བརྩེ་དུང་གི་སྙན་ཚིག་དུ་མས་ཕྱུག་པའི་སྙན་ངག་མེ་ལོང་མ།

 

རྔ་ལ་དབྱུ་གུས་བསྣུན་པ་ན། དེ་དུས་གཞན་དང་ཁྱད་པར་ཆེ།

 

བདག་གི་གྲོགས་སློབ་གཉི་གའི་དྭངས་མ་རྣམ་དཔྱོད་མཆོག་མངའ་མདའ་ཚན་བླ་མ་སྐྱབས་ལགས་ཀྱིས་སྙན་ངག་མེ་ལོང་མའི་ནང་སྙིང་གསོན་པོར་ལག་སྙོབ་བྱེད་འདུན་གྱིས། ཡང་དང་བསྐཡར་དུ་དྲི་བའི་དབྱུ་གུ་བསྣུན་པར་བརྟེན་བདག་གི་ངག་གི་རྔ་སྒྲ་འདི་ཉིད་གྲགས་འགོ་བསླངས། དེས་ན་མུ་མཐུད་དུ་རྡུངས་དང་མུ་མཐུད་དུ་གྲགས་ཆོག རྡུང་མཁན་ལ་ཁྱད་པར་མེད།

 

དེ་ཡང་རིམ་བཞིན་མེ་ལོང་མའི་ནང་གི་འདོད་གཏམ་ཁག་དང། བརྩེ་དུང་སྐོར། མི་ཆོས་སྐོར། ལྷ་ཆོས་སྐོར། རིག་བྱེད་ཀྱི་གཏམ་རྒྱུད་སྐོར། བརྗོད་བྱ་གཞན་དག་སྐོར་བཅས་སུ་དབྱེ་ནས་དཔྱད་འགྲེལ་ཕྲན་བུ་རེ་བྱེད་རྒྱུ་དང། ད་དུང་སྙན་ངག་གི་རྒྱན་དང་ཚིག་རྒྱན། སྡེབ་སྦྱོར་སོགས་ནས་ཀྱང་ཅུང་ཟད་རེ་གླེང་འདོད་བྱུང།

 

 

ཀ༽ འདོད་གཏམ་འདོད་ལྡན་ཀུན་དགའ་མའི་ལེ་ཚན།

 

འདོད་གཏམ་དང་བརྩེ་དུང་ནི་མེ་ལོང་མའི་དཔེ་བརྗོད་ནང་གི་བརྗོད་བྱ་གཙོ་བོའམ་མང་ཤོས་དེ་ཆགས་ཡོད།

 

མགྲིན་པའི་ནང་ནས་སྙན་སྒྲོགས་ཤིང། མིག་ནི་ཀུན་ཏུ་འཕྲུལ་བ་ཡི། ཕུག་རོན་རྩེ་འདོད་དགའ་མ་ལ། ཡོངས་སུ་བསྐོར་ནས་མཆུ་དག་སྦྱོར།

ཕུག་རོན་འདོད་ཆགས་ཀྱིས་མྱོས་པའི་ལུས་ངག་གི་འགུལ་སྐྱོད་སྣང་བརྙན་གསོན་པོ་ཞིག

(བཤད་སྟངས་གཞན་ཞིག་བྱས་ན། ཕུག་རོན་འདོད་ཆགས་ལངས་ནས་གཡབ་རེས་རྒྱག་ཚུལ་གྱི་བྱ་བའི་རང་བཞིན་བརྗོད་པའོ།)

དགའ་མ་ཡི་ཡི་རེག་པ་འདིས། ལུས་ལ་སྤུ་ལོང་རྒྱས་པ་དང། ཡིད་ནི་བདེ་བར་བྱེད་པ་དང། མིག་དག་ཟུམ་པར་བྱེད་ཅིང་འཇུག

འདོད་པའི་དགའ་མགུར་རོལ་བའི་ཡོན་ཏན་རང་བཞིན་བརྗོད་པ། གཡབ་རེས་ངོ་མ་རེད་པ།

སྙན་ངག་མེ་ལོང་མའི་དཔེ་བརྗོད་འདི་གཉིས་ཁོ་ནས་བརྩེ་དུང་དང་ཆགས་སྤྱོད་སྐོར་གསལ་རྗེན་དུ་འབྲི་ཚུལ་ཡོད་པ་གསལ་བཤད་བྱེད་ཐུབ། དེ་བཞིན་དྲུག་པ་འགོག་རྒྱན་ཕལ་མོ་ཆེ་བརྩེ་དུང་གི་སྙན་ཚིག་དུམ་བུ་རེ་ཆགས་ཡོད།

 

 

པད་མ་ཅན་བཞིན་ལུས་ཕྲ་མ། པད་མ་བཞིན་དུ་དེ་ཡི་གདོང། སྦྲང་རྩི་སྤྱོད་པས་བཞིན་དུ་ནི། བདག་གིས་འཐུངས་ཤིང་འཐུང་ཞིང་རྩེས།

དཔེ་རྒྱན་སོ་གཉིས་ནང་གི་༢༩པ་ངག་དོན་བཞིན་སྒྲ་དུ་མ་ཅན་འདིར་ཡང་མཛེས་མར་འོ་དང་བཅས་ལོངས་སུ་སྤྱོད་ཚུལ་བརྗོད་ཡོད། སྐབས་འདིའི་བོད་མཁས་པའི་དཔེ་བརྗོད་ཀྱང་འདི་དང་འདྲ།

 

ཀྭ་ཡེ་མཛེས་མ་ཁྱོད་ལུས་ཚལ་འདི་ན། རྙོག་བྲལ་པད་མ་ཅན་གྱི་ལང་ཚོ་འབར། རྩ་ཡི་མཛེས་སྤྱིལ་ལྷན་སྐྱེས་རྡུལ་ཟ་བའི། དགའ་བའི་རོལ་རྩེད་ཅི་ཡང་ཉམས་སུ་མྱོང། ཞེས་པ་གཟུགས་ཅན་རྒྱན་གྱི་བཅུ་བཞི་བ་སྦྱར་བའི་དཔེ་འདིས་ཀྱང་མཛེས་མ་གཡབ་ཚུལ་བྲིས་ཡོད། རྩ་ཡི་མཛེས་སྤྱིལ་ཞེས་པ་རྩ་འདབ་སོ་གཉིས་འདུས་པའི་སྤྱིལ་བུ་སྟེ་གཉའ་མ་དང། ལྷན་སྐྱེས་རྡུལ་ནི་ཁམས་དཀར། དེ་ཟ་བ་ནི་ཧུན་ཆུ་གཉའ་མའི་ནང་ལ་སོང་བའོ། ཧེ་ཧེ་་ཅི་མོ་ཟིག་རེད། དཔེ་འདི་བུང་བས་པད་མའི་སྦྲང་རྩི་ལེན་པ་དང་སྦྱར་ནས་བསྟན་ཡོད་པས་སྦྱར་བའི་གཟུགས་རྒྱན་ཟེར། བོད་མཁས་པ།

 

སྐེད་སྐབས་ཕྲ་ལྡེམ་ཡོངས་འདུའི་ཤིང། འདོད་པའི་ལོ་འདབ་གཡོ་བའི་ཉམས། བདེ་བའི་གང་བུ་སྟེར་བ་འདི། དཔག་བསམ་ལྗོན་པའི་ཚུལ་དང་མཚུངས། གཟུགས་ཅན་རྒྱན་ལས་༡༥་༸གོང་ས་ལྔ་བ། ལུས་ཕྲ་མ་ཞིག་ཆགས་པས་འདར་ཡོམ་དང་བཅས་འདོད་པའི་བདེ་དགའ་སྦྱིན་པའི་ཚུལ་ལོ།

དྲུག་པ་འགོག་རྒྱན་གྱི་ཆོས་འགོག་པའི་རྩ་དཔེར།

ལུས་ཕྲ་ཁྱོད་ཀྱི་ཡན་ལག་རྣམས། འཇམ་པ་ཉིད་དུ་གནས་པ་རྫུན། གལ་ཏེ་བདེན་པར་འཇམ་པ་ན། གློ་བུར་དུ་བདག་ཅི་ལ་གདུང།

འོ་དང་ཕུར་ཕུར་བཅས་པས་ཆགས་གདུང་བཟོད་དཀའ་བསྐྱེད་པའི་ཚོར་སྣང།

 

༡༦རྒྱུ་རྒྱན་གྱི་༡༤པ། ལྔ་བ་ཚང།

ལང་ཚོ་དར་བབ་འདོད་ལྡན་གཞོན་ནུ་དག སྨིན་ལེག་ལུས་ཕྲར་དགྱེས་དགུར་རབ་སྤྱད་ནས། སླད་ནས་མཛེས་ཤིང་སྡུག་པའི་རྣམ་འགྱུར་ལ། མི་བཟད་ཆགས་མྱོས་དྲག་པོ་ཅི་ཡང་འཕེལ།

གཡབ་ཡག་ཅིག་བྱས་བཏང་ནས་ད་དུང་མཛེས་སྡུག་གི་ཉམས་འགྱུར་དག་ལ་བལྟས་ནས་འབུ་ལུ་ལངས་ནས་བསྡད་པ་འདྲ་བོ་ཞིག་མ་རེད་དམ། ཧེ་ཧེ་་

 

བོད་མཁས་པའི་སྔ་ན་མེད་པའི་བྱེད་རྒྱུའི་དཔེར།

 

མེ་ཏོག་ལམ་ལ་བགྲོད་པར་མ་བྱས་ཤིང། གཞོན་ནུའི་བརླ་ཡི་འཁྲི་ཤིང་མ་བསྲུབས་ལ། ཡལ་འདབ་ལྔ་བའང་ངལ་བར་བྱས་མིན་པར། དྲན་པའི་ཀ་ཆེན་འགྱེལ་འདིས་སྣང་བ་སྐྱོ།

བུ་མོའི་སྟུ་ནང་ལ་མ་བཙུགས། བུ་ཡི་བརླ་བར་ལ་མ་དཀྲུགས། རང་གི་ལག་སོར་ལྔ་བོས་ཀྱང་ཕུར་མཉེལ་མ་བྱས་པར། མཇེ་རྒན་མགོ་དམར་ལྷབ་སེ་བུད་སོང་བ་འདིས་སེམས་པ་སྐྱོ་གི་ཟེར་གོ་ག འདི་གཅིག་བྱས་ན་བོད་མཁས་པ་རང་དང་དེ་འདྲའི་ན་ཚོད་ཡོལ་བ་མང་པོ་ཞིག་གི་སྐྱོ་སྣང་ཆེ་ཤོས་ཤིག་ཡིན་སྲིད། ལྷག་པར་ཕྱི་གླིང་འདིར་མཚོན་ན་མིག་གི་མཐོང་ས་ན་འདི་འདྲ་ཧ་ཅང་མང་གི འདོད་པའི་ཉམས་མྱོང་དམར་བརྗོད་མ་འདི་འདྲའི་སྙན་ཚིག་ཅིག་སྐབས་དེ་ཤེད་ཅིག་ལ་ཡོངས་གྲགས་སུ་འབྲི་ཕོད་པ་ནི་ལས་སླ་བོ་ཞིག་ག་ལ་ཡིན།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php