༄༅།།བྱ་མགྲིན་སྔོན་ཟླ་བ། 

 

        གངས་ཅན་བོད་ཀྱི་སྒྲུུང་གཏམ་ཆེན་མོ་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་གཞིར་བཞག་གིས་ཟློས་གར་འཁྲབ་གཞུང་དུ་བཅོས་པ།

 

འཁྲབ་ཚན་དང་པོ། སྤྲུལ་བའི་རིགས་སྲས།

 

ས་ཆ།    རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་ཛ་ལན་དྷ་ར།

དུས།     དཔྱིད་འགོ་མ།

ཁོར་ཡུག རིན་ཆེན་གཞལ་ཡས་ཁང་ཆོས་རྒྱལ་མ་ཤོ་ཀའི་ཕོ་བྲང༌།

མི་སྣ་གཙོ་གྲས་རྣམས། དྲི་མེད་པདྨ་མཐོང་གྲོལ། སྣང་མཐའི་སྤྲུལ་བའི་འཕགས་པའི་སྐྱེས་བུ་དགེ་སློང་གི་ཆ་བྱད་ཅན། སྐྱེ་བོ་ཕལ་བས་མཇལ་དཀའ་བ། ཀུན་གྱིས་མཆོད་གནས། མ་ཤོ་ཀ་དང་མཏིམཧཱ། མགྲིན་སྔོན་ཟླ་བ་སོགས་ཀྱི་རྩ་བའི་བླ་མ།

ཆོས་རྒྱལ་མ་ཤོ་ཀ ཛ་ལན་དྷ་རའི་རྒྱལ་པོ། མཏིམཧཱའི་ཡབ། དགུང་ལོ་ལྔ་བཅུ་ལྷག་ཙམ།

མཏིམཧཱ། མ་ཤོ་ཀའི་སྲས་མོ། མགྲིན་སྔོན་ཟླ་བའི་ཡུམ། དགུང་ལོ་བཅོ་བརྒྱད།

ལྷ་སྣང་སྟོབས་ལྡན། ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཀུ་ལན་ར་ཛ། དགུང་ལོ་ཉེར་གསུམ་ཙམ།

ཆོས་ཀྱི་དགའ་བ། ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་པོ་བཟང་སྦྱིན་གྱི་རྣམ་སྤྲུལ་རྒྱལ་སྲས་མགྲིན་སྔོན་ཟླ་བ།

ལྷུམས་སུ་ཞུགས་པ་ནས་སྐུ་འཁྲུངས་ཤིང་དགུང་ལོ་གཅིག་ཙམ་བར།



འགོ་འཛུགས།

(ཤིན་ཏུ་གཙང་ཞིང་ཡིད་དུ་འོངས་པ་རིན་པོ་ཆེ་ལས་གྲུབ་པའི་མཆོད་ཁང་ཞིག་གི་ནང་གསེར་ལས་བཞེངས་པའི་འཕགས་པ་ཐུགས་རྗེ་ཆེན་པོ་དང༌། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཆེན་པོ་ཞིག་གི་མདུན་དུ་མཆོད་མེ་ལྷམ་མེར་འབར་བའི་དྲུང་ན། དུ་ཀུ་ལའི་གོས་དཀར་མནབས་ཤིང་གཟུགས་མཛེས་པ་མཁུར་ཚོས་གཡོན་པར་ཨུཏ྄པལའི་དྲི་བྲོ་བ་ཞིག་གིས་ཕྱག་འཚལ་ནས་ཕྱིར་ཐོན་པ་དང༌།)

ལྷ་སྲས་མཏིམཧཱ་ལགས། ཡབ་རྒྱལ་པོས་གཅིག་ཕེབས་གསུང་གི་འདུག

(བཙུན་མོ་ཞིག་གིས་དེ་ལྟར་སྐད་བཏང༌།)  

ཡབ་རྒྱལ་པོ་རིན་པོ་ཆེ་ཁྲིའུ་ཞིག་གི་སྟེང་དུ་དགྱེས་འཛུམ་ངང་བཞུགས་པ་ལས་གཞན་སུ་མ་མཆིས། སྲས་མོ་ནང་དུ་འཛུལ་ཏེ།

མཏིམཧཱས། ཡབ་རྒྱལ་པོ་སྐུ་ཁམས་བཟང༌། ཕྱག་ལས་ག་རེ་ཡོད།

(མོས་ཕྱག་ཟུང་གིས་ཡབ་ཀྱི་ཞབས་ལ་གཅིག་རེག་ཅིང་རང་གི་དཔྲལ་བར་གཅིག་རེག་པའི་འདུད་པ་དང་བཅས་ངག་སྙན་མོས་དྲིས།)

མ་ཤོ་ཀས། ཨུཏ྄པལ་འདབ་མ་ལྷུག་པར་གྲོལ་ན་མ་བོས་གཡུ་སྦྲང་ངང་གིས་འཁོར། ཧ་ཧ་ཧ་ཁྱེད་རང་སློང་མཁན་རྒྱལ་པོ་མང་ཞིང་ན་ཚོད་ཀྱང་སྨིན་པས་ད་ནི་གནས་ལ་འགྲོ་རན་འདུག

མཏམཧཱས། ཁྱིམ་ནི་ཉེས་པ་ཀུན་གྱི་གཞི། གདུག་ཅན་སྦྲུལ་གྱི་ཚང་ནང་དུ་ཡབ་ཀྱིས་ཁོ་མོ་གཏོང་ཕོད་དམ། བདག་ལ་བརྩེ་ན་ཁོ་མོ་རབ་ཏུ་འབྱུང་བར་འདོད། (སྐྱོ་བས་ཉམས་ཀྱིས་ཞུས།)

མ་ཤོ་ཀས། འདོད་པའི་བདེ་ལ་མ་ཆགས་པར། །དབེན་པ་བསྟེན་པ་ཤིན་ཏུ་དཀའ། །གལ་ཏེ་ཚུལ་ཁྲིམས་ཉམས་གྱུར་ན། །སྦྲུལ་ཚང་ལས་ཐུ་དམྱལ་བར་ལྷུང༌། །དེ་བས་ཁེ་ཉེན་གཉིས་ཀ་ཆེ། །

མཏམཧཱས། ལུས་འདི་མེ་ལ་བསྲེགས་ཀྱང་བླ། ཁྱིམ་གྱི་མེ་ཡིས་ཚེ་རབས་མང་པོར་བསྲེག གལ་ཏེ་མེ་མེད་ཁྱིམ་ཞིག་ཡོད་ལགས་ན། ཁོ་མོ་དེ་ལ་འགྲོ་བར་བྱ། (མོས་ཡབ་ཀྱི་ཞབས་ལ་མགོས་གཏུག་བཞིན་སྐད་ཆུང་ངུས་ཞུས།)

མ་ཤོ་ཀས། (མོའི་མགོ་ལ་བྱིལ་བྱིལ་བྱེད་ཀྱིན།) འོ་ན་བླ་མ་དྲི་མེད་སྤྱན་འདྲེན་བྱ། ཁྱེད་རང་སྤྱིར་བཏང་གི་བུ་མོ་ཞིག་མིན། འཁྲུངས་དུས་བླ་མས་དབང་བསྐུར་བྱིན་རླབས། མཚན་ཡང་གནང༌། ད་ཡང་བླ་མས་གནང་ན་དེ་བཞིན་གྱིས།

མཏིམཧཱས། དཔལ་ལྡན་བླ་མ་མཁྱེན། ཁོ་མོར་མྱུར་དུ་ཚུལ་ཁྲིམས་བསྩལ་དུ་གསོལ། (ཞེས་ཡར་ལངས་ཏེ་ཐལ་མོ་སྦྱོར་ཅིང་གསོལ་བ་བཏབ་པ་དང་སྐད་ཅིག་ལ་མདུན་དུ་འོད་གུར་ཞིག་འཁྱིལ་བའི་ནང༌། གོས་དང་སྐུ་མདོག་རབ་ཏུ་དཀར་བ་མཛོད་སྤུ་དང་སྨིན་མ། ཨོག་ཚོམ་བཅས་དཀར་བ། སྐུ་ཅུང་ཟད་བགྲེས་ཉམས་ཅན་ཞིག་གིས་འདི་སྐད།)

མཏིམཧཱ། ཉོན་མོངས་ཅན་ལ་ཁྱིམ་ནི་མེ་དང་འདྲ་མོད། འདམ་སྐྱེས་འདམ་གྱིས་མ་གོས་པ་ལྟར། ཐབས་མཁས་རྒྱལ་སྲས་མཆོག་རྣམས་འགྲོ་བའི་དོན་དུ་འཇིག་རྟེན་སྤྱོད་པའི་ཚུལ་ལ་འཇུག་དགོས་བས། བུ་མོ་ཁྱོད་ཀྱང་རྒྱ་གར་རྡོ་རྗེ་གདན་དུ་མཆོད་མཇལ་ལ་སོང་དང༌། ལས་ཀྱི་མཛའ་གྲོགས་ཝཱ་རཱཎ་སཱིར་ཡོད། འགྲོ་དོན་རྒྱ་ཆེན་འབྱུང་བར་འགྱུར་རོ། (ཞེས་གཤེགས་སོ།)

 

མ་ཤོ་ཀས། འཛུམ་མུལ་མུལ་གྱིས་དཔལ་ལྡན་བླ་མའི་ལུང་བསྟན་བཞིན་ད་ནི་འགྲོ་བའི་གྲ་སྒྲིག་གྱིས། སང་ཞོགས་ལྷ་ཉིན་དཀར་པོར་ལམ་ལ་ཆས་བར་བྱ།

མཏིམཧཱས། ལགས་སོ། འགྲོ་དོན་འགྲུབ་ན་གང་དུ་ཕྱིན་ཀྱང་ཆོག (གུས་པ་དང་བཅས་ཕྱིར་བཤོལ།

 

འཁྲབ་ཡུལ་གཉིས་པ། རྒྱ་གར་རྡོ་རྗེ་གདན།

 

དུས་ཚོད། དཔྱིད་ཟླ་འབྲིང།

ཕྱོགས་རྣམས་སྣ་ཚོགས་མེ་ཏོག་གིས་ཁེངས་པའི་དབུས་ཀྱི་བྱང་ཆུབ་ལྗོན་ཤིང་ཆེན་པོའི་ཡལ་འདབ་རབ་ཏུ་བརྐྱངས་པའི་རྩར་བྱང་ཆུབ་མཆོད་རྟེན་ཆེན་མོ་བརྗིད་ཆགས་དབུ་རྩེ་མཁའ་ལ་བསྙེགས་པ།

ཕྱི་ནང་བར་གསུམ་གྱི་སྐོར་མཐའ་ན་ཆོས་གོས་མི་འདྲ་བའི་མི་རིགས་མང་པོས་ཕྱག་མཆོད་དང་མཇལ་སྐོར་བྱེད་པའི་ཁྲོད་དུ། མཏིམཧཱ་ཡབ་དང་བཅས་པ་བཞུགས་པ་ཅུང་འོ་བརྒྱལ་ནས་ལྷོའི་ཀུན་དགའ་ར་བའི་ནང་དུ་བཞུགས་ཏེ་ཕྱོགས་རྣམས་ལ་གཟིགས་གཡེང་རེ་བྱེད་སྐབས། གཟབ་འཕྱོར་སྤྲས་པའི་བློན་རིགས་འགས་ཀྱང་ཁོང་ཚོར་ལྟ་བཞིན་ལབ་གླེང་མང་པོ་བྱེད། མ་ཤོ་ཀས་མཏིམཧཱ་ལ་གཟིགས་ཙམ་གྱིས།

ཡབ་ཀྱིས། ཀྱེ། མཏིམཧཱ། ཁྱེད་ཀྱི་སྙན་གྲགས་ནི་རླུང་གིས་འཁུར་གྱི་ཡོད་པ་འདྲ། འདིར་ཡོང་ནས་ཟླ་གཅིག་ཙམ་རིང་ལ་རྒྱལ་པོ་ཆེ་ཆུང་གང་མང་ཞིག་སློང་གི་ཡོང་སོང༌། ད་སུ་ལ་སྟེར་དགོས་ཀྱང་མི་ཤེས། བུ་མོ་རང་གི་འདོད་པ་བྱས་ན་ག་རེ་དགའ་འམ། (དགྱེས་འཛུམ་གྱིས་དྲིས།)

སྲས་མོས། ཀྱེ་ལྷ། དེ་ནི་ཁོ་མོའི་གྲགས་པས་མིན་ཏེ་ཡབ་ཀྱི་སྙན་གྲགས་ཆེ་བས་ཡིན། (ཞེས་ཅུང་ངོ་ཚ་དང་བཅས།) དོན་འདི་བླ་མ་དྲི་མེད་འོད་ཀྱིས་ལུང་བསྟན་ཡོད་པས་ཐག་མི་ཆོད་པ་ཅི་ལགས།

ཡབ་ཀྱིས། རེད་དེ། འདིར་ཨོ་ཌི་བི་ཤ་སོགས་ཀྱི་རྒྱལ་པོ་ཆེན་པོ་དག་ཀྱང་ཡོད་པས་ཝ་རཱ་ཎ་སཱིའི་རྒྱལ་པོ་ཆུང་ངུ་ཞིག་ལ་བྱིན་ན་ཁོང་ཚོ་ཁྲོ་བར་འགྱུར་ཞིང༌། ཆེན་པོ་ཞིག་ལ་བྱིན་ན་ཆུང་བ་ཚོར་མཐོང་ཆུང་བྱས་པའི་བཟོ་འདྲ་བོ་མི་འདུག་གམ།

སྲས་མོས། དེ་བླ་མའི་ལུང་བསྟན་ཡིན་གསུངས་ན་མི་འགྲིག་གམ། གལ་ཏེ་ཡབ་ཆེན་ལ་མཛད་དཀའ་དངོས་གནས་འཕྲད་ཀྱི་ཡོད་ན། དེ་ང་རང་ནས་མེ་ཏོག་འཕེན་ཆོག

ཡབ་ཀྱིས། (དབུ་ལྕོག་ལྕོག་གིས) དེ་ཐབས་ཤེས་ཡག་པོ་འདུག་ལུང་བསྟན་རེད་ཟེར་ན་ཡང་ཡིད་ཆེས་མིན་མི་ཤེས། (ཟེར་ནས་ལོགས་ཀྱི་བློན་པོ་ཞིག་ལ།)སྲས་མོ་སློང་མཁན་རྒྱལ་པོ་རྣམ་པ་སང་ཉིན་ཉི་ཤར་ལ་མ་ཧཱ་བྷོ་དྷོའི་མཆོད་རྟེན་མདུན་ཐང་དུ་སླེབས་པ་གྱིས། དེར་མཏིམཧཱ་རང་ནས་གཏན་གྲོགས་ཀྱི་སྐལ་བ་སུ་ལ་ཡོད་པ་དེར་མེ་ཏོག་འབུལ་གྱི་རེད། ཅེས་ཤོད་ལ་མི་ཚང་མར་ཡང་སྒྲོགས་ཤིག (ཅེས་བཀའ་མངགས།)

ཕྱི་ཉིན་ཐམས་ཅད་འཛོམས་པ་དང་མཏིམཧཱས་མེ་ཏོག་གི་ཕྲེང་བ་བཟུང་ནས་རྒྱལ་པོ་རྒྱན་དང་འཁོར་མང་པོས་བསྐོར་བ་རྣམས་རེ་རེ་ལ་རྒྱང་ལྟ་ཙམ་གྱིས་ཕྱིན་པ་ན། ང་ཆེ་ང་ལ་འཕེན་སྙམ་པའི་རྒྱལ་པོ་དག་གི་དབུ་ཡང་ངང་གིས་དམའ་བར་གྱུར་ཅིང་མི་རྣམས་ཀྱིས་ཀྱང་མོ་ནི་གླེན་མ་ཞིག་གོ་ཞེས་ལབ་གླེང་བྱེད། དེར་གྲལ་མཐའི་རྒྱལ་པོ་ཀུ་ལཱན་ར་ཛ་གོས་དཀར་པོ་མནབས་ཤིང་བློན་ཉུང་ངུས་བསྐོར་བ་དེའི་མདུན་དུ་སླེབས་པ་དང་རང་བཞིན་གྱིས་དགའ་ཚོར་ཞིག་དང་བཅས་གོམ་པ་གསུམ་ཙམ་གྱི་བར་ཚད་ལ་ཉེ་བར་བཅར་ནས་འཛུམ་པའི་མདངས་བྱུང་ནས་གུས་པ་དང་བཅས་འདི་སྐད་དུ།

རབ་ནི་ཤེས་རབ་ཆོས་ཀྱིས་བརྒྱན། འབྲིང་ནི་དད་དང་ལང་ཚོས་བརྒྱན། ཐ་མ་རྒྱུ་ནོར་དབང་གིས་བརྒྱན། ཁྱེད་ལ་ཆོས་དད་ལང་ཚོ་ལྡན། ད་དུང་བླ་མས་ལུང་ཡང་བསྟན། དེ་བས་མེ་ཏོག་ཁྱེད་ལ་འབུལ།

ཞེས་མེ་ཏོག་འཕངས་བ་ཏག་ཏག་རྒྱལ་པོའི་མགུལ་ལ་བསྐོན་སོང༌།

ལྷ་སྣང་གིས། རབ་ཏུ་དགའ་བས་མེ་ཏོག་ལ་ཕྱག་འཆང་བཞིན། “ཨེ་མ། ལས་སྨོན་བཟང་བོས་མཚམས་སྦྱར་ན། རྨི་ལམ་ཡང་མངོན་སུམ་ཉིད་དུ་འགྱུར། ཁྱེད་མཐོང་ཁོ་བོའི་སྙིང་དབུས་སུ། སྐད་ཅིག་བརྩེ་བའི་རྒྱ་མཚོ་འཕྱུར།

(ཞེས་སྨྲས་པ་དང་མཏིམཧཱས་སླར་ཡང་འཛུམ་བཅས།)

མཏིམཧཱས། “ག་རེདོན་འདི་རྒྱལ་པོར་སྔར་ནས་མཚན་ལྟས་བྱུང་བ་ལགས་སམ།”

ལྷ་སྣང་གིས། “ཉིན་ཤས་སྔོན་ལ། ཁོ་བོའི་རྨི་ལམ་དུ་ཁྱེད་རང་གི་རྣམ་པ་འདི་བཞིན་གྱི་ལྷ་མོ་ཞིག་གིས་ཁོ་མོ་རྡོ་རྗེ་གདན་དུ་ཡོང་ཡོད་པས་བསུ་བར་ཤོག་ཟེར་བ་ཞིག་རྨིས་སོང༌། དེ་ནས་ཡིད་རབ་ཏུ་དགའ་བ་བྱུང་ནས། འདིར་འབྱོར་དུས་ཁྱེད་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་སྤྲོ་བ་ཆེས་ཆེར་སྐྱེས་ཏེ། མཇལ་འདོད་ཀྱིས་ངང་སྒུག་བྱས་བསྡད་པ་ཡིན། དེ་རིང་མངོན་སུམ་མཇལ་དུས་དངོས་གནས་ལྷ་མོ་རང་རེད་འདུག

(མཏིམཧཱ་དགའ་སྣང་དང་ཅུང་ཟད་ངོ་ཚ་བ་བཅས་དབུ་སྒུར་ཙམ་གྱིས་ག་ལེར་ཕྱིན་བྱོལ། )

“ད་ནི་བདག་གི་བསམ་དོན་འགྲུབ་སོང༌། ཀྱེ་བདག་གི་བློན་ཆེན་རྣམས། མྱུར་དུ་མཏིམཧཱ་ཁོ་བོའི་རྒྱལ་ཁབ་ཏུ་བསུ་བའི་གྲ་སྒྲིག་བྱོས།”

མ་ཤོ་ཀས། “འདི་ནི་བུ་མོ་རང་གི་འདོད་མོས་དང་དྲི་མེད་བླ་མས་ལུང་བསྟན། ལས་དང་སྨོན་ལམ་གྱིས་མཚམས་སྦྱར་བ་ཡིན་པས། སུ་ཡི་ངོ་ཡང་བལྟས་བ་མིན་ན་རྒྱལ་པོ་གཞན་རྣམས་དགོངས་ཚོམ་མེད་པ་ཞུ།”ཞེས་སྙན་པའི་གསུང་གིས་གསལ་བར་བསྒྲགས་པས་སྐྱེ་བོ་རྣམས་ཀྱང་ངག་སྒོ་གྲོལ་ནས་འུར་སིང་ངེར་གྲོལ་ལོ།།

 

 

འཁྲབ་ཡུལ་གསུམ་པ། ཝཱ་རཱ་ཎ་སིའི་རྒྱལ་པོའི་ཕོ་བྲང།

དུས་ཚོད། མ་ཏིམཧཱ་བཙུན་མོར་བསུས་རྗེས་ཀྱི་ལོ་བཅུ་བདུན་གྱི་རྗེས།

 

རྡོ་ཀ་མ་རུ་སོགས་ཀྱིས་གྲུབ་པའི་བཟོ་བཀོད་ལེགས་ཤིང་གཙང་ལ། རྒྱ་ཆེ་བའི་ཕོ་བྲང་ཕྱི་མའི་རྒྱལ་པོའི་ལྷ་ཁང་མདུན་ཐད་ཀྱི་བསིལ་ཁང་ནང་མཏི་མཧཱ་ཁྲིའུ་ཞིག་ལ་བཞུགས་ཏེ། ངེས་ལེགས་མ་དང་ཡེ་ཤེས་འཛིན་ངྷ་རྨི་སོགསའཁོར་འགའ་ཞིག་ལ་ཆོས་ཐུན་གཅིག་གསུང་གྲུབ་ནས། “ད་ནི་ད་ལྟ་ཞུས་པ་བཞིན་ཆོས་ཐུན་གཅིག་ལ་ཚང་མས་བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས་སྒོམ་པར་བྱེད།” ཅེས་གསུངས་པ་དང་ཚང་མ་མཉམ་བཞག་ལ་གནས། མ་ཏིམཧཱས་སྒེའུ་ཁུང་ལས་རྒྱལ་པོ་ལྷ་སྣང་སྟོབས་ལྡན་ཐུགས་ཕམ་ཆེན་པོའི་ཚུལ་གྱིས་མཆོད་ཁང་ནང་ཕེབས་པ་མཐོང་ནས། ག་ལེར་བཞེངས་ཏེ་མཇལ་དུ་གཤེགས།

རྒྱལ་པོས། (ཙན་དན་གྱིས་གྲུབ་པའི་འཕགས་པ་ལོ་ཀེ་ཤཱ་ དང་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཁྲི་གང་ཙམ་ཞིག་ཡོད་པའི་མདུན་དུ་ཕྱག་གསུམ་ཕུལ་ནས། སྐྱོ་ཉམས་ཀྱིས།)ལྷ་མོ་ལྟ་བུའི་བཙུན་མོ་མང་མཆིས་ཀྱང། རྒྱལ་སྲིད་སྐྱོང་བའི་རིགས་སྲས་མི་འབྱུང་བས། མ་འོངས་རྒྱལ་སྲིད་ཆོས་བཞིན་སུ་ཡིས་སྐྱོང། དཀོན་ཆོག་གསུམ་གྱི་ཐུགས་བརྩེ་ཆུང་བ་འམ། བདག་དང་འབངས་ཀྱི་བསོད་ནམས་ཟད་དམ་ཅི། ད་ནི་འཕགས་པའིཐུགས་རྗེ་གང་ན་ཡོད། རྗེ་བཙུན་སྒྲོལ་མའི་དངོས་གྲུབ་མི་གནང་ཅི། མཆོད་དང་སྦྱིན་པའི་འབྲས་བུ་མེད་ལགས་སམ།”ཞེས་གདུང་ཡུས་བརྗོད་པ།

མ་ཏིམཧཱས་ཐོས་ཏེ་སྐྱོ་བ་ཆེར་རྒྱས་ནས་རྒྱལ་པོའི་གམ་དུ་བཅར་ནས་དྲི་མེད་པདྨ་མཐོང་གྲོལ་གྱི་སྐུ་ཆུང་བ་དེར་ཅེ་རེར་གཟིགས་ཏེ། དཔལ་ལྡན་རྩ་བའི་བླ་མ་དྲི་མེད་མཁྱེན། བུ་མོ་གནས་ལ་སོང་ནས་ལོ་མང་འགོར། རྒྱལ་བོ་རིགས་སྲས་མེད་པས་ཐུགས་ཕམ་ཆེ། བདག་ཀྱང་བཙུན་མོར་གྱུར་བས་དོན་གོ་ཅི། འགྲོ་དོན་འདི་ཞེས་བྱུང་བ་བསྟན་དུ་མེད།”ཞེས་གསོལ་བབཏབ་པ་དང་སྐད་ཅིག་ལ་སྐུ་དེ་ལས་འོད་ཟེར་འཕྲོས་པ་དང་མཉམ་དུ།

“རྒྱལ་བོ་ཡབ་ཡུམ་གཉིས་དེ་འདྲའི་ཐུགས་ཕམ་མ་གནང། ཆོསཀྱི་རྒྱལ་བོ་བཟང་སྦྱིན་དེ། ད་ལྟ་པོ་ཏཱ་ལ་རུ་འཕགས་པ་ཐུགས་རྗེ་ཆེན་པོའི་མདུན་དུ་གཤེགས་སོང་བས། འཕས་པས་བསྐུལ་བ་བཞིན་ཁོང་ཞག་གསུམ་ནས་ཁྱོད་ཀྱི་བུར་ཚེ་འཕོ་བར་འགྱུར།ཞེས་གསུངས་པ་ཐོས་པས། ལྷ་སྣང་རབ་ཏུ་ངོ་མཚར་དང་དགའ་བའི་ངང༌།

རྒྱལ་བོས། “དཀོན་མཆོག་ཐུགས་རྗེ་ཅན་མཁྱེན། ད་ཡིན་ནབསམ་དོན་འགྲུབ་སོང།” (མ་ཏིམཧཱར་གཟིགས་ཏེ།)

ཀྱེ་བཙུན་མོ་དམ་པ། ཁྱེད་ཀྱི་བླ་མའི་སྐུ་འདི་ཤིན་ཏུ་ངོ་མཚར་ཆེའོ། ཁྱེད་ནི་འཕགས་མའོ།”

མ་ཏིམཧཱས། “ཀྱེ་ལྷ། སྐུ་འདི་བླ་མ་རང་གིས་རབ་གནས་གནང་ནས་གནང་བ་ལགས་སོ། དཀོན་མཆོག་གིས་གནང་བའི་སྲས་འདི་ང་རང་གཉིས་ཀྱི་བསོད་ནམས་ཀྱི་མཐུ་ལགས།”གཉིས་ཀ་དགྱེས་བཞིན་ཕྱིར་བཤོལ།

 

ཟླ་བ་བཅུ་ཙམ་འདས་པའི་ཉིན་ཞིག་གི་ཞོགས་པར། རྒྱལ་པོ་ཕོ་བྲང་ནང་མའི་མ་ཏིམཧཱའི་གཟིམ་ཁང་དུ་གཤེགས། མཏིམཧཱའབོལ་ཁྲི་ཞིག་གི་སྟེང་དུ་གཟིམ་བཞུགས་གནང་ཡོད་ལ། ངེས་ལེགས་མ་དང་བཙུན་མོ་གསུམ་གྱིས་ཕྱག་རོགས་གནང་ནས་མཐར་བསྐོར་ཅིང་འདུག རྒྱལ་པོ་ཕེབས་པ་དང་བཙུན་མོ་རྣམས་ཡར་བཞེངས་ཤིང། མཉམ་དུ། “ཀྱེ་ལྷ། སྐུ་ཁམས་བཟང” མ་ཏིམཧཱ་གཟིམ་ཁྲིའི་ཐོག་ནས་ཡར་དགྱེ་ཙམ་གནང།

རྒྱལ་བོས། བཞུགས་གནང་། ཞེས་མ་ཏིམཧཱའི་ཕྱལ་རབ་ཏུ་འབུར་བ་དེར་ཕྱག་གིས་ག་ལེར་རེག་ཙམ་བྱེད་ཀྱིན།

ཀྱེ་ལྷ་མོ། སྐུ་ཁམས་གང་འདྲ་འདུག ཟླ་བ་བཅུ་འདི་ལོ་བཅུ་ལས་ལྷག་པ་འདྲ་བོ་ཞིག་བྱུང་སོང། ད་དུང་སྲས་འཁྲུང་གི་མིན་ནམ། མ་ཏིམཧཱས་འཛུམ་དམུལ་ཏེ་རྒྱལ་བོའི་ཕྱག་ལ་ག་ལེར་འཇུས་ནས།

མ་ཏིམཧཱས། ཀྱེ་ལྷ། ཐུགས་བྲེལ་མ་གནང༌། དེ་རིང་རིགས སྲས་འཁྲུང་རྒྱུ་ཡིན་པ་འདྲ།”

རྒྱལ་བོས། “ལྷ་མོ། ཡག་པོ་བྱུང། ངས་ངང་སྒུག་བྱེད་དཀའ། ཨོའོ་ད་ངས་མཆོད་མེ་རྣམས་ལ་ཁ་གསབ་ཞིག་བྱས་ནས་སྨོན་ལམ་ཞིག་བརྒྱབ་ཡོང། ཁྱེད་རང་བདེ་བར་ངལ་གསོ་གནང༌། ངེས་ལེགས་མ། ཁྱེད་ཚོས་ཞབས་ཞུ་ཡག་པོ་གནང་ཨ། ད་དུང་བྲམ་ཟེ་མཚན་ལྟས་པ་ཁོང་གདན་དྲོངས། ཞེས་གསུངས།

 

དེར་ཉི་མ་ལྷོད་ལ་བབས་པ་དང། ཡུམ་ལ་ན་ཚ་ཆེར་མེད་པར་སྲས་ཀུ་མུ་ཏ་ལྟར་དཀར་ཅིང་དཔྲལ་མཚམས་ཡངས་པ། བཞིན་མདངས་གསལ་ཞིང་མཛེས་པ་ཞིག་འཁྲུངས། བལྟམས་མ་ཐག་ཡུམ་བདེ་བར་ཡར་དགྱེས་ཏེ་སྲས་གོས་དཀར་གྱིས་ལྕིབས་ནས་པང་དུ་བླངས། དེར་རྒྱལ་བོ་ཕེབས་ཤིང་སྤྱན་འཛུམ་མེད་པར་འཛུམ་མདངས་རབ་ཏུ་གྲོལ་ནས་སྲསལ་གཟིགས། ངེས་ལེགས་མ་སོགས་ཀྱིས། ཨ་ལ་ལ། ག་འདྲ་མཛེས་པ། ཞེས་ངོ་མཚར་བརྗོད་བཞིན་པའི་སྐབས་བཙུན་མོ་ཞིག་གིསམཚན་ལྟས་པ་ཁྲིད་ནས་འབྱོར།

རྒྱལ་བོས། ཀྱེ། བྲམ་ཟེ་འོངས་པ་ལེགས། མགྱོགས་པོ་ངའི་སྲས་ལ་མཚན་དཔྱད་ཅིག་གནང་དང། བྲམ་ཟེས་སྲས་ལ་ལེགས་གཟིགས་བཞིན་ཤིན་ཏུ་ཡ་མཚར་བའི་ཉམས་བསྟན་ཞིང་རྒྱལ་བོ་ཡབ་ཡུམ་ལ་གཅིག་གཟིགས་ཏེ་སྨྲས་པ། “ཀྱེ། རྒྱལ་པོ་ཡབ་ཡུམ་ངོ་མཚར་ཆེ། རྒྱལ་སྲས་མཆོག་འདི་ངོ་མཚར་ཆེ། ཤིན་ཏུ་མཚར་ཆེ། འདི་ལྟའི་མཚན་ལྟས་བཟང་བའི་སྲས། ད་སྔ་བདག་གིས་མཇལ་བ་མེད། དཀོན་མཆོག་གསུམ་གྱིས་གནང་བར་ངེས། ཡིན་ན་ཡང་བར་གཅོད་ཅུང་ཟད་འདུག ལས་ཀྱི་དབང་གིས་བཟློག་ཐབས་དཀའ། འོན་ཀྱང་དགེ་བའི་རྐྱེན་དུ་འགྱུར། དེ་བས་ཡུལ་ཀུན་ལ་བཀྲ་ཤིས་བདེ་ལེགས་འབྱུང་བར་འགྱུར།

རྒྱལ་པོས། (རབ་ཏུ་དགྱེས་བའི་ཉམས་བཅས) ཀྱེ་ཧོ། དེ་རིང་གི་དགའ་བ་འདི་འདྲ་ནམ་ཡང་སྐྱེས་མྱོང་མེད། བུ་འདིའི་མིང་ལའང་ཆོས་ཀྱི་དགའ་བ་གསོལ། དེ་རིང་བདག་གི་བསམ་དོན་ཡོངས་སུ་གྲུབ།

མ་ཏིཧཱས། ཅུང་ཟད་མཉམས་པར་བཞག་ཅིང་སྤྱན་ཆབ་འགའ་བསིལ་ནས། འདི་ནི་ལྷ་ཡིས་གནང་ཞིང་དགེ་བ་ལ་འདུན་པ། དཀོན་མཆོག་གསུམ་ལ་གུས་པའི་འབངས་ཡིན། དེ་བས་ལྷས་བསྩལ་དགེ་འདུན་འབངས་ཀྱང་གསོལ།

རྒྱལ་པོས། “ཀྱེ་ལྷ་མོ། འདི་འདྲའི་བཀྲ་ཤིས་པའི་ཉན་མོར། ཁྱེད་རང་སྤྱན་ཆབ་བསིལ་དོན་ཅི།”

མ་ཏིམཧཱས། འཛུམ་ཙམ་གྱིས། “ཀྱེ་ལྷ། རབ་ཏུ་དགའ་བའིམཆི་མ་འབྱུང་བ་ནི་ཤིན་ཏུ་དཀོན་ནོ།”

ངེས་ལེགས་མས། “ཀྱེ་མཏིམཧཱ་ལགས། ཁྱེད་ལ་གློ་བུར་བའི་སྐྱོ་ཤས་ཤིག་འཁྲུངས་པ་འདྲ། སྲས་འདི་ནི་བདག་ཅག་བཙུན་མོ་ཀུན་ལ་འཁྲུངས་པ་དང་འདྲ། ད་ནི་ང་ཚོ་ཚང་མའི་བསམ་དོན་གྲུབ། ངེད་ཅག་གིས་ཤིན་ཏུ་གཅེས་པར་སྐྱོང་ངོ།།

མ་ཏིམཧཱས་དགྱེས་བཞིན་དབུ་ལྕོག་ལྕོག་གནང།

རྒྱལ་པོས། ཀྱེ་ངེས་ལེགས་མ། དེ་དེ་བཞིན་དུ་གནང་བ་ལགས་སོ། ཁྱེད་ཀྱིས་བྲམ་ཟེ་ཁོང་ལ་གསོལ་ཚིགས་དང་འབུལ་བ་གང་བཟང་ཞིག་གནང་དང།

ངེས་ལེགས་མས། ལགས་སོ།

(བྲམ་ཟེས་རྒྱལ་པོ་དང་བཙུན་མོ གུས་འདུད་བྱེད་ཀྱིན་ངེས་ལེགས་མ་དང་མཉམ་དུ་ཕྱིར་བཤོལ།)

 

དེ་ནས་སྲས་དགུང་ལོ་གཅིག་ཙམ་སོན་པའི་ཉིན་ཞིག

ནམ་མཁར་བྱིའུ་ཚོགས་ཤིག་བྱ་ཁྲ་ཆེན་པོ་ཞིག་གིས་བདའ་བཞིན་པ། ཡུམ་གྱིས་པང་ནས་མཐོང་སྟེ། “ཨོཾམཎིཔདྨེཧཱུཾ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། བདག་གི་གྲོགས་རྣམས་འཇིགས་སྐྲག་ལས་སྐྱོབ་ཏུ་གསོལ། འགྲོ་བ་འདི་ཀུན་སྙིང་རེ་རྗེ།ཞེས་སྤྱན་གྱི་ནམ་མཁར་གཟིགསཏེ་ཐལ་མོ་སྦྱོར་ཅིང། སྤྱན་ཆབ་ཟགས་པས། ཡུམ་ཡང་ལྷག་ངོ་མཚར་དང་དགའ་སྐྱོའི་སྣང་བ་འདྲེས་མ་ཞིག་ཤར་ནས་དེ་མ་ཐག

“ཀྱེ་མ་བུ་ཁྱོད་ངོ་མཚར་ཆེ། ལོ་ན་མ་སོན་གཏམ་སྨྲ་མཚར། འདབ་ཆགས་ཕལ་བའི་འཇིགས་པ་མཁྱེན་པས་མཚར། བདག་དང་སྲས་ཀྱི་སྙིང་རྗེའི་སྟོབས་འདི་ཡིས། བྱེའུ་བྱ་ཁྲིའི་འཇིགས་ལས་ཐར་བར་ཤོག”ཅེས་བདེན་ཚིག་བརྗོད་པ་དང་བྱ་ཁྲ་ཁ་ཕྱིར་འཁོར་ནས་རྒྱང་རིང་དུ་འཕུར་ཡལ་བས་སྲས་རབ་ཏུ་དགའ་ནས་ཡུམ་གྱི་བཞིན་ལ་བལྟས་ཏེ་བགད། ཡུམ་གྱིས་སྲས་ལ་སྔོན་གྱི་སྐྱེ་བ་སོགས་དྲིས་པས་བླ་མའི་ལུང་བསྟན་བཞིན་ཐོགས་མེད་དུ་གསུངས་ཤིང་ཡུམ་སྲས་གཉིས་ཀ་དགའ་མགུ་རོལ་རྩེད་ངང་བཞུགས་པ་བཅས་སྤྲུལ་བའི་རིགས་སྲས་འཁྲུངས་ཚུལ་རེ་ཞིག་རྫོགས་པའི་ལེའུ་སྟེ་འཁྲབ་ཚན་དང་བོའོ།།

Comments: 2
  • #2

    admin (Sunday, 21 April 2024 09:44)

    1

  • #1

    admin (Sunday, 21 April 2024 05:07)

    1

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php