༄༅།།རྩོམ་གཞུང་མཚོ་བྱུང་རོལ་བའི་རྫིང་བུ།
འདིར་རྩོམ་འབྲི་རིག་པའི་སྐོར་ལ་མཁས་པའི་དགོངས་གཞི་གཞིར་བཞག་ཐོག་འཆར་སྣང་གསར་བ་འགའ་རེ་ཡང་མཉམ་བསྲེས་བྱས་ཀྱི་གཞུང་རྩོམ་གསུམ་ཡོད། རྩོམ་རིག་བརྙན་འཕྲུལ་གྱི་མཇུག་ད་དུང་ཚར་མེད་ལ། བསྐྱར་ཞིབ་ཀྱང་བྱེད་དགོས། འདི་དག་རྩོམ་རིག་སློབ་ཁྲིད་སྐབས་སུ་སློབ་ཁྲིད་གྲ་སྒྲིག་གི་ཟིན་བྲིས་སུ་བྲིས་པ་ཡིན། དེ་བས་བོད་ཀྱི་རྩོམ་རིག་སློབ་གཉེར་པ་ཚོར་རོགས་ཕན་ཅུང་ཐུབ་སྙམ།
རྩོམ་འབྲི་གཞིར་གྱུར་མ།
རྩོམ་འབྲི་ཀུན་གྱི་གཞིར་གྱུར་བརྡ་སྤྲོད་མཆོག །
ཚུལ་བཞིན་སློབ་པ་རྩོམ་གྱི་རྩ་བ་རུ།།
ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས།།
གུས་རྟག་བརྩོན་པས་འཇུག་པར་དམ་བཅའ་འོ།།
ལན་ཅིག་རྙེད་པའི་སློབ་སྦྱོང་བཟང་པོ་འདི།།
ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས།།
ཉིན་མཚན་མེད་པར་འབྲས་བཟང་ལེན་པའི་བློས།།
རྒྱུན་ཆད་མེད་པར་འཇུག་པར་དམ་བཅའ་འོ།།
བྱ་དངོས་གཡོ་བ་ཆུ་ཡི་ཆུ་བུར་བཞིན།།
མྱུར་དུ་འགྱུར་བའི་སྣང་ཚུལ་དྲན་པ་དང་།།
སློབ་ཐོན་རྗེས་སུ་ལུས་དང་གྲིབ་མ་བཞིན།།
རྩོམ་དང་འཚོ་བ་ཕྱི་བཞིན་འབྲང་བ་ལ།།
ངེས་པ་བརྟན་པོ་རྙེད་ནས་འཚོ་བའི་རིགས།།
ཕྲ་ཞིང་ཕྲ་མོ་རྣམས་ཀྱང་བརྟག་པ་དང་།།
དཔྱད་གཞི་མཐའ་དག་འཚོལ་སྒྲུབ་བྱེད་པ་ལ།།
རྟག་ཏུ་དོ་སྣང་བྱེད་པར་དམ་བཅའ་འོ།།
སྤྱད་པས་མི་ངོམས་འཇིག་རྟེན་འཚོ་བ་དང་།།
ཡིད་བརྟན་མི་རུང་ལྟ་སྤྱོད་འདྲ་མིན་གྱི།།
ཉེས་པ་མཐོང་ནས་རྩོམ་འབྲིའི་བྱ་བ་ལ།།
དོན་གཉེར་ཆེན་པོས་འཇུག་པར་དམ་བཅའ་འོ།།
རླབས་ཆེན་བསམ་པ་དེ་ཡིས་དྲངས་པ་ཡི།།
འཚོལ་དང་དཔྱོད་པའི་བློ་སྟོབས་ཆེན་པོ་ཡིས།།
རྩོམ་ལུས་རྩ་བ་སོ་སོའི་ཐབས་ཚུལ་ལ།།
བསམ་གཞིགས་སྙིང་བོར་བྱེད་པར་དམ་བཅའ་འོ།།
རང་ཉིད་བླང་དོར་གནས་ལ་རྨོངས་པ་བཞིན།།
རྩམ་གཟན་འགྲོ་བ་ཀུན་ཀྱང་དེ་འདྲ་བར།།
མཐོང་ནས་རྩོམ་པས་རྨོངས་སེལ་ཁུར་འཁྱེར་བའི།།
ལྷག་བསམ་སེམས་མཆོག་སྐྱེད་པར་དམ་བཅའ་འོ།།
སེམས་ཙམ་བསྐྱེད་ཀྱང་རྩོམ་པའི་ལག་ལེན་ལ།།
གོམས་པ་མེད་ན་རྩོམ་ཡིག་མི་འཁྱོངས་པ།།
ལེགས་པར་མཐོང་ནས་རྩོམ་འབྲིའི་བྱ་བ་ལ།།
བརྩོན་པ་དྲག་པོས་འཇུག་པར་དམ་བཅའ་འོ།།
ལོག་པའི་ལྟ་བར་གཡེང་བ་ཞི་བྱེད་ཅིང་།།
ཡང་དག་དོན་ལ་ངེས་ཤེས་ཆེར་སྦྱིན་པའི།།
མཛེས་སྣང་སྒྱུ་རྩལ་ཟུང་དུ་འབྲེལ་བའི་ཐབས།།
མྱུར་དུ་རྟོགས་ནས་རྩོམ་ལ་འཇུག་འཚལ་ལོ།།
ཐུན་མོང་རྩོམ་འབྲིའི་སྣོད་ལྡན་གྱུར་བ་ན།།
རྩོམ་རིག་ཀུན་གྱི་མཆོག་གྱུར་སྙན་པའི་དངགས།།
དཔྱོད་ལྡན་སྐྱེ་བོའི་འཇུག་ངོགས་དམ་པ་དེར།།
བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས།།
དེ་ཚེ་རྩོམ་ལུས་རྣམ་གཉིས་འགྲུབ་པའི་གཞི།།
རྣམ་དག་ཐབས་ཚུལ་གསར་གཏོད་བློས་བསླངས་ལ།།
འཁྲུལ་བ་མེད་པའི་ངེས་ཤེས་རྙེད་གྱུར་ནས།།
སྲོག་གི་སྙིང་བོ་སྦྱིན་པའི་མཐུ་གྲུབ་ཤོག།
དེ་ནས་ཕྱི་ནང་སྙན་དངགས་རྣམ་གཉིས་ཀྱི།།
གསང་བའི་གནད་རྣམས་ཇི་བཞིན་རྟོགས་གྱུར་ནས།།
རྨད་བྱུང་སྒྱུ་རྩལ་སྤྱོད་ལས་མི་གཡེལ་བར།།
བློ་ལྡན་ཀུན་དགའ་བསྐྱེད་པར་བདག་གྱུར་ཅིག།
དེ་ལྟར་ལམ་བཟང་སྟོན་པའི་རྩོམ་མཁན་དང།།
ཚུལ་བཞིན་ཀློག་པའི་གྲོགས་རྣམས་མཉམ་འབྲེལ་གྱིས།།
ཕྱི་དང་ནང་གི་ལོག་སྨྲའི་བར་གཅོད་ཚོགས།།
ཉེ་བར་ཞི་བར་བྱེད་པས་ཤིས་གྱུར་ཅིག།
སྐྱེ་བ་ཀུན་ཏུ་ཡང་དག་ཤེས་རབ་དང་།།
འབྲལ་མེད་རྩོམ་རིག་དཔལ་ལ་ལོངས་སྤྱོད་ཅིང་།།
མཛེས་སྡུག་སྒྱུ་རྩལ་ཁོ་ལག་རྫོགས་པ་ཡིས།།
སྨྲ་བའི་སེང་གེའི་གོ་འཕང་མྱུར་འཐོབ་ཤོག།
༢༠༢༡་༠༡་༠༤་ ལེགས་བཅོས་ཅུང་ཟད་དང་བཅས་འདིར་བཀོད་པའོ།། །།
admin (Sunday, 21 April 2024 09:49)
1
admin (Sunday, 21 April 2024 09:39)
1
admin (Sunday, 21 April 2024 05:03)
1
བསོད་རགྱལ (Sunday, 15 September 2013 16:29)
ང་རང་མི་རིགས་ཀྱི་རིག་གནས་ལ་དགའ།མི་རིགས་ལ་དེ་བས་བརྩེ་སེམས་ཡོད།