སྨད་ཆ།

ཐར་བའི་གྲོང་མཆོག

 

           །རྫུ་འཕྲུལ་སྟོབས་ཀྱིས་ཨུ་རྒྱན་ཡུལ་དུ་གཤེགས།

          །མཁའ་འགྲོ་གསང་བ་ཡེ་ཤེས་གླིང་འདིར་བསུས།

          །མ་འོངས་ལུང་བསྟན་ཆོས་ཀྱི་དགའ་སྟོན་བསྒྲུབས།

          །སྐྱེ་དགུ་རྣམས་ལ་བདེ་སྐྱིད་དཔྱིད་དུ་བཞད།

 

 

          འཁྲབ་མཁན་གཙོ་གྲས་རྣམས་ནི།

 

དཀོན་མཆོག་འབངས། དགུང་ན་བཅུ་གཉིས་ལྟ་བུའི་ལང་ཚོ་ཅན།

བླ་མ་དྲི་མ་མེད། ན་ཚོད་བཅུ་དྲུག་གི་ལང་ཚོ་ཅན།

གསང་བ་ཡེ་ཤེས། ན་ཚོད་བཅུ་དྲུག་གི་ལང་ཚོ་ཅན་ཞིག་དང་ལོ་བརྒྱ་ལྷག་གི་བགྲེས་མོ་གཉིས།

འཁྲབ་ཚན་བཅུ་བ།

 

།རྫུ་འཕྲུལ་རླུང་རྟའི་བང་རྩལ་གྱིས།

།བཅུ་གཉིས་ལོ་ལམ་ཉིན་འགས་བགྲོད།

 

 

 

ལྷོ་ཕྱོགས་བདེ་ལྡན་གྱི་རྒྱལ་པོ་བདེ་སྤྱོད་ཀྱི་སྤྲུལ་བའི་ཕོ་བྲང་གི་སྒོ་ན། རྒྱལ་པོ་གཉིས་དང་བཙུན་མོ་འཁོར་བཅས་བློན་འབངས་ཁྲི་སྟོང་མང་པོས་མེ་ཏོག་གི་ཕྲེང་བ་བསྟར་ཅིང་རྒྱལ་བུ་དཀོན་མཆོག་འབངས་ཨུ་རྒྱན་དུ་ཕེབས་པར་དགའ་བས་ཕེབས་སྐྱེལ་གནང་གི་ཡོད་པའི་ཚུལ།

དེར་དཀོན་མཆོག་འབངས་ཀྱིས་སྤྲུལ་བའི་རྟ་མཆོག་རླུང་རྟ་འཕུར་ཤེས་ལ་གསེར་སྒ་བསྒྲོན་ཏེ། འདི་སྐད།

དད་པའི་རྟ་མཆོག་རིན་ཆེན་ལ། དང་བའི་གསེར་སྒ་བསྒྲོན་བྱས་ཏེ། ཡིད་ཆེས་སྲབ་ཀྱིས་ཁ་ལོ་སྒྱུར། ཐར་བའི་ལམ་རིང་བགྲོད་པར་ཤོག ཅེས་དང་ཡང་ཡོབ་ཆེན་དུ་ཞབས་གཡས་པ་བཅུག་ནས་འདི་སྐད་དུ།

མཐོ་རིས་ལྷ་མིའི་ཡོབ་ཆེན་ལ། རྫུ་འཕྲུལ་རྐང་པ་བཞག་བྱས་ཏེ། བག་ཡོད་ཀུན་ཏུ་བསམ་གཏན་པའི། བྱང་ཆུབ་གནས་སུ་ཕྱིན་པར་ཤོགཅེས་གསུངས་ཏེ་རྟ་ལ་བཅིབས་ཏེ་སླར་ཡང་འདི་སྐད་དུ།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བདེན་པ་ཡིས། དཀོན་མཆོག་འབངས་ངའི་དོན་འགྲུབ་ནས། ནོར་བུ་རིན་ཆེན་ཐོབ་པར་ཤོག རྟ་མཆོག་རྫུ་འཕྲུལ་ལྡན་པ་ལགས། ཨུ་རྒྱན་ཡུལ་ལ་མྱུར་བགྲོད་ཅིག

ཅེས་གསོལ་བ་སྨོན་ལམ་བཏབ་ཅིང་སྤྲུལ་བའི་ཕོ་བྲང་ལ་གཡས་སྐོར་ཅིག་བྱེད་ཞོར་ནུབ་ཏུ་བྱ་འཕུར་བ་བཞིན་གཤེགས་པ་ན། སྐྱེ་བོ་ཚང་མས་དད་གུས་ཆེན་པོས་ཐལ་མོ་སྦྱོར་ཅིང་ཁོང་གི་རྗེས་སུ་བལྟས་ཏེ་དཀོན་མཆོག་ལ་གསོལ་བ་དང་སྨོན་ལམ་འདེབས་པར་བྱེད་དོ།

 

 

དེ་ནས་རྫུ་འཕྲུལ་གྱིས་ཉིན་བཅུ་གཉིས་ཀྱིས་ལོ་བཅུ་གཉིས་ཀྱི་ལམ་ཐག་བགྲོད་པ་ན། གྲོང་ཁྱེར་ཆེན་པོ་ལོངས་སྤྱོད་ཆེ་བ་ཞིག་ཏུ་འབྱོར་པས་གནས་འདི་གང་ཞིག་ཡིན་ནམ་སྙམ་བཞིན་སྐད་ཆ་ཞིག་འདྲི་དགོས་བསམས་པ་དང་གློ་བུར་དུ་རྣལ་འབྱོར་མ་ལྭ་བ་གྱོན་ཞིང་ཕྱག་ལ་ཌཱ་མ་རུ་ཐོགས་པ་ཞིག་མདུན་དེར་སླེབས་ནས་རྒྱལ་བུ་ལ་འཛུམ་གྱིས་བསུ་པའི་ཚུལ།

རྒྱལ་བུས། མ་ཡེ། ས་ཆ་འདི་གང་ཞིག་རེད། གྲོང་ཁྱེར་འདིའི་མིང་ལ་ཅི་ཟེར།

རྣལ་འབྱོར་མས། འདི་ཨུ་རྒྱན་ཡུལ་གྱི་ས་སྣེ་བེ་ཏ་ན་ཞེས་པའི་གྲོང་ཁྱེར་རེད། གཞོན་ནུ་ཁྱེད་གང་ནས་འོང། གང་དུ་འགྲོ དོན་ཆེན་ཅི་ཡོད།

རྒྱལ་བུས། ང་རྒྱ་གར་ནས་ཨུ་རྒྱན་གྱི་ཡུལ་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཚོལ་དུ་འོང་བ་ཡིན།

རྣལ་འབྱོར་མས། འདིར་མང་ཆེ་བ་འཇིག་རྟེན་པའི་སྐྱེ་བོ་རེད། ཡེ་ཤེས་ཀྱི་མཁའ་འགྲོ་མ་མེད།

རྒྱལ་བུས། འོ་ན་གང་དུ་ཡོད་པ་རེད།

རྣལ་འབྱོར་མས། རྡོ་རྗེའི་ར་བའི་གནས་མཆོག་ན་ཡོད། དེར་སྐྱེ་བོ་ཕལ་བ་རྣམས་འགྲོ་མི་ཐུབ་ལ་མཐོང་ཡང་མི་ཐུབ།

རྒྱལ་བུས། ངའི་ཅང་ཤེས་འདིས་ལོ་ལམ་ཉིན་རེས་གཅོད་ཐུབ། ད་ག་ཚོད་ཅིག་ལ་འགྲོ་དགོས།

མོས། སྤྲུལ་བའི་མི་རྟ་ཡིན་ན་མགྱོགས་པོ་སླེབས་ཐུབ། ཅེས་གསུངས་པ་དང་མི་སྣང་བར་གྱུར།

རྒྱལ་བུས། སྤྲུལ་བའི་རྟ་མཆོག་རིན་པོ་ཆེ། ལམ་སང་རྡོ་རྗེའི་ར་བའི་གནས་སུ་ཕྱིན་ཅིག

ཅེས་རྒྱུགས་ནས་སོང་བ་དང་ཡུན་རིང་མ་འགོར་བར། རི་བོ་ཕལ་ཆེར་རྡོ་རྗེས་གྲུབ་པ་ཞིག་མཐོང་ཞིང། དེ་ནས་མཐོ་ཞིང་བརྗིད་པའི་རྡོ་རྗེའི་ར་བ་ཆེན་པོ་ཞིག་གི་ནང་དུ་ཁང་བཟངས་སྣ་ཚོགས་ཀྱི་རྒྱ་ཕིབས་སྔོ་བསང་ངེ་མཁའ་ལ་བསྙེགས་པ་དང། དེ་ན་བུད་མེད་སྔོ་བསང་མ་མང་པོ་ཞིག་ཚོགས་ཤིང། ལ་ལས་ཧཱུ་དང་ཕཊ་སྒྲ་སྒྲོག་ནས་ཁྲོས་པས་ས་གཡོ་བར་བྱེད་ཅིང། ལ་ལ་རྒོད་པའི་གད་རྒྱངས་ཀྱིས་རི་འདར་བར་བྱེད་པ་མཐོང་ནས་ནང་དུ་འགྲོ་བར་བརྩམས་པ་དང། བུད་མེད་མིག་གསུམ་དང་སྨ་ར་དང་ཨག་ཚོམ་སྐྱེས་པ། རལ་བ་ཁམ་པ་ཅན། དགའ་བས་བལྟས་ན་མཛེས་པར་སྣང་བ། སྐྲག་ནས་བལྟས་ནས་འཇིགས་པར་སྣང་བ་ཞིག་འོང་ནས་ན་རེ།

གནས་འདི་ན་མཁའ་འགྲོ་མ་ཤ་སྟག་ལས་སྐྱེས་པ་སུ་ཡང་མེད། ཁྱོད་ལ་ག་རེ་དགོས།

རྒྱལ་བུས། ང་གསང་བ་ཡེ་ཤེས་མཁའ་འགྲོ་མར་མཇལ་དགོས།

བུད་མེད་དེས། ཁོང་མོར་མཇལ་ཐུབ་རྒྱུ་ཁག་པོ་རེད།

རྒྱལ་བུས། ང་ཡིན་གཅིག་མིན་གཅིག་མཇལ་དགོས། ཁོང་མོ་འདིར་བཞུགས་ཨེ་ཡོད།

བུད་མེད་དེས། ཨོ་ན། དེ་རིང་དགུང་མོ་ཕ་གི་ཚོམས་ཁང་ཆེན་མོར་མཁའ་འགྲོ་མ་འབུམ་གྱི་ཚོགས་འཁོར་ཡོད་པས་དེར་འོང་ན་གཅིག་བྱས་ན་མཇལ་ཐུབ་ཀི་རེད།

རྒྱལ་བུས། ལགས་སོ་ཐུགས་རྗེ་ཆེ།

ཞེས་ཚོམས་ཁང་ཆེན་པོ་ཡོད་སར་སོང་ནས་སྐུ་ངལ་བསོས་ནས་ཅུང་བཞུགས་པ་ན་ཐང་ཆད་ཡོད་པས་ལམ་སང་གཉིད་སོང། མནལ་ལམ་དུ་ད་ལྟའི་བུད་མེད་དེ་འོང་ནས་ད་ཚོགས་འཁོར་ཚུགས་སོང་ཁྱོད་རང་འགྲོ་གི་མིན་ནམ་ཞེས་ཟེར་བ་ཞིག་རྨིས་པ་དང་གཉིད་སད་པ་ན། ཉི་མ་ནུབ་ནས་མཁའ་འགྲོ་མ་མང་པོ་ཚོགས་ཀྱི་འཁོར་ལོ་སྐོར་བར་རྩོམ་བཞིན་པས། ལམ་སང་ཚོམས་ཁང་དུ་ཕེབས་པ་ན། ལས་ཀྱི་སློབ་དཔོན་མ་ཞིག་ན་རེ།

དཀོན་མཆོག་འབངས་ཁྱེད་ལ་ག་རེ་དགོས། མཁའ་འགྲོ་མའི་ཚོགས་ལ་ཞུགས་འདོད་པ་ཡིན་ནམ།

རྒྱལ་བུས། ལགས་ཡིན། ང་མཁའ་འགྲོ་མ་གསང་བ་ཡེ་ཤེས་ལ་མཇལ་དགོས།

མཁའ་འགྲོས། འོ་ན་ཚོགས་ཀྱི་དམ་རྫས་དགོས།

རྒྱལ་བུས། དམ་རྫས་ལ་ག་རེ་དགོས་པ་རེད།

མཁའ་འགྲོས། ཁྱེད་རང་གསང་བ་ཡེ་ཤེས་མར་མཇལ་དགོས་པས། དམ་རྫས་ཕལ་བས་མི་ཆོག གཡག་ཁམ་པ་རྭ་རིང་གི་སྙིང་དགོས།

རྒྱལ་བུས། གཡག་དེ་གང་དུ་ཡོད། ག་འདྲ་ཞིག་ཡོད་རེད།

མཁའ་འགྲོས། འདི་ནས་ནུབ་ཏུ་དཔག་ཚད་ལྔ་བརྒྱའི་གནས་ན་ཡོད། དཔག་ཚད་བརྒྱ་རེའི་ས་ན་བགྲོད་དཀའ་བའི་ལམ་རེ་ཡོད། དེ་དག་ཁྱེད་ཀྱིས་བགྲོད་ཐུབ་ན་ཡང། གཡག་དེས་མི་ཤ་ཟ་ཞིང་མི་ཁྲག་འཐུང། གཟུགས་སྟོབས་ན་རི་ཆུང་ཆུང་འདྲ་བ། རྭ་རྣོན་པོ་ཀ་བ་གནམ་ལ་བསླངས་བ་འདྲ་ཞིག་ཡོད་པས་སུས་ཀྱང་ཐུབ་དཀའ་བ་ཞིག་ཡིན།

རྒྱལ་བུས། དོན་ཆེན་སྒྲུབ་པར་བཟོད་པ་དང་བརྩོན་འགྲུས་དགོས། དཀོན་མཆོག་གི་ཐུགས་རྗེས་བདག་གིས་འགྲུབ་འོང།

ཞེས་རྟ་མཆོག་ལ་བཅིབས་ཏེ། ཅང་ཤེས་རྫུ་འཕྲུལ་ལྡན་པས་བདག་འདྲེ་གཡག་ཁམ་པ་རྭ་རིང་ཡོད་སར་སྐྱེལ་ཅིག ཅེས་སྨྲས་པ་དང་རླུང་རྟ་འཕུར་ཤེས་ཀྱིས་འཚེར་སྐད་ལྷང་ལྷང་ཞིག་འཐེན་ནས་མདའ་འཕངས་པ་ལྟར་ཕྱིན།

འཁྲབ་ཚན་བཅུ་གཅིག་པ།

 

།སྲིན་གཡག་ཁམ་པའི་སྙིང་བཏོན་ནས།

།ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ།

 

 

ཡུད་ཙམ་ལ་དཔག་ཚད་བརྒྱའི་སར་སླེབས་པ་དང་མཚོ་ནག་པོ་ཁོལ་བ་རྦ་རླབས་ཀྱིས་རི་བོ་བསྒུལ་བ་ཞིག་མཐོང།

རྒྱལ་བུས། དཀོན་མཆོག་མཁྱེན། སྤྲུལ་བའི་མཚོ་ཆེན་འདི་ལས་བདེ་བར་སྒྲོལ་བར་ཤོག ཅེས་གསོལ་བ་བཏབ་ནས་བརྒལ་བར་བརྩམས་པ་དང། གློ་བུར་མཚོ་ནང་ནས་གཟུགས་མཛེས་ཤེལ་དཀར་གྱིས་བཞེངས་འདྲའི་ཆུའི་ལྷ་མོ་ཞིག་ཐོན་ནས་ན་རེ།

ཀྱེ་གཞོན་ནུ། སྲོག་ལ་ཡང་མི་འཛེམས་པར་གང་དུ་འགྲོ

རྒྱལ་བུས། སྲིན་གཡག་ཁམ་པའི་སྙིང་ལེན་དུ་འགྲོ་བ་ཡིན།

ལྷ་མོས། ཁྱོད་ལ་དེའི་སྙིང་གིས་ཅི་བྱེད།

རྒྱལ་བུས། བདག་གསང་བ་ཡེ་ཤེས་མཁའ་འགྲོར་མཇལ་ཕྱིར་མཁའ་འགྲོ་མའི་ཚོགས་རྫས་སུ་དགོས།

ལྷ་མོས། གཡག་དེ་ཤ་ལ་དགའ། རྒྱུགས་ན་མགྱོགས། སྟོབས་ཤུགས་ཆེ། དེའི་རྩར་སུ་སོང་ཡང་ཐར་བ་མེད། ཁྱོད་ཤི་ན་འདོད་དམ། དེ་བས་ང་དང་མཉམ་དུ་ཀླུ་ཡི་ལོངས་སྤྱོད་ལ་རོལ་ནས་བསྡད་ན་དགའ།

རྒྱལ་བུས། ང་ཤི་ཡང་མི་འགྱོད། ཁྱོད་སུ་ཡིན།

ལྷ་མོས། ང་ཆུ་ཡི་ལྷ་མོ་ཤེལ་དཀར་མ་ཡིན།

རྒྱལ་བུས། ཁྱོད་ལ་མཐུ་དང་ཡོན་ཏན་ག་རེ་ཡོད།

ལྷ་མོས། ངས་རྒྱ་མཚོ་ཡང་སྐམ་འཇུག་ཐུབ། འཇིག་རྟེན་དངོས་གྲུབ་ཅི་ཡང་སྟེར་ནུས། ཁྱོད་ཀྱི་འདོད་པ་གང་ཡིན།

རྒྱལ་བུས། འཇིག་རྟེན་དངོས་གྲུབ་འཁྲུལ་བ་ཡིན། དེ་ང་ལ་མི་དགོས། ང་མཁའ་གྲོ་མ་ལ་བསྟེན་ནས་འཚང་རྒྱ་ན་འདོད། ཁྱོད་ཀྱིས་ང་ལ་ལམ་སྟོན་ཞིག་བྱོས་དང།

ལྷ་མོས། འདི་ནས་དཔག་ཚད་བརྒྱ་འདས་པ་ན་ནགས་ཚལ་ཆེན་པོ་མཐའ་མེད་པ་གཅན་གཟན་དང་དུག་སྦྲུལ་དུ་མས་གང་བ་ཡོད། ཁྱོད་སྔོན་ལ་མཚོ་འདི་ལས་ཀྱང་ཐར་རྒྱུ་མ་རེད། ཅེས་མཐོང་ཆུང་གིས་བཤད་པར།

རྒྱལ་བུས། འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། བདག་གི་སྙིང་རྗེ་ཆེན་པོའི་ནུས་པ་ཡིས། མཚོ་འདི་གཡུ་ཡི་མཎཌལ་ཉིད་གྱུར་ཅིག

ཅེས་་སྙིང་རྗེ་ཆེན་པོ་བསྒོམས་པས་དེ་མ་ཐག་དེ་བཞིན་དུ་གྱུར་བས་བུ་མོ་ངོ་ཚ་དང་ངོ་མཚར་ནས་རྒྱལ་བུའི་རྗེས་སུ་ཐལ་མོ་སྦྱོར་ཅིང་བལྟས་པས་སྐད་ཅིག་ལ་རྒྱང་རིང་དུ་ཡལ།

 

དེར་ནགས་ཚལ་འཇིགས་སུ་རུང་བ་དེར་སླེབས་པ་དང། གཅན་གཟན་སྣ་ཚོགས་ཀྱིས་མཆེ་བ་གཙིགས་ཤིང་ང་རོ་སྒྲོག་ལ། དུག་སྦྲུལ་ཆེན་པོ་དུ་མ་ལྫོན་ཤིང་དག་གི་ཡལ་གར་འཁྱུད་ཅིང་འདུག་པ་མཐོང། དེ་ནས་གློ་བུར་དུ་ཤིང་གི་ལྷ་མོ་རང་བཞིན་རྒྱན་གྱིས་མཛེས་པ་མེ་ཏོག་ཐམས་ཅད་ཀྱི་སྙིང་པོ་ལས་བྱུང་བ་ལྟ་བུ་ཞིག་ཐོན་ནས་ན་རེ།

གཞོན་ནུ་སྙིང་སྟོབས་ཅན་ཁྱོད་གང་དུ་འགྲོ གཅན་གཟན་དག་གི་ཁ་ཟས་སུ་ཡོང་བ་ཡིན་ནམ།

རྒྱལ་བུས། ང་སྲིན་གཡག་ཁམ་པ་ཡོད་སར་འགྲོ་དགོས། ཁྱོད་ཀྱིས་རོགས་ཤིག་བྱེད་ཐུབ་བམ།

ལྷ་མོས། འདི་ནས་དཔག་ཚད་བརྒྱ་ན་བྲག་དང་ཆུ་འཐབ་པ་ཞིག་དང། ཤར་ནུབ་ཀྱི་རི་བོ་ཐལ་མོ་རྡེབ་པ་ལྟ་བུ་ཡོད། དེ་ནས་སུ་ཡང་མི་ཐར། དེ་བས་ང་ལ་སྐྱབས་བཅོལ་དང། ཕོ་བྲང་ཉམས་དགའི་ནང་དུ་རང་བྱུང་གི་མཛེས་སྡུག་ལོངས་སུ་སྤྱོད་ནས་བཞུགས་ཆོག

རྒྱལ་བུས། གལ་ཏེ། ཁྱོད་ལ་འཚང་རྒྱ་འཇུག་ཐུབ་པའི་ཡོན་ཏན་མེད་ན། འཇིག་རྟེན་མཛེས་མ་སུས་ཀྱང་ངའི་རེ་བ་སྒྲུབ་མི་ཐུབ། དེ་བས་ང་ལ་ལམ་སྣ་ཞིག་བྱས་ན་དགེ་བ་ཡོད།

ལྷ་མོས། ཅུང་ངོ་ཚ་དང་བཅས། ཧེ་ཧེ། ཁྱོད་ལ་ལམ་འཁྲིད་མི་དགོས་པ་ཞིག་འདུག་མོད། ཁྱེད་ཀྱི་གསུང་བཞིན་ཞུས་ཆོག

ཅེས་ལམ་སྣ་བྱས་ཏེ་བགྲོད་ཅིང རྒྱལ་བུས་སྙིང་རྗེ་ཆེན་པོ་བསྒོམས་པས་གཅན་གཟན་དང་དུག་སྦྲུལ་དག་ཀྱང་ཞི་ཞིང་དགའ་བའི་ཉམས་བསྟན།

དེ་ནས་སོང་བ་ན་བྲག་ནག་མཐོན་པོ་མཁའ་ལ་ཟུག་པ་ཁ་བྱང་དུ་བསྟན་པ་ལ། བྱང་ནས་ཆུ་ཀླུང་ཆེན་པོ་ཤུགས་ཀྱིས་འབབ་པས་བྲག་ལ་བརྡབས་ཏེ་འུར་སྒྲས་བར་སྣང་གང་བ་ཞིག་གིས་ལམ་བཀག་འདུག་པས་རྒྱལ་བུ་རྟ་ཐོག་ནས་སྐད་ཅིག་ལ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་པས། མདུན་ནས་དར་དཀར་བརྐྱངས་འདྲའི་ལམ་ཞིག་སྣང་བར་གྱུར་ཅིང་ལམ་སྣེ་ནས་ཤེལ་དཀར་གྱི་བུ་མོ་ཞིག་ཐོན་ནས་ན་རེ།

བྱང་ཆུབ་སེམས་དཔའ་སྤྲུལ་བའི་སྐུ་ལ་བསུ་བ་བྱེད་ལོང་མ་བྱུང། ལམ་དཀར་འདི་ལ་ཕེབས་གནང༌།

རྒྱལ་བུས། ཐུགས་རྗེ་ཆེ། བདག་ལ་དཀོན་མཆོག་གི་ཐུགས་རྗེས་འདི་འདྲའི་ལམ་ཁར་ཡང་ལམ་སྟོན་བསུ་བ་བྱེད་མཁན་བྱུང་བ་རེད། ཁྱེད་སུ་ཡིན། ཅེས་དགྱེས་ཉམས་བསྟན།

ལྷ་མོས། ང་ས་འདིའི་གནས་བདག་མོ་ཡིན།

ཞེས་གླེང་མོལ་བྱེད་ཀྱིན་མོས་ལམ་སྣ་དྲངས་ཏེ་དེ་མ་ཐག་ཤེལ་གྱི་ཁང་པ་ཀ་བ་བརྒྱ་ལྡན་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་ཞིག་ཏུ་སླེབས་པ་དངདེར་རྟ་ལས་བབས།

ལྷ་མོས། ཁྱེད་འདི་འདྲའི་ས་ཐག་རིང་པོར་འགྲོ་བའི་དོན་ཆེན་སྒྲུབ་ཏུ་ཕེབས་པ་ཡིན་པས། འདིར་བཞུགས་ལ་སྐུ་ངལ་ཅུང་གསོས་ནས་ཕེབས། ཞེས་བདུད་རྩིའི་བཏུང་བ་སོགས་དྲངས

རྒྱལ་བུས། ཐུགས་རྗེ་ཆེ། ངའི་ཁ་ཅུང་སྐོམ་བྱུང། ཞེས་དེ་ཞབས་བཏེགས་གནང་ནས། ད་ལམ་ཁར་ཉེན་ཁ་ཅི་ཡོད།

ལྷ་མོས། ཕར་ཙམ་ན་བྲག་རི་ཆེན་པོ་ཐལ་མོ་རྡེབ་པ་ལྟ་བུ་གཉིས་ཡོད། དེ་ནས་དཔག་ཚད་བརྒྱ་ན་ལྷ་མ་ཡིན་དང་སྲིན་པོས་ལམ་སྲུང་ནས་ཡོད།

རྒྱལ་བུས། ཁྱེད་ཀྱིས་སྐྱེལ་མ་ཅུང་ཞིག་གནང་ཐུབ་བམ། ཞེས་ཡར་བཞེངས་ཏེ་འགྲོ་བར་བརྩམས།

ལྷ་མོས། ཁྱེད་བྱང་ཆུབ་སེམས་ལ་བརྟེན་ནས་ཕེབས་པ་ལ་སྐྱེལ་མ་ཞིག་ག་ལ་དགོས། བདག་གིས་ལམ་སྣ་དྲངས་ཆོག

ཅེས་ཅུང་ཕེབས་པ་དང་ཤར་ནུབ་ཀྱི་རི་ཆེན་པོ་གཉིས་སྐད་ཅིག་རེ་རེར་གདོང་ཐུག་རྒྱག་བཞིན་པ་ལས་སྒྲ་སྐད་ཀྱིས་ས་གཞི་ཡོམ་ཡོམ་བྱེད་ཀྱང་བྲག་རྡོ་ཆེན་པོ་དག་ཆུའི་ཟེགས་མ་བཞིན་འཐོར་བར་བྱེད་པ་ཞིག་ཏུ་སླེབས་པས། རྒྱལ་བུས་སྔར་བཞིན་བྱམས་པ་བསྒོམས་པ་ན་རི་གཉིས་བར་རྒྱང་རིང་པོ་ཆད་དེ་ལྷིང་འཇགས་སུ་གནས་ཤིང་ལམ་ཚང་མ་བདེ་བར་གྱུར་བ་ལ་རྒྱལ་བུ་དགྱེས་བཞིན་ཕེབས

དེ་ནས་སོང་བ་ན། ལྷ་མ་ཡིན་སྲིན་པོའི་གཟུགས་ཅན་བཞིན་མི་སྡུག་པ་འཇིགས་སུ་རུང་བ། མཆེ་བ་རྣོ་བ་མང་པོ་ཕྱིར་མངོན་པ་ཞིག་དང་ཐུག

སྲིན་པོས། ཁོ་རེ་སྡོད། ཞེད་སྣང་མེད་པར་ལམ་འདི་བརྒྱུད་དེ་གང་དུ་འགྲོ

རྒྱལ་བུས། སྲིན་གཡག་ཁམ་པའི་སྙིང་ལེན་དུ་འོང་བ་ཡིན།

སྲིན་པོས། ཧ་ཧ་ཧ་་་་བུ་ཆུང་མཐེ་བོང་འདྲ་བོ་ཁྱོད་ལ་སྙིང་སྟོབས་གཡག་ཙམ་འདུག

རྒྱལ་བུས། ངའི་མཐུ་སྟོབས་ཚང་མ་སེམས་ཀྱི་ནུས་པ་ཡིན།

སྲིན་པོས། ད་བར་སྟོབས་དང་མཐུ་ཆེན་ང་ཡིན་ཁོ་ཡིན་ཟེར་བ་ཚང་མས་ཀྱང་གཡག་དེའི་སྤུ་ཉགཙམ་བསྒུལ་མ་ཐུབ་པ་ལ། ཁྱོད་སྙིང་མ་རྗེ།

རྒྱལ་བུས། དེ་འདྲ་ཡིན་ན། ས་ཆ་འདི་ལ་ད་བར་མཐུ་ཆེན་ངོ་མ་སུ་གཅིག་ཀྱང་མ་ཡོང་བ་འདྲ།

སྲིན་པོས། ཙི་ཙི་ཚེ་ཟད་ཞི་མིའི་སྔོན་ལ་སླེབས་པ་བཞིན། ཁྱོད་བུ་ཆུང་ཚེ་ཟད་ང་སྲིན་པོའི་ཁ་སྒོར་འོང། སྔོན་ལ་ངས་ཁྱོད་ཀྱི་སྙིང་ལེན། ཞེས་མཆེ་སྡེར་འཇིགས་སུ་རུང་བ་དེ་བསྲིངས་ཏེ་ངར་སྐད་དང་བཅས་ཁ་ཆེན་པོ་ཞིག་གདངས་ཏེ་ཟ་བར་བརྩམས་པ་ན།

རྒྱལ་བུས། འཇིག་རྟེན་ཀུན་ཏུ་བདེ་སྟེར་བའི། སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ། བདག་དང་རྟག་ཏུ་མི་འབྲལ་ན། ལས་ངན་སྙིང་རྗེའི་ཡུལ་གྱུར་པ། ཐ་ཤལ་ཁྱོད་ཀྱིས་གནོད་ཐུབ་བམ།

ཞེས་གསུང་བཞིན་བྱམས་པ་ཆེན་པོས་གཟིགས་པས། སྲིན་པོ་དེ་རེ་ཞིག་ལ་འགུལ་ཙམ་ཡང་མི་ནུས་པར་གྱུར་ཅིང་དེ་ནས་དཔའ་སྟོབས་ཚང་མ་ཞི་བར་གྱུར་ནས་ཅི་ཡང་སྨྲ་མ་ནུས་པར་ལུས་པའི་ཚུལ་གྱི་ཉམས་དེ་དག་ཐོན་ཐུབ་དགོས།

རྒྱལ་བུས། སྲིན་གཡག་དེ་ཡང་འདིའི་རང་བཞིན་རེད། ཁྱོད་ཚོར་ཧ་ལས་དགོས་པ་ཅི་ཡང་མེད། ད་འདི་ནས་ཅི་ཙམ་ལ་འགྲོ་དགོས། ཞེས་དཔའ་ཉམས་ཀྱིས་དྲིས་པ་ན།

སྲིན་པོས། ད་དུང་ དཔག་ཚད་གཅིག་འགྲོ་དགོས། དེ་ནས་གཡག་དེས་མིའི་དྲི་ཚོར་བ་ཙམ་གྱིས་མཆོང་ཡོང་གི་རེད། ཅེས་སྐྲག་སྣང་དང་བཅས་བཤད་པ་དང། རྒྱལ་བུས་རྟ་ལ་བསྐུལ་ནས་ཤར་སེ་ཕྱིན།

དེ་ནས་སོང་བ་ན་ཕར་ཙམ་ཞིག་ནས་རི་ཆུང་ཆུང་ཞིག་འགུལ་ཙམ་བྱེད་འདྲ་འདུག་པས་ཉེ་སར་སླེབས་པ་ན་དེ་ནི་སྲིན་གཡག་སྟེ། ཤིན་ཏུ་ཁྲོས་ནས་ངུར་སྒྲ་ཆེན་པོ་ཞིག་བསྒྲགས་པ་ན་ཁ་རླངས་ནག་པོ་སྤྲིན་དུམ་འདྲ་ཞིག་ཆད་འོང་ཞིང། རྭ་རྩེ་ནས་མེ་སྟག་མཆེད་ཅིང་བྲག་རི་ཞིག་ལ་བརྡུངས་པས་བྲག་དེ་ཐོག་གིས་གཏོར་བ་བཞིན་གྱུར་ཅིང་ཨུ་རྒྱན་གྱི་ས་ཐམས་ཅད་ཀྱང་འགུལ་བ་ཞིག་བྱུང།

རྒྱལ་བུས། མངོན་པར་ཤེས་པ་ཐམས་ཅད་མཁྱེན། བདུད་དང་མུ་སྟེགས་ཚར་གཅོད་པའི། ཐུབ་ཆེན་དཔའ་བོའི་ཞབས་ལ་འདུད། ཕཊ། ཀུན་ལ་བདེ་སྐྱིད་འབྱུང་བའི་གནས། མ་རུངས་ཐམས་ཅད་ཞི་མཛད་པ། རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། ཕཊ། མཐུ་ཆེན་བདུད་དམག་ཀུན་བཟློག་པའི། འཕགས་པའི་དགེ་འདུན་ཚོགས་ལ་འདུད། དེ་རིང་འགྲོ་བའི་དོན་ཆེན་དུ། ཐུགས་རྗེས་འདི་ཡི་སྙིང་ཕྱུང་སྟེ། བདག་ལ་གནོངས་ཀྱེ་དཀོན་མཆོག་གསུམ། བདག་གི་སྤྱོད་པའང་སྐྱོན་མི་འཚལ། ཕཊ།

ཞེས་བྱམས་དང་སྙིང་རྗེ་ཆེན་པོས་གསོལ་བ་རྩེ་གཅིག་ཏུ་འདེབས་ཀྱིན་གཡག་དེའི་རྩར་ཕྱིན་པ་ན། གཡག་དེའི་མཆི་མ་ཁྲག་ཏུ་འཛགས་བཞིན་རི་ཉིལ་བ་བཞིན་རྒྱལ་བུའི་མདུན་ཐད་དེར་འགྱེལ། དེར་རྒྱལ་བུ་རྟ་ལས་བབས་ཤིང་གཡག་དེའི་རྭ་བར་ལ་བཞུགས་ཏེ། དཀོན་མཆོག་གསུམ་པོའི་བྱིན་རླབས་ཀྱིས། སྡིག་ཆེན་འདི་ཡི་རྣམ་ཤེས་ཀྱང། པོ་ཏ་ལ་རུ་འདྲེན་དུ་གསོལ། ཞེས་འཕོ་བ་མཛད་རྗེས། རལ་གྲི་བཏོན་ནས་སྙིང་ལེན་པར་བརྩམས་པ་ན། གློ་བུར་དུ་སྔོན་གྱི་མཁའ་འགྲོ་མ་རལ་བ་ཤར་རེ་བ་མིག་གསུམ་ཅན་མ་དེ་བྱུང་ནས།

ཀྱེ་འཇིག་རྟེན་མགོན་པོ། འདི་གསོད་མི་ཐུབ། འདི་ངེད་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ལྷ་གཡག་ཡིན།

རྒྱལ་བུས། ཁྱེད་ཅི་ཟེར། འོ་ན། སྙིང་ལོངས་ཤོག་ཟེར་བ་མིན་ནམ།

མཁའ་འགྲོས། དེ་ནི་ཁྱེད་ལ་ཉམས་ཚོད་བླངས་པ་རེད།

རྒྱལ་བུས། འོ་ན་མཁའ་འགྲོ་མ་གསང་བ་ཡེ་ཤེས་ག་པར་བཞུགས་ཡོད།

མཁའ་འགྲོས། རི་ནག་པོའིགཙུག་ལག་ཁང་རྒྱ་ཕིབས་བྱེ་བ་འབུམ་ཡོད་པ་ནབཞུགས།

རྒྱལ་བུས། ཁྱེད་ཀྱིས་ང་འཁྲིད་རོགས་གནང་དང།

མཁའ་འགྲོས། རྡོ་རྗེའི་བྲག་རི་ཆེན་པོ་ཕ་གིའི་བྱང་འདབས་ན། བྲག་ཁུང་ཆེན་པོ་ཞིག་ཡོད།དེའི་སྒོ་བརྡུངས་ན་མཁའ་འགྲོ་མ་ཞིག་འོང། དེ་ལ་སྐད་ཆ་དྲིས།

ཞེས་གསུངས་ནས་མི་སྣང་བར་གྱུར། དེ་ནས་ཁོང་ཕེབས་ཏེ་སྒོ་བརྡུངས་པ་ན། རྣལ་འབྱོར་མ་རྒན་མོ་མགོ་ལ་ཤིག་དང་སྲོ་མ་ཉི་ལེ་བ་ཞིག་ཐོན་ནས།

ཁྱེའུ་ཁྱེད་ལ་ཅི་དགོས

རྒྱལ་བུས། ང་ལ་མཁའ་འགྲོ་མ་གསང་བ་ཡེ་ཤེས་དགོས།

རྣལ་འབྱོར་མས། དེ་རིང་དགུང་མོ་རི་ནག་པོའི་གཙུག་ལག་ཁང་ཆེན་དུ་མཁའ་འགྲོ་མ་རྣམས་ཚོགས་འཁོར་ཡོད། ཁྱེད་རང་དེར་ཕེབས་ན་དབང་ཡང་ཐོབ་ཡོང།

ཟེར་ནས་ཕྱིར་ལོག་སོང་བས་རྒྱལ་བུ་ཡང་རི་ནག་པོའི་གཙུག་ལག་ཁང་ཆེན་དེའི་ཉེ་སར་ཕེབས་ནས་ཏིང་ངེ་འཛིན་ལ་བཞུགས་ཏེ་གནས། དེར་ཉི་མ་ནུབ་པ་དང་ཚོམས་ཁང་དུ་ཕེབས་པ་ན་ཡུད་ཙམ་ལ་མཁའ་འགྲོ་མ་ཚོ་ཚོ་བྱས་ཏེ་བྱེ་བ་འབུམ་ཙམ་འདུས་ཤིང་དཀྱིལ་འཁོར་རེའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ཚོགས་རྫས་ཕུན་སུམ་ཚོགས་པ་མང་པོ་བཤམས། དེར་ལས་ཀྱི་སློབ་དཔོན་མ་ཞིག་ན་རེ།

ཁྱེའུ་ཁྱེད་ལ་ཚོགས་རྫས་ཅི་ཡོད།

རྒྱལ་བུས། ད་ལྟ་རང་འདི་ཡིན་དེ་ཡིན་ཅང་མེད།

སློབ་དཔོན་མས། འོ་ན་ཁྱེད་ལ་ག་རེ་དགོས།

རྒྱལ་བུས། ང་ལ་མཁའ་འགྲོམ་གསང་བ་ཡེ་ཤེས་དགོས། འགྲོ་བ་སེམས་ཅན་གྱི་དོན་དུ་དཔག་ཚད་ལྔ་བརྒྱའི་ཕ་རོལ་ནས་ལུང་བསྟན་པ་བཞིན་དཀའ་བ་དུ་མ་སྤྱད་དེ་འོང་བ་ཡིན།

སློབ་དཔོན་མས། དཔའ་བོ་ཆེན་པོ་འདིར་བྱོན་པ་ལེགས། མཁའ་འགྲོ་མ་གསང་བ་ཡེ་ཤེས་ནི་ཁྱེད་ཀྱི་ཨ་མ་ཡིན་ལ་ལྷ་ཡང་ཡིན་པས། ཁྱོད་དེ་དང་མཉམ་དུ་འགྲོགས་རྒྱུ་ཟེར་ན་ངོ་མི་ཚའམ།

རྒྱལ་བུས། སྤྱིར་ན་སེམས་ཅན་ཐམས་ཅད་མ་ཡིན་ལ་བདག་གིས་ཀྱང་མར་གྱུར་སེམས་ཅན་གྱི་དོན་བསམས་པས་དེ་ལ་འགལ་བ་ཅི་ཡོད།

སློབ་དཔོན་མས། ཁྱོད་བདེན། ཨུ་རྒྱན་གྱི་ཞིང་འདི་ཡང་ཁྱོད་ཀྱི་ཞིང་ཁམས་ཡིན། གནས་འདི་ན་སྐྱེ་བ་དཔག་མེད་ནས་ཁྱོད་ཀྱི་བླ་མར་གྱུར་བ་རྡོ་རྗེ་འཛིན་པ་ཆེན་པོ་དགེ་སློང་དྲི་མ་མེད་པ་བཞུགས་ཤིང། གསང་བ་ཡེ་ཤེས་ནི་བླ་མ་ཁོང་གི་མ་ཡུམ་ཡང་ཡིན། གལ་ཏེ་ཁྱེད་ལ་ཅིས་ཀྱང་དགོས་ན། ཐོག་མར་དབང་ཐོབ་དགོས། ཁྱོད་རང་བཞིན་གྱིས་དབང་ཐོབ་པ་ཞིག་འདུག་མོད། ཤེས་རབ་ཡེ་ཤེས་ཀྱི་དབང་ཞིག་བསྐུར་བར་བྱའོ་ཞེས་གསུངས་པ་དང།

རྒྱལ་བུས། ལེགས་སོ། ཞེས་རབ་ཏུ་དགྱེས་ཤིང་དེར་ལས་ཀྱི་སློབ་དཔོན་མས་དབང་བསྐུར་བའི་ཆོ་ག་བསྡུས་པ་ཞིག་གནང་བའི་ཚུལ་ཅུང་འཁྲབ་དགོས་མིན་ལྟ་བར་བྱའོ།

རྒྱལ་བུས། ད་མཁའ་འགྲོ་མ་གསང་བ་ཡེ་ཤེས་གང་དུ་བཞུགས།

མཁའ་འགྲོས། ཁྱེད་ལ་ཅིས་ཀྱང་གསང་བ་ཡེ་ཤེས་དགོས་ན། ངེས་པར་དགོས་པའི་དམ་རྫས་ཤིག་ཡོད།

རྒྱལ་བུས། ག་རེ་རེད། ངས་ཅིས་ཀྱང་སྒྲུབ་ཐུབ་པ་བྱེད་རྒྱུ།

མཁའ་འགྲོས། ད་འོ་ན། ལང་ཀ་པུ་རངས་སུ་སོང་ལ། སྲིན་པོ་ཞིག་གི་ལག་ན་མི་སྙིང་དམར་ཚར་རེ་བ་བཅུ་དྲུག་ཡོད། དེ་ལོངས་ལ་ཤོག

རྒྱལ་བུས། ལགས་སོ། ངས་ངེས་པར་དུ་བླངས་ནས་ཡོང། ཞེས་ཕྱིར་ཐོན།

འཁྲབ་ཚན་བཅུ་གཉིས་པ།

 

།སྲིན་ཡུལ་ལང་ཀའི་འཆི་ལམ་བསྙེགས།

།མི་སྙིང་བཅུ་དྲུག་མཁའ་འགྲོ་མཇལ།

 

རྒྱལ་བུ་སྲིན་ཡུལ་ལང་ཀའི་ལམ་དུ་ཞུགས་ཏེ་དཔག་ཚད་བརྒྱ་འདས་པ་ན་ཡུལ་ལྗོངས་ཉམས་དགའ་བ་ཞིག་ན་བང་རིམ་བདུན་ལྡན་གྱི་ཕོ་བྲང་མཛེས་ཤིང་རྗིད་ཆགས་པ་ར་བའི་བར་དག་ན་རིན་པོ་ཆེའི་ཕྲེང་བ་འཐེན་པ། མེ་ཏོག་དང་ཤིང་ནགས་མཛེས་པའི་སྐྱེད་མོས་ཚལ་ལྔ་བརྒྱ་ཡོད་པ། དེ་རེ་རེ་ན་ཡང་རྫིང་བུ་དུ་མ་ཡོད་པ། ངང་བ་ལ་སོགས་པའི་བྱ་རིགས་དུ་མ་དང་དགའ་སྐྱིད་ལྡན་པའི་སྐྱེ་བོའི་ཚོགས་མང་པོ་ཆོས་ཀྱི་ཚིགས་སུ་བཅད་པའི་གླུ་དབྱངས་ལེན་པ་སོགས་ཆོས་ཀྱི་དགའ་སྟོན་ལ་རོལ་བ་ཞིག་ཏུ་སླེབས། རྒྱལ་བུས་དགའ་བ་འཕེལ་བའི་ལྟད་མོ་དེ་དག་ལ་གཟིགས་བཞིན་ག་ལེར་ཕེབས་པ་ན་ཁྱེའུ་དང་བུ་མོ་སོགས་སྐྱེ་བོ་མང་པོས་ཀྱང་ཁོང་ལ་ངོ་མཚར་ནས་ལྟ་བར་བྱེད། སྐབས་དེར་རྒྱལ་པོའི་ཆ་ལུགས་ཅན་ཞི་ཞིང་དུལ་བ་རིགས་སྲས་བརྒྱ་ཕྲག་གིས་བསྐོར་བ་ཞིག་གོས་ཕུན་སུམ་ཚོགས་པ་སོགས་ཁྱེར་ནས་རྒྱལ་བུའི་མདུན་བསུ་རུ་ཕེབས་འོང་བ་མཐོང་ནས་མཉེས་ཏེ་རྟ་ལས་བབས་ནས་གུས་པ་མཚོན་པ་བྱས།

རྒྱལ་པོས། སྤྲུལ་བའི་བྱང་སེམས་གཞོན་ནུ་ཕེབས་པར་བཀྲ་ཤིས་བདེ་ལེགས། ཞེས་གུས་ཕྱག་ཕུལ།

རྒྱལ་བུས། ཁྱེད་ཀྱིས་བསུ་བ་གནང་བར་ཐུགས་རྗེ་ཆེ། རྒྱལ་པོ་ཁྱེད་ཀྱི་མཚན་ལ་ཅི།

རྒྱལ་པོས། གུས་པའི་མིང་ལ་རྒྱལ་པོ་འཚོ་སྐྱོང་ཞེས་འབོད།

རྒྱལ་བུས། ཁྱེད་ཀྱིས་ཁོ་བོ་སྤྲུལ་བ་ཡིན་པ་མཁྱེན་པ་དང་ཁྱེད་ཀྱི་བཞིན་ལ་མཚན་བཟང་པོ་ཞིག་འདུག་པས། རྒྱལ་པོ་ཁྱེད་སྤྱིར་བཏང་ཞིག་མ་རེད། ཅེས་རྒྱལ་པོའི་བཞིན་ལ་ཞིབ་ཏུ་གཟིགས་ཀྱིན་སྨྲས།

རྒྱལ་པོས། བདག་ལོ་བཅུ་དྲུག་ནས་རྒྱལ་ས་བཟུང་བའི་ནང་པའི་སྦྱིན་བདག་ཆུང་ཆུང་ཞིག་ཡིན། རྒྱལ་སྲས་ཁྱེད་དང་མཇལ་བ་བདག་གི་བསོད་ནམས་རེད། བདག་གིས་ཁྱེད་ཕོ་བྲང་དུ་བསུས་ནས་མཆོད་གནས་སུ་བཀུར་ན་འདོད།

རྒྱལ་བུས། ཐུགས་རྗེ་ཆེ། དེ་འདྲ་རང་གནང་ག་ལ་དགོས།

རྒྱལ་བུས། གལ་སྲིད་རྒྱལ་བུའི་ཐུགས་ལ་འབབ་ན་ངའི་སྲིང་ཆུང་མ་འདི་དང་མཉམ་དུ་ངའི་ཕོ་བྲང་དུ་རྒྱལ་སྲིད་ཆོས་བཞིན་སྐྱོང་གནང་ཡོང་བ་མཁྱེན།

ཞེས་རྒྱལ་པོས་རང་གི་གཡོན་གྱི་སྲིང་མོ་ལ་གཟིགས་ཙམ་གནང་བཞིན་བཤད། མཛེས་མ་དེ་ཅུང་ངོ་ཚ་དང་དགའ་བས་གདོང་སྨད་པའི་ཟོལ་གྱིས་འོག་ལྟ་བྱེད

རྒྱལ་བུས། ཁྱེད་ཀྱི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་འདི་དག་ཚང་མ་ཚེ་སྔོན་མའི་བསོད་ནམས་ཚོགས་བསགས་དུ་མའི་འབྲས་བུ་རེད། ཁྱེད་ཀྱི་བསོད་ནམས་དང་ལྷག་བསམ་ལ་ང་དགའ་བོ་ཡོད། འོན་ཀྱང་ཁོ་བོ་དོན་ཆེན་སྒྲུབ་ཏུ་འགྲོ་བ་ཡིན་པས་རྒྱལ་པོའི་དགོངས་པ་སྐོང་ཐབས་མེད་པས་དགོངས་ཚོམ་མེད་པ་ཞུ།

རྒྱལ་པོས། རྒྱལ་བུ་མཆོག་ལ་འགྲོ་བའི་དོན་ཆེན་ཡོད་པ་བཤད་ཅི་དགོས། འོན་ཀྱང་གནས་ཕུན་སུམ་ཚོགས་པ་ནས་དོན་སུམ་ཚོགས་པ་འགྲུབ་ཐུབ། ཁྱེད་ལ་དོན་ཆེན་ཅི་ཞིག་ཡོད།

རྒྱལ་བུས། ངས་མཁའ་འགྲོ་མ་གསང་བ་ཡེ་ཤེས་གདན་འདྲེན་ཕྱིར་སྲིན་ཡུལ་ལང་ཀར་སོང་ནས་མི་སྙིང་བཅུ་དྲུག་ལེན་དགོས།

རྒྱལ་པོས། དེ་ངོ་མ་དོན་ཆེན་རེད། འོན་ཀྱང་དལ་འབྱོར་རྙེད་དཀའ། དེ་བས་ཀྱང་སངས་རྒྱས་ཆོས་དང་མཇལ་དཀའ་བས། གལ་ཏེ་རྒྱལ་བུའི་སྐུ་ལ་བར་ཆད་ཅིག་བྱུང་ན་དོན་ཆེན་ཚང་མ་བརླགས་པ་རེད།

རྒྱལ་བུས། གཟུགས་ནི་དབུ་བ་དང། ཚོར་བ་ཆུ་བུར། འདུ་ཤེས་སྨིག་རྒྱུ། འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ། རྣམ་ཤེས་སྒྱུ་མའི་ཡོ་ལང་ལ་སྲིན་པོར་གནོད་པའི་ནུས་པ་མེད། མཁའ་འགྲོ་འབུམ་ཚོགས་ཀྱི་དམ་རྫས་ལེན་པར་བདག་ངེས་པར་འགྲོ་དགོས། བདག་ལ་བླ་མ་ལྷ་ཡི་ལུང་བསྟན་ཡོད་པས་རྒྱལ་པོས་ཐུགས་ཁྲལ་གནང་མི་དགོས།

རྒྱལ་པོས། དེ་འདྲ་ཡིན་ན་ངས་བར་ཆད་གཏོང་ག་ལ་རུང། ཡིན་ཡང་ང་ལ་ཞབས་ཏོག་ཅུང་ཟད་ཅིག་སྒྲུབ་པའི་སྐལ་བ་ཞིག་ལོས་གནང།

རྒྱལ་བུས། ང་ས་ཆ་འདིར་སླེབས་ནས་ཆོས་རྒྱལ་ཁྱེད་ཀྱི་ཕོ་བྲང་ནང་ལ་གཅིག་མ་སོང་ན་ག་ལ་འགྲིགས།

རྒྱལ་པོས། ཐུགས་རྗེ་ཆེ། ཕེབས་གནང༌།

ཞེས་ཧ་ཅང་དགའ་བས་ལམ་སྣེ་འདྲེན་བཞིན་ཕེབས། ཕོ་བྲང་གི་ནང་དུ་སླེབས་པ་དང་རྒན་མོ་གཡུའི་འཁར་བ་ཅན། བུ་མོ་གཞོན་ནུ་མ་མང་པོས་བསྐོར་བ་ཞིག་འོང་ནས་ན་རེ།

དེ་རིང་འོད་ཟེར་ཆེན་པོ་ཞིག་འཕྲོ་བ་འདི་ལྷ་ཕྲུག་ཁྱེད་ཕེབས་པའི་མཚན་ལྟས་ལོས་ཡིན། ད་བསོད་ནམས་བསགས་སོང། ཡར་ཕེབས་གནང་དང༌།

ཞེས་གུས་ཕྱག་ཕུལ་ནས་བསུས། དེར་ཕོ་བྲང་དུ་རྒྱལ་པོ་ཡབ་ཡུམ་འཁོར་བཅས་འཛོམས་ནས་ཕུན་སུམ་ཚོགས་པའི་མཆོད་པ་ཤོམ་པའི་དུས་སུ་ལྷ་གཅིག་མ་གསེར་འཚོ་ཞེས་པ་ལང་ཚོ་རྨད་དུ་བྱུང་བ་དེས་རྒྱལ་བུ་ལ་དགའ་བའི་མིག་གིས་ལྟ་ཞིང་བསྟོད་པའི་ཚིག་གིས་འདི་སྐད།

ཉི་མ་ལྟ་བུར་འོད་འབར་ཡང། ཆུ་བོ་བཞིན་དུ་བསིལ་ཟེར་ཅན། འགལ་བའི་ཡོན་ཏན་ལྟར་སྟོན་པ། རྟག་ཏུ་གསལ་བའི་གནས་འདི་སྐྱོངས།

རྒྱལ་བུས། བཟོད་པའི་འབྲས་བུས་ལེགས་བརྒྱན་པའི། བཞིན་བཟང་མ་ཀྱེ་བདག་ལ་ཉོན། རྒྱལ་སྲིད་དག་ནི་བཙོན་ཁང་འདྲ། འཇིག་རྟེན་ཁྱིམ་ནི་ཉོན་མོངས་གནས། བདག་ཅག་སྐྱོན་མེད་ཅི་ལྟར་གནས།

རྒྱལ་པོས། འདི་ལྟར་ཆོས་གསུངས་ཏེ་གནས་འདིར་རྟག་ཏུ་བཞུགས་ན་དགའ་བ་ལ་ཨང།

རྒྱལ་བུས། མ་འོངས་བྱང་ཕྱོགས་ཁ་བ་ཅན་དུ་བདག་ནི་སྤྱན་རས་གཟིགས་སྤྲུལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་བྱ་བ་དང། རྒྱལ་པོ་ཁྱེད་རྣལ་འབྱོར་ཤེས་རབ་རྡོ་རྗེ་ཞེས་བྱ་བར་གྲགས་ཏེ། ང་ཚོ་ལྷན་འཛོམས་ཆོས་ལ་སྤྱོད་པར་འགྱུར་ཅིང་འགྲོ་དོན་རྒྱ་ཆེན་འབྱུང།

རྒྱལ་པོས། རྒྱལ་བུའི་ཞབས་སྤྱི་བོར་བླངས་ཏེ། མཐའ་འཁོབ་བོད་ཡུལ་འདུལ་དཀའ་འདུལ་བ་ཡི། སྤྱན་རས་གཟིགས་ཀྱི་སྤྲུལ་བ་ལ་ཕྱག་འཚལ་ལོ། དེ་དུས་ཁོ་བོ་ཁྱེད་ཀྱི་ཐུགས་སྲས་སུ་འགྱུར་བ་ཤོག ཅེས་གསོལ་འདེབས་དང་སྨོན་ལམ་བརྒྱབ། འཁོར་རྣམས་ཀྱང་དད་པས་ཕྱག་བགྱིས་ཏེ་འདི་སྐད་སྨོན་ལམ་བཏབ་པ

དཀོན་མཆོག་གསུམ་དང་རྒྱལ་བུ་རྒྱལ་པོ་གཉིས་ལ་ཕྱག་ཚལ་ལོ། དེ་ཚེ་བདག་ཅག་རྣམས་ཀྱང་ཁྱེད་གཉིས་ཀྱིས་ཞབས་དྲུང་དུ་དགེ་བ་བཅུ་ལ་སྤྱོད་པའི་གདུལ་བྱར་འགྱུར་བར་ཤོག

རྒྱལ་བུས། དཀོན་མཆོག་གསུམ་གྱི་བདེན་པ་ཡིས། འདི་ནས་ཚེ་རབས་ཐམས་ཅད་དུ། སྐལ་ལྡན་ཁྱེད་ཚོར་མི་འབྲལ་བར། ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག

ཅེས་ཆོས་ཀྱི་གསུང་གླེང་དང་བཅས་པར་དགའ་སྟོན་ལ་རོལ་དེ་བཞུགས་སོ། དེ་ནས་རྒྱལ་བུ་ནངས་པར་སྔ་བོ་ནས་བཞེངས་ཏེ་ཉི་མ་ཤར་བ་དང་ཕྱོགས་བཅུ་ཚང་མར་ལེགས་པར་གཟིགས་ནས།

བདག་ནི་ཞིང་ཁམས་ཐམས་ཅད་དུ། རྒྱུ་འབྲས་གསལ་བའི་ཉི་མ་ཤར། ཁྱད་གསོད་མུན་པ་ནུབ་གྱུར་ནས། བདག་གི་བསྟན་པ་རྒྱས་པར་ཤོག ཅེས་སྨོན་ལམ་བཏབ་ནས་གནས་དེ་དང་ཞལ་གྱེས་ཏེ་ཆས་སོ།

དེ་ནས་ཡང་རླུང་རྟའི་བང་གིས་ཡུད་ཙམ་ལ་ཕྱིན་པ་ན་སྲིན་ཡུལ་དུ་སླེབས། དེར་ཁྲོ་ལྕགས་ལ་སོགས་པའི་བང་རིམ་བདུན་གྱིས་བསྐོར་བའི་ར་བའི་ནང་དུ། ལ་ཆའི་ཕོ་བྲང་ཆེན་པོ་འཕང་དགུ་ཐོག་ཡོད་པ། མི་ཤ་སོགས་མཁར་བརྩིགས་པ་འདྲ་ཞིང་མི་ཁྲག་གི་མཚོ་འཁྱིལ་བ་དག་ལ་ལོངས་སུ་སྤྱོད་པ་དག་མཐོང། དེར་སྙིང་རྗེ་དྲག་པོ་ཐུན་མོང་མ་ཡིན་པ་ཞིག་འཁྲུངས་ཏེ་བྱོན་པ་ན། སྲིན་པོའི་ཚོགས་ཀུན་ཡང་ཞུམ་ཞིང་ཞི་བར་གྱུར་ནས་བར་གཅོད་ཅི་ཡང་བྱེད་མ་ནུས་པར་ཧད་ཅིང་ཅེར་ནས་བསྡད། དེ་ནས་ཕོ་བྲང་གི་ནང་དུ་ཕེབས་པ་དང། བུ་མོ་མཚན་དང་དཔེ་བྱད་ཀྱིས་མཛེས་པ། མགོ་ལ་རིགས་ལྔའི་དབུ་རྒྱན་གྱོན་པ། ལག་ལ་རྩེ་གསུམ་ཐོགས་པ་ཞིག་བྱུང་ནས་འདི་སྐད་དུ།

སྤྲུལ་བའི་གཞོན་ནུ་མཆོག་ཉེན་ཁའི་གནས་འདིར་འོང་བ་ལས་དབེན་པའི་གནས་སུ་བསམ་གཏན་སྒོམ་ན་བཟང།

རྒྱལ་བུས། དེ་ལྟར་བྱས་ན་གཞན་དོན་མི་འོང། ངའི་བྱང་སེམས་ཀྱི་སྟོབས་ཀྱིས་སྲིན་པོ་སོགས་ཀྱིས་གནོད་མི་ནུས།

མོ་ན་རེ། སེམས་དཔའ་ཆེན་པོ་ཁྱེད་ལ་གཞན་དོན་ཅི་ཡོད།

རྒྱལ་བུས། བདག་མཁའ་འགྲོ་མ་རྣམས་ཀྱིས་འདིར་མི་སྙིང་བཅུ་དྲུག་ལེན་དུ་བཏང་བྱུང༌། བདག་གིས་གསང་བ་ཡེ་ཤེས་རྒྱ་གར་ལ་གདན་འདྲེན་པར་ལུང་བསྟན་བཞིན་དཀའ་བ་མང་པོ་སྤྱད་དེ་འོང་བ་ཡིན།

དེ་ན་རེ། འོ་ན། རྒྱལ་པོ་འཚོ་སྐྱོང་གི་ཕོ་བྲང་གི་ལྷོ་ཕྱོགས་ཀྱི་ཆུ་མིག་མགོ་དགུ་བའི་དབུས་ན། ལྗོན་ཞིང་ཡལ་འདབ་ཡངས་པ་ཞིག་ཡོད། ཁྱེད་དེར་ཕེབས་ནས་བཞུགས་གནང་དང། མི་སྙིང་བཅུ་དྲུག་པོ་ངས་ཁྱེར་ཡོང།

རྒྱལ་བུ་རབ་ཏུ་མགུ་ནས་ཕྱིར་གནས་དེ་བཙལ་ནས་སོང་བ་དང༌། ལྗོན་ཤིང་གི་འོག་ཏུ་རྒན་མོ་སྤྲང་མོ་ཞིག་འདུག་པ་གཟིགས་ནས

རྒྱལ་བུས། གནས་འདི་ལ་ཅི་ཟེར།

རྒན་མོས། འདི་ལ་མཁའ་འགྲོ་མའི་འདུ་ཁང་ཟེར།

རྒྱལ་བུས། ཁྱེད་རང་འདིར་ཅི་བྱེད་པ་ཡིན།

རྒན་མོས། དེ་རིང་འདིར་མཁའ་འགྲོ་མ་བཅུ་དྲུག་གི་སྙིང་ལེན་མཁན་ཞིག་འོང་གི་རེད་ཟེར་བས། ང་དེ་ལ་ལྟ་བར་འོང་བ་ཡིན།

རྒྱལ་བུས། ཁྱེད་རང་ག་རེ་ཤོད་ཀྱི་ཡོད། ང་མཁའ་འགྲོ་མ་གསོད་དུ་འོང་བ་རེད་ཟེར་བ་ཡིན་ནམ། ཞེས་ཅུང་ཡ་མཚན་ངང་དྲིས

རྒན་མོས། ག་རེ། འོ་ན་མི་སྙིང་བཅུ་དྲུག་ལེན་མཁན་རང་ཡིན་ནམ།

རྒྱལ་བུས། དོན་ངོ་མ་མི་སྙིང་བཅུ་དྲུག་དེ་ག་རེ་ཡིན་ནམ།

རྒན་མོས། ད་ཅུང་སྒུག་གནང་དང་དེ་ནས་ཤེས་འོང།

དེ་ནས་ཡུད་ཙམ་སོང་བ་ན་མཁའ་འགྲོ་མ་བཅོ་ང་འཕུར་འོང་ནས་རྒན་མོ་དེ་ལ་ཕྱག་འཚལ།

རྒྱལ་བུས། ཁྱེད་སྤྲུལ་བའི་ཡེ་ཤེས་མཁའ་འགྲོ་མ་ཞིག་ཡིན་པ་བདག་གིས་མ་ཤེས་པས། གུས་མེད་བྱས་སོང། ཉེས་པ་གང་ཡོད་བཤགས་པར་བགྱིད་དོ། ཞེས་གུས་ཕྱག་ཕུལ།

མཁའ་འགྲོས། ཁྱེད་ནི་དག་པའི་རང་བཞིན་གྱི་སེམས་དཔའ་ཆེན་པོ་སྟེ། ཉེས་པར་འགྱུར་བ་ཅི་ཞིག་ཡོད།

རྒྱལ་བུས། ཁྱེད་གསང་བ་ཡེ་ཤེས་ཡིན་ནམ། ང་ལ་དྲང་མོར་གསུངས་དང།

མཁའ་འགྲོས། ང་ག་ལ་ཡིན། ང་ཨ་ཅེས་བོས་ནས་འདིར་འོང་བ་ཡིན། ད་ཁྱེད་རང་ཅུང་ཟད་ཅིག་ལ་བྱམས་པ་སྒོམ་གནང་བཞུགས། འདིར་ཁྱེད་ལ་ཚོགས་ཀྱི་འཁོར་ལོ་ཞིག་བསྐོར་དགོས།

ཞེས་གསུངས་བ་དང་དེར་སྐད་ཅིག་ལ་མཁའ་འགྲོ་མ་བཅོ་ང་བོས་དཀྱིལ་འཁོར་ཆེན་པོ་ཞིག་བཞེངས་པ་ལ། རྒན་མོས་བྱིན་གྱིས་བརླབས་པས། རིན་པོ་ཆེའི་གཞལ་ཡས་ཁང་རྒྱ་ཆེ་ལ་འཕང་མཐོ་བའི་ངོ་མཚར་བ་ཞིག་གྲུབ་ཅིང། དེའི་ནང་དུ་མཁའ་འགྲོ་མ་བཅུ་དྲུག་གིས་རྡོ་རྗེས་གར་མཛད་པ་དང། དེ་ནས་ཡང་མཁའ་འགྲོ་མ་བཅུ་དྲུག་བྱོན་ནས་དགའ་བའི་གར་ལ་རོལ། དེར་མཁའ་འགྲོ་མ་ཞིག་ན་རེ།

དཔའ་བོ་ཆེན་པོ་འདིས་འདི་ན་ག་རེ་གནང་གི་ཡོད་པ་རེད།

མཁའ་འགྲོ་མ་གཞན་ཞིག་གིས། ཁོང་གིས་གསང་བ་ཡེ་ཤེས་མཇལ་དགོས་ཟེར།

ཡང་གཅིག་གིས། ཁ་སང་ནས་རི་ནག་པོའི་གཙུག་ལག་ཁང་དུ་འོང་སོང། ང་ཚོས་ཐག་མ་ཆོད་པས་ཨ་ཆེ་ཁྱེད་སྤྱན་འདྲེན་དུ་བཏང་བ་ཡིན། ཞེས་གླེང་མོལ་བྱས་པ་དང་དེར་སྔར་གྱི་ཚོགས་ཀྱི་སློབ་དཔོན་མ་དེ་ན་རེ།

ཁྱེད་རང་ཅིས་ཀྱང་གསང་བ་ཡེ་ཤེས་མཇལ་དགོས་ན། ལྷུན་པོ་བརྩེགས་པའི་ནགས་འདབས་ཀྱི། གསེར་གཡུ་བརྡལ་བ་རྒྱ་མཚོའི་འགྲམ། མཁའ་འགྲོ་སྣ་ཚོགས་འདུ་བའི་གནས། དམ་པས་བྱིན་གྱིས་བརླབས་པའི་གནས་དེ་ན། ཁྱེད་ཀྱི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དྲི་མ་མེད་པས་ཚོགས་འཁོར་རྒྱ་ཆེན་སྐོར་ཅིང་ཡོད་པས། དེར་སོང་ནས་དབང་ཞུས་ལ་བཀའ་ལུང་ནོད་པ་བྱོས། གསང་བ་ཡེ་ཤེས་ཀྱང་དེར་བཞུགས།

རྒྱལ་བུས། ལམ་ཐག་ཅི་ཙམ་ཡོད། ཁྱེད་ཀྱིས་བདག་གི་ལམ་སྣ་འདྲེན་རོགས་གནང།

མཁའ་འགྲོས། དཔག་ཚད་བརྒྱ་ཕྲག་གཅིག་ཡོད། ཁྱེད་ལ་ལམ་སྣ་འདྲེན་མི་དགོས། ཁྱེད་རྫུ་འཕྲུལ་གྱིས་མགྱོག་པོ་སླེབས་ཀི་རེད།

རྒྱལ་བུས། འོ་ན། ཐུགས་རྗེ་ཆེ། བཞུགས་གདན་འཇགས། ཞེས་དེ་མ་ཐག་རྟ་ལ་ཆིབས་ཏེ།

ཡོན་ཏན་ཀུན་གྱི་འབྱུང་གནས་ཆེ། འཇིག་རྟེན་སྐྱབས་གཅིག་དཀོན་མཆོག་གསུམ། རྡོ་རྗེ་འཛིན་པ་དྲི་མ་མེད། བདག་གིས་ད་ལྟར་མཇལ་བར་ཤོག

ཅེས་སྨྲས་ཏེ་གློག་འཁྱུག་པ་བཞིན་ཆས་སོ

འཁྲབ་ཚན་བཅུ་གསུམ་པ།

 

།བླ་མ་དྲི་མ་མེད་དང་མཇལ།

།དུས་གསུམ་དགེ་བའི་ལུང་བསྟན་ཐོབ།

 

བླ་མ་དྲི་མ་མེད་པའི་ཕོ་བྲང་ག་ལ་བ་དེར་སླེབས་པ་དང་ཚེ་དང་ལྡན་པ་དགུང་ལོ་བཅུ་དྲུག་ཙམ་ལོན་པ༌། ཕྱག་གཡས་ན་རྔ་ཡབ་དངགཡོན་ན་རིལ་བུ་སྤྱི་བླུགས་བསྣམས་པ། ཞི་དུལ་མཚན་བཟང་དང་ལྡན་པ་ཞིག་གིས་མདུན་བསུས་ཏེ་ན་རེ།

སེམས་དཔའ་གཞོན་ནུ་བྱོན་པ་ལེགས། ཨུ་རྒྱན་ཡུལ་འདི་རང་བཞིན་འཇམ་ཡང་རྣམ་པ་རྩུབ་པས་སྐུ་ངལ་མ་བྱུང་ངམ།

རྒྱལ་བུས། དེའི་རྒྱུ་མཚན་ཅི་ཡིན།

ཁོང་གིས། ཡེ་ཤེས་མཁའ་འགྲོ་མ་རྣམས་ཐུགས་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་སྐུ་དྲག་པོས་འགྲོ་དོན་བྱེད་པས་ཡུལ་འདིའི་ཁྱད་ཆོས་ཀྱང་དེ་འདྲ་རང་ཡོད། ཁྱེད་ཀྱིས་ཉེན་ཁའི་གནས་མང་པོཞིག་བརྒྱུད་འོང་བས་སྐུ་ངལ་དང་ཐུགས་སྐྱོ་བར་མ་གྱུར་རམ།

རྒྱལ་བུས། བདག་གི་ལུས་འདི་གཞན་དོན་ལས་སྤྱོད་ས་མེད། དེ་བས་དེང་སང་འགྲོ་བའི་དོན་དུ་བདེ། ད་དུང་བླ་མའི་དྲུང་དུ་འགྲོ རྒྱལ་བ་འཇིག་རྟེན་སྒྲོན་མ་དེ། འགྲོ་བའི་དོན་དུ་བདེ་བཞུགས་སམ།

ཁོང་གིས། བླ་མས་འགྲོ་བའི་དོན་དུ་ཚོགས་འཁོར་རྒྱ་ཆེན་སྐོར་ཞིང་བདེ་བར་བཞུགས། བླ་མའི་དྲུང་དུ་གཤེགས་པར་མཛོད། ཅེས་ལམ་སྣེ་བསུས་ཏེ་ནང་དུ་ཕེབས་པ་ན། ནང་རིག་པ་འཛིན་པ་ཆེན་པོ་བླ་མ་དྲི་མ་མེད་པ་དེ་ཉིད་ཕྱི་བྱང་ཆུབ་སེམས་དཔའི་དགེ་སློང་གི་ཆ་བྱད་གཟི་བརྗིད་བླ་ན་མེད་པའི་ངང་སྤྲུལ་བའི་དགེ་སློང་བརྒྱ་ཕྲག་ཅིག་གིས་བསྐོར་ནས་བཞུགས་པ་མཇལ། དེར་རྒྱལ་བུས་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱོར་ཅིང་ཚིགས་སུ་བཅད་དེ་འདི་སྐད།

།འཇིག་རྟེན་མགོན་པོ་དྲི་མ་མེད། །སྟོན་ཀའི་ཟླ་ལྟར་རབ་ཏུ་གསལ། །འགྲོ་བའི་ཡིད་ཀྱི་མུན་པ་སེལ། །དོན་ལྡན་ཁྱེད་ལ་གུས་ཕྱག་འཚལ། །རིག་པ་འཛིན་པ་གསང་བའི་མཆོག །ལྷ་ཡི་རང་བཞིནདྲི་མ་མེད། །ཧཾའུདང་ཕཊ་ཀྱི་སྒྲ་སྒྲོགས་པ། །རྡོ་རྗེ་འཛིན་ལ་གུས་ཕྱག་འཚལ། །མདོ་སྡེ་འཛིན་པ་སྙིང་རྗེའི་གཏེར། འདུལ་བ་འཛིན་པ་དྲི་མ་མེད། །མངོན་པ་འཛིན་པ་ཐམས་ཅད་མཁྱེན། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཅེས་བསྟོད་དབྱངས་དང་བཅས་གུས་ཕྱག་རེ་རེ་ཕུལ་ནས་བླ་མའི་དྲུང་གི་ཁྲི་དེར་བཞུགས།

བླ་མས། །པོ་ཏ་ལ་ནས་བདེ་ལྡན་དུ། །སྤྲུལ་བའི་ཕོ་བྲང་བཞེངས་མཛད་པ། །འགྲོ་བའི་གཉེན་གཅིག་ས་བཅུའི་མགོན། །དཀོན་མཆོག་འབངས་ཞེས་མི་རུ་འཁྲུངས། །ཨུ་རྒྱན་གནས་འདིར་ཐུགས་རྗེ་ཡིས། །གསང་བ་ཡེ་ཤེས་འདྲེན་སླད་དུ། །སྤྲུལ་བའི་རྟ་ལ་བཟོད་པའི་གོ །བརྩོན་འགྲུས་ལྕག་གིས་མྱུར་བྲབས་ནས། །དག་པའི་སྲབཀྱིས་ཁ་ལོ་བསྒྱུར། །དེ་རིང་ང་ཡི་དྲུང་དུ་སླེབས། །ཞེས་གསུང་བཞིན་རབ་ཏུ་དགྱེས་པའི་འཛུམ་གྱིས་བསུས།

རྒྱལ་བུས། མཁའ་འགྲོ་གསང་བ་ཡེ་ཤེས་གང་དུ་བཞུགས། མཐུ་ནུས་ཅིཡོད།

བླ་མས། །ང་ཡི་མ་ཡུམ་རིན་པོ་ཆེ། །ད་ལྟ་གསང་བའི་བྲག་ལ་གནས། །འཕྲལ་དུ་ཐུན་མོང་དངོས་གྲུབ་དང། །མཐར་ཐུག་མཁའ་སྤྱོད་གནས་སུ་འདྲེན།

རྒྱལ་བུས། གསང་བའི་བྲག་དེ་གང་དུ་ཡོད། ཇི་ལྟར་བཞུགས།

བླ་མས། རྡོ་རྗེ་བྲག་གི་བྱང་ལྡེབས་ཀྱི་གསེར་གྱི་རྡོ་རྗེ་བསླངས་འདྲ་ན་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་བཅས་རྡོ་རྗེའི་གླུ་གར་ལ་རོལ་ཞིང། རྡོ་རྗེའི་ང་རོས་བདུད་འདུལ་ཞིང། རྡོ་རྗེའི་འགྲོས་ཀྱིས་ས་ཆེན་འདུལ་བཞིན་གནས།

ཞེས་གསུངས་པ་དང་བླ་མའིཐུགས་ཀ་ནས་འོད་ཟེར་རྡོ་རྗེ་ལྟ་བུ་ཞིག་བྱུང་ནས་རང་ལ་གཡས་བསྐོར་གསུམ་བྱས་ཏེ་དཀོན་མཆོག་འབངས་ཀྱི་ཐུགས་ཀར་ཐིམ

རྒྱལ་བུས། །འོད་ཟེར་རྡོ་རྗེ་ལྟ་བུ་དེ། ཁྱེད་ལ་ལན་གསུམ་བསྐོར་བ་དེ། ཁོ་བོ་དུས་གསུམ་རྗེས་བཟུང་རྟགས། །གཡས་སུ་འཁོར་བས་དམ་ཆོས་འགྲུབ། སྙིང་ལ་ཐིམ་པས་བྱིནརླབས་ཞུགས། ཁོ་བོ་ཁྱེད་ཀྱི་ཐུགས་སྲས་ལགས། ཞེསཤིན་ཏུ་དགྱེས་བའི་ཉམས་ཀྱིས་གསུངས་པ་དང། བར་སྣང་ནས་སྒྲ་ཅིག་བྱུང་བ་འདི་སྐད།

།འཇིག་རྟེན་ལྷ་དང་བཅས་པའི་སྐྱབས། །རྒྱལ་བ་ཡབ་སྲས་གསུང་གླེང་མཛད། །དེང་སང་ཨུ་རྒྱན་ཡུལ་དུ་འཚོགས། །མ་འོངས་གངས་རིའི་ཁྲོད་དུ་འདུ། །སྔོན་ཆད་རྡོ་རྗེའི་གདན་དུ་འཛོམས། །བསྐལ་བ་བྱེ་བ་བསམ་ཡས་སུ། །ཡབ་སྲས་ཙན་དན་དྲི་བཞིན་དུ། །འབྲལ་མེད་འགྲོ་བའི་ཕན་བདེ་འབྱུང།

རྒྱལ་བུས། །གྲག་སྟོང་སྙན་པའི་གླུ་དབྱངས་ལས། །དུས་གསུམ་དགེ་བའི་ལུང་བསྟན་བྱུང། །འགྲོ་དོན་ཇི་ལྟར་སྐྱོང་དགོས་སམ།

བླ་མས། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་བོད་ཁ་བ་ཅན་ཞེས་བྱ་བ་ཞིག་ཡོད། དེང་སང་དེར་མི་མ་ཡིན་པ་འདྲེ་སྲིན་དུ་མ་གནས། ཐོག་མར་བདག་གིས་དེར་སྤྲུལ་བ་ཞིག་བཏང་ནས་གདུག་ཅན་དེ་དག་བཏུལ་ནས་བཀྲ་ཤིས་པར་བྱེད། དེ་ནས་ཁྱོད་ཀྱིས་ཀྱང་དེར་སྤྲུལ་བའི་རྒྱལ་པོ་ཞིག་ཐོངས་ལ་སེམས་ཅན་དེ་དག་ལམ་དགེ་བ་ལ་དྲོངས། བོད་ཁམས་འཇིགས་པ་མཐའ་དག་ལས་སྐྱོབ་ཕྱིར་དུ། རྒྱ་ནག་དང་བལ་བོའི་ཡུལ་ནས་སྒྲོལ་མ་ཞི་ཁྲོ་གཉིས་ཀྱི་སྤྲུལ་བ་ཁབ་ཏུ་བསུ་དགོས། ད་དུང་དེ་བཞིན་གཤེགས་པའི་རྟེན་བྱིན་ཆེན་གཉིས་ཀྱང་སྤྱན་འདྲེན་དགོས། དེ་ནས་རིམ་པས་བོད་ཀྱི་འགྲོ་བ་རྣམས་ཆོས་ལ་དད་པར་འགྱུར། དེ་རྗེས་ཁྱེད་ཀྱང་དེར་སྐྱེ་བ་བླངས་ཏེ་སྤྲུལ་བ་ཞིག་རྒྱ་གར་དུ་བཏང་ནས་ང་བོད་ལ་གདན་དྲོངས་དང་དེ་ནས་བོད་མཐའ་འཁོབ་ཏུ་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ལ་ལོངས་སུ་སྤྱད་པར་འགྱུར་རོ།

རྒྱལ་བུས། ཤིན་ཏུ་ལེགས་སོ། འཇིག་རྟེན་སྒྲོན་མས་ཇི་སྐད་གསུང་བ་དེ་བཞིན་དུ་བགྱིའོ། །

བླ་མས། ཁྱོད་སེམས་ཅན་གྱི་དོན་ལ་བྲེལ་བས། ད་རི་ནག་པོའི་གཙུག་ལག་ཁང་དུ་སོང་ལ་བདག་གི་བཀའ་འདི་སྨོས་ཤིག །ཆོས་དབྱིངས་བདེ་བ་ཆེན་པོ་ལས། །ཐུགས་རྗེ་སྤྲིན་གྱི་འོད་ཟེར་འཁྲིགས། །ཉམས་དབྱངས་ཆོས་ཀྱི་སྦྲང་ཆར་འབབ། །བདེ་སྟོང་སྙན་པའི་འབྲུག་སྒྲ་སྒྲོགས། ཁོ་བོའི་ཡུམ་ཆེན་ཆོས་ཀྱི་སྐུ། །སྤྱན་རས་གཟིགས་དང་ལྷན་ཅིག་ཏུ། །བདེ་སྤྱོད་རྒྱལ་པོའི་ཁབ་ཏུ་སོང། གནས་དེར་གཞལ་ལས་ཆེན་པོར་སྒྱུར། །གང་གི་རང་རྒྱུད་གདམས་པས་ཐུལ། །དེ་ནི་བདག་གི་གདམས་ངག་ཡིན། ཞེས་གསུང་འཕྲིན་བསྐུར་བས་རྒྱལ་བུ་ཤིན་ཏུ་མཉེས་ཏེ་གུས་ཕྱག་ཅིག་ཕུལ་བ་དང་བླ་མའིབྱིན་རླབས་ཀྱིས་དེ་མ་ཐག་ཏུ་མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་ཁང་ག་ལ་བ་དེར་སླེབས་སོ།

འཁྲབ་ཚན་བཅུ་བཞི་བ།

 

།གསང་བ་ཡེ་ཤེས་གསང་བས་མཇལ།

།ལུང་བསྟན་རྡོ་རྗེའི་གླུ་གར་མཛད།

 

དེར་རྒྱལ་བུ་དཀོན་མཆོག་འབངས་བླ་མའི་ཞལ་གདམས་དང་བཅས་ཚོགས་ཁང་དུ་བྱོན་པ་ན། མཁའ་འགྲོ་མ་ཞིག་གིས་དགའ་བའི་གར་དང་བཅས་རྒྱལ་བུའི་དྲུང་དུ་འོང་ནས་བསུས།

རྒྱལ་བུས། །དམ་ཆོས་ཟག་མེད་གཞལ་ཡས་ན། །གནས་ལུགས་ཆོས་ཀྱི་རྒྱལ་པོ་བཞུགས། །བདེ་སྟོང་ཆོས་ཀྱི་ང་རོ་ཅན། །མ་ཆགས་ཡན་ལག་དྲུག་ཅུའི་དབྱངས། །ཕྱོགས་རིས་མེད་པར་མཉམ་ཉིད་སྒྲོགས། །བདག་གི་བླ་མ་ཡིན་ནོ་ཀུན། །ཕནབདེའི་འབྱུང་གནས་གདམས་པ་བསྐུར། ། ཅེས་གསུངས་པ་དང་རང་བཞིན་གྱིས་བླ་མའི་གསུང་འཕྲིན་དེ་བླ་མ་རང་གི་གསུང་སྐད་ཇི་བཞིན་ཀུན་ཀྱི་རྣ་བར་ཁྱབ།

མཁའ་འགྲོ་མ་ཚོས། །མ་བཅོས་ལྷུན་གྲུབ་ཆེན་པོ་ལ། །བདེ་སྟོང་བྲག་ཅའི་དབྱངས་སུ་གྲག །གནས་ལུགས་སྟོན་པའི་ང་རོ་དེ། །སངས་རྒྱས་ཀུན་གྱི་གསུང་དང་མཚུངས། །ཉོན་མོངས་གསོ་བའི་སྨན་ཆེན་དེ། །འཆི་མེད་བདུད་རྩིའི་ཆུ་དང་མཚུངས། །འགྲོ་བ་འདྲེན་པའི་ཐུགས་རྗེ་དེ། །ནད་གསོ་མཛད་པའི་སྨན་མཆོག་ཡིན། །དེང་སང་གདམས་པ་དུས་ལ་བབ། །དོ་ནུབ་ཚོགས་ཀྱི་འཁོར་ལོ་སྐོར། །དཔའ་མོ་བྱེ་བ་འབུམ་ཕྲག་ལ། །དཔའ་བོ་དཔག་མེད་གཅིག་ཏུ་བཞུགས། །དམ་ཆོས་དུ་མ་རོ་གཅིག་ལ། །ཟབ་དབྱངས་ཆུ་བོ་ཕྱོགས་བཅུར་འབབ། །ནང་བར་བྲག་གི་བྱང་ལྡེབས་ན། །གསང་བ་ཡེ་ཤེས་བླ་མའི་ཡུམ། །མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །འཁོར་བ་རྩད་ནས་གཅོད་པ་ཡི། །རྩིབས་སྟོང་ཆོས་ཀྱི་འཁོར་ལོ་བསྐོར། །ནང་བར་གནས་དེར་དགའ་བར་གླེང། །རྡོ་རྗེ་འཛིན་པ་འཁོར་བཅས་རྣམས། །གཞལ་ཡས་བྱིན་རླབས་འབྱོན་པར་འགྱུར། །རང་བཞིན་ཉིད་ཀྱི་དཔའ་བོ་ཆེ། །སླར་ཡང་དཔའ་བོ་ཆེན་པོ་ལ། །མཁའ་འགྲོའི་ཚོགས་བརྒྱས་དབང་བསྐུར་རོ། །

ཞེས་རྡོ་རྗེའི་གླུ་རུ་དང་ལྷན་དུ་རྡོ་རྗེའི་གར་སྟབས་སྣ་ཚོགས་སྒྱུར་གྱིན་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་དེ་དཔའ་བོ་ཆེན་པོར་བྱིན་གྱིས་བརླབས་པའི་ཚུལ་འོས་ཤིང་འཚམ་པ་ཞིག་འཁྲབ་ཐུབ་མིན་ལྟ་བར་བྱའོ

སང་གི་ནང་མོ་ཉི་མ་རྡོ་རྗེའི་བྲག་རིའི་རྩེར་ཤར་བ་དང། རྡོ་རྗེ་བྲག་དེའི་བྱང་གི་གསང་བའི་བྲག་ཁུང་ཞེས་པ་འདོམ་གང་གྲུ་བཞི་བར་སྤྲུལ་བ་ཞིག་ཡོད་པ་དེར་བྱོན་པ་དང། རྣལ་འབྱོར་མ་ལོ་བརྒྱ་དང་བརྒྱད་ཙམ་ལོན་པ་འདྲ་བ། དབུ་སྐྲ་དཀར་པོ། སོ་རྩ་བ་གཅིག་ལ་རྩེ་མོ་གསུམ་ཅན་ཡོད་པ་ཞིག་དང་མཇལ།

མོ་ན་རེ། བྱིས་པ་ཁྱོད་ངའི་ནང་ལ་འོང་ནས་ཅི་དགོས།

རྒྱལ་བུས། ང་ལ་ཁྱེད་དགོས།

མོ་ན་རེ། ཁྱེད་ལ་ངས་ཅི་བྱེད། ཁྱེད་ལ་ཨ་མ་མེད་པ་ཡིན་ནམ།

རྒྱལ་བུས། མིན་མིན། ང་མནའ་མ་བསུ་བར་འོངས་པ་ཡིན།

མོ་ན་རེ། ཁྱོད་ག་རེ་ཟེར་གྱི་ཡོད། ཁྱེད་ཀྱིས་མི་ནོར་བ་འདྲ། ངས་ཁྱོད་མི་ཤེས།

རྒྱལ་བུས། ཁྱེད་བླ་མ་དྲི་མ་མེད་པའི་ཡུམ་ཆེན་གསང་བ་ཡེ་ཤེས་མིན་ནམ། ང་ས་ཐག་རིང་པོ་ནས་ཆེད་དུ་ཁྱེད་གདན་འདྲེན་དུ་འོངས་པ་ཡིན།

མོ་ན་རེ། གསང་བ་ཡེ་ཤེས་ལ་རྒ་བ་མེད་ལ་འཁོར་བྱེ་བ་འབུམ་ཡོད། ཁྱེད་ཀྱིས་ནོར་སོང།

རྒྱལ་བུས། ངས་ནོར་མེད། གསང་བ་ཡེ་ཤེས་གནས་འདི་ན་བཞུགས་ཡོད་ཟེར།

མོ་ན་རེ། ང་རྒན་མོ་མོ་ཧྲེང་ཞིག་ཁྱོད་ལྟ་བུའི་བུ་ཆུང་ཞིག་གི་མནའ་མ་བྱས་ན་ངོ་ཚ། ང་གཉིས་འགྲིག་གི་མ་རེད།

རྒྱལ་བུས། ལོ་བརྒྱ་མ་ཚད་སྟོང་ཡིན་ན་ཡངཡིན། ལས་ངན་ནས་འགྲོ་མ་ནུས་ཀྱང་ངས་ཁུར་ནས་འགྲོ་ཆོག ཡིན་ན་ཡང་ངས་འཁུར་མི་དགོས། ང་ལ་རླུང་རྟ་རྫུ་འཕྲུལ་ཅན་ཡོད།

མོ་ན་རེ། ངོ་མ་ཁྱོད་ལ་ང་དགོས་ན། དོ་ནུབ་འདིར་སྡོད། ཆང་སའི་རྟེན་འབྲེལ་གྱི་ཚབ་ལ་ཚོགས་འཁོར་ཆུང་ངུ་ཞིག་ཀྱང་བསྐོར་ཆོག ད་ཚོགས་རྫས་ཀྱང་མང་པོ་མེད་མོད། མཛེ་ཕོའི་ཀླད་པ་ཐོད་ཆུང་གང་ཡོད་པ་འདི་ངེད་གཉིས་འཐུང་དགོས།

ཟེར་ནས་མན་ཌལ་ཁྲི་གང་བ་དེར་བྱིན་རླབས་བྱས་ཏེ། མཛེ་ཀླད་ཀྱི་བདུད་རྩི་ཁོལ་མ་ཕོར་གང་དེ་ནས་ཧུབ་གཅིག་བཏུང་ནས་རྒྱལ་བུར་དྲངས་པས་རྒྱལ་བུས་དགྱེས་ཉམས་ཆེན་པོས་བླངས་ཏེ་འདི་སྐད་དུ།

།སྔོན་ཆད་ཟག་པ་འཕེལ་བའི་རྒྱུ། །འདོད་ཡོན་རོ་མཆོག་བརྒྱ་བ་ཟོས། །ད་ནི་ཟག་པ་མེད་པའི་ཟས། །ཆགས་པའི་གདུང་བ་ཞི་མཛད་པའི། །མཛེ་ཀླད་བདུད་རྩི་སྟེར་བ་བཟང། །

ཞེས་ཞབས་བཏེགས་བརྒྱབ་པ་དང། རྣལ་འབྱོར་བ་རྒན་མོ་དེ་འཛུམ་ཙམ་གནང་བ་དང་ཚེམས་རྩེ་གསུམ་པ་དེའི་བར་ནས་འོད་ཟེར་ཅིག་འཕྲོས་ཏེ། དཀྱིལ་འཁོར་དེ་ལ་ལན་གསུམ་བསྐོར་ནས་དཔལ་གྱི་ཕོ་བྲང་ག་ལ་བ་དེར་སོང་ངོ།

དེ་ནས་ཉི་མ་ཡང་ནུབ་པས། མཁའ་འགྲོ་མ་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཐོད་པ་ལྟག་སྤྲོད་ཀྱི་ཌཱ་མ་རུ་ཐོགས་པ་ཞིག་བྱུང་ནས་རྣལ་འབྱོར་མ་རྒན་མོ་དེར་ཕྱག་བཙལ་ཏེ་ཕོ་བྲང་གི་གཡོན་ཕྱོགས་དེར་འཁོད་པ་དང་རིམ་པས་མཁའ་འགྲོ་མ་བྱེ་བ་འབུམ་འཚོགས་ཤིང་ནང་གི་གར་རིགས་མི་འདྲ་བ་བཅོ་བརྒྱད་རྩེ་བར་བྱེད། དེ་ནས་ཌཱ་མ་རུ་དང་ཧཱུཾ་དང་ཕཊ་སྒྲ་ས་གཡོ་བ་ཙམ་བྱུང་བའི་རྗེས་སུ། བླ་མ་དྲི་མ་མེད་པ་དེ་ཉིད་དབུ་རྒྱན་དང་རྣ་རྒྱན་དང་མགུལ་རྒྱན། དཔུང་རྒྱན། སྐ་རགས། སེ་མོ་དོ། དོ་ཤལ་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། འཁོར་རྡོ་རྗེ་འཛིན་པ་བརྒྱ་ཡིས་བསྐོར་ཅིང་རྡོ་རྗེ་མི་བསྐྱོད་པའི་གར་བྱེད་ཀྱིན་ཕོ་བྲང་གི་གཡས་ཕྱོགས་སུ་འཁོད། དེར་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་རྡོ་རྗེའི་གར་དང་བཅས་མགྲིན་དབྱངས་གཅིག་གིས་འདི་སྐད།

།བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུ་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མནཌལ་ཡོད། །གངས་དཀར་པོ་ཤེལ་གྱི་ཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། དབྱར་བཀྲ་བ་ཡུ་ཡི་མེ་ཏོག་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །

ཅེས་མཁའ་འགྲོ་རྣམས་ཀྱིས་བླ་མ་དྲི་མེད་དང་དཀོན་མཆོག་འབངས་གཉིས་ལ་གུས་ཕྱག་གི་ཕྱག་རྒྱ་མཛད་ཀྱིན་གྲལ་ལྟར་བསྒྲིགས་པ་ན་དེའི་ནང་ནས་མཁའ་འགྲོ་མ་གཅིག་གིས་གར་བྱེད་ཀྱིན་འོང་ནས་འདི་གླུ་འདི་སྐད་ལེན།

།ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །རི་པད་མ་སྟོང་ལྡན་དབྱིབས་ལེགས་པ། །དུས་དགུན་གསུམ་དཀར་པོ་ཤེལ་གྱི་མདོག །དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །དུས་སྟོན་གསུམ་སེར་པོ་གསེར་གྱི་མདོག །དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག །མདོག་ཕུན་སུམ་ཚོགས་པའི་རི་བོ་ལ། །ལྟས་ཁྱད་པར་འཕགས་པའི་མཚན་མ་ཡོད། །

ཅེས་བླངས་ཏེ་དཀོན་མཆོག་འབངས་ལ་དགའ་བའི་འཛུམ་གྱིས་ལྟ་བཞིན་གུས་ཕྱག་ཅིག་ཕུལ་བ་དང༌། ཡང་མཁའ་འགྲོ་མ་ཞིག་གིས་གར་བྱེད་ཀྱིན་འོངས་ཏེ་འདི་སྐད།

།དུང་དཀར་པོ་གཡས་སུ་འཁྱིལ་བ་ལ། །དར་དམར་པོ་རཱ་གའི་ཅོད་པན་ཡོད། །མི་ཁྱོད་ཀྱི་སྙན་གྲགས་ཕྱོགས་བཅུར་འཕེལ། ། ཅེས་སྔོན་མ་བཞིན་སོང་བ་དང་ཡང་མཁའ་འགྲོ་མ་ཞིག་སྔར་ཞིན་འོངས་ཏེ

།དཔལ་བེའུས་རི་བསྐོར་བརྒྱན་པ་ལ། །ནགས་བཀྲ་ཤིས་ཡལ་འདབ་རྒྱས་པ་ཡོད། །མི་ཁྱོད་ཀྱི་བུ་སློབ་ཕྱོགས་བཅུར་འཕེལ། །

ཅེས་སྔོན་མ་བཞིན་སོང་བ་དང་ཡང་མཁའ་འགྲོ་མ་ཞིག་སྔར་ཞིན་འོངས་ཏེ།

།རི་བོགས་ཆད་གཡུ་ཡི་བུམ་པ་ལ། །ཆུ་ལན་ལག་བརྒྱད་ལྡན་ཆུ་མིག་འབབ། །མི་ཁྱོད་ཀྱི་ཐུགས་རྗེས་བསིལ་བར་བྱེད། །

ཅེས་སྔོན་མ་བཞིན་སོང་བ་དང་ཡང་མཁའ་འགྲོ་མ་ཞིག་སྔར་ཞིན་འོངས་ཏེ

།གནམ་སྔོན་མོ་གཡུ་བྱའི་གདགས་སུ་ཕུབ། །ལས་ཉོན་མོངས་ཚད་པ་ཞི་བར་བྱེད། །མི་ཁྱོད་ཀྱི་དགེ་བཤེས་འཕེལ་བའི་རྟགས། །ཅེས་སྔོན་མ་བཞིན་སོང་བ་དང་ཡང་མཁའ་འགྲོ་མ་ཞིག་སྔར་ཞིན་འོངས་ཏེ།

།རི་ཟུར་གསུམ་བྲག་གཞུང་གནམ་དུ་མཐོ། །ངེད་མཁའ་འགྲོའི་རྒྱལ་མཚན་བསྒྲེངས་པ་འདྲ། །མི་ཁྱོད་ཀྱི་གནས་དེར་བསྟན་པ་འཕེལ། །ཅེས་སྔོན་མ་བཞིན་སོང་བ་དང་ཡང་མཁའ་འགྲོ་མ་ཞིག་སྔར་ཞིན་འོངས་ཏེ

།ས་རྩེ་བརྒྱད་ལུང་བ་ཕྱོགས་སུ་གྱེས། །དེ་འཁོར་ལོ་རྩིབས་བརྒྱད་ཕུབ་པ་འདྲ། །མི་ཁྱོད་ཀྱི་མི་མཐུན་གཅོད་པའི་རྟགས། ། ཅེས་སྔོན་མ་བཞིན་སོང་བ་དང་ཡང་མཁའ་འགྲོ་མ་ཞིག་སྔར་ཞིན་འོངས་ཏེ།

ཐང་ཆེན་པོའི་གསེབ་ན་རི་ཆུང་ཉལ། །མཚོ་ཆེན་པོའི་ནང་གི་ཉ་མོ་འདྲ། །མི་ཁྱོད་ཀྱི་སྤྱན་སྔ་འཕེལ་བའི་རྟགས། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །

ཅེས་སྔོན་མ་བཞིན་སོང་བ་དང་ཡང་མཁའ་འགྲོ་མ་ཞིག་སྔར་ཞིན་འོངས་ཏེ

།འབྲུ་སྣ་ཚོགས་སྨིན་པའི་ཞིང་ས་ཅན། །འབྲུ་བང་མཛོད་རྒྱས་པའི་རྟགས་སུ་བཟང། །ཤིང་སྣ་ཚོགས་སྐྱེས་པ་ནགས་ཀྱི་ཚལ། །གནས་ཁང་བཟང་འཕེལ་བའི་རྟགས་སུ་བཟང། །ཆུ་མི་ཆེ་རྒྱ་མཚོ་ཆེན་པོ་མེད། །ཆུ་མི་ཆུང་ཆུ་བོ་དཔག་མེད་འབབ། །ཆུ་སྙོམ་པས་ཡུལ་མི་རྟག་དུ་བདེ། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་སྔོན་མ་བཞིན་སོང་བ་དང་ཡང་མཁའ་འགྲོ་མ་ཞིག་སྔར་ཞིན་འོངས་ཏེ།

།ཤར་ལྷུན་པོའི་རྩེ་ནས་ཉི་མ་འཆར། །ལྷོ་ནུབ་བྱང་གང་ཡིན་མི་ནོར་ཤེས། །འཆར་མི་སྔ་སྔ་དྲོར་བསམ་གཏན་འཕེལ། །འཆར་མི་ཕྱི་ཉི་མ་ལྷོད་བབ་དུས། །ལུས་བག་ཕེབས་བདེ་བར་སྤྱོད་པར་བྱེད། །རྒས་མི་སྔ་ཕོ་རབས་བདུན་སྟངས་འཕེལ། །རྒས་མི་ཕྱི་མཛངས་མའི་ལས་རྣམས་འགྲུབ། །ཀྱེ་གངས་རའི་མགོན་པོ་སྤྱན་རས་གཟིགས། །ཡུལ་བཀྲ་ཤིས་འབྱུང་དེ་ཁྱོད་ཀྱི་ཞིང། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །

ཅེས་བླངས་པ་དང་མཁའ་འགྲོ་མའི་ཚོགས་ཀྱིས་སླར་ཡང་གར་དང་བཅས་མགྲིན་གཅིག་གིས་འདི་སྐད་དུ།

།ལས་སྐལ་ལྡན་བསོད་ནམས་བསགས་པའི་མི། །ཆོས་དགེ་བཅུའི་འོད་ཟེར་སྤྲོ་བར་བྱེད། །འོད་སྟོང་ལྡན་འཕྲོ་བ་ཉི་མའི་འོད། །སེམས་དག་པའི་དཔེ་རུ་འཆར་ཚུལ་བཟང། །གླིང་དེ་ན་ཁྱོད་ཉིད་ཉི་མ་ཤར། །གླིང་དེ་ན་བག་ཕེབས་ཁྱོད་ལ་བལྟ། །ཕ་འབྲོམ་སྟོན་པ་ཞེས་མཆོད་བྱེད་ཀྱང༌། ཁྱོད་དགེ་བསྙེན་ཙམ་ཞེས་དམན་ཆ་འཛིན། །གྲོགས་སུ་དང་འགྲོགས་ཀྱང་ཆོས་སུ་འཆར། །རྒྱུད་མ་སྨིན་དག་ལ་ལས་འབྲས་སྟོན། །ཁྱོད་རང་བཟོ་མི་བྱེད་སྡེ་སྣོད་འཛིན། །མི་ཁྱོད་ཀྱི་བསོད་ནམས་བསམ་མི་ཁྱབ། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །ཡུལ་བཀྲ་ཤིས་འབྱུང་དེ་ཁྱོད་ཀྱི་ཞིང། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ངེད་མཁའ་འགྲོའི་ཚོགས་ཀྱང་དེ་ལ་འོང། །ཁྱོད་བསྟན་འགྲོའི་དོན་ཆེན་སྤེལ་རོགས་བགྱི། །

དེར་བླ་མ་དྲི་མ་མེད་པ་ཐུགས་ཤིན་ཏུ་དགྱེས་པའི་ངང་འཛུམ་བཅས་སྒོ་གསུམ་པོ་ལས་འོད་ཟེར་ཁ་དོག་གསུམ་སྤྲོས་པ་ན། འོད་ཟེར་དཀར་པོ་ཞིག་དཀོན་མཆོག་འབངས་ལ་ཕོག དམར་པོ་ཞིག་མཁའ་འགྲོ་མ་རྣམས་ལ་ཕོག སྔོན་པོ་ཞིག་བླ་མ་ཉིད་ལ་ལན་གསུམ་བསྐོར་ཏེ་ཐུགས་ཀར་ཐིམ་ཞིང། སྤྱན་གཡོན་མའི་ཟུར་གྱིས་མཁའ་འགྲོ་མའི་ཚོགས་ལ་གཟིགས། སྤྱན་གཡས་པའི་ཟུར་གྱིས་དཀོན་མཆོག་འབངས་ལ་གཟིགས། ཕྱག་གཡས་པས་སྤྲུལ་བའི་ཌཱ་མ་རུ་ཞིག་ཐོགས། གཡོན་པས་བཀྲ་ཤིས་པའི་ཕྱག་རྒྱ་མཛད་ཅིང་གསུང་ཚངས་པའི་དབྱངས་ཀྱིས་འདི་སྐད་དུ

།དེ་དེ་བཞིན་ལགས་སོ་མཁའ་འགྲོའི་ཚོགས། །བོད་པུ་རྒྱལ་ཡུལ་གྱི་མགོན་པོ་འདི། །མི་ཁོ་བོའི་སྲས་ཀྱི་ཐུ་བོ་ཡིན། །ཐུགས་མ་བསྒྲིབས་ཐམས་ཅད་སལ་ལེ་ཡང། །ཐུགས་སྦས་པའི་ཚུལ་གྱིས་འགྲོ་དོན་སྤྱོད། །ཀྱེ་དགའ་བའི་དགའ་མཆོག་སྤྱན་རས་གཟིགས། །ཐུགས་བདེ་བའི་བདེ་མཆོག་སྡུག་བསྔལ་སེལ། །ཆོས་དགེ་བའི་དགེ་མཆོག་ལས་འབྲས་ཟབ། །མཆོག་དཔག་མེད་འདུས་པའི་སྤྱན་རས་གཟིགས། །སྐུ་བརྗིད་པ་གངས་རིའི་ལྷུན་པོ་འདྲ། །གསུང་བརྗིདཔ་ཚངས་པའི་ང་རོ་ཅན། །ཐུགས་བརྗིད་པ་རྒྱལ་བའི་འབྱུང་གནས་འདི། །སྤྱིར་སེམས་ཅན་ཀུན་གྱི་མགོན་པོ་ཡིན། །སྒོས་གངས་རིའི་ཁྲོད་དུ་རྒྱལ་སྲིད་སྐྱོང། །མི་ཁྱོད་ཀྱི་ཐུགས་རྗེས་མི་སྐྱོང་བ། །བདུད་སྡིག་ཏོ་ཅན་གྱིས་གཡོ་ནུས་མིན། །མི་ཁྱོད་ཀྱི་ཞིང་ཁམས་དག་པ་དེར། །རྒྱུད་ཚུལ་ཁྲིམས་དག་པའི་སྐྱེ་དགུ་འདུ། །དུས་མ་འོངས་བདག་ཀྱང་དེ་རུ་འགྲོ། །ལས་ཞི་དྲག་ཐབས་བརྒྱས་བོད་ཡུལ་སྐྱོང། ཁྱེད་མཁའ་འགྲོའི་ཚོགས་ཀྱང་དེ་རུ་འདུ། །བོད་གངས་ཅན་བསྟན་པ་དར་བར་བྱེད། །

ཅེས་གསུང་མགུར་བཞེངས་ཏེ་ཁྲི་ལ་བཞུགས་པ་དང། དེར་རྣལ་འབྱོར་མ་བགྲེས་མོའི་ཚུལ་གྱི་མཁའ་འགྲོ་མ་གསང་བ་ཡེ་ཤེས་དེ་སྐད་ཅིག་ལ་ལང་ཚོ་གཞོན་པ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཕྱག་གཡས་པས་ཐོད་པ་ལྟག་སྤྲོད་ཌཱ་མ་རུ་ཞིག་བསྣམས་པ་ཞིག་ཏུ་གྱུར་ཅིང། ཕྱག་གཡོན་པས་བཀྲ་ཤིས་པའི་ཕྱག་རྒྱ་མཛད་དེ་གསུང་ཚངས་པའི་དབྱངས་ཀྱིས་འདི་སྐད།

།རྗེ་རྡོ་རྗེ་འཛིན་པ་བདག་ལ་གསོན། །བུ་དཀོན་མཆོག་འབངས་ཞེས་ཟེར་བ་འདི། །ཐུགས་མངོན་པར་ཤེས་པ་ཐོགས་མེད་ཀྱང། །ངས་མི་ཤེས་ཉམ་ཐག་ཡིན་ཞེས་ཟེར། །མི་གཡོ་སྒྱུ་ཅན་ཞིག་འདི་ན་འདུག །ང་བདེ་ལྡན་ཡུལ་ལ་འཁྲིད་རྒྱུ་ཟེར། །མི་ཁོ་ཡི་རིག་མ་བྱེད་དགོས་ཟེར། །མི་ཧམ་པ་ཅན་ཞིག་འདི་ན་འདུག །མི་ཁོ་ལ་ཉོན་མོངས་མི་མངའ་ཡང། །མ་གཞན་དོན་དཔག་མེད་སེྤལ་བའི་ཕྱིར། །བུ་རིག་པའི་ཁྱེའུ་སྤེལ་དགོས་ཟེར། །མི་ཁོ་ལ་སེར་སྣ་མ་མཆིས་ཀྱང། །ཕ་རྒྱལ་སྲིད་འཛིན་པར་བྱེད་དོ་ཟེར། །མི་ཁོ་ལ་རྣམ་གཡེང་མེད་ན་ཡང། །འབངས་རིག་པ་ཅན་རྣམས་དགོས་ཡོད་ཟེར། །མི་འདི་འདྲའི་སྤྱང་པོ་གང་ན་ཡོད། །ངའི་ཆེད་དུ་དཀའ་ངལ་མྱངས་རབས་ཟེར། །ང་མ་སོང་ཕྱིར་ལ་མི་འགྲོ་ཟེར། །རྗེ་ཁྱེད་ཀྱང་ཁོ་མོ་སོང་ཞེས་ཟེར། །དེ་བསྟན་དང་འགྲོ་བའི་དོན་ཡིན་ཟེར། །ང་མི་འགྲོའི་ཐབས་ཀྱང་གང་ན་ཡོད། །ང་དགའ་ཞིང་སྤྲོ་བཞིན་ཁོ་རྗེས་འགྲོ །མི་འདི་ཡི་སྤྲུལ་བའི་ཕོ་བྲང་དུ། །ང་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །ཚོགས་རྒྱ་ཆེན་འཁོར་ལོ་ཀུན་ཏུ་བསྐོར། །ཉམས་བདེ་སྟོང་རོལ་བས་དབྱིངས་སུ་སྐྱོང། །ངག་གྲག་སྟོང་ཧཱུཾ་དང་ཕཊསྒྲ་སྒྲོགས། །གར་རྡོ་རྗེ་འགྱིང་བས་ས་ཆེན་གནོན། །ཐབས་ཤེས་རབ་གྲགས་པས་བར་སྣང་བཀང། །

ཞེས་དང་དེ་ནས་གཤམ་གྱི་ཚིག་དོན་དང་མཐུན་པའི་རྡོ་རྗེའི་གར་བཅས་གླུ་གར་བྱེད་ཚུལ་ནི།

།ངས་གཡས་སུ་སྡང་མིག་བགྲད་པ་ཡིས། །བདུད་ནག་མོ་འབུམ་ཕྲག་བྱེ་བ་ཞི། །ངས་གཡོན་དུ་འཛུམ་མིག་བསྟན་པ་ཡིས། །ལྷ་དཀར་པོ་བྱེ་བ་འབུམ་ཕྲག་འདུ། །ངས་རྐང་བས་ས་ལ་བརྡབས་པ་ཡིས། །འོག་ཀླུ་ཡི་ཚོགས་རྣམས་དབང་དུ་འདུ། །གཟུགས་ཤར་དུ་གཡོ་ཞིང་སྐྱོད་པ་ཡིས། །ཤར་དྲི་ཟའི་ཚོགས་རྣམས་དབང་དུ་འདུ། །གཟུགས་ལྷོ་རུ་འགྱིང་ཞིང་སྐྱོད་པ་ཡིས། །ལྷོ་གྲུལ་བུམ་ཚོགས་རྣམས་དབང་དུ་འདུ། །གཟུགས་ནུབ་ཏུ་འགྱིང་ཞིང་སྐྱོད་པ་ཡིས། །ནུབ་ཆུ་ལྷའི་ཚོགས་རྣམས་དབང་དུ་འདུ། །གཟུགས་བྱང་དུ་གཡོ་སྐྱོད་པ་ཡིས། །བྱང་གནོད་སྦྱིན་ཚོགས་རྣམས་དབང་དུ་འདུ། །གཟུགས་སྟེང་དུ་སྐྱོད་ཅིང་འཕར་བ་ཡིས། །སྟེང་ཚངས་པའི་འཇིག་རྟེན་དབང་དུ་འདུ། །ང་འཛུམ་ཞིང་འཛུམ་ཞིང་འོད་ཟེར་འཕྲོ། །རྒྱུད་ལས་འཕྲོ་ཅན་རྣམས་སད་པར་བྱེད། །ང་ཁྲོ་ཞིང་ཁྲོ་ཞིང་མཆེ་བ་གཙིགས། །དགྲ་འཆི་བདག་བདུད་ནི་འཇོམས་པར་བྱེད། །

མཚམས་འདི་ནས་སླར་ཡང་བཀྲ་ཤིས་ཕྱག་རྒྱ་མཛད་དེ་རྒྱལ་བུའི་ཞལ་ལ་འཛུམ་བཅས་གཟིགས་བཞིན

།གནས་དེ་རུ་སེམས་ཅན་སྨིན་བྱས་ནས། །ང་སླར་ཡང་ཨུ་རྒྱན་གནས་འདིར་འོང། །རྗེ་དཀོན་མཆོག་འབངས་འདི་བོད་ལ་འགྲོ། །བོད་གློ་བུར་རྒྱལ་པོ་ཆོས་ལ་སྤྱོད། །ང་རྒྱ་ནག་ཡུལ་ནས་བཙུན་མོར་བསུ། །རྒྱ་ནག་པོའི་མཆོད་གནས་བོད་དུ་འདྲེན། །གནས་དེ་རུ་ལས་ཅན་དཔག་མེད་འདུ། །ཆོས་བདེ་སྟོང་རོལ་བའི་གླུ་ལེན་ཅིང། །ཉམས་དགའ་བའི་བཀྲ་ཤིས་བདེ་བས་སྐྱོང༌། །

ཞེས་ཡིད་དུ་འོང་བའི་གླུ་གར་མཛད་པ་དང་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ།

།མ་གསང་བ་ཡེ་ཤེས་ཁྱོད་ཀྱི་བཀའ། །གསུང་འགྱུར་བ་མེད་པར་ཀུན་ཏུ་གྲགས། །མ་སེམས་ཅན་རྣམས་ལ་ཕན་པར་འགྱུར། ངག་གྲག་སྟོང་སྙན་པའི་ང་རོ་ཅན། །དོན་སྐྱེ་བ་མེད་པའི་མགུར་ཞིག་བཞེས། །

ཞེས་ཞུས་པ་དང། གསང་བ་ཡེ་ཤེས་ཀྱིས་སླར་ཡང་གར་སྟབས་དང་བཅས་འདི་སྐད།

།ཡང་གསོན་དང་ཡབ་སྲས་མཁའ་འགྲོའི་ཚོགས། །ལར་ཆོས་ཀྱི་གནས་ལུགས་ཡེ་སྟོང་ལ། །ང་བྲག་ཆའི་ཆོས་སྒྲ་སྒྲོགས་པར་ཟད། །ཆོས་དོན་ལ་གྲུབ་པ་ཅི་ཡང་མེད། །གཞི་སྐྱེ་མེད་མ་བཅོས་གཉུག་མའི་ངང། །བློ་མ་བཅོས་ལྷུག་པ་ཉིད་དུ་བཞག །ལམ་གནས་མེད་རང་གྲོལ་ཆེན་པོ་ཡིན། །མཐར་འགག་མེད་འབྲས་བུ་ཆེན་པོ་ལ། །དཔེ་ནམ་མཁའ་དག་པ་འདི་ལས་མེད། །

ཅེས་གསུངས་ཏེ་ཁྲི་ལ་བཞུགས་པ་དང། དེ་ནས་དཀོན་མཆོགས་འབངས་ཁྲི་ལས་བཞེངས་ཏེ་འདི་སྐད་དུ།

།མ་ཆོས་ཀྱི་གནས་ལུགས་དེ་བཞིན་ལགས། །ང་གནས་ལུགས་དེ་ལས་མ་གཡོས་ཀྱང། །མ་འགྲོ་བའི་དོན་དུ་གཟུགས་སུ་ཤར། །གཟུགས་གཟུགས་ཀྱིས་སྟོང་ངོ་བདེན་མ་འཛིན། །ང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང། །མ་འགྲོ་བའི་དོན་དུ་སྒྲ་རུ་གྲག ། སྒྲ་གྲག་སྟོང་བྲག་ཅའི་རང་བཞིན་ཡིན། །ང་སྣང་སྟོང་འོད་ཀྱི་སྣང་བ་ལ། ཁོང་མིག་ཅན་འཁྲུལ་བ་ལྟད་མོ་ཆེ། །ང་གངས་རིའི་མགུལ་དུ་ཆོས་ཀྱི་རྒྱལ། །སེམས་གཡོ་སྒྱུ་མེད་པར་གསོང་བོར་སྨྲ། །ཆོས་ནུས་མཐུ་བཙན་པས་གཞན་ལ་ཕན། །ང་སྙིང་རྗེ་ཆེ་བས་ཞིང་ཁམས་དག །ང་སྣ་ཚོགས་སྤྲུལ་བ་སྟོན་ན་ཡང། །སེམས་མ་དག་རྣམས་ཀྱིས་ཅི་ཞིག་ཤེས། །ང་བུ་མེད་རྣམས་ལ་བུར་སྟོན་ཡང། །མ་སྙིང་མེད་རྣམས་ཀྱིས་ཅི་ཞིག་ཤེས། །མི་དབུལ་བོ་དག་ལ་ནོར་མཆོག་དང། །ཐང་སྐམ་པོ་རྣམས་སུ་ཆུ་བོ་དང། །མི་ནད་པར་སྨན་པ་སྨན་ལ་སོགས། །ང་ཁྲིམས་ལྡན་མཁན་པོའི་སྐུར་སྟོན་ཡང། ཁོང་མངོན་ཤེས་མེད་རྣམས་ཅི་ཞིག་ཤེས། །ང་ཐུགས་རྗེ་ཆེན་པོར་སུ་ཡིས་ཤེས། །བོད་ཁ་བ་ཅན་གྱི་གདུལ་བྱ་རྣམས། །བུ་སྙིང་མེད་ཕ་ལ་གཤེ་བ་བཞིན། །ང་ཕནབདེའི་འབྱུང་གནས་རིན་ཆེན་ལ། །སེམས་རྟོག་པ་ཆེ་ཞེས་སྨོད་པར་བྱེད། །ལར་བསྐལ་བ་བྱེ་བ་བསམ་ཡས་སུ། །ལྷ་དཀོན་མཆོག་སྤྱི་བོར་མཆོད་པ་ལས། །བདག་ང་རྒྱལ་རློམ་པར་ག་ལ་བྱེད། །ང་ཚངས་སྤྱོད་དཔལ་ལྡན་དགེ་བསྙེན་དུ། །ལུས་དམན་པའི་ཚུལ་དུ་གནས་བར་བྱེད། །

ཅེས་གསུངས་ཏེ་ཁྲིར་འཁོད་པ་དང་སླར་ཡང་མཁའ་འགྲོ་མའི་ཚོགས་ཀྱིས་གར་བྱེད་ཀྱིན་འདི་སྐད་དུ།

ཁྱོད་བོད་ཀྱི་རྒྱལ་པོར་སྐུར་བསྟན་ཏེ། །བོད་མཐའ་འཁོབ་སྨིན་པར་བྱས་གྱུར་ནས། །སླར་པོ་ཏ་ལ་ཡི་རྩེ་མོ་ལ། །ཆོས་དགེ་བ་བཅུ་ཡི་འོད་ཟེར་འགྱེད། །བོད་བྱང་གི་ཕྱོགས་ནས་བྱང་ཕྱོགས་སུ། །མི་ཁྱོད་ཀྱི་སྤྲུལ་བ་དམ་པ་ཞིག །མ་མགོན་མེད་མང་པོ་འདྲེན་དུ་འགྲོ། །གངས་དཀར་པོའི་གསེར་ཐང་མཎཌལ་དུ། །གསེར་དྲི་མ་མེད་པའི་མཆོད་རྟེན་འབྱུང། །བྱང་རྒྱལ་པོ་ཆེན་པོའི་མདུན་ཐང་དུ། །གཡུ་དྲི་མ་མེད་པའི་མཆོད་རྟེན་འབྱུང། །ས་བརྟན་པ་གསེར་གྱི་ས་གཞི་ལ། །གཏེར་རིན་ཆེན་རྣམ་པ་སྣ་ཚོགས་འབྱུང། །ཐང་དཀར་པོ་ཤེལ་གྱི་མཎཌལ་དང༌། །གནས་བྱིན་ཆེན་མཆོད་རྟེན་ལྔ་བརྒྱ་བཅས། །གནས་དེ་དག་མཁའ་འགྲོའི་རྩེད་ར་ཡིན། ཁྱོད་དེ་དག་རྣམས་སུ་འགྲོ་དོན་སྐྱོང། །ཞིང་དེ་དང་ཁྱོད་ཀྱི་ཡོན་ཏན་ཀུན། །དུས་བསྐལ་བརྒྱར་བརྗོད་ཀྱང་མི་ཚར་བས། །རྗེ་དྲི་མེད་བླ་མངོནཤེས་ཅན། །མ་སེམས་ཅན་དགའ་ཞིང་དགེ་བའི་ཕྱིར། །གསུང་སྙན་མོའི་ལུང་བསྟན་གནང་དུ་གསོལ། །

ཞེས་གླུར་བླངས་པ་དང་བླ་མ་དྲི་མེད་ཀྱིས་སྔོན་མའི་བཞུགས་སྟངས་མཛད་དེ། ལུང་དུ་སྟོན་པའི་ཚིགས་སུ་བཅད་པ་འདི་སྐད་དུ་སྨྲས་པ།

།སྤྱིར་བཀྲ་ཤིས་ཆོས་ལྡན་ཁ་བ་ཅན། །སྒོས་དབུ་རུ་བྱང་ཕྱོགས་དཔལ་གྱི་སྡེ། །སྔོན་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་པའི། །གནས་ཕུན་ཚོགས་རྭ་སྒྲེང་བྱ་བ་ཡོད། །ར་ཞེས་བྱ་བ་འདོད་ཆགས་རྡུལ་དང་བྲལ། །ཆགས་པ་མེད་པའི་དམ་པ་ཆོས་ཀྱི་སྒོ། །ར་ཞེས་བྱ་བ་ཞེ་སྡང་རྡུལ་དང་བྲལ། །བྱམས་པ་ཆེན་པོ་དམ་པ་ཆོས་ཀྱི་སྒོ། །ར་ཞེས་བྱ་བ་གཏི་མུག་རྡུལ་དང་བྲལ། །ཤེས་རབ་ཆེན་པོ་དམ་པ་ཆོས་ཀྱི་སྒོ། །ར་ཞེས་བྱ་བ་ཕྲག་དོག་རྡུལ་དང་བྲལ། །མཉམ་ཉིད་ཆེན་པོ་དམ་པ་ཆོས་ཀྱི་སྒོ། །ར་ཞེས་བྱ་བ་ང་རྒྱལ་རྡུལ་དངབྲལ། །ཞི་དུལ་བག་ཡོད་དམ་པ་ཆོས་ཀྱི་སྒོ། །སྒོ་ལྔའི་རྒྱལ་མཚན་མི་གཡོ་བརྟན་པ་དེ། །ཡོད་མིན་མེད་མིན་སྐྱེ་མཆེད་མཐར་ཐུག་བར། །མི་ཉམས་རྒྱས་པར་རྟག་ཏུ་སྒྲེང་བར་བྱེད། །དེ་ནི་སྤྱན་རས་གཟིགས་ཀྱི་ཕོ་བྲང་ཡིན། །གནས་མཆོག་དེ་རུ་འགྲོ་བ་གང་སྐྱེས་པ། །སྔོན་གྱི་ལས་འཕྲོ་སྟོབས་ལྡན་སད་པ་ཡིན། །དེ་ནི་རི་བོ་པོ་ཏ་ལ་དང་མཚུངས། །འགྲོ་བའི་དཔལ་མགོན་སྤྱན་རས་གཟིགས་དབང་འདི། །སྲས་ཀྱི་ཐུ་བོར་ངེས་པར་བྱིན་གྱིས་རློབས། །སྲས་འདིའི་དབུ་ལ་དེ་བཞིན་གཤེགས་པ་ཡི། །ཞིང་ཁམས་ཉི་ཁྲི་ཆིག་སྟོང་ཚང་བར་གནས། །དེ་ལས་འོད་ཟེར་ཉི་ཁྲི་ཆིག་སྟོང་འཕྲོས། །གནས་དེར་པད་སྡོང་ཉི་ཁྲི་ཆིག་སྟོང་འཁྲུངས། །དེ་ལ་ཕྱོགས་བཅུའི་རྒྱལ་བ་དཔག་མེད་བཞུགས། །བསྟན་འགྲོའི་བདེ་སྐྱིད་དཔལ་འབྱོར་སྤེལ་བར་བྱེད། །ཕྱོགས་བཞི་མཚམས་བརྒྱད་དབུས་དང་བཅས་པ་ན། །ཆུ་མིག་བརྒྱ་ཕྲག་གཅིག་དང་བཅུ་གསུམ་འབབ། །སུ་ཡིས་དེ་འཐུང་སྡུག་བསྔལ་ཞི་བར་བྱེད། ། ནམ་མཁས་གར་ཁྱབ་ཞིང་ཁམས་དཔག་མེད་དུ། །སྐུ་ཡི་བཀོད་པ་དཔག་མེད་སྟོན་པར་བྱེད །འགྲོ་བ་གང་ལ་གང་དགོས་དེར་སྤྲུལ་ཏེ། །གང་དག་འདོད་པ་མ་ལུས་ཚིམ་པར་བྱེད། །

ཅེས་གསུངས་པ་དང་ཡང་མཁའ་འགྲོ་མ་རྣམས་ཀྱིས་གར་བྱེད་ཀྱིན་འདི་སྐད་དུ།

།བླ་མ་ཁྱེད་ཀྱི་ཐུགས་ལ་འཁྲུལ་བ་མེད། །རྭ་སྒྲེང་དཔལ་གྱི་གཙུག་ལག་ཁང་ཞེས་པ། །རྒྱལ་བ་རྒྱ་མཚོའི་འབྱུང་གནས་རྒྱལ་བའི་དཔལ། །གནས་དེ་བྱིན་གྱིས་རློབ་ཅིང་ལྷུན་པོར་གནས། ། དམག་དཔོན་དཔའ་བོ་ཁྱིམ་བདག་འབྱོར་བ་ཅན། །བཙུན་མོ་རིན་ཆེན་གླང་བོ་འཁུར་ཤེད་ཅན། །ནོར་བུ་རིན་ཆེན་རྟ་མཆོག་རྫུ་འཕྲུལ་ཅན། །འཁོར་ལོ་རྩིབས་སྟོང་དཔག་མེད་མཁའ་འགྲོའི་གནས། །རྒྱལ་བ་ཁྱོད་ཀྱི་རྒྱལ་སྲིད་བསྐྱང་ཕྱིར་འབྱུང། །སྟེང་ན་འཁོར་ལོ་རྩིབས་བརྒྱད་འཕགས་ལམ་བརྒྱད། །རྣམ་དག་ལྟ་བ་མཛེས་པ་ཡས་ཀྱིས་ཕུབ། །རྣམ་དག་སྤྱོད་པ་རྒྱས་པར་མཐའ་རྣམས་རྒྱས། །ངག་དང་འཚོ་བ་རྩོལ་བ་ཕུན་སུམ་ཚོགས། །དྲན་དང་ཏིང་འཛིན་ཤེས་རབ་ཕུན་ཚོགས་པའི། །ས་ཆེན་པད་མ་འདབ་བརྒྱད་དག་པ་ལ། །མི་དབང་ཁྱེད་བཞུགསཤིན་ཏུ་དབེན་པ་ནི། །གནམ་ས་གའུ་ཁ་སྦྱར་ལྟ་བུས་མཛེས། །

ཞེས་མགུར་དུ་བླངས་པ་དང་མཁའ་འགྲོ་མ་བྱེ་བ་འབུམ་ཕྲག་དེ་དག་ལས་འོད་ཟེར་སེར་བོ་རེ་འཕྲོས་ཏེ། བླ་མ་དྲི་མེད་པ་དཔའ་བོ་བརྒྱ་དང། རྒྱལ་བུ་དཀོན་མཆོག་འབངས་ལ་བསྐོར་ཅིང་མཆོད། ཤ་ལྔ། བདུད་རྩི་ལྔ། འདོད་ཡོན་ཆེན་པོ་ལྔ། ཕུང་པོ་ལྔ། ངོ་བོ་བདེ་བར་གཤེགས་པ་ལྔ་ལ་རྣམ་པ་མཁའ་འགྲོ་མ་དང་དཔའ་བོའི་ཆ་ལུགས་སུ་གནས་པ་ལ། ཆགས་པ་མེད་པའི་ཚུལ་གྱིས་མཆོད་ཅིང་རོལ་བར་བྱེད་པའི་ཚུལ་དག་འཁྲབ་དཀའ་ན་རྡོ་རྗེའི་གར་སྟབས་ཀྱིས་མཆོད་པའི་ཚུལ་བྱའོ། དེ་ནས་དཀོན་མཆོག་འབངས་ཀྱིས་འདི་སྐད་དུ།

།སྐྱེ་མེད་ཆོས་དབྱིངས་ཆེན་པོའི་གཞལ་ཡས་ན། །སྣ་ཚོགས་སྤྲུལ་བའི་གར་བྱེད་མཁའ་འགྲོ་ཀུན། །རྣམ་དག་ཤེས་རབ་མཆོག་ལ་རྟོག་མི་མངའ། །རྒྱུས་སྟོང་སྐྱེ་བྲལ་འབྲས་བུ་མི་མངའ་བའི། །རོལ་བ་ཆེན་པོར་འདི་སྐད་གསུང་བ་ཐོས། །མ་འཛིན་མ་འཛིན་ཡུལ་ལ་བདེ་བ་མེད། །མ་བཟུང་མ་བཟུང་སེམས་ཀྱི་གཞི་རྩ་ཆོད། །གཟུང་འཛིན་གཉིས་བྲལ་ཆོས་དབྱིངས་ཆེན་པོ་ལ། །དཀོན་མཆོག་འབངས་ཀྱིས་གསང་བ་ཡེ་ཤེས་འདྲེན། །ད་ནི་བདེ་ལྡན་གནས་སུ་འགྲོ་བར་བྱེད། །སྤྲུལ་བའི་ཕོ་བྲང་ཉམས་དགའ་དཔག་མེད་པར། །རྡོ་རྗེམཁའ་འགྲོ་ལ་སོགས་གནས་དེར་གཤེགས། ། དྲི་མེད་བླ་མ་རིག་འཛིན་ཚོགས་རྣམས་ཀྱང། །ཐུགས་རྗེའི་དབང་གིས་གནས་དེར་གཤེགས་པར་འཚལ། ཁྱེད་ཅག་འགྲོ་འོང་ཀུན་ལས་འདས་ན་ཡང། །བལྟར་མེད་བརྗོད་འདས་དགའ་བའི་ཉམས་སྐྱོང་བ། །གཡོ་མེད་རྡོ་རྗེའི་གར་ནི་ཕྱོགས་བཅུར་བགྲོད། །དེ་ནི་བདག་གིས་གསོལ་ལོ་དུས་ལ་བབ། །

ཅེས་གསོལ་བ་དང། བླ་མ་དྲི་མ་མེད་པ་དེ་ཉིད་ཤེས་རབ་སྒྲོན་མ་ཞེས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང༌། ཤར་ཕྱོགས་བདེ་ལྡན་གྱི་ཡུལ་ག་ལ་བ་དེར་གཟིགས་ནས། སརྦབུདངྷཌཱཀིམ། ཤར་ཕྱོགས་བདེ་ལྡན་གྱི་གནས་སུ་ཛཿ ཞེས་གསུངས་བ་དང། མཁའ་འགྲོམ་རྣམས་རང་རང་གི་གནས་སུ་གཤེགས་ཤིང༌། དཀོན་མཆོག་འབངས་དང་གསང་བ་ཡེ་ཤེས་གཉིས་ཀྱང་རང་རང་གི་རྫུ་འཕྲུལ་དང་བླ་མའི་བྱིན་རླབས་ཀྱིས་ཡུད་ཙམ་ཞིག་ལ་བདེ་སྤྱོད་སྤྲུལ་བའི་ཕོ་བྲང་དུ་ལྷགས་སོ། །

འཁྲབ་ཚན་བཅོ་ལྔ་པ།

 

།བདེ་སྤྱོད་རྒྱལ་པོའི་ཕོ་བྲང་དུ།

།གསང་བ་ཆེན་པོའི་ཚོགས་འཁོར་བསྐོར།

 

 

མེ་ཏོག་མཁའ་འགྲོས་ལུག་རྣམས་དེད་དེ་སྤྲུལ་བའི་ཕོ་བྲང་གི་ཉེ་འདབས་སུ་ཐོན་པ་ན། ཕོ་བྲང་གི་སྒོ་ནས་སྔོན་མའི་སྤྲུལ་བའི་ལུ་གུ་དེས་འབའ་སྐད་སྙན་མོ་ཞིག་བརྒྱབ་ནས་མཆོང་ལྡིང་བྱེད་ཀྱིན་ལུག་ཁྱིའི་སྔོན་མ་ན་འོང་གིན་ཡོད་པའི་རང་གི་ལུག་ཨ་མ་མ་མོ་དུང་དཀར་མ་གང་དེའི་རྩ་ལ་རྒྱུགས་འོངས་པ་ན། དུང་དཀར་མས་ཀྱང་སྐད་སྙན་མོས་འབའ་འབའ་རེ་བྱེད་ཀྱིན་ཕར་ཙམ་རྒྱུགས་ཤིང་དགའ་བའི་མིག་ཆུ་དང་བཅས་ལུ་གུ་ལ་ལྡག་ཙམ་རེ་བྱས། དེར་ལུ་གུས་ཀྱང་མ་མོ་ལ་ལྡག་ཙམ་རེ་བྱས། དེ་ནས་ལུ་གུ་ཕྱིར་ཕོ་བྲང་གི་སྒོར་རྒྱུགས་སོང་ནས་འབའ་སྐད་སྙན་མོ་ལྷང་ལྷང་ཁ་ཤས་བརྒྱབ་པས། ལུག་རྣམས་ཀྱིས་ཀྱང་འབའ་སྐད་ཅིག་བརྒྱབ་ཅིང་ཚང་མས་མགོ་སྒུར་སྒུར་གྱིས་གུས་པའི་རྣམ་འགྱུར་ཅིག་བསྟན། དེར་མེ་ཏོག་རབ་ཏུ་དགའ་ནས་ན་རེ།

རྒྱལ་བུ་རིན་པོ་ཆེ། ཁྱེད་རང་ག་དུས་ཕེབས། འདི་འདྲ་མགྱོགས་པ་ངོ་མ་སྤྲུལ་བ་རང་རེད། ལམ་བར་སྐུ་ཚེགས་མ་མྱོང་ངམ། ཞེས་འཚམས་འདྲི་བྱས་པ་དང་ལུ་གུ་དེ་ཡང་སྐད་ཅིག་ལ་རྒྱལ་བུར་གྱུར་ཏེ།

མེ་ཏོག་མཁའ་འགྲོ་བདེ་མོ། ང་ད་ལྟ་རང་ཨུ་རྒྱན་ནས་འབྱོར་མ་ཐག་ཡིན། དཀོན་མཆོག་གི་ཐུགས་རྗེས་ལམ་ཐག་རིང་ཡང་བར་ཆད་མ་བྱུང།

མེ་ཏོག་གིས། འོ་ན། མཁའ་འགྲོ་མ་གདན་དྲངས་ཡོད་དམ།

རྒྱལ་བུས། ཡོད། ཕོ་བྲང་དུ་བཞུགས་ཡོད། ཁྱེད་རང་མཇལ་བར་སོང་དང།

མེ་ཏོག་གིས། ལགས་སོ། མཁའ་འགྲོ་མ་ད་ངོ་མ་ཡ་མཚར་ཞིག་ལོས་ཡོད།

ཅེས་རྒྱལ་བུ་དང་འགྲོགས་ཏེ་ཕོ་བྲང་གི་ནང་དུ་སོང་བ་ན་གཡུ་ཁྲིའི་ཐོག་ན་རལ་བ་དཀར་པོའི་ཐོར་ཅོག་ཅན་གྱི་རྒན་མོ་ལོ་བརྒྱ་ལྷག་ཙམ་ཞིག་བཞུགས་པ་མཐོང་ཅུང་ཡ་མཚར་ངང་རྒྱལ་བུའི་ཞལ་ལ་གཅིག་བལྟས་ནས།

མེ་ཏོག་གིས། འདི་མོའི་ཨ་མ་ཡིན་ནམ།

རྒྱལ་བུས། མ་རེད། འདི་གསང་བ་ཡེ་ཤེས་རེད།

མེ་ཏོག་གིས། ཁྱེད་ཀྱིས་ང་ལ་ཞལ་རྫུན་མ་གསུངས།

ཞེས་མིག་རིག་རིག་གིས་ཡར་མར་ལ་བལྟས་ཀྱང་གཞན་སུ་ཡང་མ་མཐོང་བས་ལྷག་པར་ཡ་མཚན་ངང་རྣལ་འབྱོར་མ་དེའི་གདོང་དང་རྒྱལ་བུའི་བཞིན་ལ་གཅིག་བལྟས་ཏེ། སྐད་དམའ་མོས་རྒྱལ་བུ་ལ འདི་ཁྱེད་རང་གི་རྨོ་མོ་ལས་ཀྱང་རྒན་པ་འདུག འདི་འདྲ་ཡོང་གི་རེད་དམ། མི་ལ་ངོ་མི་ཚའམ།

རྒྱལ་བུས། ཡེ་ཤེས་མཁའ་འགྲོ་མ་ལ་རྒས་རྒྱུ་མེད་པ། ཁྱེད་རང་ལ་འདི་ལྟར་སྣང་བ་ཡང་བསོད་ནམས་རེད། གཞན་གྱིས་གང་ཡང་མཐོང་གི་མ་རེད།

མེ་ཏོག་གིས། འོ་ན། གསང་བ་ཡེ་ཤེས་མའི་སྐུ་ངོ་མ་དེ་གང་འདྲ་ཞིག་ཡིན་པ་ངས་མཐོང་གི་རེད་དམ།

རྒྱལ་བུས། ཁྱེད་རང་གིས་བཟོད་གསོལ་ཞུས་ནས་དད་པ་དང་ཡིད་ཆེས་བྱོས་དང། ངས་བྱིན་གྱིས་རོླབ་པར་བྱེད།

ཅེས་གསུངས་པ་དང། མེ་ཏོག་གིས་མཁའ་འགྲོ་མ་ལ་ཕྱོགས་ཏེ་ལག་པ་ཐལ་མོ་སྦྱོར་ཅིང་གུས་ཕྱག་གི་རྣམ་པ་བསྟན། རྒྱལ་བུས་བྱིན་བརླབས་གནང། དེར་མཚན་དཔེས་བརྒྱན་པའི་གཞོན་ནུ་མ་ངོ་མཚར་ལྟ་ན་སྡུག་པ་ཞིག་ཏུ་མཐོང་བས་དྭངས་ཤིང་ཡིད་ཆེས་པའི་དད་པ་སྐྱེས་ཏེ།

།བདག་འདྲ་བྱིས་པ་མ་རིག་པས། །ཆོས་ཀྱི་གནས་ལུགས་མི་ཤེས་ཤིང། །མཁའ་འགྲོ་ལུས་སེམས་དབང་ཐོབ་ལ། །རྒན་འཁོགས་རྣམ་པའི་འཁྲུལ་བ་བྱུང། །སེམས་དང་ངག་གིས་སྡིག་བསགས་པ། །མཁའ་འགྲོ་ཁྱེད་ལ་བཟོད་པར་གསོལ། །ཕྱིན་ཆད་མ་རིག་ཀུན་དག་ནས། །དོན་གྱི་གནས་ལུགས་མཐོང་བར་ཤོག །

མཁའ་འགྲོས། ཁྱོད་ནི་བུ་མོ་སྐལ་ལྡན་སྟེ། །སྤྲུལ་བས་བྱིན་རླབས་སྣོད་དུ་གྱུར། །རང་རྒྱུད་དྲི་མས་མ་གོས་པར། །བཟོད་པར་གསོལ་ཞིང་སྨོན་ལམ་འདེབས།

རྒྱལ་བུས། །སྨོན་ལམ་དབང་གིས་གནས་འདིར་འཛོམས། །མ་འོངས་འདི་ནི་ཁོ་བོའི་སྲས། ཁྲི་མཆོག་དཔལ་ཞེས་ཡོན་ཏན་ལྡན། རྣལ་འབྱར་ཆོས་ཉིད་རང་ངོ་ཤེས། །མཁའ་འགྲོས་ལུང་བསྟན་རྭ་སྒྲེང་དེར། །ང་ཡི་གདམས་པའང་འཛིན་པར་བྱེད། །

མེ་ཏོག་གིས། དེ་ལྟར་ཡིན་ན་ཁོ་མོ་ཤིན་ཏུ་དགའ། སྐྱེ་བ་ཀུན་ཏུ་རྒྱལ་བུ་ཡབ་ཡུམ་གཉིས་དང་མི་འབྲལ་བར་དམ་པའི་ཆོས་ལ་སྤྱོད་པར་ཤོག །ཅེས་ཕྱག་གསུམ་འཚལ་ནས་སླར་ཡང་འདི་ལྟར། ད་ང་གཏམ་བཟང་འདི་སྒྲོག་པར་འགྲོ་གི་ཡིན།

རྒྱལ་བུས། འགྲིག་གི རྒྱལ་པོ་ཡབ་ཡུམ་གཉིས་ལ་ང་ཕྱིར་ཐོན་འདུག་ཅེས་ཤོད། ད་དུང་བེ་ཏའི་ཡུལ་ལ་ཡང་ཕོ་ཉ་ཐོངས་ལ། དགེ་འདུན་འཁོར་བཅས་གདན་དྲོངས་ཤིག་ཅེས་སྨོས། ད་ངས་སྟོན་མོ་རྒྱ་ཆེན་ཞིག་བཤམ་རྒྱུ་ཡིན།

མེ་ཏོག་གིས། ལགས་སོ། ང་ད་ལྟ་རང་འགྲོ ཞེས་དགའ་མཆོང་བྱེད་ཀྱིན་ཕྱིར་རྒྱུགས་སོང

 

རྒྱལ་པོ་བདེ་སྤྱོད་ཀྱི་ཕོ་བྲང་གི་སྒོ་ན། རྒྱལ་པོ་གཉིས་བཙུན་མོ་དང་བློན་འབངས་བཅས་མི་ཚོགས་ཆེན་པོ་འཚོགས་ནས་རྒྱལ་བུ་དཀོན་མཆོག་འབངས་དང་མཁའ་འགྲོ་མ་གཉིས་དེར་ཕེབས་བཞིན་པར་བསུ་བ་བྱེད་ཀྱིན་པའི་རྣམ་པ། དེ་ཡང་སྐྱེ་བོ་ཕལ་མོ་ཆེས་རྒྱལ་བུ་ཤིན་ཏུ་གཞོན་པ་དང་མཁའ་འགྲོ་མ་ཤིན་ཏུ་བགྲེས་པའི་རྣམ་པར་མཐོང་བས་ཡིད་མ་ཆེས་པ་དང། ཡ་མཚར་བ་སོགས་ཀྱི་རྣམ་འགྱུར་དང་ལབ་ལོབ་མང་དུ་བྱེད་པའི་ཚུལ།

མེས་པོས། །མི་དབང་སྲས་མཆོག་ཨུ་རྒྱན་དུ། །ཡེ་ཤེས་མཁའ་འགྲོ་བསུ་བར་བྱོན། །སྐུ་ངལ་བར་ཆད་མ་བྱུང་ངམ། །བླ་མ་དྲི་མེད་མཇལ་བྱུང་ངམ། །གསང་བ་ཡེ་ཤེས་འདི་ཡིན་ནམ། །ཟླ་ངོ་གཅིག་ལས་མ་འགོར་བར། ཁྱེད་རང་ཕྱིར་ལ་ཕེབས་ཐོས་ནས། །དགའ་བས་རིང་ནས་མཇལ་དུ་འོང། །བཀྲ་ཤིས་བདེ་ལེགས་དགའ་བས་བསུ། །

ཞེས་མེ་ཏོག་གི་ཕྲེང་བ་དུ་མ་བསྒྲོན་ཅིང་གཏོར་ནས་ཕོ་བྲང་དུ་གདན་དྲངས། དེར་རྒྱལ་བུ་དང་མཁའ་འགྲོ་མ་གཉིས་གདན་བཤམས་པ་ལ་བཞུགས་པ་དང། རྒྱལ་པོ་དང་བཙུན་མོ་བློན་ཆེན་རྣམས་ཀྱང་སོ་སོའི་གནས་སུ་འཁོད། དེར་རྒྱལ་བུ་དཀོན་མཆོག་འབངས་ཀྱིས་དགྱེས་པའི་འཛུམ་དང་བཅས་ཚང་མ་ལ་འདི་སྐད

།རྟ་མཆོག་རྫུ་འཕྲུལ་ལྡན་པས་ན། །ལོ་ལམ་རེ་རེ་ཉིན་རེས་སོང། ཁྱེད་ཅག་བསོད་ནམས་བསགས་པ་དང༌། །དཀོན་མཆོག་གསུམ་གྱི་བྱིན་བརླབས་ཀྱིས། །ཨུ་རྒྱན་ཡུལ་དུ་བདེ་བར་འབྱོར། །རྡོ་རྗེ་འཛིན་པའི་རིག་འཛིན་དུ། །བྱིན་བརླབས་དབང་བསྐུར་ཚངས་པར་མཛད། །གསང་བ་ཡེ་ཤེས་འདིར་གདན་དྲངས། །མ་དག་བློ་ཅན་ཐེ་ཚོམ་ཟ། །དག་པ་དགའ་བ་ནང་དུ་རྒྱས། །དོ་ནུབ་ཚོགས་ཀྱི་འཁོར་ལོ་བསྐོར། །

མཁའ་འགྲོས། ཁོ་མོ་ཨུ་རྒྱན་ནས་འགྲོ་བའི་དོན་དུ་འདི་རུ་འོང། དེ་རིང་ང་ཚོ་ལྷན་འཛོམས་བྱུང་བས་དགའ་བོ་བྱུང། སྤྲུལ་བའི་རྒྱལ་བུར་ཡིད་ཆེས་དང། མཁའ་འགྲོ་ང་ལ་དད་པ་གྱིས། དོ་ནུབ་བླ་མ་དྲི་མ་མེད་རྡོ་རྗེ་འཛིན་པའི་ཚོགས་དང། མཁའ་འགྲོའི་ཚོགས་ཀྱང་འདི་རུ་ཚོགས་འཁོར་ལ་ཕེབས་རྒྱུ་རེད། ཚང་མས་དགེ་སེམས་བསྐྱེད་དེ་བསོད་ནམས་གསོག་ལ་འབད་དགོས།

ཡབ་ན་རེ། ངོ་མ་སྐལ་བ་བཟང་པོ་རེད། འདིར་ད་དུང་དགེ་འདུན་པ་བརྒྱ་ཕྲག་ཅིག་ཡང་ཕེབས་ཀྱིན་ཡོད་པས། དེ་འདྲའི་འཁོར་ཚོགས་མང་པོ་ཞིག་ངའི་ཕོ་བྲང་འདིར་ཤོང་ཡང་དཀའ་ཡང། གང་ཐུབ་ཐུབ་གྲ་སྒྲིག་བྱེད་ཆོག ཁྱེད་ཅག་གིས་ཀྱང་བྱིན་གྱིས་རློབས་རོགས་གནང།

མཁའ་འགྲོ་མས། དེ་ལ་ཁྱེད་ཅག་ཐུགས་ཁྲལ་གནང་མི་དགོས། ཚང་མ་ངས་སྒྲུབ་ཆོག ཁྱེད་ཅག་གིས་ཀྱང་ཡན་ལག་བདུན་པའི་མཆོད་པ་དང་བཅས་དགེ་སེམས་རྒྱ་ཆེན་བསྐྱེད་ལ། སོ་སོས་ཚོགས་རྫས་གང་འབྱོར་རེ་གྲ་སྒྲིག་གྱིས། ང་ལྷ་ཁང་དུ་སོང་ནས་ཅུང་ཟད་མཉམ་བཞག་ལ་གནས་དགོས།

ཞེས་གསུངས་ནས་གཙུག་ལག་ཁང་གི་ནང་དུ་གཤེགས་ཏེ་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་བཞུགས། དེར་རྒྱལ་བུས་གསང་བ་ཡེ་ཤེས་མཁའ་འགྲོ་ཇི་ལྟར་གདན་དྲངས་པའི་ལོ་རྒྱུས་རྣམས་ཞིབ་ཏུ་གསུངས་ནས་ཚང་མ་ངོ་མཚར་དང་དགའ་དད་ལ་གནས་པར་བྱས་ཏེ་དགེ་སེམས་བསྐྱེད་པའི་ཐབས་ཤེས་གནང། དེར་ཚང་མས།

ད་ཉི་མ་ཡང་ཕྱི་བོ་ཆགས་སོང། དཀྱིལ་འཁོར་དང་མཆོད་པ། གཏོར་མའི་ཚོགས་ཇི་ལྟར་བཤམས་དགོས། མཁའ་འགྲོ་མ་ད་དུང་སྒོམ་ལ་བཞུགས་འདུག ཅེས་ཞུས་པ་དང་རྒྱལ་བུ་དཀོན་མཆོགས་འབངས་གསང་བ་ཡེ་ཤེས་མའི་དྲུང་དུ་ཕེབས་ཏེ།

ད་ནི་དཀྱིལ་འཁོར་དང་མཆོད་པ་བཤམས་རན། ཏིང་འཛིན་ལས་བཞེངས་པར་ཞུ།

གསུང་ལན་མ་བྱུང༌། དེར་ཅུང་ཞིག་འགོར་བ་ན། མཁའ་འགྲོ་མའི་ཐུགས་ཀ་ནས་འོད་དཀར་པོ་ཅིག་ནར་རེར་བྱུང་བའི་རྗེས་སུ་ཁང་པའི་སྒོ་མོ་ཞིག་དོད་བྱུང། ཡིན་ཡང་མཁའ་འགྲོ་མའི་སྐུ་གཟུགས་ཆེ་རུ་མ་སོང་བར་གནས་པས་ཚང་མས་མིག་འཕྲུལ་སྙམ་པ་དང་ཅི་ཡིན་ནམ་སྙམ་པའི་ཐེ་ཚོམ་སོགས་སྐྱེ་བའི་ཚུལ་དང། དེར་ཚང་མས་ཌཱ་མ་རུ་དང་དྲིལ་བུའི་སྒྲ་ཆེན་ཞིག་གྲག་བྱུང་ན་ཡང་མཐོང་རྒྱུ་གཞན་མ་བྱུང། སྒྲ་ཆེ་རུ་ཆེ་རུ་སོང་བ་དང་ཐུགས་ཀའི་སྒོ་ཆེན་དེ་ནསབུ་མོ་སྐུ་མདོག་དཀར་པོ་ཤེལ་དཀར་འདྲ་བ། གནག་སྣུམ་དབུ་སྐྲ་སྐེད་པར་འཁྱིལ་བ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། དངུལ་དཀར་གྱི་མེ་ལོང་ཐོགས་པ་སྙན་མོའི་གླུ་དང་བཅས་གར་བྱེད་ཀྱིན་འོང་ནས་འདི་སྐད་དུ།

ཕྱིའི་ལུས་འདི་ནི་ཕོ་བྲང་མི་གཟུགས་ཀྱི་རྣམ་པ་ཙམ་ཡིན། ཁོ་མོ་གསང་བ་ཡེ་ཤེས་བྱ་བ་དེ་ཡིན། ནང་འདི་ན་དཀྱིལ་འཁོར་ཆེན་པོ་ཡངས་ཤིང་ཆེ་བ་བཤམས་ཡོད། ཚོགས་ཀྱི་འཁོར་ལོའི་རྫས་ཀུན་ཡང་འཛོམས། བླ་མ་དྲི་མ་མེད་པ་ཚོགས་ཀྱི་དབུ་བཞུགས་གནང་བའི་གཡས་སུ་འཁོར་རིག་པ་འཛིན་པ་བརྒྱ་ཕྲག་གཅིག་དང། གཡོན་ན་དགེ་སློང་ཉི་མའི་འོད་སོགས་ཁྱེད་ཅག་གི་མཆོད་གནས་དགེ་འདུན་པ་བརྒྱ་ཕྲག་དག་ཀྱང་བཞུགས་ཡོད། ད་དུང་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཚོགས་ཀུན་ཡང་བཞུགས་ཡོད་པས། ཁྱེད་རང་ཡབ་ཡུམ་མེས་དང་བཅས་པ་སྐལ་བཟང་སྐྱེ་བོ་རྣམས་ཚོགས་རྫས་ཁྱེར་ལ་ཕེབས་ཤོག

ཅེས་གསུངས་པ་དང་དཀོན་མཆོག་འབངས་དང་ཡབ་ཡུམ་སོགས་ཀྱིས་ཚོགས་རྫས་རྣམས་ཁྱེར་ནས་ནང་དུ་སོང་བ་ན། ཇི་སྐད་གསུངས་པ་བཞིན་ཡོད་པས་ཡ་མཚན་དང་དད་པ་འགྲན་གྱིན་དེར་འཁོད་པ་དང། བླ་མ་དྲི་མ་མེད་པས་ཚོགས་དང་གཞལ་ཡས་ཁང་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་བྱིན་རླབས་མཛད་པ་དང། རིག་པ་འཛིན་པའི་དཔའ་བོ་དང་དཔའ་མོ་མཁའ་འགྲོ་མ་རྣམས་བཞེངས་ཏེ། དཔའ་བོ་དང་དཔའ་མོའི་གར་སོགས་ཕྱིའི་གར་མ་གཏོགས་པའི་གར་རིགས་སུམ་བརྒྱ་དྲུག་ཚང་བར་འཆམས་སོ།

དེ་ཡང་དཔའ་བོ་ལ་སོགས་པའི་གར་འཁྲབ་སྟངས་ཀྱང་རྣམ་ཐར་ལས་གསལ་བོ་གསུངས་ཡོད་མོད་ཇི་བཞིན་འཁྲབ་ཐུབ་རྒྱུ་དཀའ་ལ་འཁྲབ་རུང་མིན་ཡང་མི་ཤེས། སྤྱིར་ཚོགས་འཁོར་འདི་ཉིད་རྣམ་ཐར་ནང་གི་ཆེས་མཆོག་ཏུ་གྱུར་བའི་དོན་ཆེན་ཞིག་ཡིན་པས་འདིར་རྟེན་འབྲེལ་གྱིས་ཚང་བར་རགས་ཙམ་བཀོད་པ་ཡིན། དངོས་སུ་ན་འཁྲབ་དཀའ་བས་བཀྲ་ཤིས་གླུ་གར་བཟང་པོ་ཞིག་འཁྲབ་ནས་འཐུས་པར་བྱས་ཀྱང་ཆོག་སྙམ་མོ། དེ་ནས་རྒྱལ་བུ་དཀོན་མཆོག་འབངས་བཞེངས་ཏེ་འདི་སྐད།

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་གསོལ། དོ་ནུབ་སྟོང་བ་ཉིད་བཅོ་བརྒྱད་ཀྱི་རང་བཞིན། ཡ་མཚན་ལྟད་མོ་འདི་དག་མཇལ་བ་ནི། དཀོན་མཆོག་གསུམ་གྱི་བྱིན་རླབས་ལས་བྱུང་བ་ཡིན། དེ་བས་ངའི་མིང་ལ་ཡང་དཀོན་མཆོག་འབངས་སུ་གྲགས། ད་ཡང་སེམས་ཅན་འགྲོ་བའི་དོན་བྱེད། ཁོ་བོའི་ལུས་འདི་དུམ་བུ་སྟོང་དུ་ཞིག་ཀྱང་འགྲོ་བའི་དོན་ལས་མི་འདའ་དམ་བཅའ་འོ།

བླ་མས། དགྱེས་འཛུམ་དང་བཅས་དཀོན་མཆོག་འབངས་ལ་གཟིགས་ཏེ ཁྱོད་ཀྱིས་ལུས་སྲོག་ལ་མི་ལྟ་བར་དམ་པའི་ཆོས་བཙལ་བས། ད་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་སོ། མ་འོངས་ལྔ་བརྒྱའི་ཐ་མར་གྱུར་བ་ན་ཡང། བདག་ཇོ་བོ་རྗེ་ཨ་ཏི་ཤ་ཞེས་གྲགས་པ་བོད་ཁ་བ་གངས་ཅན་གྱི་གནས་མཆོག་དམ་པ་རྭ་སྒྲེང་བྱ་བར་གདན་དྲངས་ཤིང། ཁྱེད་བདག་གི་ཐུགས་སྲས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་བྱ་བར་གྱུར་ཏེ་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པར་འགྱུར་རོ།

རྒྱལ་བུས། ཞལ་འཛུམ་མདངས་དང་བཅས་ཡབ་རྒྱལ་བོ་བདེ་སྤྱོད་དང་ཡུམ་གྱི་དྲུང་དུ་སོང་ནས མ་འོངས་པའི་དུས་དེར། ཡབ་ཁྱེད་སླར་ཡང་བདག་གི་ཡབ་རིགས་བཟང་བ་འབྲོམ་སྐུ་གཤེན་ཟེར་བར་འགྱུར། མ་ཀུན་ཏུ་བཟང་མོ་ཁྱེད་ཀྱང་ཁུ་འོད་བཟའ་ལྷན་ཅིག་ཞེས་པའི་བདག་གི་ཡུམ་དུ་འགྱུར།

ཡང་རྒྱལ་པོ་དཔལ་ལྡན་དང་གསལ་ལྡན་མའི་ཐད་དུ་སོང་ནས མེས་དཔལ་ལྡན་ཁྱེད་ཞང་ཆེན་པོ་ཞེས་བྱ་བ་དང། རྨོ་གསལ་ལྡན་མ་ནི་གཡུང་ཆོས་མགོན་ཞེས་བྱ་བར་གྱུར་ཏེ་གཉིས་ཀ་བདག་གི་བླ་མར་འགྱུར།

ཉི་མའི་འོད་ཀྱིས། །གནས་མཆོག་རྭ་སྒྲེང་དགོན་པ་དེ། །ས་གཞི་པད་མ་འདབ་བརྒྱད་དང། །གནམ་ནི་འཁོར་ལོ་རྩིབས་བརྒྱད་དབྱིབས། །ལུང་ལག་བརྒྱད་དང་རི་ཕྲན་བདུན། །ཐང་ཆེན་འཁོར་ལོ་རྩིབས་སྟོང་དུ། །མེ་ཏོག་སྨན་སྣ་བརྒྱ་ཡི་དྲི་བཟང་འཐུལ། །མཁའ་འགྲོའི་ཚོགས་ཀྱིས་ཉམས་དགའི་གླུ་གར་རོལ། །ལྷ་ཤིང་ཤུག་པའི་བསུང་ཞིམ་ཁོར་ཡུག་ཁྱབ། །འདབ་ཆགས་སྣ་ཚོགས་སྐད་སྙན་ཆོས་སྒྲ་སྒྲོགས། །ཆུ་མིག་བརྒྱ་རྩ་བརྒྱད་ཀྱི་སྨན་ཆབ་འབབ། །དེ་དག་ཀུན་ཡང་དགེ་ལེགས་འབྱུང་བའི་ལྟས། །པོ་ཏ་ལ་འདྲ་ཞིང་མཆོག་དམ་པ་ཡིན། །

རྒྱལ་བུས། བསྐལ་བ་དཔག་ཏུ་མེད་པར་ཚོགས་བསགས་པའི། ལས་ཀྱི་མཐུ་ཅན་རྣམས་གནས་འདིར་འཚོགས་པར་འགྱུར།

།ང་ཡང་དག་པའིསྨོན་ལམ་མཚམས་སྦྱར་ཏེ། །གནས་དེར་འགྲོ་བའི་སྒྲོན་མ་དམ་པར་ཤོག །འགྲོ་བའི་མར་མེ་མཛད་དཔལ་དྲི་མ་མེད། །མ་རིག་མུན་སེལ་ཤེས་རབ་སྣང་བ་སྤྲོ། །ཐུགས་རྗེ་ཆེ་ལྡན་བསྡུ་བཞིས་འགྲོ་བ་ཀུན། །སྐྱོང་མཛད་བླ་མ་མཆོག་གིས་རྗེས་འཛིན་མཛོད། །

བླ་མས། །འཇིག་རྟེན་སྒྲོན་མ་ཁྱོད་ཡིན་དཀོན་མཆོག་འབངས། །ལས་ཅན་ཡལ་བར་མ་འདོར་གོ་ཆ་གྱོན། །ལུས་དང་སྲོག་ལ་མ་ལྟ་བཟོད་སྟོབས་བསྐྱེད། །རང་བདེའི་རོ་ལ་མ་ཞེན་བདུད་དཔུང་ཆོམས། །གང་ལའང་བདེན་པར་མ་འཛིན་སྒྱུ་མར་ལྟོས། །སྨིག་རྒྱུ་ཆུ་ལ་མཐོང་བཞིན་ཞེན་འཛིན་ཁྲོལ། །འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་ཐུགས་རྗེས་སོང། །བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །དེ་ནས་རྒྱ་ནག་བལ་བོ་རྒྱ་གར་དང། །བོད་ཡུལ་མདོ་སྨད་དག་ལ་སྤྲུལ་བ་རེ། །བྱོན་ནས་རྒྱལ་པོ་ཁྱོད་ལ་གྲོགས་བྱེད་དོ། །འདི་ནི་འཇིག་རྟེན་དགེ་བའི་ལུང་བསྟན་ཡིན། །མཁའ་འགྲོའི་ཚོགས་ཀྱང་རང་བཞིན་གནས་སུ་སོངས། །ང་ཡང་འོད་འདྲ་མཁའ་ལ་ཡལ་ཏེ་འགྲོ། །

ཞེས་གསུངས་པའི་མོད་བླ་མ་རང་དང་འཁོར་མཁའ་འགྲོ་མའིཚོགས་ཀུན་མི་སྣང་བར་གྱུར་ཅིང། དཀོན་མཆོག་འབངས་དང་གསང་བ་ཡེ་ཤེས། ཡབ་མེས་འཁོར་དང་བཅས་པ་ཡང་འོད་ཟེར་གྱི་རྣམ་པའི་མཁའ་འགྲོ་མའི་ཐུགས་ཀའི་ཕོ་བྲང་ལས་ཐོན་ཏེ་ཡབ་བདེ་སྤྱོད་ཀྱི་ཕོ་བྲང་དུ་འཁོད་དོ།

མཇུག་བསྡུ་བའི་འཁྲབ་གཞས། འོག་གི་བཀྲ་ཤིས་གཞས་ཚིག་འདི་འཁྲབ་ནས་འཁྲབ་གཞུང་ཡོངས་སུ་རྫོགས་པར་བྱའོ།

 

 །ཨུ་རྒྱན་ཡུལ་དུ་དྲི་མེད་རྡོ་རྗེ་འཛིན།

།འཕགས་པའི་ཡུལ་དུ་དཔལ་ལྡན་ཨ་ཏི་ཤ

།གངས་ཅན་ཡུལ་དུ་རྒྱལ་བ་བློ་བཟང་གྲགས།

།དུས་གསུམ་བླ་མ་སངས་རྒྱས་རིན་པོ་ཆེའི།

།སྐུ་གསུང་ཐུགས་ཀྱིས་འགྲོ་ལ་བཀྲ་ཤིས་ཤོག

 

།རྒྱ་གར་ཡུལ་དུ་རྒྱལ་བུ་དཀོན་མཆོག་འབངས།

།བོད་ཀྱི་ཡུལ་དུ་སྲོང་བཙན་སྒམ་པོ་རྗེ།

།ད་ལྟའི་དུས་ན་བསྟན་འཛིན་རྒྱ་མཚོའི་མགོན།

།དུས་གསུམ་བླ་མ་སངས་རྒྱས་རིན་པོ་ཆེའི།

།སྐུ་གསུང་ཐུགས་ཀྱིས་འགྲོ་ལ་བཀྲ་ཤིས་ཤོག

 

།ཆོས་རྒྱལ་དཀོན་མཆོག་འབངས་ཀྱི་རྣམ་པར་ཐར།

།ཇི་བཞིན་འཛིན་པའི་སྐྱེས་ཆེན་དམ་པ་ཀུན།

།དུས་གསུམ་རྒྱུན་ཆད་མེད་པར་བྱོན་པའི་མཐུས།

།གངས་ཅན་སྟན་འགྲོའི་ཕན་བདེ་རྒྱས་པ་དང།

།འཛམ་གླིང་ཞི་བདེའི་དཔལ་ལ་ལོངས་སྤྱོད་ཤོག །

 

བོད་རྒྱལ་ལོ་༢༡༢༨།༥༢༠༠༢ ༦ ༡༦།

 

འཁྲབ་སྟོན་གྱི་སྔོན་ནམ་ཡང་ན་རྗེས་གང་རུང་ལ་ འཁྲབ་མཁན་རྣམས་རེ་རེ་གར་སྟེགས་སུ་ཐོན་ནས། སོ་སོས་རང་ཉིད་ངོ་སྤྲོད་འདི་ལྟར་བྱ་འོས།

དཀོན་མཆོག་གསུམ་གྱིས་བྱིན་རླབས་པའི་ རྒྱལ་བུ་དཀོན་མཆོག་འབངས་ཞེས་བྱ། འཁྲབ་མཁན་ལྷ་མོ་དོན་གྲུབ་ཡིན། ལྟ་བུར།

རྡོ་རྗེ་འཛིན་པའི་སློབ་དཔོན་ཆེ།

བླ་མ་དྲི་མེད་དཔལ་ཞེསབ། འཁྲབ་མཁན་

ཨུ་རྒྱན་མཁའ་འགྲོ་བྱེ་བའི་གཙོ་མོ།

གསང་བ་ཡེ་ཤེས་བྱ་བ་ང། འཁྲབ་མཁན་

ཀུན་གྱིས་བྱམས་པའི་བསོད་ནམས་ཅན།

སྲས་མོ་ཀུན་ཏུ་བཟང་མོ་ང། འཁྲབ་མཁན་

རྒྱ་གར་ཤར་བྱང་ཕྱོགས་བེ་ཏ་ཡི།

རྒྱལ་པོ་གསལ་ལྡན་ཞེས་བྱ་ང། འཁྲབ་མཁན་

རྒྱ་གར་ལྷོ་ཕྱོགས་བདེ་ལྡན་གྱི།

རྒྱལ་པོ་བདེ་སྤྱོད་བྱ་བ་ང། འཁྲབ་མཁན་

རྒྱལ་པོའི་བཙུན་མོ་རིན་པོ་ཆེ།

གསལ་ལྡན་མ་ཞེས་བྱ་བ་ང། འཁྲབ་མཁན་

མི་མངོན་སྦས་པའི་བསོད་ནམས་ཅན།

ལུག་རྫི་བུ་མོ་མེ་ཏོག་ང། འཁྲབ་མཁན་

ངན་སེམས་གཡོ་སྒྱུ་ཆེ་བ་ཡི།

གཡོག་མོ་མ་སྨད་གསུམ་པོ་ཡིན། འཁྲབ་མཁན་ཡིན།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php