༄༅། །སྙན་ངག་གཅེས་བཏུས་གསར་འགྲེལ་དང་བཅས་པ་རྩོམ་རིག་བརྙན་འཕྲུལ་ཅེས་བྱ་བ་བཞུགས་སོ།།

 

 

༄༅།།སློབ་དཔོན་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།

 

          །མཁྱེན་རབ་རལ་གྲིས་སྙེམས་པའི་ལང་ཚོ་ལ།

          །རྒྱུད་སྟོང་དབྱངས་ཀྱིས་འཁྱུད་པའི་དགའ་བདེས་སྐྱོངས།

 

          །ངག་གི་དབྱངས་དང་ཡིད་ཀྱི་ལྷ།

          །ཟུང་འཇུག་གྲུབ་པའི་ཁྱེའུ་སྦྲུམ།

 

          །སྙན་ངག་རྙིང་བའི་ལང་ཚོ་མ་རྙིང་མར།

          །རྩོམ་རིག་གསར་བའི་ཉམས་འགྱུར་རྫོགས་པ་ཡི།

          །སྒྱུ་རྩོམ་གཞུང་ལུགས་རྨད་བྱུང་བརྙན་འཕྲུལ་འདི།

          །ལྷུན་གྲུབ་སྤོབས་པ་བརྙེས་རྣམས་གཟིགས་མོར་འབུལ།

 

          སྙན་ངག་མེ་ལོང་སོགས་ལས་ཉེར་མཁོའི་ལེགས་ཆའི་ཚིག་སྣ་རྣམས་བསྡུས་པའི་འགྲེལ་བ་དང་བཅས་པའི་ཐོག་སྡེབ་སྦྱོར་དང་ཟློས་གར་ཤུགས་བསྟན་སྒྲུང་གཏམ་རིགས་བཅས་པ་ཁ་སྐོང་གིས་རྩོམ་རིག་གི་སྤྱི་ཁོག་གསལ་བར་བྱས་ཡོད།

 

༄།ལེའུ་དང་པོ། གཞུང་གི་སྔོན་འགྲོ

 

།ཤིས་སྨོན་དམ་བཅའ་མཚན་དོན་དང།

།རྩོམ་པའི་དགོས་པ་སྐྱོན་ཡོན་བཅས།

          རྗེ་ས་པཎ་གྱིས། དེའང་ཐོག་མར་རྩོམ་པ་ལ་འཇུག་པ་བཤད་འདོད་པས་ཐོག་མར་མཆོད་པར་བརྗོད་པ་བཤད་དེ། བསྟན་བཅོས་བྱེད་པའི་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་པར་བརྗོད། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་མཐོང༌། །མཆོད་པར་བརྗོད་པ་ལ་དགོས་པ་དང༌། བསྡུས་པ་དང༌། ཚིག་གི་དོན་གསུམ་ལས། དགོས་པ་ལ་གཉིས་ཏེ། རྩོམ་པ་པོ་རང་གི་རྒྱུད་ལ་འབྱུང་བ་དང༌། བཤད་ཉན་བྱེད་པ་གཞན་གྱི་རྒྱུད་ལ་འཐོབ་པའོ། བསྡུས་པའི་དོན་ལ་གང་ལ་གང་གིས་ཇི་ལྟར་བསྟོད་པ་ལ་སོགས་པའོ། ཚིག་གི་དོན་ནི་སེང་གེའི་ལྟ་སྟངས་ཀྱིས་ངག་དོན་བཙལ་ལ། རུས་སྦལ་གྱི་འགྲོས་ཀྱིས་གཞུང་དོན་བཤད་པ། ཞེས་དང༌།

          དེ་ལྟ་བུའི་མཆོད་པར་བརྗོད་པ་དེའང་ཕྱོགས་གཅིག་ཏུ་ངེས་སམ་ཞེ་ན། མཆོད་བསྟོད་འདུད་པའི་བདག་ཉིད་ཅན། ཤིས་པ་བརྗོད་སོགས་མི་འགལ་ཏེ། ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །མཆོད་བརྗོད་ལ་མཆོད་པའི་མཐའ་ཅན་དང༌། དེ་བཞིན་དུ་བསྟོད་པ་དང༌། ཕྱག་འཚལ་བདང༌། ཤིས་པར་བརྗོད་པའི་མཐའ་ཅན་ཡོད། ཅེས་ནང་པའི་རྩོམ་མཁན་ཞིག་གཞིར་བཞག་གིས་་གསུངས་འདུག་ནའང༌། གཞན་ལའང་དེ་བཞིན་རིགས་བསྒྲེ་འོས་པས་འདིར་ཡང་དེ་བཞིན་དུ་སྙན་ངག་མེ་ལོང་མའི་མཆོད་པར་བརྗོད་ཚུལ་གླེང་བར་བྱའོ།

  །གདོང་བཞི་གདོང་གི་པད་ཚལ་གྱི། །ངང་པའི་བུ་མོ་ཐམས་ཅད་དཀར།

  །དབྱངས་ཅན་མ་ནི་ཁོ་བོ་ཡི། །ཡིད་མཚོར་རིང་དུ་རོལ་བར་མཛོད།

          བསྡུས་དོན་ནི། མཛད་པ་པོ་སློབ་དཔོན་དབྱུག་པ་ཅན་གྱིས། སྙན་ངག་གི་ལྷ་མོ་དབྱངས་ཅན་མ་ལ་ཕྱི་ནང་གི་ཐུན་མོང་དང་ཐུན་མིན་གྱི་འདོད་ཚུལ་ལྟར་དུ་སྦྱར་བའི་རྒྱན་གྱིས་བསྟོད་ཅིང་བྱིན་རླབས་འཇུག་པའི་སྐྱབས་འཇུག་ཞུས་པའོ།

          ཚིག་གི་དོན་ཇི་ལྟར་ཞེ་ན། གདོང་བཞི་བ་ལྷ་ཚངས་པ་ཆེན་པོའི་གདོང་དེ་ཆུ་སྐྱེས་པད་ཚལ་ཡངས་པོའི་གཟུགས་སུ་བྱས་ཤིང། དེ་ན་ངང་པའི་བུ་མོ་སྟེ་ངང་མོ་ལུས་ཐམས་ཅད་ཡོངས་སུ་དཀར་ཅིང། སྙན་པའི་དབྱངས་དང་ལྡན་མ་དེ་ནི་མཱནསེཡིད་ཅེས་པའི་མཚོ་ལ་ནམ་འཚོའི་བར་དུ་ཅི་དགར་རྩེན་པར་མཛོད་ཅིག ཅེས་པ་ནི་དཔེའི་དོན་དང། ཡང། ཚངས་པའི་གདོང་ངམ་ངག་ལས་བྱུང་བར་གྲགས་པའི་སྐུ་མདོག་རབ་ཏུ་དཀར་བ་ལྷ་མོ་དབྱངས་ཅན་མ་ནི་ཁོ་བོ་དབྱུག་པ་ཅན་གྱི་ཡིད་ལ་ཇི་སྲིད་འཚོ་བའི་བར་དུ་གསུང་གི་དགའ་སྟོན་འགྱེད་ཅིང་བཞུགས་པར་མཛོད་ཅིག ཅེས་སྨོན་པའི་ཤིས་པ་བརྗོད་པའོ།

          འདིར་དབྱངས་ཅན་མ་ནི་ངང་པའི་བུ་མོ་ལུས་ཡོངས་རབ་ཏུ་དཀར་བའི་གཟུགས་སུ་བཀོད་པར་ཡང་གོ་དགོས་པས། དབྱངས་ཅན་ངང་པའི་བུ་མོ་ནི། ཐམས་ཅད་དཀར་བ་ཁོ་བོ་ཡི། ཞེས་བཅོས་ན་གོ་བདེའོ། དེ་ཡང། ཐམས་ཅད་དཀར་བ་དོན་སྦྱར་དང། དབྱངས་ཅན་མ་དང་ཡིད་མཚོ་གཉིས་ལ་སྒྲ་སྦྱར་བའོ། ཚངས་པའི་ཡིད་ཆགས་པའམ་ཡིད་ཀྱིས་སྤྲུལ་བའི་མཚོ་དེའི་མིང་ལ་ཡིད་ཟེར་བས། ཡིད་ནི་དཔེའི་སྐབས་མཚོ་དང། དོན་གྱི་སྐབས་སུ་སེམས་སོ།

          གཞན་ཡང། སྒོ་བཞི་ཅན་ཞལ་པད་མ་ཡི། །ཚལ་གྱི་ངང་པའི་བུ་མོའི་གསུང། ཐམས་ཅད་དཀར་བ་ཁོ་བོ་ཡི། །ཞེས་པར་ཡང་འགྱུར་པས། སྒོ་བཞི་ནི་ཚད་མེད་བཞི་སྟེ། དེ་ལྡན་གྱི་ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་གི་ཞལ་དེ་པད་མའི་ཚལ་དུ་བྱས་ཤིང། ངང་པའི་བུ་མོའི་གསུང་ནི་དཔེ་ངང་མོའི་སྐད་དང་དཔེ་ཅན་དབྱངས་ཅན་མའི་གསུང། ཐམས་ཅད་དཀར་བ་ནི་ངང་མོ་ལུས་དཀར་བ་དང། དབྱངས་ཅན་མའི་སྐུ་གསུང་ཐུགས་བཅས་ཟག་པ་མེད་པ་རྣམ་པ་ཀུན་ཏུ་དཀར་བའི་རང་བཞིན་ཅན་བཅས་སུ་གོ་དགོས། དེ་ཡང། དབྱངས་ཅན་མ་སྤྱན་རས་གཟིགས་ཀྱི་ཞལ་གྱི་མཆེ་བ་ལས་འཁྲུངས་ཚུལ་ལུང་དང་བཅས་པས་ན་འབྲེལ་ཤིན་ཏུ་ཆགས་སོ།

           འདིར་ཡིད་ལ་རིང་དུ་རོལ་བར་མཛོད་ཅེས་ཤིས་པ་བརྗོད་པའི་མཐའ་ཅན་གྱི་ཤིས་བརྗོད་ཡིན་མོད། དོན་གྱིས་བསྟོད་པ་དང༌། དད་པས་འདུད་པ། སྙན་ཚིག་གི་མཆོད་པ་ཕུལ་བ་བཅས་ཀྱང་བསམ་ན་རྟོགས་པར་འགྱུར་བས།  ཚིགས་བཅད་གཅིག་གིས་ཀུན་གོ་ཆོད་པར་བྱས་པ་གསལ་ལོ།

          སྤྱིར་བསྟན་བཅོས་རྒྱས་བསྡུས་ལ་ལྟོས་ནས་མཆོད་བརྗོད་སོགས་ཀྱང་རྒྱས་བསྡུས་འཚམ་པར་བྱེད་འོས༌། འདི་ནི་དད་མོས་ཅན་གྱི་རྩོམ་པ་པོ་དག་གི་རྩོམ་ལུགས་ཤིག་ཡིན་པས་དེང་སང་གི་གསར་རྩོམ་གཞན་དག་ལ་མཁོ་མིན་ནི་སོ་སོའི་འདོད་འདུན་ལ་རག་ལས་སོ།

          སེང་གེའི་ལྟ་སྟངས་ལྟར་ཚིག་དོན་གྱི་ཕྱོགས་ཡོངས་མཐོང་དགོས་པ་ནི་མཆོད་བརྗོད་འདི་ལྟའི་ཚིག་དོན་འགྲེལ་བར་རྩ་དོན་གལ་ཆེ་ཞིག་ཡིན་མོད། རུས་སྦལ་གྱི་འགྲོས་ལྟར་གཞུང་དོན་གོ་རིམ་བཞིན་ཞིབ་རྒྱས་སུ་འཆད་རྒྱུ་ནི་འོག་གི་གཞུང་དོན་དངོས་སུ་འཆད་པར་གལ་ཆེ་སྙམ་པས་འདིར་ཡང་ཚིག་དོན་གྱི་བཤད་པ་རྒྱས་པར་མི་བྱའོ།།

          དགོས་པ་ནི། དབྱངས་ཅན་མའི་བྱིན་རླབས་སམ་སྙན་ངག་སྨྲ་བའི་སྤོབས་པ་མཆོག་དེ་དབྱུག་པ་ཅན་རང་གི་རྒྱུད་ལ་བྱུང་ནས་རྩོམ་པ་ལེགས་པར་མཐར་ཕྱིན་པ་དང༌། དེའི་མཐུས་གཞན་འཆད་ཉན་བྱེད་པོ་དག་ལའང་ཡོན་ཏན་དེ་དག་འཐོབ་རྒྱུ་དེའོ།།

          རྩོམ་པར་དམ་བཅའ་བའི་ཚུལ། དེ་ཡང་རྗེ་ས་པཎ་གྱིས། "བཤད་པར་དམ་བཅའ་བ་ལ་སོགས་པ་གལ་ཏེ་འཆད་ན་མི་དགོས་ལ། མི་འཆད་ན་དོན་མེད་དོ་སྙམ་ན། དམ་བཅའ་བ་དང་སྐུལ་ཚིག་སོགས། འཆད་ཕྱིར་སྤྲོ་བ་སྟོན་པ་སྟེ། །མཆོག་རྟོགས་འགྲུབ་པའི་རྒྱུར་འགྱུར་བས། ཁས་ལེན་པ་ལ་འགལ་བ་མེད། བཤད་པར་དམ་བཅའ་བ་ལ། དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་བཤད་པར་བྱའོ་ཞེས་ཁས་བླངས་པས་གཞུང་འཆད་པ་ལ་སྤྲོ་བ་སྟོན་ལ། སྤྲོ་བའི་དོན་རྒྱུ་བཟང་པོ་ལ་འཇུག་སྟེ། རྒྱལ་པོ་རྒྱལ་སར་འབྱིན་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟ་བུ་ལ་ཁས་ལེན་གྱི། ཤོ་དང་མིག་མངས་ལ་སོགས་པ་བྱ་བ་ངན་པའི་བྱེད་དུ་འཇུག་ཀྱང་ཚོགས་དབུས་སུ་ཁས་མི་ལེན་ཏོ། །གཞན་ཡང་ཁས་བླངས་པས་དེའི་དོན་ལ་རང་ཉིད་མཁས་པར་གཞན་གྱིས་རྟོགས་པ་ཡིན་ཏེ། མི་མཁས་ན་ཚོགས་ཀྱི་དབུས་སུ་ཁས་ལེན་ག་ལ་ནུས། ཡང་དམ་བཅས་པས་དེ་འགྲུབ་པའི་རྒྱུར་འགྱུར་ཏེ། ཡ་རབས་རྣམས་ནི། སྲོག་ནི་གཏོང་གི་དམ་བཅའ་མིན། ཞེས་གསུངས་པ་ལྟར་རོ། དེ་བཞིན་དུ་བསྐུལ་བའི་ཚིག དམ་པའི་ཆོས་ཉན་ཕྱིར་འདིར་ཤོག་ཅིག ཅེས་བྱ་བའམ། ཡིད་ལ་དགའ་བ་སྐྱེད་དེ་ཉོན། ཞེས་བྱ་བ་ལ་སོགས་པའང་དེ་དང་འདྲ་བར་ཤེས་པར་བྱའོ། །བསྡུས་པའི་དོན་ནི། ལས་བྱེད་པོ་བྱ་བ་གསུམ་སྟེ། གང་བཤད་ན་བསྟན་བཅོས། གང་གིས་འཆད་ན་རྩོམ་པ་པོས། ཇི་ལྟར་བཤད་ན་རྒྱས་པའམ་འབྲིང་ངམ་བསྡུས་པའི་སྐབས་སུ་ཉེ་བར་དགོས་པ་འདི་ལྟར་བཤད་ཅེས་ངག་གི་དོན་བསྡུས་ཏེ་བསྟན་ཏོ། ཚིག་གི་དོན་ནི། རང་རང་གི་གཞུང་དུ་ཤེས་པར་བྱའོ།།" ཞེས་གསུངས་པ་ལྟར་འདིར་ཡང་དེ་ལྟར་དམ་བཅས་ཚུལ་ངོ་སྤྲོད་པར་བྱའོ།།

 

།བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང༌། །སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ།

།ཇི་ལྟར་ནུས་བཞིན་བདག་གིས་ནི། །སྙན་ངག་དག་གི་མཚན་ཉིད་བྱ།

          བསྡུས་དོན་ནི། ལས་ཅི་རྩོམ་ཞེ་ན། སྙན་ངག་གི་མཚན་ཉིད། བྱེད་པོ་སུ་ཞེ་ན། བདག་དབྱུག་པ་ཅན། རྩོམ་པའི་ཚུལ་ཇི་ལྟར་བྱ་བ་ཞེ་ན། སྙན་ངག་གི་བསྟན་བཅོས་སྔ་མ་རྣམས་བསྡུས་པའི་ཐོག་དཔེར་བརྗོད་ཀྱིས་ཀྱང་རྒྱན་གྱི་ཁྱད་པར་གསལ་བར་བསྟན་ནས་བརྩམ་པར་བྱ་བའོ།

          ཚིག་གི་དོན་ནི། དྲང་སྲོང་རྒྱས་པ་དང་རཱ་མ་ཤར་མ་སོགས་རྒྱ་གར་བའི་སྔོན་བྱོན་སྙན་ངག་མཁན་ཆེན་རྣམས་ཀྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་དང། སྙན་ངག་དང་རྒྱན་གྱི་བསྟན་བཅོས་རྒྱ་ཆེ་བ་དག་གི་ལེགས་པའི་ཆའམ་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཞེས་གཞུང་འདིའི་ཁུངས་བསྟན་པ་དང། དེ་དག་གི་རྒྱན་ཇི་ལྟར་སྦྱོར་བའི་ཚུལ་རྣམས་ཀྱང་དཔེ་བརྗོད་ཀྱིས་ཉེ་བར་མཚོན་པར་བྱས་ཏེ་ཞེས་ཇི་ལྟར་རྩོམ་པའི་ཚུལ། ག་ཚོད་ཅིག་ཤེས་པའི་ཚོད་ཀྱིས་ཞེས་ཁེངས་བསྐྱུངས་དང་བསྟན་བཅོས་ཉིད་གལ་ཆེ་ཚུལ་ཡང་བསྟན། དེ་ཡང་རྗེ་ས་པཎ་གྱིས། "ནུས་པ་མེད་ཀྱང་འབད་བཞིན་དུ། །བསྟན་བཅོས་ལ་ཡང་འཇུག་པའི་ཚིག །བསྟན་བཅོས་དང་ནི་སྟོན་བྱེད་པ། །གཉིས་ཀ་དམ་པར་བསྟན་ཕྱིར་ཡིན།" ཞེས་གསུངས་སོ།

བདག་གིས་སྙན་ངག་གི་རྩོམ་ལུས་མི་འདྲ་བ་བཅད་པ་དང། ལྷུག་མ། སྤེལ་མ་གསུམ་དང། དེ་དག་ལ་རྒྱན་ཇི་ལྟར་སྦྱོར་ཚུལ་དང་རྩོམ་པའི་སྐྱོན་སྤོང་ཐབས་བཅས་པའི་མཚན་ཉིད་དག་རྒྱས་པར་བཤད་པར་བྱའོ་ཞེས་རྩོམ་པར་དམ་བཅས་ཤིང། དེ་ཡང་གཞུང་འདིར་སྙན་ངག་རྣམས་ཀྱི་མཚན་ཉིད་སྨྲ་བ་བསྟན་པས་ན་བསྟན་བཅོས་ཀྱི་བརྗོད་བྱ་མདོར་དྲིལ་པའི་དངོས་པོ་ངེས་པར་བསྟན་པ་ཡང་ངོ།།

          དགོས་པ་ནི། གོང་ནས་མཆོག་རྟོགས་འགྲུབ་པའི་རྒྱུར་འགྱུར་བ། ཞེས་པ་བཞིན་དབྱུག་པ་ཅན་རང་ཉིད་སྙན་ངག་ལ་མཁས་པ་དང༌། སྙན་ངག་ཀྱང་བྱ་བ་མཆོག་གྱུར་ཞིག་ཡིན་པ། འདི་ཉིད་མཇུག་ལེགས་པར་གྲུབ་པར་བྱ་བའང་རང་གི་བརྩོན་པ་ལ་རག་ལས་པས་རང་གིས་རང་ལ་བསྐུལ་བ་སྟེ། གོང་ནས་ལྷག་པའི་ལྷ་ལ་སྐྱབས་འཇུག་ཞུས་པ་ཙམ་མིན་པར་དངོས་སུ་རང་གིས་ལག་ལེན་མཐའ་འཁྱོལ་དགོས་པའི་ངོས་འཛིན་གནང་བ་ཞིག་ཡིན་ལ་དེ་ལྟར་ལེགས་འགྲུབ་བྱུང་བ་ཙམ་དུ་མ་ཟད། བསྟན་བཅོས་འདིའི་འཕྲིན་ལས་ཀྱང་གཞན་ལས་རྒྱས་པ་མཐོང་གསལ་བཞིན་ནོ།

དེ་ལྟར་ཡང༌། ང་རང་ཚོས་ཇི་ལྟར་སློབ་སྦྱོང་དང་ཇི་ལྟར་རྩོམ་འབྲིའི་ལས་ལ་འཇུག་ཚུལ་ནི་རང་རང་གིས་སོམས་དང་ངོ་གནོང་དགོས་པ་ཞིག་ཡིན་ངེས་པས་ཅིས་ཀྱང་འབད་པར་འཚལ་ལོ།།

          གཞན་ཡང་དངོས་པོ་ངེས་བསྟན་སྐོར་ལ། རྗེ་ས་པཎ་གྱིས།

"བཤད་སླ་བ་དང་གཟུང་བདེ་ཞིང༌། །བསྟན་བཅོས་ལ་ཡང་རྩོད་བྲལ་ཕྱིར།

།མཁས་པ་ལ་ལ་བསྟན་བཅོས་ལུས། །བསྡུས་ཏེ་ཐོག་མར་དགོད་པར་མཛད། །ལུས་རྣམ་གཞག་ཐོག་མར་བཀོད་པ་ལ་དགོས་པ་གསུམ་སྟེ། འཆད་པ་པོས་འཆད་སླ། ཉན་པ་པོས་གཟུང་བདེ། བསྟན་བཅོས་ལ་ངེས་པ་སྐྱེ་བའོ། དང་པོ་ནི་ལུས་རྣམ་གཞག་ཤེས་པས་བརྗོད་བྱ་ངོས་ཟིན། གོ་རིམ་མི་འཁྲུགས། གོ་སླ་བར་སྨོས་པས་དོན་བདེ་བླག་ཏུ་བྱ་བའི་དགོས་པ་སྟེ་གསུམ་མོ། གཉིས་པ་ཉན་པ་པོས་གཟུང་བདེ་བ་ལ་གསུམ་སྟེ། ཐོས་པའི་སྐབས་སུ་བརྗོད་བྱ་བདེ་བླག་ཏུ་ངོས་ཟིན། བསམ་པའི་སྐབས་སུ་གོ་རིམ་མི་འཁྲུགས་པར་རྟོགས་སླ། བསྒོམ་པའི་སྐབས་སུ་བསྡུས་ནས་ཉམས་སུ་ལེན་པས་བསྒོམས་བྱུང་གི་ཤེས་རབ་མྱུར་དུ་སྐྱེ་བའི་དགོས་པའོ། གསུམ་པ་བསྟན་བཅོས་ལ་ངེས་པ་སྐྱེ་བ་ནི། ལུས་དང་ཡན་ལག་རྗེས་སུ་འབྲེལ་བས་ལྷག་པ་དང་ཆད་པ་དང་འཁྲུགས་པའི་སྐྱོན་ལས་གྲོལ་བས་བསྟན་བཅོས་ཡང་དག་པའོ་ཞེས་ངེས་ཤེས་སྐྱེ་བའོ།།"

          ཞེས་གསུངས་པ་ནི་རྩོམ་པར་དམ་བཅའ་བ་དང་དངོས་པོ་ངེས་བསྟན་གཉིས་སོ་སོར་ཕྱེ་བའི་ལུགས་ཡིན་ལ། འདིར་གསུང་པའི་བསྟན་བཅོས་ཀྱི་ལུས་རྣམ་གཞག་མདོར་བསྡུས་ཞེས་པ་ཡང་དཀར་ཆག་དང་དོན་གཅིག འོན་ཀྱང་བསྟན་བཅོས་ལ་ལ་དེ་ལྟར་ཡིན་པ་དང༌། ལ་ལ་མིན་པ། ལ་ལར་ཤིན་ཏུ་བསྡུས་ཏེ་བསྟན་པ་བཅས་ཡོད་པས། གཞུང་འདིར་ཡང་ཇི་ལྟར་རྩོམ་ཚུལ་དང་ཅི་ཞིག་རྩོམ་པ་གཉིས་ལྷན་དུ་མདོར་བསྡུས་ཏེ་བསྟན་ཡོད་པ་གོང་དུ་སྨྲས་ཟིན་པ་ལྟར་རོ།།

          དངོས་པོ་ངེས་བསྟན་གྱི་ཐོག་མར་བསྟན་བཅོས་ཀྱི་སྤྱི་དོན་མདོར་བསྟན་དང༌། བར་བར་དུ་སྡེ་ཚན་སོ་སོའི་སྤྱི་དོན་དང་གོ་རིམ་བཅས་བརྗོད་པའི་སྲོལ་ཡང་ཡོད་པས། གཞུང་འདིར་ཡང་ལུས་རྒྱན་གྱི་རྣམ་གཞག་དེ་ལྟར་གསུངས་ཡོད་ཀྱང་གཙོ་བོ་མདོར་བསྟན་བྱས་ཡོད།

          གཞུང་འདིར། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། ངེས་པར་བསྟན་པའང་དེ་ཡི་སྒོ། ཞེས་གནའ་བོའི་རྒྱ་གར་བའི་སྙན་ངག་གི་བསྟན་བཅོས་ཆེན་པོ་སོགས་རྩོམ་པའི་སྔོན་འགྲོའམ་རྩོམ་གྱི་འགོ་འཛུགས་ཀྱི་སྲོལ་རྒྱུན་རྣམ་པ་ཞིག་ཡིན་ལ། བོད་ལའང་དེ་བཞིན་རྒྱུན་མ་ཉམས་པར་ཡོད་དོ།།

 

          གསུམ་པ་མཚན་དོན། སྙན་ངག་མེ་ལོང༌། སྐབས་འདིའི་སྙན་ངག་ནི་སྒྱུ་རྩལ་རྩོམ་རིག་སྤྱི་ལ་གོ་དགོས་ཏེ། གཞུང་རང་ནས་ཀྱང་སྙན་ངག་གི་ལུས་ལ་བཅད་ལྷུག་སྤེལ་མ་གསུམ་ཡོད་པ་ཙམ་དུ་མ་ཟད། སྤེལ་མ་ཟློས་གར་ལ་སོགས་ཏེ། ཞེས་ཟློས་གར་དང་སྒྲུང་གཏམ་ཡང་སྙན་ངག་ཡིན་པར་བསྟན་ཡོད་པས་སོ།།

          དེ་བས་བོད་མཁས་པས། སྤྱིར་སྙན་ངག་ཅེས་པ་ནི་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག ཅེས་དང། ཡིད་འཕྲོག་ཅིང་རྣ་བར་སྙན་པའི་ངག་གང་ཞིག ཅེས་གསུངས་པ་སྟེ། དེ་ཡང་རྗོད་བྱེད་ཚིག་རྒྱན་མཛེས་པས་རྣ་བར་སྙན་པ་དང་བརྗོད་བྱ་ལེགས་ཤིང་མཚོན་སྟངས་མཚར་བས་ཡིད་དུ་འོང་བའི་ཡོན་ཏན་ཉིས་ལྡན་གྱི་ཚིག་གམ་ངག་ཅིག་སྟེ། སྒྱུ་རྩལ་རྩོམ་རིག་སྤྱིའི་ཁྱད་ཆོས་བསྟན་ཡོད་པ་ནི་ལེགས་པར་བཤད་པའོ།

          དེ་ལྟ་བུའི་སྙན་ངག་དེ་མེ་ལོང་གི་གཟུགས་སུ་བཀོད་པ་སྟེ། སྙན་ངག་གི་རྩོམ་ལུས་དེ་དག་གི་མཚན་ཉིད་སྤྱི་དང་བྱེ་བྲག་རྒྱན་སྦྱོར་ཚུལ། རྩོམ་པའི་སྐྱོན་སྤོང་ཚུལ་དང་བཅས་པའི་རྩོམ་རིག་གི་ཤེས་བྱ་རྣམས་གཞུང་འདིར་གསལ་བར་བསྟན་པ་ནི། མེ་ལོང་ལ་གཟུགས་བརྙན་ཅི་ཡང་བཀྲ་བའི་དཔེ་བཞིན་བྱེད་ལས་ཀྱི་ཆོས་མཚུངས་པས་ན་འདྲ་བ་རྒྱུ་མཚན་གྱིས་མཚན་དེ་ལྟར་བཏགས་པའོ།།

          དེ་ཡང་བོད་མཁས་པས། "དེ་ལྟ་བུའི་མཚན་དེ་བཏགས་པའི་དགོས་པ་ནི། མིང་ཀླད་དུ་སྨོས་པས་བཙལ་སླ། དོན་དེ་ལ་དོན་ལྡན་གྱི་མིང་བཏགས་པས། དབང་བོ་རབ་ཀྱིས་མིང་ལ་བརྟེན་ནས་དོན་ཕྱིན་ཅི་མ་ལོག་པར་གོ འབྲིང་གིས་རྣམ་པ་ཙམ་གོ ཐ་མས་ཀྱང་བརྡ་དུས་སུ་མིང་དོན་འབྲེལ་བ་ཤེས། ཐ་སྙད་ཀྱི་དུས་སུ་མིང་ལས་དོན་རྟོགས་ཤིང༌། དོན་མཐོང་བ་ལས་མིང་དྲན་པར་འགྱུར་བའི་དགོས་པ་ཡོད།" ཅེས་གསུངས་པ་ལྟར་གཞུང་ལུགས་སོགས་ལ་བརྗོད་བྱ་དངོས་བསྟན་གྱི་མིང་འདོགས་ནི་ཧ་ཅང་དགོས་གལ་ཆེའོ།

ཡིན་ཡང་གསར་རྩོམ་སྒྱུ་རྩལ་རྩོམ་རིགས་ལ་དེ་ལྟར་འོས་པ་དང་མི་འོས་པའི་ཁྱད་པར་ཆེ་བ་ཡང་ཤེས་པར་བྱའོ།།

 

          བཞི་བ་རྩོམ་པའི་དགོས་པ་བཤད་པ། རྗེ་ས་པཎ་གྱིས། "བསྟན་བཅོས་ཀྱི་ཐོག་མར་དགོས་འབྲེལ་གྱི་ངག་བཀོད་པས་དགོས་པ་ཅི་ཡིན་ཞེ་ན། བསྟན་བཅོས་དམ་པར་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་དགོས་པ་བསྟན། །ཡོངས་སུ་རྟོགས་པས་དེ་མཐོང་ན། །དཔྱོད་པ་ལ་ཡང་ཅིས་མི་འཇུག དགོས་འབྲེལ་གྱི་ངག་ཀླད་དུ་བཀོད་པ་ལ་དགོས་པ་དང༌། བསྡུས་པ་དང༌། ཚིག་དོན་གསུམ་ལས། དང་པོ་དགོས་པ་ནི། རྣམ་བཤད་རིགས་པ་ལས། མདོ་དོན་ཆེ་བ་ཉིད་ཐོས་ནས། ཉན་དང་ལེན་པ་ལ་སོགས་ལ། །ཉན་པ་པོ་དེ་གུས་འགྱུར་བས། །ཐོག་མར་དགོས་པ་བརྗོད་པར་བྱ། ཞེས་གསུངས་པས་སོ། དེ་ལ་དགོས་པ་ནི་འགའ་ཞིག་གཞུང་མཛེས་པ་སྐྱེད་ཅེས་ཟེར། འགའ་ཞིག་དོན་གྱི་ལོག་རྟོག་ལྡོག་པར་འདོད། དེ་དག་ཀྱང་གནས་སྐབས་སུ་འགལ་བ་མེད་མོད་ཀྱི། མཐར་འཇུག་པར་འགྱུར་བ་ཉིད་དགོས་པ་ཡིན་ནོ། བསྡུས་པའི་དོན་ལ་བཞི་སྟེ། བརྗོད་བྱ། དགོས་པ། དགོས་པའི་དགོས་པ། འབྲེལ་པའོ། "ཞེས་གསུངས་པ་ལྟར་འདིར་ཡང་དགོས་འབྲེལ་ཇི་ལྟར་བསྟན་ཚུལ་འགྲེལ་བ་དང་བཅས་ངོ་སྤྲོད་པར་བྱའོ།།

          ༡། ཐོག་མར་རྩོམ་ཡིག་གི་གྲུབ་རྒྱུ་སྐད་ཡིག་གི་ཕན་ནུས་བསྟན་པ་ནི།

།འདི་ན་ཀུན་ཏུ་མཆོག་རྣམས་ཀྱིས། །རྗེས་བསྟན་ལྷག་མ་རྣམས་ཀྱི་ཡང།

།ཚིག་རྣམས་ཉིད་ཀྱི་དྲིན་གྱིས་ནི། །འཇིག་རྟེན་ལུགས་ལ་འཇུག་པར་བྱེད། །ཅེས་པ་སྟེ། རྒྱ་གར་གྱི་ཡུལ་འདི་ན་སྒྲའི་བསྟན་བཅོས་ཆེན་པོ་དག་མཛད་པ་པོ་པཱ་ཎི་ལ་སོགས་པ་མཆོག་ཏུ་གྱུར་པའི་མཁས་དབང་རྣམས་ཀྱིས་རྗེས་རབས་པ་རྣམས་ཀྱི་ཆེད་དུ་བསྟན་པའི་ལེགས་སྦྱར་སོགས་ཀྱི་སྐད་དུ་བརྩམས་པའི་ལུགས་གཉིས་ཀྱི་བསྟན་བཅོས་རྣམས་དང། ལྷག་མ་མཁས་པ་གཞན་དག་གིས་ཀྱང་ཡུལ་མི་རང་བཞིན་པའི་སྐད་སོགས་ཀྱིས་བརྩམས་པའི་རིག་གནས་ཀྱི་བསྟན་བཅོས་ལ་སོགས་པའི་བརྡ་སྤྲོད་པའི་ཚིག་རྣམས་ཀྱི་དྲིན་ནམ་ནུས་པ་ལས། འཇིག་རྟེན་སྐྱེ་བོ་རྣམས་ལུགས་གཉིས་ཀྱི་སྐྱོན་ཡོན་བླང་དོར་ལ་མ་ནོར་བར་འཇུག་པར་བྱེད། ཅེས་བརྡ་སྤྲོད་སྐད་ཡིག་གི་ཕན་ནུས་སྤྱིར་བསྟན་པའོ།

          ད་དུང་ལྡོག་ཕྱོགས་ནས་སྐྱོན་བསྟན་ཏེ་ཕན་ནུས་ལྷག་པར་བསྟན་པ་ནི།

།གལ་ཏེ་སྒྲར་བོད་སྣང་བ་ཡིས། །འཁོར་བ་གསལ་བར་མ་བྱས་ན།

།འཇིག་རྟེན་གསུམ་པོ་མཐའ་དག་འདི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །ཅེས་པ་སྟེ། གལ་སྲིད་སྒྲ་རིག་པ་ཞེས་འབོད་པའི་བསྟན་བཅོས་ཀྱི་(གཟུགས་ཅན)འོད་སྣང་ཆེན་པོ་འདིས། འཁོར་བའམ་སྐྱེ་བོ་རྣམས་ལ་སྡེ་བཞི་ལ་སོགས་པའི་དོན་གསལ་བའམ་ཤེས་སུ་མ་བཅུག་ན། ལྷ་ཀླུ་མི་དང་བཅས་པའི་འཇིག་རྟེན་གྱི་ཁམས་གསུམ་པོ་མཐའ་དག་འདི་ཉིད། ཉི་ཟླ་སྐར་གསུམ་དང་བྲལ་བའི་སྨག་རུམ་མུན་པ་ཆེན་པོའི་ཞིང་ཁམས་ཤིག་ཏུ་འགྱུར་བའོ་ཞེས་བརྡ་སྤྲོད་པ་དང༌། དེས་བསྟན་པའི་བསྟན་བཅོས་དག་མེད་ན་མི་རྣམས་བླང་དོར་གྱི་གནས་ཅི་ཡང་མི་ཤེས་པའི་དུད་འགྲོ་དང་མཚུངས་པར་བསྟན་ནོ།(སྦྱར་གཟུགས)

          འདིས་སྒྲའམ་བསྟན་བཅོས་དག་གི་དགོས་པ་ལྡོག་ཕྱོགས་ནས་བསྟན་པའང་ཡིན་ཏེ། གལ་ཏེ་མིའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་སྒྲ་རིག་པའི་འོད་སྣང་ཡོད་ཚེ་འཇིག་རྟེན་ཀུན་ཡང་འོད་གསལ་གྱིས་ཁྱབ་པའི་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཡིན་པ་ལྡོག་ཕྱོགས་ནས་གོ་བར་བྱས་སོ།།

      འདིའི་དཔྱིས་ཕྱིན་པ་བརྡ་སྤྲོད་གཞུང་ལུགས་དག་ལ་སྦྱངས་དགོས་པ་སྟེ། 

༼མཁས་འཇུག་ཏུ། དེ་་ལྟར་ཐོག་མའི་ངག་རྣམས་བཤད་ནས་བསྟན་བཅོས་ཀྱི་ལུས་རྩོམ་པ་ན་སྒྲའི་རྒྱུ་ཡི་གེ་དང༌། མིང་དང་ཚིག་གི་ཚོགས་གསུམ་བཤད་དོ།  ཞེས་བརྡ་སྤྲོད་པའི་རྣམ་གཞག་སྐོར་གསུངས་སོ།།༽

 

          ༢། སྒྱུ་རྩལ་རྩོམ་རིག་གི་ཕན་ཡོན་དངོས་བསྟན་པ་ནི།

།སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ།

།དེ་དག་ཉེ་བར་མི་གནས་ཀྱང། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་པ་སྟེ། སྔོན་གྱི་རྒྱལ་པོ་རཱ་མ་ཎ་སོགས་སྒྱུ་རྩལ་དང་མཐུ་སྟོབས་དང་ཡོན་ཏན་འགྲན་ཟླ་མེད་པའི་སྙན་པའི་གྲགས་པའི་(གཟུགས་ཅན)གཟུགས་བརྙན་གང་དེ་ཡང།། སྒྱུ་རྩལ་ཀྱི་ངག་གི་རང་བཞིན་སྙན་ངག་གི་(གཟུགས་ཅན་)མེ་ལོང་ནང་ལ་གསལ་བར་འཆར་བར་བྱས་པས། ད་ལྟ་དེ་དག་ཀུན་ང་ཚོ་དང་ཉེ་བར་མི་གནས་པར་དུས་ཀྱིས་བསྐལ་བར་གྱུར་ན་ཡང། རྒྱལ་པོ་དེ་དག་རང་ཉིད་མ་ཤི་གསོན་པོ་ཇི་བཞིན་ཉམས་པ་མེད་པར་ང་ཚོས་རྩོམ་རིག་གི་མེ་ལོང་ལས་མཐོང་ཐུབ་པའི་ངོ་མཚར་བའི་ཚུལ་འདིར་ལྟོས་དང། ཞེས་དམིགས་བསལ་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་སྣང་བརྙན་ལ་བསྔགས་ཏེ་སྒྱུ་རྩོམ་གྱི་གལ་ཆེའི་རང་བཞིན་བསྟན་པའོ།།

          ༣། རྩོམ་མཁན་དང་བརྩམས་ཆོས་ཀྱི་དགེ་སྐྱོན།

།མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་འདོད་འཇོའི་བ་རུ་བཤད།

།དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་བརྗོད་བྱེད། །ཅེས་པ་སྟེ། ཤེས་བྱ་ཡོན་ཏན་དང་འཚོ་བའི་ཉམས་མྱོང་གིས་ཕྱུག་པའི་ངག་གི་དབང་ཕྱུག་ཐོབ་པའི་མཁས་པ་དག་གིས། བརྗོད་བྱའི་དོན་ལ་མ་ནོར་བར་ལེགས་པར་དཔྱད་ཅིང་རྗོད་བྱེད་ཚིག་དག་ཀྱང་བརྡ་སྤྲོད་པའི་གཞུང་དང་སྙན་ངག་གི་བསྟན་བཅོས་དག་གི་ལུགས་བཞིན་ཡང་དག་པར་རབ་ཏུ་སྦྱར་བ་སྟེ་སྐྱོན་བཅུ་སོགས་དང་བྲལ་བའི་རྣ་བར་སྙན་ཞིང་ཡིད་འཕྲོག་པར་བརྩམས་པའི་ངག་གང་ཡིན་པ་དེ་དག་ནི། ཀློག་པ་པོ་རྣམས་ཀྱི་འདོད་པ་ཡོངས་སུ་ཚིམ་བྱེད་དུ་འགྱུར་པས་ཁོང་ཚོས་བརྩམས་ཆོས་དེ་ལ་(གཟུགས་ཅན)འདོད་འཇོའི་བ་ཞེས་བསྔགས་པར་བྱེད། ཅེས་པ་འདིས་རྩོམ་པ་པོ་དང་བརྩམས་ཆོས་གཉི་གའི་དགེ་མཚན་ནམ་ཡོན་ཏན་བསྟན། གལ་ཏེ་དོན་དང་ཚིག་རྣམས་དེ་ལྟར་སྦྱོར་མ་ཤེས་པར་ལོག་པར་བརྩམས་ན་རྩོམ་མཁན་རང་ཉིད་ལ་དེ་ནི་(གཟུགས་ཅན)བ་ལང་ཉིད་དོ་ཞེས་སྨད་པར་འགྱུར་རོ། ཞེས་རྩོམ་མཁན་བླུན་རྨོངས་དང་དེའི་རྩོམ་ཡིག་གཉི་གའི་སྐྱོན་བསྟན། དེ་ལྟར་རྩོམ་པ་པོ་དང་བརྩམས་ཆོས་ཚད་ལྡན་ཡིན་མིན་གྱི་ཁྱད་པར་བསྟན་ནས། མདོ་དོནསྙན་ངག་གིས་སྙན་ངག་པའི་མཚན་སྙན་རྒྱས་ཤིང་ཀུན་ལ་ཕན་པའི་དགོས་པ་བསྟན།

          ༤། རྩོམ་འབྲི་སྐབས་སྐྱོན་ཆུང་ངུར་ཡང་གཟབ་དགོས་ཚུལ།

།དེ་ཕྱིར་སྙན་ངག་དག་ལ་སྐྱོན། །ཆུང་བར་གྱུར་ཀྱང་ཅི་ཞིག་ལྟར།

།བཏང་སྙོམས་མི་བྱ་ལུས་མཛེས་ཀྱང། །སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར། །ཅེས་པ་སྟེ། རྩོམ་པ་བཟང་ངན་ལས་བསྟོད་སྨད་ཀྱི་ཁྱད་པར་དེ་འདྲ་ཆེན་པོ་འབྱུང་བ་དེའི་ཕྱིར། སྙན་ངག་གམ་རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་ན་ཡང། དེ་དག་ལ་དག་ཆ་དང་ཚིག་གི་སྡེབ་སྦྱོར་སོགས་ཚིག་སྐྱོན་ཆུང་ངུ་རེ་བྱུང་ན་སྐྱོན་ཅི་ཡོད་ཅེས་སྣང་མེད་བྱེད་མི་འོས་ཏེ། དཔེར་ན། སྐྱེས་བུ་གང་ཞིག་གི་ལུས་ལང་ཚོ་མཛེས་ན་ཡང། སྐད་ཆ་བཤད་སྟངས་སམ་རྣམ་འགྱུར་སྟོན་སྟངས་མི་འོས་པ་ཞིག་གམ། ཡང་ན་གདོང་པ་སོགས་ལ་མི་གཙང་བ་ཞིག་འགོས་པའམ་རྒྱན་གོས་ར་མ་ལུག་ལྟ་བུ་སོགས་སྐྱོན་ཅུང་ཟད་རེ་བྱུང་ན་ཡང་མི་ཚོགས་མང་པོའི་ཁྲོད་དུ་འཕྱ་སྨོད་སོགས་ཀྱིས་སྐལ་ངན་སྟེ་བསྟོད་པའི་ལྡོག་ཕྱོགས་ཀྱི་ངོ་ཚ་བའི་གནས་སུ་འགྱུར་བ་བཞིན་ནོ། (འོས་པའི་དོན་གཞན་བཀོད་པ)ཞེས་རྩོམ་པའི་སྐྱོན་སྤོང་ཚུལ་ལ་གདམས་པའོ།

འདིར་རྩོམ་པ་ལ་སྐྱོན་ཆུང་ངུ་ཞིག་གིས་ཀྱང་མ་རེག་པར་ཧ་ཅང་གཟབ་དགོས་པར་བསྟན་པ་འདི་ནི་ཁ་སང་དེ་རིང་གི་རྩོམ་འབྲི་བ་ཚོས་ལྷག་པར་བསླབ་བྱར་བླང་བར་རིགས་སོ།།

          ༥། རྩོམ་རིག་གི་རྣམ་གཞག་མི་ཤེས་པའི་སྐྱོན་བསྟན་པ།

།སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ།

།གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །ལོང་པ་དག་ལ་ཡོད་དམ་ཅི། །ཞེས་པ་སྟེ། འོ་ན་དེ་འདྲའི་སྐྱོན་བྲལ་ཡོན་ཏན་འབའ་ཞིག་དང་ལྡན་པ་ཞིག་རང་གིས་ཇི་ལྟར་རྩོམ་ནུས་པ་དང། རྩོམ་རིག་གི་དཔྱད་བརྗོད་ཇི་ལྟར་བྱ་ནུས་ཤེ་ན། གོང་དུ་བཤད་པ་ལྟར་མི་རྣམས་མཁས་པ་སྔོན་མ་སྔོན་མ་དག་གིས་ཡང་དག་པར་བསྟན་པའི་བསྟན་བཅོས་སོགས་ལ་བརྟེན་ནས་འཇིག་རྟེན་གྱི་བྱ་བ་ཚང་མར་འཇུག་ལྡོག་བྱེད་པ་བཞིན། འདིར་ལྷག་པར་ཡང། རྩོམ་པ་ལ་འཇུག་མཁན་སོགས་ཀྱི་སྐྱེ་བོ་དག་གིས་སྙན་ངག་གི་བསྟན་བཅོས་སོགས་ལ་མ་སྦྱངས་པར་རྩོམ་རིག་གི་ལེགས་ཉེས་འབྱེད་པའི་ནུས་པ་ཅི་ཡང་མེད་པ་ནི། དཔེར་ན། གཟུགས་ལ་དམིགས་ནས་མཛེས་མིན་དཔྱོད་པའི་སྐབས་སུ་མིག་ལོང་པ་དག་ལ་སྨྲ་བའི་སྐལ་བ་ཡོད་དམ་ཅི་སྟེ་མེད་པ་བཞིན་ནོ། ༼འོས་པའི་དོན་གཞན་བཀོད་པ)ཞེས་སྙན་ངག་གི་བསྟན་བཅོས་མ་ཤེས་པའི་སྐྱོན་བསྟན་ཏེ་སློབ་དགོས་པར་གདམས།

          ༦། སྙན་ངག་གི་གཞུང་རྩོམ་པའི་ཉིང་དགོས་བསྟན་པ།

།དེ་ཕྱིར་མཁས་པས་སྐྱེ་དགུ་རྣམས། །བྱེ་བྲག་རྟོགས་ལ་མངོན་དགོངས་ནས།

།རྣམ་བཀྲ་ལམ་ལྡན་ཚིག་རྣམས་ཀྱི། །བྱ་བའི་ཆོ་ག་ངེས་པར་སྦྱར། །ཅེས་པ་སྟེ། རྩོམ་པའི་སྐྱོན་ཡོན་གྱི་བླང་དོར་རྣམས་བསྟན་བཅོས་ལས་ཤེས་དགོས་པ་དེའི་ཕྱིར། སྙན་ངག་པའམ་རྩོམ་པ་པོ་མཁས་པ་དག་གིས་སྤྱིར་མི་རྣམས་ཀྱིས་རིག་པའི་གནས་བྱེ་བྲག་པ་གང་དག་ཇི་བཞིན་རྟོགས་པར་བྱ་བ་དང། ལྷག་པར་སྐབས་དོན་སྙན་ངག་དག་གི་ལེགས་ཉེས་དག་ལས་སླ་བོར་ཤེས་ཕྱིར་དགོངས་ཏེ། སྒྱུ་རྩལ་གྱི་རྣམ་པ་རབ་ཏུ་བཀྲ་བའི་ཚིག་གི་རྒྱན་སོགས་རྩོམ་པ་ལ་འཇུག་པའི་བྱ་བའི་ཆོ་ག་རྣམས་ཀྱང་ངེས་པར་སྦྱར་བའམ་བརྩམས་པ་ལགས་སོ། དེ་བཞིན་དུ་སྙན་དངགས་ཀྱི་བསྟན་བཅོས་ཆེན་མོ་དཔག་བསམ་འཁྲི་ཤིང་ལས་ཀྱང༌།

མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན།

།མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་འདྲ། ཞེས་གསུངས་པ་བཞིན་དུ། སྙན་ངག་གི་བསྟན་བཅོས་རྣམས་ཀྱང་མི་རྣམས་ཀྱི་བློ་གྲོས་རྒྱས་པའི་འཚོ་བ་དོན་ཡོད་བྱ་ཕྱིར་ཡིན་པ་ནི་སྔོན་གྱི་རྒྱ་གར་སྙན་ངག་པ་རྣམ་པའི་དགོངས་དོན་གྱི་ཉིང་དགོས་ཉིད་ལགས་སོ།

          གཞན་ཡང༌། མདོ་ལས། དམ་པའི་ཆོས་གསལ་བར་བྱ་བའི་སྙན་ངག་བྱ་འོ། དཀོན་མཆོག་གསུམ་ལ་བསྟོད་པ་བྱའོ། དེ་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། ཞེས་གསུངས་པ་ནི་སྟོན་པའི་རྗེས་འཇུག་གི་སྙན་ངག་པ་རྣམས་ཀྱི་རྩོམ་འབྲིའི་ཉིང་དགོས་ཡིན་ངེས་ལ། འཚོ་བ་དོན་ཡོད་བྱ་བའི་ནང་གི་བླ་ན་མེད་པའི་མཛེས་དཔྱོད་ཕུགས་འདུན་ཡང་ཡིན་ཆོག

          འོ་ན། གཞུང་འདིའི་བརྗོད་བྱ་ནི། སྙན་ངག་གམ་རྩོམ་རིག དགོས་པ་ནི་སྙན་ངག་ཇི་ལྟར་རྩོམ་པའིཚུལ་ཤེས་པ། ཉིང་དགོས་ནི་རྩོམ་རིག་གིས་སྐྱེ་དགུ་རྣམས་ཀྱིས་བྱེ་བྲག་གི་ཤེས་བྱ་སྣ་ཚོགས་རྟོགས་ཤིང་འཚོ་བ་དོན་དང་ལྡན་ཕྱིར། ཉིང་དགོས་འདི་དགོས་པ་ལ་རག་ལས་ཤིང༌། དགོས་པ་ཡང་བརྗོད་བྱ་ལ་རག་ལས་ཚུལ་ནི་འབྲེལ་བའོ། ཡང་ན། གཞུང་འདི་ཉིད་དང༌། དེ་མཛད་པ་པོ། འདི་ལ་སློབ་གཉེར་བྱེད་མཁན་དག་གི་བར་ན་དགེ་རྒན་དང་སློབ་དེབ། སློབ་མ་བཅས་ཀྱི་འབྲེལ་བ་ཡོད་པར་ཡང་གོ་ལོས་ཆོག་སྙམ་སྟེ་གསར་བཤད་དོ།

          དེ་ལྟར་དགོས་སོགས་ཆོས་བཞི་འགོད་པའི་རྒྱུ་མཚན་གཞན་ནི། བསྟན་བཅོས་འདིའི་བརྗོད་བྱ་ཅི། དགོས་པ་གང། དེ་སྒྲུབ་ཐབས་ཇི་ལྟར་སྙམ་པའི་ཐེ་ཚོམ་དག་ཐོག་མ་ནས་སེལ་བའམ་དེ་ལྟར་ཡིན་ནམ་སྙམ་ནས་འཇུག་འདོད་ཀྱི་དོགས་སློང་སྐྱེད་པ་བཅས་སོ།།

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php