ར་རྫི་ཞིག་གི་སྙན་དངགས་ཚིགས་བཅད་གཅིག

 

 

རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །

མཚན་མོ་མཁའ་ལ་རྒྱུ་བ་རྣམ་སྤངས་ནས། །

དྭངས་པའི་ཆུ་ནང་འདི་ན་ཟླ་བ་ཞེས། །

དབྱིབས་ལ་མཚན་མར་འཛིན་པ་བྱིས་པའི་བློ། །

 

ཚིགས་སུ་བཅད་པ་འདི་ར་རྫི་ཞིག་གིས་བྲིས་ཏེ་གཙང་རྟ་ནག་གི་ཁྱིམ་ཚང་ཞིག་གི་སྒོའི་ཡ་ཐེམ་ལ་སྦྱར་ཅིང་དེ་ཉིད་ལོ་ཙ་མཁས་པ་ཞིག་གིས་མཐོང་སྟེ་རྒྱ་གར་ནས་ཕེབས་པའི་འི་རང་གི་བླ་མ་སྨྲི་ཏི་ཡི་ཕྱག་བྲིས་ཡིན་པ་ངོ་ཤེས་ནས་དུད་ཁྱིམ་དེ་ནས་བླ་མ་གསེར་གྱིས་བླུས་པའི་ལོ་རྒྱུས་མཚར་པོ་ཞིག་འདུག

ཚིགས་བཅད་དེ་ནི་རྩ་བའི་ཆ་ནས་བསྡུས་བརྗོད་ཀྱི་སྙན་རྩོམ་ཞིག་རེད། ཁ་སྐད་དུ་གོ་བདེར་བཤད་ན། མཚན་མོ་གནམ་ན་སྐར་ཚོགས་ཀྱིས་བསྐོར་བའི་ཟླ་བ་དེ་ཕར་གཡུགས་ཏེ་ཆུ་ནང་ལ་ཤར་བའི་ཟླ་གཟུགས་དེ་ཟླ་བ་ངོ་མར་བསམས་པ་ནི་བླུན་པོ་རེད་ཅེས་པའོ༎ 

སྐད་ཆ་འདི་མཚོན་བྱེད་ཀྱི་དཔེ་ཞིག་ཡིན་པས་འདིའི་མཚོན་བྱའམ་ཤུགས་བསྟན་གྱི་ནང་དོན་ལ་དཔྱད་དགོས་པ་ནི་བསྡུས་བརྗོད་རྩོམ་ཡིག་གི་གོ་བ་ལེན་སྟངས་ཤིག་རེད། གཉིས་ནས་རྩོམ་པ་པོ་སུ་ཡིན་པ་དང་གནས་སྐབས་ཅི་འདྲ་ཞིག་གི་སྐབས་སུ་བརྩམས་པ་དེ་ཡང་ནང་དོན་ཇི་བཞིན་་རྟོགས་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་གཅིག་རེད། གཞི་རྩ་འདིའི་ཐོག་ནས་དཔྱད་ན། ཚིགས་བཅད་འདིས་མཁས་དབང་ངོ་མ་དག་ངོ་མ་ཤེས་པར་མཁས་པའི་ཚུལ་འཛིན་འགའ་ཞིག་མཁས་པར་བཀུར་ཚུལ་གྱི་བླུན་སྤྱོད་ཅིག་མཚོན་པ་རྟོགས་ཡོང་། དེས་ན་མཁས་པ་ངོ་མི་ཤེས་པའི་བླུན་པོ་དེ་དག་སུ་རེད་ཟེར་ན་བོད་པ་ཚོ་རེད། དེའི་ནང་གི་ཁྱིམ་ཚང་དེ་དང་དེར་ཡོད་དག་ལོས་ཡིན། ཆུ་ཟླ་ལྟ་བུའི་མཁས་རྫུན་དག་གང་རེད་ཟེར་ན། ཡང་བོད་པའི་མཁས་མིང་འཛིན་པ་འགར་གོ་དགོས། ནམ་མཁའི་ཟླ་བ་ལྟ་བུའི་ངེས་དོན་གྱི་མཁས་པ་དེ་སུ་ཡིན་ནམ་ཟེར་ན། སྨྲི་ཏི་ཁོང་དང་ཁོང་ལྟ་བུའི་རྒྱ་གར་བའི་མཁས་དབང་དག་ཅི་ལ་མིན། ལྷག་པར་ཁོང་ནི་གདུགས་ཐོགས་སློབ་མ་ལྔ་བརྒྱས་བསྐོར་པའི་མཁས་དབང་ཆེན་པོ་ཞིག་ཡིན་པས་ན་སྐར་མའི་ཚོགས་ཀྱིས་བསྐོར་བའི་ཟླ་བ་དེ་དང་ཅིས་མི་འདྲ། དེ་ལྟར་ན་ཚིགས་བཅད་འདིས་མཁས་པ་ཁོང་གི་སྐབས་དེའི་སྐྱོ་སྣང་ཞིག་མཚོན་པྲ་མ་ཟད་སྐབས་དེར་བོད་ཀྱི་མཁས་པ་དག་དང་བོད་མིའི་རྨོངས་འཐོམས་ཀྱི་རྣམ་པ་ལ་ཟུར་ཟ་གནང་བའང་རྟོགས་ཐུབ། དེ་བས་སྙན་ཚིག་འདི་དང་འབྲེལ་ནས་ཞིབ་ཏུ་གླེང་དགོས་ན་མཁས་དབང་ཁོང་གི་མཁས་པའི་བྱ་བ་རྣམ་གསུམ་སྐོར་རྒྱས་པར་གླེང་དགོས་པའི་ཐོག་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་དོན་དངོས་འགའ་རེར་ཡང་བསམ་བློ་གཏོང་རྒྱུ་མང་སྟེ། དཔེར་ན་ཁོང་གི་སློབ་མ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་དུད་ཁྱིམ་དེ་ནས་ཁོང་གསེར་གྱིས་བླུ་དགོས་བྱུང་བ་དེས་ཅི་ཞིག་མཚོན་ནམ། ལས་རྒྱུ་འབྲས་ལྟར་ན་ར་རྫི་ལ་གླ་ཆ་འབུལ་དགོས་པར་མ་ཟད་དགོངས་དག་ཀྱང་ཞུ་དགོས་པ་ཞིག་མ་རེད་དམ། ཡང་ན་ཁོང་གསང་བ་བྱས་ཏེ་བླུ་དགོས་དོན་ཅི་ཡིན་ནམ། དེས་བྲན་གཡོག་ལམ་ལུགས་ཀྱི་རྣམ་པ་ཞིག་མི་མཚོན་ནམ། དེ་དང་དེ་ལ་སོགས་པ་དཔྱད་དགོས་པ་མང་པོ་འདུག

 

ཞོར་དུ་ཞུ་རྒྱུ་ཞིག་ལ། སྨྲི་ཏི་ཁོང་བོད་དུ་ཕེབས་དུས་ལོ་ཙ་བ་ལམ་བར་དུ་གྲོངས་ཤིང་ཁོང་གིས་བོད་སྐད་མི་མཁྱེན་པས་གཙང་གི་ཁྱིམ་ཚང་དེ་ནས་ར་རྫི་བྱས་ཏེ་བཞུགས་ཟེར། དེ་ལྟར་ན་ཁོང་གིས་ལོ་འགའ་ནང་བོད་སྐད་ཤེས་པར་གྱུར་ཡང་བོད་ཡིག་སྦྱངས་པའི་ལོ་རྒྱུས་མེད་པས། ཐོག་མའི་མ་ཚིག་དེ་རྒྱ་གར་ཡི་གེ་ཡིན་ངེས་སོ༎ 

སླར་སྨྲས་པ།

ཆུ་ནང་ཟླ་བ་བླངས་པའི་གཏམ་རྒྱུད་ཅིག །ཡོད་པ་དེ་ཡང་འདི་དང་ཅིས་མི་མཚུངས༎

སྤྲེལ་དང་བོད་པ་ལ་ལའི་ཁྱད་པར་དེ། །དེང་ཡང་ཅི་ཡིས་འབྱེད་འོས་དཔྱོད་པར་རིགས༎

སྒྲ་ཡི་ཚེར་མ་དྲན་པ་ཡེ་ཤེས་གྲགས། །མཚན་གྱི་རྣམ་གྲངས་དོན་གྱི་གོ་བ་ཅན༎

སྔོན་བྱོན་འཕགས་ཡུལ་དྲན་དབང་དེ་དང་དེར། །རྗེས་སུ་དྲན་པའི་ལས་དག་རྒྱས་གྱུར་ཅིག།

 

ཧྥ་རན་སའི་རྒྱལ་ལ་ཕ་རིས་སི་ནས། ༢༠༡༧ ༠༨ ༢༦ 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php