ཚོར་བདག་སྐྱོང་བྱོས། ང་རྒྱལ་པོའི་ཕོ་བྲང་དུ་ལྟད་མོ་ཞིག་ལྟ་བར་འགྲོ་དགོས། ཞེས་གསུངས་པ་དང། དེ་མ་ཐག་སྤྲང་ཕྲུག་ཅིག་ཏུ་སྤྲུལ་ཏེ་རྒྱལ་པོའི་ཕོ་བྲང་གི་ཕྱོགས་སུ་ཕེབས། རྒྱལ་ཁང་དུ་འབྱོར་ནས་སྒོ་ཆེན་བརྡུངས་པ་དང། བཙུན་མོ་ཀུན་བཟང་མས་སྒོ་ཕྱེ་སྟེ།

ཁྱེད་རང་ལྟོ་སློང་བར་འོང་བ་ཡིན་ནམ།

སྤྲང་བུས། མིན། ང་རང་གི་ནང་དུ་ཕ་མ་ཐུག་གི་ལོག་ཡོང་བ་ཡིན།

ཀུན་བཟང་མས། ཁྱེད་ཀྱི་ནང་ཨེ། ཁྱོད་ཀྱི་ཕ་མ་སུ་་་

སྤྲང་བུས། ངའི་ཕ་མ་ངའི་ནང་འདི་ན་ཡོད། ད་དུང་ནང་འདིར་ཕྱིར་འབུད་གཏོང་དགོས་པའི་མི་ངན་ཁག་ཅིགཡང་ཡོད།

ཀུན་བཟང་མས། བྱིས་པ་ཁྱོད་ཀྱི་སྐད་ཆ་འདིའི་གོ་དོན་་་ཞེས་པའི་ཚིག་མཇུག་མ་ཚར་གོང་ལ་གློ་བུར་དུ

སྤྲང་ཕྲུག་ཁྱོད། མར་རྒྱུགས། རྣམ་རྟོག་ལངས་པ། ཞེས་རིག་ལྡན་མས་རྒྱལ་ཁང་གི་སྒེའུ་ཁུང་ལས་སྐེ་བསྲིངས་ཏེ་སྐད་ཆེན་པོས་སྡིགས་དམོད་བྱས།

སྤྲང་བུས། རྣམ་རྟོག་ཟ་གི་འདུག་ཨེ། ཨོ་ན་ཁྱོད་རང་གིས་ཕལ་ཆེར་རྣམ་རྟོག་ལངས་དགོས་པ་ཞིག་བྱས་ཡོད་པ་མིན་ནམ། གཡོག་ངན་མ་ཁྱོད་རང་ཚོ་མགྱོགས་པོ་ཕྱིར་རྒྱལ་པོ་དཔལ་ལྡན་གྱི་ཁབ་ལ་གཡོག་བྱེད་དུ་སོང་ན་བཟང། ད་འདི་ནས་ཡུན་རིང་སྡོད་ཐུབ་རྒྱུ་མ་རེད། ཅེས་བཤད།

རིག་ལྡན་མས། སྐད་ཆ་དེ་གོ་བ་དང་དངངས་སྐྲག་ཅིག་སྐྱེས་ཏེ། སྒོ་ཕྱིར་ཐོན་འོངས་ནས། ག་རེ། ཁྱོད་་་ཁྱོད་ཁ་ཚུམས། འདིར་འཆལ་གཏམ་མ་ཤོད། མར་རྒྱུགས།

ཀུན་བཟང་མས། བྱིས་པ་ཁྱོད་ཀྱིས་སྐད་ཆ་དེ་འདྲ་གང་ནས་གོ་བྱུང ཁྱོད་གང་ནས་འོངས་པ་ཡིན།

རིག་ལྡན་མས། བསོད་ཟད་མ་ཁྱོད། སྤྲང་ཕྲུག་འདིའི་ཨ་མ་ཡིན་ནམ། ཁྱོད་ཚོ་མར་རྒྱུགས། ཞེས་ཁོང་ཁྲོ་ཆེན་པོས་གཤེ་གཤེ་བཏང།

བྱིས་པས། སེམས་ཅན་དག་ནི་ཉོན་མོངས་མང། གཞན་གྱི་བདེ་བ་མི་བཟོད་པར། །རྗེ་མོ་དག་ཀྱང་འབངས་སུ་འབེབས། །དྲིན་ལན་ལོག་པར་གཞལ་བ་ཡིས། །ཞིང་ལ་ས་བོན་བཏབ་པ་བཞིན། སྡུག་བསྔལ་རང་གིས་རྟག་ཏུ་མྱོང། ཞེས་སྨྲས་པ་དང་སྐབས་དེར་རྒྱལ་པོས་ཡང་ཐོག་ནས་གནས་ཚུལ་རྣམས་གོ་ནས་ཡ་མཚར་ངང་མར་བབ་འོངས་ཏེ།

ཚིགས་སུ་བཅད་དེ་ལས་འབྲས་སྨྲ་བའི། །ངོ་མཚར་བྱིས་པ་སུ་ཞིག་ཡིན་པ། ཁ་ཉིན་བཞད་པའི་མེ་ཏོག་དེ། ཁྱོད་ཀྱིས་སྤྲུལ་བ་བསྟན་མིན་ནམ། །ཁྱོད་ཀྱི་ཕ་དེ་ང་མིན་ནམ། ཀུན་ཏུ་བཟང་མོ་མ་མིན་ནམ། ཕོ་བྲང་ཆེན་པོའི་ནང་དུ་ཕེབས།

བྱིས་པས། སྐད་ཆ་ཟུར་ཙམ་ཞུས་པ་ལ་ཡང། བཙུན་མོས་མི་བཟོད་གཤེ་ལ་གཟིགས། གལ་ཏེ་ནང་དུ་ཕྱིན་པ་ན། ཁོ་བོ་གསོད་པར་མི་འགྱུར་རམ། ལེགས་ཉེས་བླང་དོར་མི་མཁྱེན་པའི། །རྒྱལ་པོའི་རྒྱལ་ས་སྟོངས་པར་འགྱུར། །ཅེས་སྨྲསཔ་དང་སྐད་ཅིག་ལ་མི་སྣང་བར་གྱུར་པས། ཚང་མ་ཡ་མཚན་ནས་ཧད་དེ་ལུས།

མེ་ཏོག་མས་ཕོ་བྲང་གི་ཡང་ཐོག་ནས་ཡར་མར་ལྟ་བཞིན་སྐབས། སྐད་ཅིག་ལ་སྤྱང་ཀི་ཆེན་པོ་འཇིགས་སུ་རུང་བ་ཞིག་ཐོན་ཏེ། ལུག་ཁྱུ་རྣམས་ཡར་གཏོར་མར་གཏོར་བྱས་པས།

ཨ་དཀོན་མཆོག་མཁྱེན། ངའི་ལུག ངའི་ལུག་རྣམས་སྐྱོབས། ངའི་མ་རྣམས་སྐྱོབས།

ཞེས་སྐད་ཅོར་རྒྱག་བཞིན་རྒྱུགས་མཆོང་གིས་དབྱུག་པ་ཞིག་བཟུང་ནས་ཕྱིར་ཐོན་དུས་སྤྱང་ཀིས་ལུག་མང་པོ་བསད་ཚར་འདུག་ཅིང་ལུག་ལྷག་མ་རྣམས་ཞེད་ཐག་ཆོད་དེ་མོ་རང་གི་མཐའ་ལ་རུབ་ཡོང་བས་མོ་རང་སྙིང་སྟོབས་ཆེན་པོས་སྤྱང་ཀིའི་གདོང་ལ་ཐོན་ནས། དབྱུག་པ་ཕྱར་མོད་སྤྱང་ཀི་དེ་བྲོས་འགྲོ་རྒྱུ་ཕར་ཞོག ད་དུང་ཁྲག་གིས་སྦགས་པའི་ཁ་ཆེན་པོ་དེ་གདངས་ཤིང་མཆེ་བ་གཙིགས་ཏེ་མོ་རང་གི་ཐོག་ལ་མཆོང་ཡོང་གྲབས་བྱས་པས། མོས་ག་ལེར་གོམ་པ་ཁ་ཤས་ཕྱི་ནུར་བྱེད་དགོས་བྱུང། སྐབས་དེར་མོའི་མིག་ལམ་དུ་བསད་ཚར་བའི་ལུག་རོ་མང་པོ་མཐོང་བ་དང་འབའ་བཞིན་པའི་ལ྄ུག་རྣམས་གསལ་བོར་མཐོང་ཡོང་བ་དང་མཉམ་དུ་སྙིང་རྗེ་ཤུགས་དྲག་ཅིག་སྐྱེས་ཏེ།

ངའི་དྲིན་ཆེན་གྱི་ཨ་མ་རྣམས། ངས་ཁྱེད་ཚོ་བདག་སྐྱོང་བྱེད་ཐུབ་མ་སོང། ངའི་ལུས་འདིས་ཨ་མ་ལྷག་མ་རྣམས་སྐྱོབ་ཐུབ་པ་ཤོག དཀོན་མཆོག་མཁྱེན། ཞེས་བཤད་བཞིན་ལག་གི་དབྱུག་པ་ས་ལ་གཡུགས་ཏེ་མིག་བཙུམ་ནས་སྤྱང་ཀིའི་སྔོན་དེར་ཙོག་པུར་རང་ལུས་སྦྱིན་པར་བརྩམས་པ་དང་སྤྱང་ཀིས་ལྕེ་བསྣར་ཏེ་མོའི་གདོང་ལ་ལྡག་ཙམ་ལྡག་མ་བྱས་ཏེ་སོ་མ་བརྒྱབ་པར་བསྡད་པས། མོས་འཇམ་ཞིང་མཉེན་པའི་རེག་བྱ་འདི་ཅི་ཡིན་སྙམ་བཞིན་ག་ལེར་མིག་ཕྱེ་དུས། སྤྲུལ་བའི་ལུ་གུས་མོ་རང་གི་གདོང་ལ་ལྡག་བཞིན་པ་མཐོང༌། མོ་ཡ་མཚར་ཅིང་དགའ་སྣང་དང་བཅས་ཡར་ལྟ་མར་ལྟ་ཞིག་བྱས་པ་ན་སྤྱང་ཀི་མཐོང་རྒྱུ་མེད་པ་མ་ཟད་ལུག་རྣམས་བག་ལྷོད་པོར་སྔར་བཞིན་རྩྭ་བཞིན་སྡོད་པ་མཐོང།

རྫི་མོས། འདི་ག་རེ་བྱས་སོང། ངས་རྨི་ལམ་གཏོང་གི་ཡོད་པ་ཡིན་ནམ། སྤྱང་ཀི་དེ་་་ ཞེས་དྲིས།

ལུ་གུས། སྤྱང་ཀི་དེ་འདི་ན་འདུག་ཅེས་རང་ཉིད་དེ་མ་ཐག་ད་ལྟའི་སྤྱང་ཀི་དེར་སྤྲུལ།

བུ་མོས། ཨ་ ཁྱེད་རང་གིས་ང་ལ་ཆོ་འཕྲུལ་འདི་འདྲ་བསྟན་ནས་ཅི་བྱེད། ང་སྐྲག་ནས་ཤི་གྲབས་བྱས་སོང།

སྤྱང་ཀིས། ཁྱེད་རང་ང་ལ་སྐྲག་པ་ཕར་ཞོག ཁྱེད་རང་གིས་ཨ་མ་ཚོའི་ཆེད་དུ་རང་ལུས་སྦྱིན་པ་མཐོང་ནས། ང་ཞེད་ཐག་ཆོད་ནས་ཆོ་འཕྲུལ་ཡང་ཞིག་སོང། ཧ་ཧ་་ཞེས་སྐད་ཅིག་ལ་སླར་ཡང་ཁྱེའུར་སྤྲུལ་ཏེ། ངས་འདི་དོན་མེད་རྩེད་མོ་རྩེས་པ་ཞིག་མིན། འདི་མེ་ཏོག་མཁའ་འགྲོ་མ་རང་གི་སྡིག་སྒྲིབ་འདག་ཕྱིར་ཡིན།

བུ་མོས། ག་རེ། འཇིགས་སྣང་སྐྱེ་བཅུག་ན་སྡིག་པ་འདག་གི་རེད་དམ།

ཁྱེའུས། ཁྱེད་རང་གིས་ལུག་འདི་རྣམས་རང་གི་ཨ་མ་ངོ་མར་ངོས་ཟིན་པ་མ་ཟད་དེ་དག་གི་ཆེད་དུ་རང་སྲོག་འདོར་ཐུབ་པའི་སྙིང་རྗེ་ཆེན་པོ་ཞིག་འཁྲུངས་པ་འདི་རང་བསྐལ་བ་དུ་མའི་སྒྲིབ་སྦྱོང་ཚོགས་གསོག་གི་ཚབ་ཆགས་པ་རེད།

བུ་མོས། ཁྱེའུ་རིན་པོ་ཆེ། ཐབས་མཁས་ཐུགས་རྗེས་གཟིགས་པ་ཐུགས་རྗེ་ཆེ། ཞེས་གུས་ཕྱག་ཕུལ།

ཁྱེའུས། དེ་ཁྱེད་རང་གིས་ཚེ་རབས་དུ་མར་སྙིང་རྗེ་བསྒོམས་པ་དང་བསོད་ནམས་བསགས་པའི་ལས་སྨོན་གྱི་མཐུ་རེད།

བུ་མོས། ཁྱེའུ་རིན་པོ་ཆེ། མི་ཚོས་ཕོ་བྲང་འདི་མཐོང་གི་མེད་པ་མིན་ནམ། ཡར་མར་འགྲོ་མཁན་ཚོས་ལྟ་ཙམ་ཡང་བྱེད་ཀི་མི་འདུག

ཁྱེའུས། འདི་སྤྲུལ་བའི་ཕོ་བྲང་ཡིན་པས། སྐྱེ་བོ་ཕལ་བས་ལས་སླ་བོར་མཐོང་གི་མ་རེད།

རྫི་མོས། ངས་དེ་འདྲ་བསམ་བྱུང། ཨོ་་ ཁྱེད་རང་རྒྱལ་པོ་ཡབ་ཡུམ་ལ་མཇལ་ཐུབ་སོང་ངམ།

ཁྱེའུས། ཐུབ་སོང། ངས་ཁོང་ཚོར་རྣམ་རྟོག་ཅིག་བསླངས་ཡོང་བ་ཡིན། དོ་ནུབ་ཁྱོད་རང་ཕྱིར་ལོག་ན་རྒྱལ་པོ་ཡབ་ཡུམ་གྱིས་སྐད་ཆ་འདྲི་ངེས་པས། སང་ཞོགས་བར་དུ་མ་ཤེས་མ་གོ་མ་མཐོང་གི་ལན་རྒྱོབ།

རྫི་མོས། སང་ཞོགས་བཤད་ན་འགྲིག་པ་རེད་དམ། ངས་ཆ་ཚང་བཤད་ཀི་ཡིན།

ཁྱེའུས། མང་པོ་མ་ཤོད། སང་ཞོགས་ཁྱོད་རང་རྒྱལ་པོ་དང་བཙུན་མོ་སར་སོང་ལ། སྤྲུལ་བའི་ཁྱེའུ་ཞིག་གིས་སྤྲུལ་བའི་ཕོ་བྲང་ཞིག་བཞེངས་ནས་རྒྱལ་པོ་འཁོར་བཅས་མཆོད་པར་གདན་འདྲེན་ཞུ་གིན་འདུག་ཅེས། ཁྱོད་ཀྱིས་ཁོང་ཚོ་འཁྲིད་འོང་དགོས།

རྫི་མོས། དེ་ཡག་པོ་འདུག ཁོང་ཚོ་ཡ་མཚར་འགྲོ་གི་རེད། ཅེས་དགའ་བའི་ངང་བཤད་དེ་བསམ་བློ་ཏོག་ཙམ་བཏང་ནས། ཡིན་ན་ཡང། ཁོང་ཚོས་ཕོ་བྲང་འདི་མཐོང་ཐུབ་བམ།

ཁྱེའུས། སང་ཉིན་ངས་ཕོ་བྲང་འདི་ཚང་མས་མཐོང་ཐུབ་པ་ཞིག་བྱས་ཆོག ཡིན་ན་ཡང་སྐལ་བ་མེད་པ་དང་ལས་མ་དག་ཚོས་མཐོང་གི་མ་རེད།

བུ་མོས། འོ་ན་ང་ལས་དག་པ་ཨེ་རེད།

ཁྱེའུས། ཁྱོད་རང་བུ་མོ་ལས་ཅན་ཞིག་རེད།

བུ་མོས། ང་སྤྱིར་བཏང་གི་ལུག་རྫི་ཞིག་དང་ལྷག་པར་བུ་མོ་ཞིག་རེད། དེ་འདྲའི་ལས་ཅན་ཞིག་ག་ལ་ཡིན།

ཁྱེའུས། ལུས་རྟེན་དང་ལས་ཀ་གང་ཡིན་པ་དེས་གང་ཟག་དང་བསོད་ནམས་ཀྱི་ཚད་འཇལ་མི་ཐུབ། ང་རང་གཉིས་མཇལ་བ་འདི་ཡང་སྔོན་ལས་བཟང་པོའི་དབང་གིས་རེད།

བུ་མོས། དགའ་བའི་མིག་གིས་ལྟ་བཞིན་ཅུང་ངོ་ཚ་དང་བཅས ཡིན་ན་ཡང་ང་ཕོ་བྲང་འདིར་རྟག་ཏུ་བསྡད་ནས་ཁྱེད་ལ་ཞབས་ཞུ་སྒྲུབ་པའི་ལས་ཡོད་རྒྱུ་མ་རེད།

ཁྱེའུས། དེ་་་ཨོ་ ཁྱེད་རང་ངའི་ཨ་ཆེ་ལྟ་བུ་རེད། ཕོ་བྲང་དུ་སྡོད་ལོས་ཆོག

བུ་མོས། ང་ཨ་ཆེ་འདྲ་བོ་ཡིན་ན་ཡང། ཁྱེད་རང་བུ་གུ་འདྲ་བོ་ཞིག་མི་འདུག

ཁྱེའུས། ཨོ་ན་ ག་རེ་འདྲ་བོ་ཞིག་འདུག

བུ་མོས། ཁྱེད་རང་ངོ་མ་ཡིད་དབང་འཕྲོག་པའི་གཞོན་ནུ་ཞིག་འདུག ཅེས་ངོ་ཚ་དང་བཅས་ཟུར་མིག་གིས་ཁྱེའུའི་ཞལ་ལ་ལྟ་ཙམ་བྱས།

ཁྱེའུས། ཨོ། ང་ ང་ངོ་མ་ལུ་གུ་ཞིག་ཡིན་པ་ཁྱེད་རང་བརྗེད་སོང་ངམ།

བུ་མོས། ཁྱེད་རང་ངོ་མ་ལུ་གུ་ཞིག་ཡིན་ན་ཡང་ང་ལ་བདག་གི་མ་རེད། རྒྱལ་པོ་ལ་དབང་གི་རེད། གལ་ཏེ་ཁྱེད་རང་མེ་ཏོག་དེ་རང་ཡིན་ན་ཡང། ང་ལ་དབང་གི་མ་རེད། དེ་ང་ལུག་རྫི་གཡོག་མོ་ཞིག་ཡིན་པས་རེད། ཅེས་སྐྱོ་སྣང་གིས་མགོ་སྨད་ཀྱིན་བཤད།

ཁྱེའུས། ཆོས་ཀྱི་རྒྱལ་པོ་དང་སྡིག་ཅན་རྒྱལ་པོ་མི་འདྲ། ང་རྒྱལ་ཅན་དང་ཞི་དུལ་ཅན་གཉིས་མི་འདྲ། བུ་མོ་གཞན་དང་ལུག་རྫི་མེ་ཏོག་མི་འདྲ། ཡིན་ཡང་ལང་ཚོ་སོགས་ལ་ཞེན་པ་ཡི་ཉོན་མོངས་དག་ནི་སྤོང་ལ་བརྩོན། ངེད་གཉིས་སྤུན་མཆེད་ལྟ་བུའི་འདུ་ཤེས་འཛིན། ཅེས་གསུང་བཞིན་རྒྱང་ལ་གཟིགས་ཙམ་གྱིས། ཨོ་ཁྱོད་རང་གི་ཨ་མ་ཚོ་ཐག་རིང་ལ་ཡན་འགྲོ་གིན་འདུག ད་སྤྱང་ཀིས་ཟོས་ཡོང༌། ཧ་ཧ་ཧ་་ཞེས་གསུངས་པ་དང་རྫི་མོས་ལུག་ཁྱུ་ལ་གཅིག་བལྟས་ཏེ།

ཁྱེའུས་གསུངས་པ་ཡིད་ལ་འཛིན། འོན་ཀྱང་ཆགས་པ་སྤོང་བར་དཀའ། སྤྲུལ་བའི་སྤྱང་ཀིར་མི་འཇིགས་མོད། འཕར་སྤྱང་རྔ་རིང་གདུག་རྩུབ་ཆེ། ཨ་མ་རྣམས་ལ་བརྩེ་ཞེན་ཆེ། ཁོ་མོ་མགྱོག་པོ་འགྲོ་བར་བྱ། ཞེས་ལུག་ཁ་སྐོར་དུ་སོང། ཁྱེའུས་ཕོ་བྲང་གི་ཁྲིར་ཕེབས་ཏེ་བསམ་གཏན་ལ་སྙོམ་པར་བཞུགས། མཇུག་འགྲིལ

འཁྲབ་ཚན་བརྒྱད་པ།

 

།སྤྲུལ་བའི་ཕོ་བྲང་ནང་དུ་ཡབ་ཡུམ་བསུས།

།གཡོག་མོ་གསུམ་པོ་བདེ་བ་ཅན་དུ་བསྒྲལ།

 

ཕྱི་ཉིན་ཉི་ཤར་གྱི་འོད་ཟེར་ཕོ་བྲང་གི་རྩེ་ཐོག་ལ་འཕྲོ་བཞིན་པའི་སྐབས་སུ། རྫི་མོས་རྒྱལ་བློན་འཁོར་དང་བཅས་པ་ཁྲིད་ཅིང་ཨ་མ་ཚོ་དེད་དེ་སྤྲུལ་བའི་ཕོ་བྲང་དུ་འོང་བཞིན་པ་དང་མི་རྣམས་ཀྱིས་རྒྱང་ནས་ཕོ་བྲང་མཐོང་བ་དང་ཡ་མཚར་ཅ་ཅོ་སྒྲོག་པར་བྱེད། དེ་དུས་ཕོ་བྲང་གི་སྒོ་ཁར་སྟོད་གསེར་མདོག་དང། རྐེད་པ་དུང་མདོག ལུས་སྨད་གཡུ་མདོག་ཅན་གྱི་ལུ་གུ་ཞིག་མཆོང་ལྡིང་བྱེད་ཀྱིན་རྒྱལ་པོ་ཡབ་ཡུམ་གཉིས་ཀྱི་སྔུན་བསུ་བར་འོང་ནས། ཆོས་རྒྱལ་ཆེན་པོ་བཙུན་མོ་འཁོར་དང་བཅས་པ་ངེད་ཀྱི་ཕོ་བྲང་དུ་ཕེབས་པར་དགའ་བསུ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་བཤད་པས་ཚང་མ་ལྷག་པར་ཡ་མཚར་ནས། འདི་ཅི། ལྷ་ཡི་ལུ་གུ་ཡིན་ནམ། གཡང་ལུག་འདི་ཞེས་བརྗོད་ཅིང་ལྟ་བར་བྱེད། དེར་ལུ་གུས་སྐད་ཅིག་ལ་སྤྲང་ཕྲུག་ཅིག་ཏུ་སྤྲུལ་པས

རྒྱལ་པོས། ཁོང་ཁ་སང་གི་སྤྲུལ་བའི་བྱིས་པ་དེ་རེད། ཅེས་གསུངས་མ་ཐག དེ་ནས་ཡང་ཁྱེའུ་མཚན་བཟང་ལྟ་ན་སྡུག་པ་ཞིག་ཏུ་སྤྲུལ་བསྒྱུར་བྱས་པས།

ཀུན་བཟང་མས། ཁྱེད་དཀོན་མཆོག་གིས་གནང་བའི་ངའི་བུ་དེ་མིན་ནམ། ཞེས་ཧ་ཅང་དགའ་ཉམས་ཀྱིས་དྲིས། སྐབས་དེ་དག་ཏུ་ནོར་དགའ་མ་མ་སྨད་གསུམ་པོ་སྐྲག་ནས་འཚུབ་ཆ་ལངས་པའི་རྣམ་འགྱུར་ཅི་རིགས་སྟོན་པར་བྱེད།

ཁྱེའུས། སེམས་ཅན་ཉོན་མོངས་ལས་ཀྱིས་བསྒྲིབས། རང་གི་བུ་ཡང་མི་ཤེས་ན། ཕྱི་མའི་བདེ་སྐྱིད་ག་ལ་ཤེས། དཔེར་ན་རྒྱལ་པོ་ཡབ་ཡུམ་བཞིན། བདུད་ཀྱི་རིགས་ཀྱི་བར་ཆད་མང། དམ་པའི་ཆོས་ནི་རྙེད་པར་དཀའ། མཛའ་བའི་གྲོགས་ནི་ཉིན་སྐར་འདྲ། གང་ལ་བརྟག་དཔྱད་མི་གཏོང་བའི། ཅི་བཤད་བདེན་པར་བཟུང་ནས་སྒྲུབ། བླང་འདོར་མི་ཤེས་གླེན་པ་ཡིན། དཔེར་ན་རྒྱལ་པོ་ཡབ་ཡུམ་བཞིན།

རྒྱལ་པོས། ཀུན་ཏུ་བཟང་མོས་ཁས་བླངས་པའི། ངོ་མཚར་སྲས་མཆོག་ཁྱེད་ཡིན་ནམ། ཞེས་ཡ་མཚར་ཅིང་དྲིས་པ་དང།

ཁྱེའུས། རྒྱལ་པོ་འཁོར་བཅས་ཕོ་བྲང་ནང་དུ་བཞུགས་གདན་འཇགས་དང༌། ངེད་ཀྱི་ལོ་རྒྱུས་གསལ་བོ་ག་ལེར་ཞུ་ཆོག ཅེས་གསུངས་ནས་རང་ཉིད་ཕོ་བྲང་དབུས་ཀྱི་ཁྲི་ཐོག་ལ་བཞེངས་ཏེ་ཕྱག་རྒྱ་ཞིག་མཛད་པ་དང། གཡས་གཡོན་ལ་རྒྱལ་པོ་ཡབ་ཡུམ་དང་དེའི་འོག་ལ་རིམ་བཞིན་བློན་པོ་དང་མི་སེར་བཅས་བཞུགས་སའི་ཁྲི་དང་གདན་རང་གྲུབ་ཏུ་སོང་བས་ཚང་མ་ཡ་མཚར་ངང་གདན་ལ་འཁོད།

རྒྱལ་པོས། གུས་ཕྱག་དང་བཅས། སྤྲུལ་བའི་ཁྱེའུ་ངོ་མཚར་ཅན། རྨི་ལམ་མངོན་སུམ་བྱེད་པ་ཁྱེད། དཀོན་མཆོག་ལྷ་ཡི་ཕོ་ཉའམ། བདག་གི་རིགས་སྲས་གང་ཡིན་གྱི། ངོ་མཚར་བྱུང་བ་གསུང་པར་འཚལ། བདག་ཅག་རྨོངས་པའི་ལམ་སོང་བའི། བླང་དོར་བཀའ་སློབ་གནང་དུ་གསོལ། ཞེས་ཞུས།

ཁྱེའུས། དེར་སྐུའི་ན་བཟའི་ཕྱི་ནས་ཀྱང་སྐུ་སྟོད་གསེར་འོད་འཕྲོ་ཞིང་སྐུ་རྐེད་དུང་འོད་འཕྲོ་བ། སྐུ་སྨད་གཡུ་འོད་འཕྲོ་བ་དེ་མངོན་པར་བྱས་ཤིང། ཞལ་འཛུམ་ཙམ་གནང་ནས་ཚེམས་དུང་ལྟར་དཀར་བ་བཞི་བཅུའི་ཕྲེང་བ་མངོན་པར་མཛད་དེ།

ཀུན་ཏུ་བཟང་མོའི་མགོན་སྐྱབས་སངས་རྒྱས་ཡིན། སངས་རྒྱས་གསེར་གྱི་སྐུ་མདོག་ཅི་འདྲ་བ། བདག་གི་ལུས་ཀྱི་སྟོད་ཀྱང་གསེར་དང་འདྲ། ཀུན་ཏུ་བཟང་མོའི་མགོན་སྐྱབས་དམ་ཆོས་ཡིན། དཀར་པོ་ཆོས་ཀྱི་སྐུ་མདོག་ཅི་འདྲ་བ། བདག་གི་རྐེད་པའང་དཀར་པོ་དུང་དང་འདྲ། ཀུན་ཏུ་བཟང་མོའི་མགོན་སྐྱབས་དགེ་འདུན་ཡིན། སྒོ་གསུམ་ཉེས་པས་མ་གོས་དག་པ་ཡི། ལུས་ཀྱི་སྨད་ནི་གཡུ་ཡི་མདོག་དང་ལྡན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས། བདག་མིང་དཀོན་མཆོག་འབངས་ཞེས་ཞུ། དད་ལྡན་ཀུན་ཏུ་བཟང་མོ་དང། རྒྱལ་པོ་ཁྱེད་ཀྱི་སྲས་ནི་ང་རང་ཡིན། །ཞེས་གསུང་མགུར་བཞེངས་དང༌།

ཡུམ་གྱིས། དཔལ་ལྡན་བླ་མས་ལུང་བསྟན་ཅིང། དཀོན་མཆོག་གསུམ་གྱིས་བྱིན་བརླབས་པའི། །ཨེ་མ་ངོ་མཚར་བདག་གི་བུ། །དེ་རིང་མངོན་སུམ་མཇལ་བས་དགའ། །ཁྱེད་ཉིད་འཁྲུངས་པའི་ཉིན་མོ་ནས། །ད་བར་ཟླ་བ་བཅུ་གཉིས་སོང། བྲང་གི་ནུ་མས་མ་གསོས་ཤིང། བྱམས་པའི་ལག་གིས་མ་རེག་ལ། བརྩེ་བའི་མིག་གིས་མ་མཐོང་བར། ད་ལྟ་ལོ་བརྒྱད་བྱིས་པ་འདྲའི། ན་ཚོད་རྫོགས་པའི་གཞོན་ནུ་ཁྱེད། བདག་གི་བུ་ཡིན་བརྗོད་ལ་ངོ་རེ་ཚ། བླུན་རྨོངས་ཀུན་ཏུ་བཟང་མོ་ང། ཁྱེད་ཀྱི་མ་ཡིན་ཟེར་ལ་ངོ་རེ་ཚ། ཞེས་དགའ་སྐྱོའི་སྣང་བ་ལྷན་ཅིག་ཏུ་སྡེབ་ཀྱིན་སྤྱན་མཆི་མས་བརླན་བཞིན་མགུར་ལན་ཕུལ།

སྲས་ཀྱིས། ཨེ་མ་ཡུམ་ཆེན་ཀུན་བཟང་མོ། ཆོས་རྒྱལ་དཔལ་ལྡན་ལྷ་གཅིག་མ། དགེ་འདུན་བརྒྱ་ཡི་སྦྱིན་བདག་མ། འབངས་འཁོར་འབུམ་གྱིས་བསྟོད་ཡུལ་མ། དཀོན་མཆོག་གསུམ་ལ་དད་ལྡན་མ། རིང་ནས་བསོད་ནམས་ཚོགས་རྫོགས་མ། བདག་ལུས་བསྐྱེད་པའི་དྲིན་ཆེན་མ། བདག་ནི་སྤྲུལ་བའི་ཁྱེ་འུ་སྟེ། འཇིག་རྟེན་བདག་སྐྱོང་མེད་ཀྱང་འགྲིགས། ཐུགས་སེམས་མ་སྐྱོ་དགའ་བར་གྱིས། ང་ཡང་ཁྱེད་དང་ཁ་བྲལ་ནས། ཁྱེད་ཐུགས་སྐྱོ་སྡུག་ཆེན་པོ་བཟོས། འོན་ཀྱང་དེ་དག་སྒྲིབ་སྦྱོང་གི དགེ་བའི་ཆོས་སུ་གྱུར་བས་ལེགས། དགྱེས་བར་མཛོད་དང་ཡུམ་ཆེན་མ། ཁྱེད་ཉིད་རང་གི་གཡོག་མོ་ཡི། མགོ་བསྐོར་འོག་ལ་ཚུད་གྱུར་ནས། བར་ཆད་མང་པོ་བྱུང་ན་ཡང། རྐྱེན་ངན་དགེ་བའི་གྲོགས་སུ་ཤར། མ་སྐྱོ་མ་སྡུག་དགྱེས་པར་མཛོད།

ཅེས་མགུར་གསུངསྐབས་ནོར་དགའ་མ་སྨད་གསུམ་པོ་འཇིགས་ཤིང་སྐྱེངས་ཏེ་མགོ་སྨད་ནས་འདུག

ཁྱེའུས། ཀྱེ་རྒྱལ་པོ་ཆེན་པོ། ངའི་མ་དྲིན་ཆེན་འདི། ཁྱེད་ཀྱི་བཙུན་མོར་མི་རུང་ལ། གཡོག་མོར་དེ་བས་ཀྱང་མི་རུང་བས། ཁྱེད་ཀྱིས་བཙུན་མོ་གཞན་དག་གཉིས་ཁྲིད་དེ་ཕེབས་ཤིག ཅེས་སྨྲས་པ་དང་རྒྱལ་པོ་ཤིན་ཏུ་ངོ་གནོང་བཞིན་རེ་ཞིག་ལ་གསུང་ཡང་འབྱོན་མ་ནུས་པར་དབུ་སྨད་དེ་ལུས་པར་གྱུར།

སྲས་ཀྱིས། ཅི། རྒྱལ་པོ་ཆེན་པོ་ཐུགས་མ་མཉེས་བ་ལགས་སམ།

རྒྱལ་པོས། བདག་གི་བཙུན་མོ་སྔ་མ་རྒྱ་མཚོར་རྟ་ཡིས་གཡུགས་ཏེ་ཚེ་ལས་འདས། དེ་རྗེས་ཀུན་ཏུ་བཟང་མོ་ཡང་བུ་མོ་གཞན་གཉིས་ཀྱི་གཡོ་འོག་ཏུ་ཚུད་དེ་ཉེས་པར་བྱས་པས། ཁོ་བོ་ནི་མི་ཤེས་པའི་དབང་གིས་ཤིན་ཏུ་འགྱོད་ཅིང་ཡིད་གདུང་ངོ།

སྲས་ཀྱིས། གལ་ཏེ། ཀུན་ཏུ་བཟང་མོ་དང་ལྷན་ཅིག་གནས་པར་འདོད་ན། ཇི་སྲིད་འཚོ་བའི་བར་དུ། བྱམས་བརྩེས་སྐྱོང་གནང་དགོས། རྟག་ཏུ་དཀོན་མཆོག་ལ་མཆོད་པ་རྒྱུན་མ་ཆད་པར་དད་པ་བརྟན་པོས་གསོལ་བ་སོྨན་ལམ་དང། བྱ་བ་ཐམས་ཅད་ཆོས་བཞིན་སྒྲུབ་པར་དམ་བཅའ་ནུས་ན། ང་ཚོ་ལྷན་ཅིག་ཕོ་བྲང་དུ་ཆོས་བཞིན་སྤྱོད་པས་གནས་ཆོག་གོ

ཡབ་ཀྱིས། སྔར་ཡང་མ་རྟོགས་པ་དང་ལོག་རྟོག ཐེ་ཚོམ་གྱི་དབང་གིས་གང་བྱས་ལམ་ལོག་ཏུ་སོང་བས་ངོ་ཚ་ཞིང་འགྱོད་པ་སྐྱེ་ན། ད་ཡང་སྲས་ཀྱི་གསུང་གཅོག་ཕོདདམ། ཁྱེད་ཇི་ལྟར་གསུངས་པ་བཞིན་འཇིག་རྟེན་ཆོས་བཞིན་སྤྱོད་པ་དང། ཡུམ་སྲས་གཉིས་ལ་བྱམས་སྐྱོང་ཆེན་པོས་བྱ་བ་ཚང་མ་མ་ནོར་བར་བྱེད་ཐག་ཆོད་ཡིན། ཁོ་བོ་མ་རིག་མུན་པས་བསྒྲིབས། དེ་ཕྱིར་ཁྱེད་ལ་ནོངས་པར་གྱུར། ཁྱོད་ཀྱིས་ནོངས་པར་མི་འཛིན་པར། མ་དག་ལས་རྣམས་མཐོལ་ཞིང་འཆགས།

སྲས་ཀྱིས། ལུས་ངག་ཡིད་ཀྱི་སྡིག་སྒྲིབ་ཀུན། མ་བཤགས་གསོག་ན་ངན་འགྲོར་འགྲོ། བཤགས་ཤིང་སྡོམ་ན་དག་འགྱུར་ཞིང། བདེ་འགྲོ་ཐར་བའི་ལམ་སྣ་ཟིན། ཡབ་ཁྱེད་བསམ་པ་དག་པ་ཡིས། ཉེས་པ་དག་ལ་འགྱོད་བྱས་ནས། བདག་ལ་མཐོལ་ཞིང་བཤགས་པས་ན། བདག་གིས་བརྩེ་བས་རྗེས་སུ་འཛིན། ལས་འབྲས་བསླུ་བ་མེད་པ་དང། ཆོས་ཉིད་རང་བཞིན་དག་པ་དང། དཀོན་མཆོག་གསུམ་གྱི་བདེན་པ་ཡིས། རྒྱལ་པོ་ཀུན་ཏུ་དགེ་བར་ཤོག །ཅེས་ཐུགས་སྨོན་སྐྱབས་འཇུག་གནང་བ་དང།

ཡབ་ཀྱིས། ཁྱོད་ནི་སྤྲུལ་བའི་རྒྱལ་སྲས་ཏེ། འགྲོ་བ་རྣམས་ནི་སྐྱོབ་པའི་ཕྱིར། རྒྱལ་པོ་བདག་གི་སྲས་སུ་བྱོན། སྐུ་ཡི་སྟོད་ནི་སངས་རྒྱས་དང༌། རྡོ་རྗེའི་སྐེད་པ་དམ་པའི་ཆོས། སྐུ་ཡི་སྨད་ནི་དགེ་འདུན་སྟེ། རྒྱལ་བུ་ཁྱོད་ནི་དཀོན་མཆོག་གསུམ།

སྲས་ཀྱིས། ཁྱོད་ལ་དག་པའི་སྣང་བ་ཤར། ཁོ་བོ་དཀོན་མཆོག་གསུམ་དུ་མཐོང། །བདེན་པར་མི་འཛིན་སྤྲུལ་བར་ཤེས། །འགྲོ་བ་ཀུན་ལ་ཕན་པར་འདོད།

ཡུམ་གྱིས། དེ་རིང་ཡ་མཚན་ཆོས་སྒྲ་སྒྲོག །མཛེས་པའི་གཟུགས་མཐོང་ཆོས་དང་མཇལ། །སེམས་ལ་དགའ་བ་རབ་ཏུ་རྒྱས། འགྲོ་ལ་ཕན་པར་ཁོ་མོས་འཚལ། ཡབ་སྲས་ཐུགས་མཐུན་བརྩེ་བའི་ངང། རྒྱལ་སྲིད་ཆོས་བཞིན་སྐྱོང་བར་ཤོག །བདག་ལ་གནོད་བྱེད་གྲོགས་མོ་ཟུང། རྨོ་མོ་ནོར་དགའ་བཅས་པ་ཡང། ཁྲིམས་ཆད་མེད་པར་བརྩེ་བས་གཟིགས། ལས་ཀྱི་རྣམ་སྨིན་མཐུ་ཆེ་བས། སྲས་ཀྱིས་ཐུགས་རྗེས་གཟིགས་པར་གསོལ། །

ཞེས་ཞུས་པ་དང། ནོར་དགལ་མ་སྨད་གསུམ་པོ་ངོ་ཚ་དང་གནོང་འགྱོད། འཇིགས་སྣངཅི་རིགས་ཀྱིས་སེམས་ཁོང་དུ་ཆུད་བཞིན་སོ་སོས་ཕྱག་བཅས་འགྱོད་བཤགས་ཕུལ་བས། སྲས་ཀྱིས་འདི་སྐད་དུ།

སྔོན་ཡང་སྐྱེ་བ་མང་པོ་དང། ལྷག་པར་ཚེ་འདིར་ཕྲག་དོག་དང། བརྣབ་སེམས་དང་ནི་གནོད་སེམས་དང། ལོག་པར་ལྟ་བའི་ཉེས་བྱས་ཀྱིས། སྡིག་པ་སྣ་མང་ཆེན་པོ་བསགས། དེ་བས་དམྱལ་བར་ལྷུང་འགྱུར་ཡང༌། །འགྱོད་བཤགས་དད་པའི་སྨོན་ལམ་དང༌། །བདག་གི་བཙན་ཐབས་འཕོ་བ་ཡིས། མི་རིང་བདེ་ལྡན་ཞིང་ལ་འདྲེན། །

ཞེས་གསུངས་ནས་ཕྱག་རྒྱ་ཞིག་མཛད་ཀྱིན་གསུང་སྔགས་ཤིག་བགྲངས་མ་ཐག་ཚེ་ལས་འཕོས་ཏེ་སྐད་ཅིག་ལ་བསྐལ་བའི་འདུ་ཤེས་ཀྱིས་དམྱལ་བར་སྐྱེས་ཤིང་བདེ་བ་ཅན་དུ་འཕོས་སོ། དེ་ནས་སྐྱེ་བོ་མང་པོ་དཀོན་མཆོག་གསུམ་དང་ལས་རྒྱུ་འབྲས་ལ་དད་པ་ལྷག་པར་འཕེལ་བར་གྱུར་ནས་སྲས་ལ་ཕྱག་འཚལ་ཞིང་སོ་སོས་སྡིག་པ་བཤགས་སྡོམ་བྱས་ཏེ་སྐྱབས་འཇུག་སྨོན་ལམ་ལེགས་པར་བཏབ། དེར་སྲས་ཀྱང་རབ་ཏུ་མགུ་ནས།

དེ་རིང་ཆོས་ཀྱི་དགའ་སྟོན་ལེགས་པར་གྲུབ་པས། ད་ནི་འཇིག་རྟེན་ཟས་ཀྱི་དགའ་སྟོན་ལ་རོལ་བར་བྱེད། འདིར་འཁོད་སྐུ་མགྲོན་རྣམ་པར་སོ་སོར་གང་ལ་དགྱེས་པའི་ཞལ་ཟས་རོ་མཆོག་བརྒྱ་ལྡན་ད་བོབ་ཅིག

ཅེས་གསུངས་ནས་ཕྱག་རྒྱ་ཞིག་མཛད་པ་དང་བར་སྣང་ནས་རང་རང་སོ་སོས་ཅི་འདོད་དེ་བཞིན་དུ་བྱུང་བར་གྱུར་བས་ཐམས་ཅད་ངོ་མཚར་དགའ་མགུར་རོལ་བར་གྱུར་བའི་ཚུལ་གྱིས་འཁྲབ་ཚན་མཇུག་འགྲིལ་བར་བྱའོ།

 འཁྲབ་ཚན་དགུ་པ།

 

།བེ་ཏའི་ཡུལ་དུ་བཀྲ་ཤིས་གཏམ་བཟང་བསྒྲགས།

།ཀུན་ཏུ་བཟང་མོ་ཡབ་ཡུམ་གཉིས་དང་མཇལ།

 

ཉིན་ཞིག་རྒྱལ་པོ་ཡབ་ཡུམ་སྲས་བཅས་སྤྲུལ་བའི་ཕོ་བྲང་གི་སྐྱེད་མོས་ཚལ་ཡངས་སུ་ལྷན་ཅིག་བཞུགས་ཏེ་གསུང་མོལ་གནང་བཞིན་གནས་པའི་ཚུལ།

 

ཡབ་ཀྱིས། ང་ལ་དཀོན་མཆོག་ཕོ་བྲང་དམ་པ་དང། བཙུན་མོ་དམ་པ། ལྷག་པར་དཀོན་མཆོག་གིས་གནང་བའི་སྲས་ཁྱེད་ལྟ་བུ་ཞིག་ཡོད་པས། ངའི་བསམ་དོན་ཀུན་གྲུབ་ཅིང་ཡུལ་ཕྱོགས་ཀུན་ལ་བཀྲ་ཤིས་པར་གྱུར་འདུག

ཡུམ་གྱིས། བཀྲ་ཤིས་རྟེན་འབྲེལ་འདི་འདྲ་འཛོམས་པ་ནི་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ལས་བྱུང་བ་ཡིན།

སྲས་ཀྱིས། ལགས་རེད། ང་ཚོ་ཚང་མའི་སྔོན་བསགས་བསོད་ནམས་ཀྱི་མཐུ་རེད། ཡབ་ཡུམ་རྣམ་པ་གཉིས་ཀྱང་ཐུགས་བསྐྱེད་སྨོན་ལམ་གྲུབ་པ་ཅན་ཞིག་ཡིན།

ཡབ་ཀྱིས། སྲས་མཆོག་ཁྱེད་ལ་ང་རེ་བ་ཞིག་ཞུ་རྒྱུ་འདུག

སྲས་ཀྱིས། གསུངས་དང༌། ཡབ་ཆེན་མཆོག་གིས་ཐུགས་འཛེམས་གནང་མི་དགོས།

ཡབ་ཀྱིས། སྲས་མཆོག་ཁྱེད་སྐུ་ན་གཞོན་ཡང་ལང་ཚོ་རྫོགས་པས། ངའི་རེ་བ་ལ་མཚན་བཟང་གི་བུ་མོ་མཛངས་མ་ཞིག་རྙེད་ན་བཀྲ་ཤིས་པའི་ཐོག་ལ་ཐམས་ཅད་ཕུན་སུམ་ཚོགས་པ་ཡོང་གི་རེད་སྙམ།

སྲས་ཀྱིས། འཇིག་རྟེན་ཁྱིམ་ནི་བཙོན་ཁང་འདྲ། ཁོ་བོ་བཙོན་དུ་འཇུག་དགོངས་སམ། རྒྱུ་ནོར་འཆིང་བྱེད་ལྕགས་སྒྲོག་འདྲ། ཁོ་བོ་སྒྲོག་གིས་འཆིང་དགོངས་སམ། ཁྱིམ་ཐབ་བདུད་ཀྱི་བུ་མོ་འདྲ། ཁོ་བོའི་མི་ཚེ་བརླག་བྱེད་དམ།

ཡབ་ཀྱིས། ཁྱོད་སྐུ་དཀོན་མཆོག་གསུམ་ལྡན་སྟེ། སྤྲུལ་བའི་རྒྱལ་སྲས་ཚུལ་བསྟན་པས། གང་དུ་བཞུགས་ཀྱང་གཞལ་ཡས་ཁང། སུ་དང་འགྲོགས་ཀྱང་ལྷ་ཉིད་དེ། ཉོན་མོངས་ལས་ལ་སུ་ཡིས་འཇུག

སྲས་ཀྱིས། ཁྱོད་ལ་དག་པའི་སྣང་བ་དང། དཀོན་མཆོག་གསུམ་གྱི་ཐུགས་རྗེ་མཆོག དགེ་ལེགས་བསམ་པ་བཟང་པོ་དེ། ད་གཟོད་ཞུགས་པར་བདག་གིས་ཤེས། ཞེས་ཐུགས་མཉེས་པའི་འཛུམ་བཅས་གསུངས་པ་དང

ཡུམ་གྱིས། བདག་ཅག་རང་གི་སྤྱོད་ཚུལ་ཡང། འཁྲུལ་མིན་ཤེས་པར་དཀའ་བས་ན། སྲས་ཁྱེད་ཇི་ལྟར་མཛད་མིན་ལ། བློ་དམན་བདག་གིས་ཞུ་འོས་མིན། འོན་ཀྱང་ཁོ་མོའི་བསམ་པ་ལ། རྒྱལ་སྲས་ཁྱེད་དང་འཚམས་པ་ཡི། མི་ཡི་བུ་མོ་རྙེད་དཀའ་པར་དཀའ། །

ཞེས་ཆོས་ཀྱི་ཚིགས་སུ་བཅད་པའི་གསུང་གླེང་ལྷུག་པར་གནང་བཞིན་པའི་དུས། གློ་བུར་དུ་བྱང་ཕྱོགས་ཀྱི་ནམ་མཁའ་ནས་འོད་དུམ་ཞིག་ཆད་འོངས་ཏེ་ཁོང་ཅག་གི་མདུན་གྱི་བར་སྣང་མི་མཐོ་མི་དམའ་བར་འཁྱིལ་བ་དང་སྐད་ཅིག་ལ་འོད་ཟེར་ལྷམ་མེར་འཕྲོ་བའི་མཚར་སྡུག་གི་སྐུ་ཞིག་མངོན་པར་གྱུར་པ་དང་ཡབ་ཡུམ་སྲས་བཅས་ཀྱིས་གུས་ཕྱག་ཕུལ

འཕགས་པས། འདུས་བྱས་ཐམས་ཅད་མི་རྟག་པ། ཁམས་གསུམ་ཐམས་ཅད་སྟོང་བ། སྲིད་པར་ལྷུང་བ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ་རྒྱལ་བའི་བཀའ་ལགས། ལྷག་པར་ཁྱིམ་ན་གནས་པའི་འདོད་ཡོན་ཐམས་ཅད་བདུད་ཀྱི་སྨྱོ་ཆང༌། ཐར་བའི་སྲོག་གཅོད་ཡིན། དེ་བས། གལ་ཏེ་རྒྱལ་བུར་རིག་མ་བསུ་ན་ངེས་པར་ཨུ་རྒྱན་མཁའ་འགྲོའི་ཡུལ་དུ་ཕེབས་དགོས། ཞེས་པའི་གསུང་སྙན་ལུང་བསྟན་ཐོས་པ་དང

སྲས་ཀྱིས། ཇི་ལྟར་མཁའ་ལ་ཉི་ཤར་བས། གླིང་བཞིའི་མུན་པ་རབ་སེལ་བཞིན། འཕགས་པ་ཁྱེད་ཀྱི་སྣང་བ་ཡིས། བདག་གི་ཡིད་ཀྱི་མུན་པ་སེལ།

འཕགས་པས། བདག་ནི་འཕགས་པ་ཉི་མའི་འོད། འཇིག་རྟེན་མ་ལུས་གསལ་བར་བྱེད། དད་པའི་ས་གཞིར་དྲོདབསྐྱེད་དེ། ཁྱེད་ཀྱི་བདེ་འབྲས་སྨིན་པར་བགྱི།

སྲས་ཀྱིས། ཐག་རིང་ལམ་ནི་བགྲོད་པར་དཀའ། བདག་གིས་གྲོགས་ཀྱང་མི་ཤེས་ལ། ལམ་ཡང་བགྲོད་པར་མི་ཤེས་པས། འཕགས་པས་གསལ་བར་བསྟན་དུ་གསོལ།

འཕགས་པས། ཨུ་རྒྱན་ཡུལ་ན་ཁྱེད་ཀྱི་གྲོགས། མཁའ་འགྲོ་གསང་བ་ཡེ་ཤེས་ཡོད། གནས་འདིར་ཉོན་མོངས་འདུལ་བའི་ཕྱིར། ཤེས་རབ་གྲོགས་སུ་གདན་འདྲེན་དགོས། སྤྲུལ་བའི་ཆིབས་པ་རླུང་རྟ་ཆིབས། ལོ་རེའི་ལམ་ལ་ཉིན་རེར་སླེབས། རྡོ་རྗེའི་བྲག་ཅེས་བརྟན་པའི་ངོས། གསེར་གཡུ་བརྡལ་བའི་རྒྱ་མཚོའི་འགྲམ། ལྷུན་པོ་བརྩེགས་པ་ནགས་ཀྱི་འདབས། མཁའ་འགྲོ་དཔག་མེད་འདུ་བའི་ས། དཔལ་གྱི་ཕོ་བྲང་བྱ་བ་ན། ཁྱེད་ཉིད་ཐོག་མེད་རྗེས་ཟུང་བའི། བླ་མ་དྲི་མ་མེད་པ་བཞུགས།དེ་ལ་གསོལ་བ་འདེབས་ཀྱིན་ཕེབས། ཅི་བསམ་འདུན་མ་འགྲུབ་པར་འགྱུར། ཅེས་ལུང་བསྟན་གནང་བ་དང་མི་སྣང་བར་གྱུར་བས།

ཡབ་ཀྱིས། སྤྱན་ཟུང་རིག་རིག་གིས་ནམ་མཁར་གཟིགས་བཞིན་དུ། འཕགས་པ་ཉི་མའི་འོད་མཆོག་གང་དུ་བཞུགས་ཅུང་ཟད་གསོན་དང། ཨུ་རྒྱན་ནི་ཤ་ཟ་དང་མཁའ་འགྲོའི་ཡུལ་ཡིན་པས། གལ་ཏེ་ངའི་སྲས་ཀྱི་སྲོག་ལ་ཉེན་ཁ་ཞིག་བྱུང་ན་ཅི་བྱེད། ཐུགས་རྗེས་གཟིགས། འཕགས་པ་ཁྱེད་གང་དུ་ཕེབས་སོང།

སྲས་ཀྱིས། གཟོད་ནས་ཞི་ཞིང་མ་སྐྱེས་པའི། རང་བཞིན་དག་པའི་འཕགས་པ་ལ། གཤེགས་དང་བཞུགས་པ་ག་ལ་མངའ། འཕགས་པས་ལུང་དུ་བསྟན་པ་ལ། ཐེ་ཚོམ་ཅི་ཞིག་དགྱེས་པར་མཛོད།

ཡུམ་གྱིས། སྲས་ཀྱི་ཐུགས་རྗེས། དེ་རིང་འཕགས་པའི་ཞལ་དངོས་སུ་མཇལ་ཞིང་ཟབ་མོའི་ཆོས་ཀྱང་ཐོས་པས་དད་པ་ཐུན་མོང་མིན་པ་འཁྲུངས།

ཡབ་ཀྱིས། བདག་ནི་སྲས་ཁྱེད་ལ་བརྩེ་བས་སྐད་ཆ་འདི་དབང་མེད་དུ་ཤོར་སོང། མཁའ་འགྲོ་མ་ཞིག་ཁབ་ཏུ་བསུ་བར་ཅིས་མི་དགའ། དེ་རིང་བདག་སྲས་ལ་ལྷག་པར་དད་པ་སྐྱེས།

སྲས་ཀྱིས། དེ་རིང་ཡབ་ཡུམ་རྣམ་པ་གཉིས་ལ་ས་བཅུའི་དང་པོ་དད་པའི་ས་དེ་ཐོབ་པར་གྱུར། དད་པའི་ས་ཆེན་བརྟན་པ་ལ། བསམ་སྦྱོར་མེ་རབ་འབར་བ་ཡིས། ཉོན་མོངས་མི་གཙང་སྲེག་པར་བྱེད། དེ་བས་ཚོགས་དང་དགེ་སྦྱོར་བརྩོན། ཚུལ་ཁྲིམས་ཡོན་ཏན་ཀུན་གཞི་ལ། བཟོད་སྟོབས་དཔའ་བོའི་གོ་ཆ་གྱོན། མི་གཡོ་གཡེང་བ་མེད་པའི་མཆོག ཆགས་མེད་ཤེས་རབ་མཚོན་ལྡན་པ། ཐབས་ཀྱི་ཐེག་དམན་ཞི་བར་མཛོད། ང་ནི་ཨུ་རྒྱན་ཡུལ་དུ་འགྲོ། ང་ལ་བདེན་པ་ཅི་ཡང་མེད། བུ་སྙམ་ཞེན་ཆགས་མ་ཆེ་མཛོད།

ཡུམ་གྱིས། བུ་ཁྱེད་རྫུ་འཕྲུལ་སྟོབས་ཀྱིས་མཁའ་འགྲོ་མ་གདན་དྲེན་ཐུབ་ངེས། ཁྱེད་རང་མ་ཕེབས་སྔོན་ལ་བྱང་ཕྱོགས་བེ་ཏའི་ཡུལ་ལ། བཀྲ་ཤིས་པའི་གཏམ་འདི་དག་བསྒྲགས་པར་གྱུར་ན་ཁོ་མོའི་བློ་བདེ།

སྲས་ཀྱིས། ལགས་སོ། ཡུམ་ཆེན་ཐུགས་བདེ་བར་བཞུགས་དང། སང་ཞོགས་ང་སོང་ནས། ཨ་མྱེས་མཆོག་གི་ཞལ་མཇལ་ནས་དགའ་བའི་གཏམ་བསྒྲགས་ནས་འོང། ད་དུང་ཁོང་ཚོ་ཕེབས་འདོད་ཡོད་ན་ངས་གདན་འདྲེན་ཞུས་ཡོང། ཞེས་གསུངས་ཏེ་ཡབ་ཡུམ་སྲས་བཅས་དགའ་མགུའི་ངང་ཕོ་བྲང་དུ་ལོག

ཕྱི་ཉིན་ནམ་ལངས་པ་དང༌། རྒྱལ་བུས་རྟ་ར་ལས་སྤྲུལ་བའི་རྟ་མཆོག་རླུང་རྟ་ལ་སྒ་སྲབ་བསྒྲོན་ཅིང༌། སྐུ་ལ་དར་དཀར་གྱི་ཕོད་ཀ་གསོལ། དབུ་ལ་དཀོན་མཆོག་གི་ཐོད་ཀྱིས་བརྒྱན་ཏེ། ཇ་ཡུན་ཙམ་ལ་བྱང་ཕྱོགས་བེ་ཏའི་ཡུལ་གྱི་རྒྱལ་པོ་དཔལ་ལྡན་གྱི་གནས་སུ་བྱོན། དེར་སྐྱེད་མོས་ཚལ་གསལ་བའི་ནང་དུ་ག་ལེར་ཕེབས་འོང་བ་དང་སྐྱེ་བོ་རྣམས་ཀྱིས་ངོ་མཚར་ནས་ལྟད་མོ་ལྟ་བར་སླེབས་པས། སྲས་ཀྱིས་མི་རྣམས་ལ་དགྱེས་འཛུམ་ངང་གཟིགས་བཞིན་ཕེབས། སྐབས་དེར་རྒྱལ་པོའི་གཙུག་ལག་ཁང་གི་དགེ་འདུན་པ་ཚོས་ཀྱང་མཐོང་སྟེ་བསུ་བར་བྱོན་པས་སྲས་ཀྱང་རྟ་ལས་བབས་ཏེ་གུས་ཕྱག་བཅས།

འཕགས་པའི་དགེ་འདུན་པ་རྣམས་སྐུ་ཁམས་བཟང། བཀྲ་ཤིས་བདེ་ལེགས། ཞེས་ཞུས་པར།

དགེ་སློང་ཞིག་གིས་ཀྱང༌། རྒྱལ་སྲས་ཁྱེད་སྐུ་ཁམས་བཟང། ཞེས་ཕྱག་ལན་ཕུལ། དེར་སྐྱེ་བོའི་ཚོགས་ལས། ལ་ལས་སྐུ་མགྲོན་འདི་སུ་ཡིན་ནམ། ལ་ལས་རྒྱལ་སྲས་ཤིག་ཡིན་པ་འདྲ། ལ་ལས་གང་ནས་ཕེབས་པ་ཡིན་ནམ། ལ་ལས་འདི་འདྲའི་མི་རྟ་མཚར་བོ་ཞིག་ད་བར་མཐོང་མ་མྱོང་སོགས་ཡ་མཚར་ཅི་ཡང་སྨྲ་བར་བྱེད་པས་དགེ་སློང་ཞིག་གིས་འདི་སྐད།

མི་མཆོག་སྤྲུལ་བ་ལྷ་ཡི་སྲས། སྤྲུལ་བའི་རྟ་མཆོག་རྫུ་འཕྲུལ་ཅན། རང་གི་ཡུལ་དུ་ཕེབས་པ་ལེགས། བདག་ཅག་དགའ་བས་བསུ་བ་བྱེད། ཅེས་པ་དང།

དེར་དགེ་སློང་གཞན་ཞིག་གིས། དཀོན་མཆོག་གསུམ་གྱིས་བྱིན་བརླབས་པའི། དཀོན་མཆོག་འབངས་ཞེས་གྲགས་པ་ཅན། ཀུན་ཏུ་བཟང་མོའི་ལྷུམས་སུ་ཞུགས། བདེ་སྤྱོད་རྒྱལ་པོའི་སྲས་སུ་འཁྲུངས།

ཡང་དགེ་སློང་ཞིག་གིས། པོ་ཏ་ལ་ཡི་གནས་མཆོག་ནས། བདེ་ལྡན་གནས་སུ་སྐུ་སྟོན་པ། ཨུ་རྒྱན་ཡུལ་ནས་མཁའ་འགྲོ་འདྲེན། བེ་ཏའི་ཡུལ་འདི་བདེ་བར་བྱེད།

ཅེས་མངོན་ཤེས་མངའ་བའི་དགེ་སློང་དག་གིས་ཚྀགས་སུ་བཅད་དེ་སྨྲས་པས། སྲས་ཀྱང་རབ་ཏུ་དགྱེས་ཤིང་དད་དེ་དབུ་ལྕོག་ལྕོག་གནང་བཞིན།

མངོན་ཤེས་སྤྱན་གྱིས་ཀུན་གཟིགས་པའི། དགེ་སློང་རྣམ་པར་སྙིང་ནས་གུས། ཁོ་བོ་ཀུན་ཏུ་བཟང་མོའི་བུ། དཀོན་མཆོག་འབངས་ཞེས་བྱ་བ་ཡིན། དེ་རིང་མེས་པོ་མཇལ་དུ་འོང། དེ་ནས་ཨུ་རྒྱན་ཡུལ་སོང་ནས། ཡེ་ཤེས་མཁའ་འགྲོ་གདན་དྲངས་ཏེ། རྡོ་རྗེ་ཐེག་པའི་ལམ་བགྲོད་ཅིང། ཡུལ་འདིར་བཀྲ་ཤིས་བདེ་ལེགས་སྤེལ། ལས་བྱ་བཟང་སྒྲུབ་པའི་བློན་འབངས་རྣམས། ཁྱེད་དད་པའི་ཞིང་ས་མ་བརླག་པར། ལས་དགེ་བའི་ས་བོན་དུས་སུ་ཐོབ། ཐབས་འབྲས་བུ་དགེ་བའི་བསླབ་བྱ་ཡིན།

ཞེས་སོགས་ཕན་ཚུན་གསུང་གླེང་གནང། དེ་ལྟར་དགེ་འདུན་པ་རྣམ་པས་ཀྱང་གུས་བཅས་མགྲོན་བསུ་གནང་ཚུལ་དེ་རྒྱལ་པོ་དང་བཙུན་མོས་ཀྱང་ཕོ་བྲང་གི་ཡང་ཐོག་ནས་གཟིགས་ཏེ།

བཙུན་མོས། སྐྱེས་བུ་ངོ་མཚར་སུ་ཞིག་ཕེབས་པ་ཡིན་ནམ༌།

རྒྱལ་པོས། དགེ་འདུན་པ་ཚང་མ་ཡང་མཇལ་འཕྲད་གནང་གི་འདུག ངོ་མ་སྐྱེས་བུ་དམ་པ་ཞིག་ཡིན་རྒྱུ་རེད།

བཙུན་མོས། དགེ་སློང་མངོན་ཤེས་ཅན་གྱིས་ཉིན་ཤས་ནས་བཀྲ་ཤིས་གཏམ་བཟང་ཞིག་གོ་འོང་ཟེར་བ་དེ་དེ་རིང་མིན་ནམ།

སྐབས་དེར་བློན་ཆེན་ཞིག་དགའ་ཉམས་ཆེན་པོས་དབུགས་ཧལ་ཧལ་རྒྱུགས་འོང་ནས་གུས་ཕྱག་བཅས།

རྒྱལ་པོ་ཡབ་ཡུམ་ལ་ཞུ་རྒྱུར། ང་ཚོའི་ལྷ་གཅིག་ཀུན་ཏུ་བཟང་མོའི་སྲས་དཀོན་མཆོག་འབངས་ཞུ་བ་ཞིག་གིས་རྒྱལ་པོ་ཡབ་ཡུམ་ལ་མཇལ་འཕྲད་དུ་འོང་བ་ཡིན་གསུང་གིན་འདུག

ཀུན་ཏུ་བཟང་མོའི་སྲས་ཡིན་གསུང་གི་ཨེ། ཞེས་རྒྱལ་པོ་དང་བཅུན་མོས་མགྲིན་གཅིག་ཏུ་བློན་པོའི་གདོང་ལ་ཅེ་རེར་གཟིགས་ནས་ཡ་མཚར་ངང་དབང་མེད་དུ་དོགས་འདྲི་ཞིག་ཐལ།

བློན་པོས། ལགས། ཀུན་ཏུ་བཟང་མོ་རྒྱལ་པོ་བདེ་སྤྱོད་ཀྱི་བཙུན་མོ་གནང་ནས་བཞུགས་འདུག་ཟེར།

རྒྱལ་པོས། དེ་འདྲའི་དགའ་བ་ལ། ངའི་བུ་མོ་ཁོང། ཞེས་རབ་ཏུ་དགྱེས་པའི་ངང་བཙུན་མོའི་ཞལ་ལ་གཟིགས་པས། བཙུན་མོས་ཀྱང་རྒྱལ་པོའི་ཞལ་ལ་གཟིགས་བཞིན། དཀོན་མཆོག་གིས་གཟིགས་པ་རེད། དེར་རྒྱལ་པོས་སླར་ཡང་སྐྱེད་མོས་ཚལ་དུ་གཟིགས་ཙམ་གནང་ནས་བཙུན་མོ་ལ།

འགྲོ་ངེད་གཉིས་ན་བཟའ་ཞིག་བརྗེས་ནས་ཁོང་མགྱོགས་པོ་ཕོ་བྲང་དུ་བསུ། ཞེས་དང་ཡང་བློན་ཆེན་ལ་ཞལ་ཕྱོགས་ནས ཁྱེད་རང་སོང་ལ་མགྲོན་བསུ་ཟབ་རྒྱས་ཤིག་གྲ་སྒྲིག་བྱོས།

བློན་ཆེན་གྱིས། ལགས་སོ། ཞེས་ཕྱིར་རྒྱུགས་སོང་བ་དང་རྒྱལ་པོ་དང་བཙུན་མོ་གཉིས་ཀྱང་མྱུར་བའི་ཚུལ་གྱིས་ཕོ་བྲང་ནང་དུ་ཕེབས་ནས་ཟབ་འཕྱོར་ཅིག་སྤྲས་ཏེ་བསུ་རུ་འོང། རྒྱལ་བུ་ལྟ་བས་ཆོག་མི་ཤེས་པ་ཞིག་འདུག་པ་གཟིགས་ནས། རྒྱལ་པོས།

ངོ་མཚར་རྒྱལ་སྲས་སྐུ་ཁམས་བཟང། ཞེས་དགའ་གུས་ངང་འཚམས་ཞུ་ཞིག་གནང་བས། རྒྱལ་བུས་ཀྱང།

རྒྱལ་པོ་མཆོག་སྐུ་ཁམས་བཟང། ཞེས་ཕྱིར་འཚམས་ཞུ་དང་གུས་ལན་གནང།

རྒྱལ་པོས། ཁྱེད་ཀུན་ཏུ་བཟང་མོའི་སྲས་ཡིན་གསུང་བ་བདེན་ནམ། དེ་ཇི་ལྟར་ཡིན་ནམ།

རྒྱལ་བུས། ཆོས་ཐམས་ཅད་བདེན་པས་སྟོང་ན། ཁོ་བོ་ཁོ་ན་ཀུན་ཏུ་བཟང་མོའི་སྲས་ཡིན་པ་ཅི་ལ་བདེན། རྫུན་པར་ཁས་ལེན་ཆོག་གོ

རྒྱལ་པོས། ངའི་བུ་མོ་དེ་དཀོན་མཆོག་ལ་དད་པའི་ཆོས་སེམས་ཆེན་པོ་ཞིག་ཡོད། ཁྱེད་རང་སྤྲུལ་བའི་སྲས་སུ་བྱོན་པ་འདྲ།

བཙུན་མོས། ངའི་བུ་མོའི་གནས་ཚུལ་གང་འདྲ་འདུག

རྒྱལ་བུས། ངའི་ཡུམ་ཆེན་ལགས། གཡོག་མོ་གཉིས་ཀྱི་མགོ་སྐོར་འོག་སྔོན་ཆད་དཀའ་སྡུག་མང་པོ་མྱངས། འོན་ཀྱང་དེ་དག་ཚང་མ་རྐྱེན་ངན་གྲོགས་སུ་གྱུར་ནས། དེང་སང་རྒྱལ་པོ་བདེ་སྤྱོད་ཀྱི་ཕོ་བྲང་ན་བདེ་ཞིང་སྐྱིད་པར་གནས་ཤིང། ང་ཆེད་དུ་ཁྱེད་ཡབ་ཡུམ་གཉིས་ལ་མཇལ་འཕྲད་དང་བཀྲ་ཤིས་པའི་འཕྲིན་སྐྱེལ་དུ་འོང་བ་ཡིན།

རྒྱལ་པོས། ཤིན་ཏུ་དགྱེས་ཉམས་གྱིས། ང་བུ་མོ་ལ་མགྱོག་པོ་ཐུག་དགོས། ཁྱོད་ཀྱང་ངའི་བུ་དང་ཁྱད་མེད། ཁྱོད་རྒྱལ་པོའི་སྲས་རེད། ངའི་རྒྱལ་སྲིད་འདི་ཡང་ཁྱོད་ཀྱིས་སྐྱོང་ན་འོས།

རྒྱལ་བུས། ཨ་མྱེས་ཀྱིས་དེ་འདྲ་དགོངས་པ་ཐུགས་རྗེ་ཆེ། ང་འཇིག་རྟེན་གྱི་ཁྱིམ་དང་རྒྱལ་སྲིད་སྐྱོང་འདོད་མེད། ངས་སྤྲུལ་བའི་ཕོ་བྲང་ཞིག་བཞེངས་ནས་ཆོས་སྒྲུབ་ཀྱིན་ཡོད། ང་ད་དུང་འཕགས་པའི་ལུང་བསྟན་ལྟར་དུ། ཨུ་རྒྱན་དུ་མཁའ་འགྲོ་མ་ཡེ་ཤེས་གསང་བ་བྱ་བ་རིག་མར་གདན་འདྲེན་དུ་འགྲོ་དགོས།

རྒྱལ་པོས། དེ་ངོ་མ་བཟང། ཁྱོད་ས་བཅུའི་བྱང་ཆུབ་སེམས་དཔའི་སྤྲུལ་བ་ཡིན་པས། མཁའ་འགྲོ་མ་གདན་འདྲེན་ཞུ་ཐུབ་ངེས་ཡིན། ཁྱེད་ཀྱི་ཐུགས་འདུན་འགྲུབ་པར་ང་ཚོས་དཀོན་མཆོག་ལ་གསོལ་བ་འདེབས།

བཙུན་མོས། ཁྱེད་རང་ཨུ་རྒྱན་དུ་མ་ཕེབས་གོང་ལ། ང་ཚོ་བདེ་སྤྱོད་རྒྱལ་པོའི་ཕོ་བྲང་དུ་ཁྱོད་ཀྱི་ཡབ་ཡུམ་ལ་མཇལ་འཕྲད་དང། ཁྱེད་ཀྱི་སྤྲུལ་བའི་ཕོ་བྲང་དེ་ཡང་གཅིག་མཇལ་ན་འདོད།

རྒྱལ་བུས། ངའི་ཡུམ་ཆེན་ཡང་ཁྱེད་གཉིས་ལ་མགྱོག་པོ་མཇལ་འདོད་འདུག ང་ཡང་གང་མགྱོག་ཨུ་རྒྱན་དུ་འགྲོ་དགོས་པས། ང་ཚོ་སང་ཉིན་རང་ཕེབས་ཆོག

རྒྱལ་པོས། ངའི་ཕོ་བྲང་འདི་ཡང་དཀོན་མཆོག་གི་ཕོ་བྲང་ཡིན། ཁྱེད་དཀོན་མཆོག་འབངས་ཕེབས་ནས་ཆོས་ཀྱི་གསུང་གླེང་གནང་ནས་ཞག་མ་བདུན་རིང་བཞུགས་འཚལ།

རྒྱལ་བུས། ང་ན་ནིང་ནས་ཕོབྲང་འདིར་ཡོང་ནས་བསྡད་མྱོང། ད་ལྟ་མང་པོ་སྡོད་ཁོམ་མེད།

རྒྱལ་པོས། འོ་ན། ང་ཚོ་ལས་མ་དག་པས་ཁྱེད་རང་མ་མཇལ་བ་ལས། ཁྱེད་ཀྱིས་སྔ་ས་ནས་ང་ཚོ་མཇལ་ཚར་བ་རེད་འདུག་ག ཨོ་ད་ ང་དགའ་དྲགས་ནས་སྐད་ཆར་མགོ་འཁོར་ནས་ཚ་བོ་ཁྱེད་ནང་ལ་བསུ་རྒྱུ་ཡང་བརྗེད་འདུག མགྱོགས་པོ་ནང་ལ་ཕེབས་གནང། ཞེས་ཕོ་བྲང་དུ་བསུས་ཏེ་སྟོད་པ་དང་བཀུར་སྟི་ཕུན་སུམ་ཚོགས་པ་བྱས་ཏེ་བཞུགས་པའི་ཚུལ་ཅུང་སྟོན་འོས།

 

དེ་ནས་བདུན་ཕྲག་གཅིག་གི་རྗེས་སུ། ལྷོ་ཕྱོགས་རྒྱལ་པོ་བདེ་སྤྱོད་དང་ཀུན་ཏུ་བཟང་མོ་བློན་འབངས་འཁོར་དང་བཅས་པས་གྲོང་ཁྱེར་གྱི་བཞུ་མདོ་ཡངས་པ་ཞིག་ཏུ་ཕེབས་བསུ་གྲ་སྒྲིག་གནང་ནས་ཡོད་པ་ལ། རྒྱལ་བུ་དཀོན་མཆོག་འབངས་ཀྱིས་སྣ་དྲངས་ཏེ་རྒྱལ་པོ་དཔལ་ལྡན་དང་བཅུན་མོ་གསལ་ལྡན་མ་བློན་འབངས་འཁོར་ཚོགས་མང་པོ་དང་བཅས་པ་ཆིབས་བསྒྱུར་གནང་འོང་བའི་ཚུལ། དེར་ལྷ་གཅིག་ཀུན་ཏུ་བཟང་མོས་ཡབ་ཡུམ་ཟུང་གི་ཞབས་ལ་གུས་འདུད་ཅིག་དང་ལྷན་དུ་རབ་དགའི་མཆི་མ་དང་བཅས་མེ་ཏོག་གི་ཕྲེང་བ་མཛེས་པོ་ཞིག་ཡབ་ཡུམ་གཉིས་ཀྱི་མགུལ་ལ་བསྒྲོན་ཏེ།

ཡབ་ཡུམ་སྐུ་ཁམས་བཟང། ལམ་ཐག་རིང་པོར་སྐུ་ངལ་བྱུང་མ་སོང་ངམ། ཞེས་འཚམས་འདྲི་གནང་བ་དང༌། ཡབ་ཡུམ་གཉིས་ཀས་ཀྱང༌། བུ་མོར། བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་ཞིང། ཡུམ་གསལ་ལྡན་མ་བུ་མོའི་མགུལ་ལ་འཐམས་ཏེ་བརྩེ་སེམས་དང་དགའ་བའི་སྤྱན་ཆབ་བསིལ་བའི་རྣམ་པ་དང། དེ་ནས་རྒྱལ་པོ་བདེ་སྤྱོད་ཀྱིས་རྒྱལ་པོ་དཔལ་ལྡན་དང་བཙུན་མོ་གསལ་ལྡན་མ་གཉིས་ལ་མེ་ཏོག་བསྒྲོན་ཏེ་འཚམ་ས་འདྲི་གནང་བ་དང་སྔ་ས་ནས་གྲ་སྒྲིག་གནང་ཡོད་པའི་བཞུགས་ཁྲི་སོ་སོར་འཁོད་དུ་བཅུག་ཅིང་ཤིང་ཏོག་དང་འབྲུ་ཆང་གི་སྐོམ་སེལ་སོགས་དྲངས། དེར་ལྷ་གཅིག་ཀུན་ཏུ་བཟང་མོས་ཡབ་ཡུམ་གཉིས་ལ་ཚིགས་སུ་བཅད་དེ་སྨྲས་པ།

འཇིག་རྟེན་དག་ན་རྙེད་དཀའ་བའི། མི་ལུས་རིན་ཆེན་ཐོབ་ན་ཡང། སྐྱེ་བ་དམན་པ་བུ་མོར་གྱུར། རྒྱལ་པོའི་རིགས་ལས་སྐྱེས་ན་ཡང། ཡབ་ཀྱི་རྒྱལ་སྲིད་མ་ཟིན་པར། གྲོགས་ངན་གཡོག་མོའི་དབང་དུ་གྱུར། རིན་ཆེན་གསེར་གཞོང་གཙང་བོར་ཤོར། དྲིན་ཆེན་ཡབ་ཡུམ་གཉིས་དང་བྲལ། དེ་ནས་བདེ་སྤྱོད་རྒྱལ་པོར་མཇལ། བཙུན་མོར་བསུས་ཏེ་བདེར་གནས་ཀྱང། སླར་ཡང་ནོར་དགའ་མ་སྨད་གསུམ། ལྐོག་ངན་ཐབས་ཀྱིས་ང་ཡི་བུ། སྐྱེས་མ་ཐག་ནས་གཞན་སྦས་ཏེ། ཁྱི་ཕྲུག་ཅིག་ནི་སྐྱེས་ཞེས་བསྟན། དེ་རྗེས་དཀོན་མཆོག་ཐུགས་རྗེ་ཡིས། སྤྲུལ་བའི་སྲས་དང་ཞལ་མཇལ་ཞིང། དེ་རིང་ཡབ་ཡུམ་འཁོར་བཅས་འཕྲད། ད་ཡང་དཀོན་མཆོག་བྱིན་རླབས་ཀྱིས། རྒྱུ་འབྲས་ཆོས་ལ་ཡིད་ཆེས་ནས། ཕ་མ་ཁྱེད་དང་གཞན་དོན་དུ། བདེ་བའི་གནས་ནས་བདེ་བར་འགྲོ།

ཡབ་ཀྱིས། ཁྱེད་ཉིད་ཆུ་ལ་ལྕེབས་སོང་ཞེས། གཏམ་ངན་གོ་བའི་ཉིན་མོ་དེར། དཀོན་མཆོག་མཆོད་དང་སྦྱིན་གཏོང་སོགས། མྱ་ངན་ཆེན་པོས་འདས་མཆོད་བསྒྲུབས། རྗེས་སུ་དགེ་སློང་མངོན་ཤེས་ནས། མྱ་ངན་མ་བྱེད་ཉི་མ་ཞིག བཀྲ་ཤིས་གཏམ་ཞིག་ཐོས་འགྱུར་གསུངས། ཉིན་ཤས་སྔོན་ལ་སྤྲུལ་བའི་སྲས། གཏམ་འདི་བསྒྲགས་པས་མྱ་ངན་སངས།

ཡུམ་གྱིས། དཀོན་མཆོག་གསུམ་གྱི་ཐུགས་རྗེ་ལས། གྲོགས་བཟང་རྒྱལ་པོ་བདེ་སྤྱོད་དང། སྲས་མཆོག་དཀོན་མཆོག་འབངས་ཀྱང་འཁྲུངས། དེ་རིང་མ་བུ་ལྷན་འཛོམས་བྱུང། བཀྲ་ཤིས་ཉི་མ་ཤར་བར་གྱུར།

སྲས་ཀྱིས། ཕ་མ་གཉེན་འཛོམས་ཕུན་སུམ་ཚོགས། དེ་རིང་ཆོས་ཀྱི་དགའ་སྟོན་འགྱེད། དེ་ནས་ཨུ་རྒྱན་ཡུལ་དུ་འགྲོ ཐོག་མེད་འཁོར་བར་འཁྱམས་པ་ཡི། འགྲོ་བ་དཔག་ཏུ་མེད་པ་རྣམས། ཕ་མར་མ་གྱུར་སུ་ཡང་མེད། རང་ཉིད་ཁེ་ཕན་སྒྲུབ་བྱེད་པ། ཕ་མ་ཆུ་བོར་བྱིང་བ་ལ། བག་ཕེབས་བུ་ལ་ཁྲེལ་ཡོད་དམ། བུ་གཅིག་མེ་དོང་ལྷུང་བ་ལ། སྙིང་རྗེ་མེད་ན་མ་ཡིན་ནམ། འཇིག་རྟེན་ཁྱིམ་ན་ཉོན་མོངས་མངས། མ་དག་སེམས་ནི་ཆགས་སྡང་ཆེ། རྨི་ལམ་བཞིན་དུ་མ་ཤེས་པས། རང་གི་དོན་ཡང་མི་འབྱུང་ན། གཞན་མགོ་འདོན་པ་ཅི་ཞིག་སྨོས། ལུས་འདི་འབྱུང་བཞི་འདུས་པ་ཙམ། སེམས་འདི་ཡེ་སྟོང་ཆོས་ཀྱི་དབྱིངས། རྟེན་འབྲེལ་སྒྱུ་མའི་བསླུ་བྲིད་ལ། བདེན་འཛིན་མ་ཆེ་ཞེན་ཆགས་སྤོངས། །ཞེས་གསུངས།

རྒྱལ་པོ་གཉིས་ཀྱིས། གཞོན་ནུ་བློ་ལྡན་མཁྱེན་པ་ཅན། དེ་རིང་ཆོས་ཀྱི་གདམས་ངག་ཐོས། སྔར་བཞིན་དཀོན་མཆོག་རྟག་མཆོད་ཅིང། ཉམ་ཐག་རྣམས་ལ་སྙིང་བརྗེ་སྒོམ། རྒྱལ་སྲིད་འདི་ཡང་ཆོས་ཀྱི་ཕྱིར། བསམ་པ་བཟང་པོས་རབ་ཏུ་སྐྱོང། གཞན་གྱིས་གནོད་ཅིང་གསོད་ན་ཡང། མར་གྱུར་ཕ་མ་ག་ལ་འདོར། ཆོས་རྣམས་སྒྱུ་མ་སྤྲུལ་བ་བཞིན། བདེན་མེད་ངང་དུ་ཉམས་སུ་ལེན། ཀུན་ཀྱང་འདི་བཞིན་བགྱི་བར་ངེས། ཞེས་གསུངས་པ་དང་བཙུན་མོ་གཉིས་སོགས་ཚང་མས། དེ་དེ་བཞིན་དུ་སྒྲུབ་པར་བགྱིད་དོ། ཞེས་མགྲིན་དབྱངས་གཅིག་གིས་བརྗོད།

སྲས་ཀྱིས། ད་ནི་བདག་གིས་སྤྲུལ་བའི་དཔེ་རུ་བཞེངས་པའི་ཕོ་བྲང་ལ་གཟིགས་པར་ཕེབས། དེ་ལས་བྱིན་རླབས་ཆེན་པོ་འབྱུང།

ཀུན་བཟང་མས། སྤྲུལ་བའི་ཕོ་བྲང་ཤིན་ཏུ་ངོ་མཚར་ཆེ། ཡབ་ཡུམ་གཉིས་དེར་རིང་ཙམ་བཞུགས་གནང་ཡོང་བ་ཞུ།

ཡུམ་གྱིས། ལམ་ཐག་རིང་བས་ཕར་ལམ་ཚུར་ལམ་གཉིས་ལ་ཟླ་ཕྱེད་འགོར་གི་འདུག ད་ཉིན་གསུམ་མ་གཏོགས་སྡོད་ཁོམ་མེད། དགེ་འདུན་པ་རྣམ་པའི་བཀའ་དང་འགལ་འགྲོ

སྲས་ཀྱིས། རེད། དགེ་འདུན་པ་ཚོའི་གསུང་བརྩི་དགོས། ཁོང་རྣམ་པ་དངོས་སུ་བཞུགས་པའི་དགེ་འདུན་དཀོན་མཆོག་ཡིན། ང་ཡང་སང་ཞོགས་ཨུ་རྒྱན་དུ་འགྲོ་དགོས། ཆོས་ཀྱི་ཆེད་དུ་དུས་ཚོད་སྐར་ཆ་རེ་རེ་ཡང་ཧ་ཅང་དོན་ཆེན་ཡིན། ང་ཚོའི་མཇལ་འཛོམས་འདི་ཡང་མི་རྟག་པའི་དཔེ་ཙམ་རེད།

ཀུན་བཟང་མས། ངས་ཧ་གོ་སོང། འོ་ན་དེ་བཞིན་བྱས་ཆོག

ཅེས་གསུང་མོལ་གནང་བཞིན་ཕེབས་པའི་ཚུལ་གྱིས་འཁྲབ་ཚན་དགུ་པ་མཇུག་འགྲིལ་ལོ།།

 

Comments: 2
  • #2

    admin (Sunday, 21 April 2024 09:44)

    1

  • #1

    admin (Sunday, 21 April 2024 05:07)

    1

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php