ལེའུ་ལྔ་བ།

སྙན་ངག་གི་རྒྱན་ནམ་སྒྱུ་རྩལ་མཚོན་ཐབས་བཤད་པ།

 

 

 རྒྱན་གྱི་གོ་དོན།

          །སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས།

སྙན་ངག་སྟེ་བཅད་ལྷུག་སྤེལ་མའི་ལུས་གང་རུང་གི་སྒྱུ་རྩལ་རྩོམ་ལུས་གང་དག མཛེས་པར་བྱེད་པ་སྟེ་རྩོམ་རིག་ཏུ་འགྲུབ་བྱེད་ཀྱི་སྐད་ཆའི་སྒྱུ་རྩལ་གྱིས་གཙོས་བརྗོད་བྱ་ཇི་ལྟར་མཚོན་ཚུལ་གྱི་རྩོམ་པའི་ཐབས་རྩལ་གྱི་ཆོས་ཡོད་དོ་ཅོག་ལ་རྒྱན་ཞེས་སྙན་ངག་མཁས་པ་རྣམས་རབ་ཏུ་བརྗོད། ཅེས་སོ། དེས་ན་ཚིག་གི་རྒྱན་ཙམ་ལ་གོ་བ་ཧ་ཅང་གུ་དོག་པའོ། 

   ཚིག་གང་ཞིག་སྙན་ངག་ཏུ་འགྲུབ་པར་བྱེད་པའི་མཛེས་ཆོས་མཐའ་དག་སྙན་ངག་གི་རྒྱན་ཡིན་པ་བསྟན་ཡོད་པས། སྐབས་འདིའི་རྒྱན་ཞེས་པ་ནི་སྙན་ངག་གི་མཛེས་པ་སྟེ། མཛེས་པ་ཡིན་ན་རྒྱན་དུ་འགྱུར་ལ་རྒྱན་ཡིན་ན་མཛེས་ཆོས་ཀྱང་ལྡན་དགོས་པ་ཡིན་པས། སྙན་ངག་གི་མཛེས་རྒྱན་ཡིན་ན་སྙན་ངག་ཉིད་ལས་ལོགས་སུ་མཛེས་རྒྱན་ཞིག་དགར་དུ་མེད་ལ། དེ་བས་སྙན་ངག་གི་ལུས་དང་རྒྱན་ཡང་ལོགས་སུ་དབྱེ་རུ་མེད། རྒྱན་གྱིས་གྲུབ་པའི་ལུས་ཏེ། མེ་ཏོག་དང་རྨ་བྱ་བཞིན་ནོ། 

     སྙན་ངག་གི་རྒྱན་ནི་སྐད་ཆའི་སྒྱུ་རྩལ་དང་མཚོན་ཐབས་གཉིས་ལ་གོ་དགོས་ལ། འདི་གཉིས་དང་བྲལ་ན་སྙན་ངག་མི་ཟེར། ཡང་ན་སྙན་ངག་ཏུ་མི་འགྱུར། སྙན་ངག་གི་ནང་དོན་ནི་རྩོམ་པ་པོའི་བསམ་བློའམ་བརྗོད་གཞི་གང་ཞིག་ཡིན་ན་ཡང་། སྙན་ངག་ལ་ངེས་པར་དུ་ཉམས་འགྱུར་ཕུན་སུམ་ཚོགས་པ་ཞིག་ལྡན་དགོས། དེ་ནི་སྐད་ཆའི་སྒྱུ་རྩལ་དང་མཚོན་ཐབས་སྒྱུ་རྩལ་གྱིས་གྲུབ་པ་ཞིག་ཡིན། དེ་བས་ན་སྙན་ངག་གི་ཉམས་འགྱུར་ནི་སྙན་ངག་གི་ཡོན་ཏན་ཡིན་ལ་མཛེས་སྡུག་ཀྱང་ཡིན། དེས་ན། སྒྱུ་རྩལ་རང་བཞིན་གྱི་སྐད་ཆ་དང་མཚོན་ཐབས་ཀྱིས་བཞེངས་པའི་ཉམས་འགྱུར་གྱིས་ཕྱུག་པ་དེ་སྒྱུ་རྩལ་རྩོམ་ཡིག་ཡིན་ལ། སྙན་དངགས་ནི་དེའི་ཚད་གཞི་མཐོ་ཤོས་ཀྱི་རྩོམ་ལུས་རིགས་ཤིག་ཡིན་པར་བདག་འདོད་དོ།།

 

སྙན་དངགས་ཀྱི་ཉམས་ཇི་ལྟར་འདོན་པའི་རྩ་དོན།

 

ས་པཎ་གྱི་མཁས་འཇུག་ལས།

"།རང་བཞིན་ཡོན་ཏན་ལས་རྣམས་ལ། །ངོ་བོ་བསྟོད་སྨད་བརྗོད་པའི་ཚུལ།

།དྲང་པོ་ཟུར་མིག་ཚིག་དང་དོན། །དངོས་ཤུགས་དཔེ་ཡི་སྒོ་ནས་དེ།

།སྒྲོ་བཏགས་ནས་ནི་ཚིག་གི་རྒྱན། །ཉམས་དགུའི་རོ་དང་སྦྱར་ཏེ་སྤེལ།

          རང་བཞིན་ནི་གང་ཟག་ལ་སོགས་པའི་ངོ་བོ་བརྗོད་པ་ཙམ། ཡོན་ཏན་ནི་ལུས་མཛེས་པ་དང༌། སེམས་དགའ་བ་ལ་སོགས་པ། ལས་ནི་འགྲོ་འོང་དང་སྨྲ་བ་ལ་སོགས་པའི་བྱ་བ། ངོ་བོའི་གནས་ལུགས་དང༌། སྐྱོན་ཡོན་ལ་བསྟོད་སྨད་དང༌། ངོ་བོ་བསྟོད་སྨད་ལ་སོགས་པ་བརྗོད་པའི་ཚུལ་ཇི་ལྟ་བུ་ཞེ་ན། དངོས་སུ་གནས་ལུགས་བརྗོད་པ་དྲང་པོའོ། དངོས་སུ་གཞན་བརྗོད་པའི་ཤུགས་ལས་གཞན་གོ་བ་ཟུར་མིག ཚིག་དོན་གཉིས་ཀ་དངོས་སུ་གོ་བ་དང་དཔེར་ན་ང་ལྟ་བུའི་མཁས་པ་གཞན་ན་མེད་ཅེས་དྲང་པོར་བརྗོད་པ་ལྟ་བུའོ། ཚིག་དང་དོན་གཉིས་ཀ་ཤུགས་ལས་གོ་བ་དཔེར་ན། རྒྱ་མཚོ་དང་མེ་ཏོག་གིས། ངང་པ་དང་བུང་བ་ལ་ཁྱེད་ཕྱོགས་ཀུན་མཐོང་བ་ཡིན་པས། ང་བས་ཆུ་ཆེ་བའམ། མེ་ཏོག་དྲི་ཞིམ་པ་ཅང་མཐོང་ངམ། ཞེས་དངོས་སམ་འཕྲིན་དུ་བརྗོད་པས། ཕྱོགས་ཀུན་ཏུ་འགྲོ་བའི་སྐྱེས་བུ་དག་གིས་ང་ལྟ་བུའི་མཁས་པ་མཐོང་ངམ་ཞེས་ཤུགས་ལས་སྟོན་པ་ལྟ་བུའོ།

          དཔེ་དྲང་པོ་དང་ཟུར་མིག་ལ་སོགས་པའི་སྒོ་ནས་ཡི་གེ་དང་རྒྱན་བཟང་པོས་སྒྲོ་བཏགས་ཏེ། རོལ་སྒེག་དང་བཅས་པའི་སྙན་ངག་ཉམས་དགུ་དང་སྦྱར་ལ་བརྩམ་མོ།།"  ཞེས་གསུངས་པ་སྟེ། དཔེ་འཇོག་གི་རྒྱན་དང༌། རང་བཞིན་དྲང་པོར་བརྗོད་པའི་རྒྱན། གཞན་ཡང་ཟུར་མིག་གི་རང་བཞིན་ལྟ་བུའི་འཁྱོག་པོར་བརྗོད་ཚུལ་ཇི་སྙེད་དང༌། འཇམ་རྩུབ་དང་སྒྲ་མཐུན་གྱི་ཡི་གེའི་སྦྱོར་བས་རྟོག་བཟོ་སྒྲོ་འདོགས་སྣ་ཚོགས་པའི་ཚིག་གི་རྒྱན་ཕུན་སུམ་ཚོགས་པས་རོལ་ཅིང་སྒེག་པའི་ལང་ཚོའི་ཉམས་འགྱུར་ལྟ་བུ་སྙན་ངག་གི་ཉམས་དགུ་དང་སྦྱར་ནས་བརྩམ་པར་བྱ་དགོས་པ་སྟེ། སྙན་དངགས་ཀྱི་རོའམ་མཛེས་པ་ནི་ཉམས་འགྱུར་ལ་རག་ལས་པས་སོ། །དེ་བས་ན་ཐོག་མར་ཉམས་འགྱུར་གྱི་རྒྱན་ཉིད་འཆད་པ་ལེགས་སོ།།

 

གཅིག༽ཉམས་ལྡན་གྱི་རྒྱན།

ཀ༽གོ་དོན།

ཡིད་འགྱུར་ཚོར་འདུ་གང་ཞིག་རབ་རྒྱས་ཏེ། །སེམས་འཁྲུགས་ལུས་ངག་དག་ལ་ཤར་བ་ཉམས།

དེ་ཉིད་སླར་ཡང་སྙན་པའི་ཚིག་ཕྲེང་གི །རི་མོར་བཀོད་པ་ཡིད་འོང་ཉམས་ལྡན་རྒྱན།

     དེ་ཡང་མེ་ལོང་མར། ཉམས་ལྡན་ཡིད་འོང་ཉམས་དང་ལྡན། ཞེས་གསུངས་པའི་དོན་ནོ།

ཁ༽ཉམས་ལྡན་གྱི་དབྱེ་བ།

          སྤྱིར་ན་ལུས་ངག་ཡིད་གསུམ་གྱི་ཉམས་འགྱུར་གསུམ་དང༌། དེ་དག་ལའང་ཕྲ་རགས་སྣ་ཚོགས་ཤིག་ཡོད་པས་ཞིབ་པར་དབྱེ་དཀའ་ལ། ལྷག་པར་ཡིད་འགྱུར་འགའ་ཞིག་ལུས་ངག་གིས་ཀྱང་མཚོན་དུ་མེད་པས་ཚིག་གིས་ཀྱང་མཚོན་དཀའ། ཡིན་ཡང་མེ་ལོང་མར། འདིར་ནི་ཉམས་བརྒྱད་དབང་བྱས་ཏེ། ཚིག་རྣམས་ཉམས་དང་ལྡན་པར་བཤད།  ཅེས་པ་སྟེ། དགའ་དང་དགོད་བྲོ་མྱ་ངན་དང། །ཁྲོ་དང་སྤྲོ་བ་དེ་བཞིན་འཇིགས། །སྐྱུགས་བྲོ་ངོ་མཚར་ཞེས་དེ་རྣམས། །གནས་བྱེད་འགྱུར་བར་རབ་ཏུ་བསྒྲགས། ཞེས་ཡིད་ཀྱི་ཚོར་བ་རགས་པ་བརྒྱད་པོ་དེ་དག་ཤུགས་ཆེར་རྒྱས་པ་ལས་ལུས་དང་ངག་ལའང་ངང་ངམ་ཤུགས་ཀྱིས་རྣམ་འགྱུར་མི་འདྲ་བ་རགས་པ་བརྒྱད་མངོན་ཚུལ་ལ།

          སྒེག་དང་དགོད་དང་སྙིང་རྗེ་དང། །དྲག་པོ་དཔའ་བ་འཇིགས་བྱེད་དང། །མི་སྡུག་རྨད་བྱུང་མིང་ཅན་ཞེས། །བརྒྱད་རྣམས་གར་གྱི་ཉམས་སུ་བཤད། ཅེས་གསུངས་པ་བཞིན་དུ་གནའ་སྔོན་མར་རྒྱ་གར་གྱི་མཁས་པ་རྣམ་པས་ཟློས་གར་འཁྲབ་སྟོན་སྐབས་ཀྱི་སྒོ་གསུམ་གྱི་ཉམས་འགྱུར་རགས་པ་བརྒྱད་དང༌། དེའི་ཐོག་ལ་ཞི་བ་དང་མཉེས་གཤིན་གྱི་ཉམས་བཅས་བཅུ་རུ་འདོད་ཚུལ་སོགས་ཡོད་པ་གཞིར་བཅས་འདིར་དེང་དུས་སྤྱི་སྲོལ་བཞིན་དུ་ཉམས་རགས་པ་འགའ་ཞིག་བརྗོད་པར་བྱའོ།།

      ཉམས་འགྱུར་དེ་དག་ཚིག་གིས་ཇི་བཞིན་མཚོན་པའི་རྒྱན་ནི་སྙན་ངག་གི་ཉམས་ཀྱང་ཡིན་པས། ཉམས་ལྡན་གྱི་རྒྱན་ཞེས་འདོད་དོ།།

༡། སྒེག་ཉམས་ཀྱི་རྒྱན།

"།སྒེག་པ་ལུས་ངག་ཆ་ལུགས་དང༌། །ཡུལ་སོགས་མཛེས་པའི་ཁྱད་པར་ཡིན།

          སྒེག་པ་ནི་མཛེས་ཤིང་ཡིད་འཕྲོག་པའི་ཆ་ལུགས་སོ། །དེའང་སོ་སོར་ཕྱེ་ན། ནང་གི་སྒེག་པ་ལུས་ངག་གི་རྣམ་འགྱུར་མཛེས་པའི་ཁྱད་པར་ཅན་ནོ། །ཕྱིག་སྒེག་པ་ཡུལ་ལ་སོགས་པ་ལས་འབྱུང་བ་སྟེ། གྲོང་དང༌། སྐྱེད་མོས་ཚལ་ལ་སོགས་པ་དང༌། མེ་ཏོག་དང༌། འབྲས་བུ་དང༌། ཆུ་དང༌། སྤྲིན་དང༌། རི་ཁྲོད་དང༌། སྨན་ལྗོངས་བདེ་བའི་ཐང་དང༌། བྱ་དང༌། རི་དྭགས་ལ་སོགས་པ་དང༌། རྒྱན་དང༌། གོས་དང༌། སོ་རྩི་དང༌། སྨུག་རྩི་ལ་སོགས་པའི་ལོངས་སྤྱོད་དང༌། སོས་ཀའི་རླུང་དང༌། ཉི་ཟླ་སྒྲོན་མེ་ལ་སོགས་པ་ལུས་སེམས་བདེ་ཞིང་ངོ་མཚར་བའི་སྒོ་ནས། དཔེ་དོན་འབྱོར་ཞིང་ངོ་མཚར་བསྐྱེད་པའི་ཚིག་གིས་སྒེག་པ་བསྔགས་སོ།།"

          དགའ་ཚོར་ཆེན་པོ་སྐྱེས་པའི་ལུས་ངག་གི་ཉམས་འགྱུར་སྣ་ཚོགས་ལ་འདིར་སྒེག་པའི་ཉམས་ཞེས་བརྗོད་ཅིང༌། དེ་ཉིད་ཚིག་གིས་མཚོན་པའི་རོ་ཉམས་དང་ལྡན་པ་ཞིག་ལ་སྒེག་ཉམས་ཀྱི་རྒྱན་ཞེས་ཟེར། དཔེར་ན། མེ་ལོང་མའི་དཔེ་བརྗོད་དེ་ཅུང་གསལ་དུ་བཏང་ན།

          ཤི་བ་ཞེས་བྱའི་མི་འདོད་འཇིགས་རུང་འཇིག་རྟེན་ཕ་རོལ་དེ་རུ་ཡང༌། དགའ་མ་གང་དང་ལྷན་འགྲོགས་སླད་དུ་བདག་ནི་མྱུར་དུ་འཆི་བར་འདོད། འོན་ཀྱང་ཡིད་འཕྲོག་སྲོག་གི་དུམ་བུ་ཨ་བན་ཏི་ཁྱོད་བདག་གིས་ནི། ཕྱི་མའི་ཡུལ་ལ་བཙལ་དགོས་མ་བྱུང་ཚེ་འདིར་གློ་བུར་ཐོབ་འདི་ཅི།། ཅེས་པ་ལྟ་བུ།

          གཞན་ཡང་ནོར་བཟང་གི་རྣམ་ཐར་ལས། ནོར་བཟང་གིས། ཨ་བས་ཉི་མ་ཤར་བ་གཅིག་ལ་དེ་རིང་ལས་དྲོ་བ། གནས་མཆོག་མཐོང་བ་གཅིག་ལ་ཞིང་ཁམས་འདི་སྐྱིད་བྱུང།། ནོར་བཟང་ཡོང་བའི་ཡོང་གོ་ཆོད་པ་རུ་བྱུང་སོང།། འདི་འདྲ་ཡིད་འཕྲོག་ལྷ་མོའི་བཞུགས་གནས་འདྲ་ལོས་ཡིན། །ཞེས་པའི་ལན་དུ་ཡིད་འཕྲོག་མས། གཏམ་གཅིག་ཐོས་པ་གཅིག་ལ་དེ་རིང་ལས་སྙན་པ། སྒ྄ུགས་སུ་སྒ྄ུག་པའི་རྒྱལ་པོ་གནས་མཆོག་འདི་རུ་ཕེབས་བྱུང།། ལྷང་ལྷང་སྙན་པའི་གསུང་དབྱངས་བུ་མོའི་རྣ་བས་ཚོར་བྱུང།། ང་ལ་དར་དཀར་ཡོལ་བའི་སྒྲིབ་གཡོགས་འདི་སྲོངས་དང།། ཞེས་པ་ལྟ་བུའོ།

          སྒེག་ཉམས་འདིའི་ཉམས་དང་འགྱུར་བ་ནི། འགྲེལ་བ་འདོད་འཇོར། སྐྱེས་པ་བུད་མེད་བུད་མེད་ལ། སྐྱེས་ལྡན་སོ་སོར་དགའ་བ་གང།། དེ་ནི་སྒེག་པ་ཞེས་གྲགས་ཏེ། དགའ་མར་བརྩེ་བ་སོགས་ཀྱི་རྒྱུ། ཞེས་དང།། ཡིད་ཉམས་རིག་བྱེད་རྗེས་ཤེས་སོ། ཞེས་རྫོགས་པར་ལོངས་སྤྱོད་པ་རྟོག་པར་བྱེད་པའི་མངོན་ཚུལ་ནི་རྩེ་དགའ་ཞེས་བྱ་བའི་རྗེས་སུ་ཤེས་པ་སྟེ། དེ་ཡི་ལྟ་དང་རྫི་མ་སྐྱོད། འཛུམ་དང་རྣམ་པར་འཕྲུལ་པ་བཞི། སྣ་ཚོགས་ཡན་ལག་སྐྱོད་སྨྲ་སོགས། རྗེས་སུ་ཤེས་པར་རབ་ཏུ་གྲགས། ཞེས་གསུངས་པ་བཞིན། བརྩེ་དགའི་སྒེག་པའི་རོ་ཉམས་མངོན་དུ་གསལ་བར་བྱེད་པའི་རྣམ་འགྱུར་གྱི་གཟུགས་ཀྱི་ཁྱད་པར་རྣམ་པ་མང་པོ་དང་ལྡན་པས་ན་ཉམས་དང་ལྡན་པའི་ཚིག་གོ" ཞེས་སྐབས་འདིའི་སྒེག་ཉམས་ཞེས་པ་ནི་ཕོ་མོ་དགའ་བ་ལས་བྱུང་བའི་ཉམས་ཁོ་ནར་འདོད་མོད། རང་རེ་བོད་ལ་མཚོན་ན། དེ་ཙམ་མ་ཡིན་པའི་ཞི་བའམ་མཉེས་གཤིན་བཅས་པའི་དགའ་ཚོར་ཅི་རིགས་ལས་བྱུང་བའི་དགའ་ཉམས་དག་ཀྱང་སྒེག་ཉམས་སུ་འདོད་དགོས་ཏེ། ཚང་མ་དགའ་ཚོར་འཕེལ་བའི་རང་མདངས་ལུས་ངག་ལ་ཤར་བ་གཅིག་པ་ཡིན་པས་སོ། དཔེར་ན། རྣམ་ཐར་ལས།

སྙིང་དང་འདྲ་བའི་ནོར་བཟང་ཡིད་འཕྲོག་གཉིས། གེགས་མེད་དངོས་སུ་མཇལ་བས་ངོ་མཚར་ཆེ། ཡང་ཡང་སྙིང་ནས་དྲན་པའི་དུངས་སེམས་ཀྱིས། ལྷང་ལྷང་སྐད་ཀྱིས་འབོད་པའི་གསོལ་བ་བཏབ། བསམ་བསམ་སྨོན་པའི་དོན་དེ་དེ་རིང་གྲུབ། གསལ་གསལ་བདེ་སྐྱིད་ཉི་ཟླ་ཟུང་དུ་ཤར། མ་རྒན་སང་ཉིན་ཤི་རུང་ང་མི་འགྱོད།།

ཅེས་ནོར་བཟང་གི་ཡུམ་གྱིས་མ་བུ་གཉེན་བཅས་ལྷན་འཛོམས་བྱུང་བར་ངོ་མཚར་དང་བཅས་པའི་དགའ་བ་རབ་ཏུ་འཕེལ་བའི་ཉམས་ལྟ་བུ་སོགས་ཀྱང་ངོ།།

༢། སྐྱོ་ཉམས་ཀྱི་རྒྱན།

འདི་ནི་དགའ་བའི་ལྡོག་ཟླ་སྟེ། འགྱོད་གདུང་སོགས་སྐྱོ་སྣང་སྐྱེས་པའི་རང་གི་ལུས་ངག་གི་རྣམ་འགྱུར་དག་དང༌། ཡང་ན་གཞན་གྱི་སྡུག་བསྔལ་བའི་ངང་ཚུལ་མཐོང་ཐོས་དྲན་པས་གཞན་ལ་སྙིང་རྗེ་སྐྱེས་པའི་སྐྱོ་ཉམས་གཉིས་སུ་ཕྱེ་འོས་ཤིང༌། ངང་ཚུལ་དེ་རིགས་ཀྱི་བརྗོད་བྱའི་རོ་ཉམས་དང་ལྡན་པའི་ཚིག་ཅིག་གོ

དེ་ཡང༌། "སྐྱེས་པ་དང་བུད་མེད་ཀྱི་བརྩེ་དུང་ལས། བསླུ་བའམ་དུས་བཏབ་པའི་སར་མ་ཚོགས་པ་སོགས་ལས། ཡིད་ཀྱི་རྣམ་འགྱུར་དེ་གསལ་བར་བྱེད་པའི་རྟོགས་ཚུལ་ནི། ཇི་སྐད་དུ། བསླུ་བའི་རྗེས་སུ་ཤེས་པ་ནི། མངོན་པར་འདོད་དང་དེ་བཞིན་སེམས། དཻ་དྲན་པ་དང་སྒྲོགས་པར་བྱེད། སྐྱོ་དང་འཆལ་བར་སྨྲ་བ་དང།། སྨྱོ་བ་དང་ནི་གཟིར་བ་ཉིད། བླུན་པོ་ཉིད་དང་འཆི་བ་སྟེ། དྲན་པའི་བདག་ཉིད་གནས་སྐབས་བཅུ། །" ཞེས་གསུངས་པ་ལྟར་ན། མེ་ལོང་མར།

ད་ནི་མཚན་མོ་འདི་དག་རྣམས།

བདག་གི་དབུགས་དང་ལྷན་ཅིག་རིང༌།

ཟླ་བའི་རྒྱན་ལྡན་མ་འདི་ཡང༌།

བདག་ལུས་ཉིད་དང་ལྷན་ཅིག་སྐྱ། ཞེས་དགའ་མ་དང་བྲལ་བའི་འདོད་ལྡན་ཞིག་གིས་མཚན་མོ་མ་འཁྱོལ་བར་སྐྱོ་བའི་དབུགས་རིང་འབྱིན་པའི་གནས་སྐབས་གསལ་བའི་བྲལ་བ་དང་ཆགས་གདུང་གི་རོ་ཉམས་དང་ལྡན་ལྟ་བུ་དང༌། ཡང་ན་ནོར་བཟང་གི་རྣམ་ཐར་ནང་ཡིད་འཕྲོག་འཚོལ་སྐབས་སུ།

བུ་ཆུང་ནོར་བཟང་ང་ལ་མཆོག་སུམ་ཀུན་གྱི་ཐུགས་རྗེས། འཇིག་རྟེན་འདི་ན་དཀོན་པའི་མཛེས་མ་ཞིག་བྱུང་ཡང། གར་སྡོད་གར་འགྲོ་མི་ཤེས་རི་མགོ་འདི་རུ་སླེབས་བྱུང། འདི་ནས་ཕྱོགས་བཞི་ཀུན་ལ་བུ་མོའི་མིང་ནས་འབོད་དོ། ཡིད་འཕྲོག་གང་ན་ཡོད་ཀྱང་རི་མགོ་འདི་རུ་སླེབས་ཡོང། མཛེས་མ་སྙིང་དང་འདྲ་བས་ནོར་བཟང་ཕོད་པ་འདུག་གམ། རི་མགོའི་ཕྱོགས་བཞི་ཀུན་ལ་ཡིད་འཕྲོག་ཐེངས་གསུམ་འབོད་དོ། བུ་མོ་རྫུ་འཕྲུལ་ལྡན་ན་ང་ལ་ཨ་ལན་མཛོད་དང། བུ་ཆུང་ཅིག་པོར་བསྐྱུར་བ་ཡིད་འཕྲོག་ལྷ་མོས་ཕོད་དམ། ཞེསི་ང་པོའི་སྐད་ཀྱིས་ཕྱོགས་བཞི་ཀུན་ལ་བོས་པས་ལན་གང་ཡང་མ་བྱུང་བས། ནོར་བཟང་ངལ་བར་གྱུར་ནས་འདི་སྐད་དུ། ཕྱོགས་བཅུའི་རྒྱལ་སྲས་དང་སློབ་མ་བཅས། ནོར་བཟང་ཉེས་མེད་བདག་ལ་ཐུགས་རྗེས་གཟིགས། བདག་ཉིད་ཡིད་འཕྲོག་དྲན་པས་འོ་དོད་འབོད། ཕྱོགས་བཞི་ཀུན་ལ་ལྷང་ལྷང་སྐད་ཀྱིས་བོས། འབོད་ལན་བྱེད་མི་ང་ལ་མ་མཆིས་པས། ཚེ་འདིར་ཡིད་འཕྲོག་དེ་དང་མི་འཕྲད་ན། རི་མགོ་འདི་རུ་ནོར་བཟང་མྱུར་ཤི་ན། ཕྱི་མ་ཡིད་འཕྲོག་ཁོང་དང་མཇལ་བར་ཤོག འཕྲད་ནས་གཅིག་ངོ་གཅིག་གིས་ཟིན་པར་ཤོག།

ཅེས་ནོར་བཟང་གི་བརྩེ་ཞེན་གྱི་གདུང་བའི་ཉམས་དག་གསལ་བར་མཚོན་པ་འདི་ལྟ་བུ་སོགས་ཀྱང་ངོ༌།

གཞན་ཡང༌། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས། རྒྱལ་སྲིད་ཆོས་བཞིན་མི་སྐྱོང་རྒྱལ་པོའི་སྐྱོན། ཡབ་ཀྱིས་བདག་ལ་སྙིང་རྗེ་ཆུང་ལུགས་ལ། རིགས་ངན་གཤེད་མ་རྣམས་ཀྱི་ལག་ཏུ་གཏད། ཡན་ལག་ཚིགས་བཞི་རུས་པའི་མགོ་རྣམས་བརྡུངས། མགོ་ལུས་མེད་པར་ཚེར་མའི་ལྕག་གིས་བྲབས། རྟ་རྒོད་བཞིན་དུ་ཐག་པས་སྔ་ཕྱིར་ཁྲིད། དགྲ་བོ་བཞིན་དུ་གཤེད་མའི་ཚོགས་ཀྱིས་བསྐོར། དཔའ་བོས་དགྲ་བཞིན་ཚོགས་ཀྱི་ཁྲོམ་ལ་འདྲེན། མི་རོ་བཞིན་དུ་གོས་མེད་གཅེར་བུར་བྱས། དད་ལྡན་བཞིན་དུ་ཉིན་མོ་བསྐོར་བ་བྱས། བརྐུས་ནོར་བཞིན་དུ་མཚན་མོ་དོང་དུ་སྦས། ནག་ཅན་བཞིན་དུ་མཚོན་གྱི་ཆར་བ་ཕབ། བདག་གིས་མྱོང་བའི་སྡུག་བསྔལ་འདི་ལྟ་བུ། སེམས་ཅན་གཞན་གྱིས་མྱོང་བར་མ་གྱུར་ཅིག སྒྱུ་མའི་ནོར་གྱིས་བདག་ལ་དགོས་པ་མེད། ཡབ་ཀྱི་བཀའ་བཞིན་བདག་ཀྱང་འགྲོ་བར་བྱ། ཡབ་ཡུམ་ཐམས་ཅད་སྐུ་ཁམས་བཟང་བ་དང། འཁོར་འབངས་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཅེས་ལྟ་བུ་ནི་མནར་གཅོད་ཀྱི་སྡུག་བསྔལ་མ་བཟོད་པའི་སྐྱོ་གདུང་གི་རོ་ཉམས་ཆེས་ཆེར་ལྡན་ནོ།

ཨ་མའི་དྲི་མེད་ཀུན་ལྡན་དོན་གྲུབ་དཔལ། ཚེ་སྔོན་ལན་ཆགས་མངའ་བས་ཁོག་པའི་སྙིང། རང་སྙིང་བཏོན་ནས་འཇིགས་པའི་རི་ལ་སྤྱུགས། མ་ང་ཁོག་པའི་སྙིང་དང་དེ་རིང་བྲལ། ཚེ་འདིར་འགྲོ་བའི་ཉི་མ་ནུབ་ནས་སོང། ང་ཡིས་ཚེ་འདིའི་བློ་གཏད་སུ་ལ་བྱེད། ཡབ་གཅིག་བདུད་བློན་ནག་པོས་ཁ་ལོ་བསྒྱུར། མི་འདོད་འདི་འདྲའི་ལས་རིགས་བྱེད་དུ་བཅུག བྱང་སེམས་ལྡན་པའི་བུ་ཁྱོད་ད་བྱོན་ལ། སྐྱོ་བའི་སྡུག་བསྔལ་སྐད་ཅིག་མ་བྱེད་པར། མ་བུ་མཇལ་བའི་སྨོན་ལམ་རྒྱུན་པར་མཛོད། དབྱར་གསུམ་གཡུ་འབྲུག་སྔོན་མོའི་སྐད་ཅིག་འོངས། དེ་དུས་བུ་ཁྱོད་དྲན་པའི་གསལ་འདེབས་བྱེད། མ་ངས་བུ་ཁྱོད་ཟེར་ཞིང་ལན་གསུམ་འབོད། དྲི་མེད་ཀུན་ལྡན་ཟེར་ཞིང་ལན་གསུམ་འབོད། བུ་ཁྱོད་ཨ་མ་ཟེར་ཞིང་ལན་གསུམ་བོས། དགའ་ལྡན་བཟང་མོ་ཟེར་ཞིང་ལན་སུམ་བོས། དགུན་གསུམ་སྐྱི་སེར་རླུང་གི་སྐད་ཅིག་ཡོང། ཞེས་པ་དག་ནི་འབྲལ་བའི་གདུང་བས་མནར་བའི་སྐྱོ་ཉམས་སོ།

གཞན་ཡང༌།  ཚེ་སྔོན་དགྲ་བོ་བུ་རུ་བརྫུས་ནས་ནི། ནོར་བུ་དཔུང་ཇོམས་མེད་པར་གྱུར་བ་དེ། ཤར་བའི་ཉི་མ་དགོང་མོར་ནུབ་པ་ཡིན། ང་ཡི་རྒྱལ་སྲིད་རླུང་ལ་བསྐུར་ནས་སོང། ཀྱེ་མ་ཀྱེ་ཧུད་བྱ་བ་འདི་ལ་ལྟོས། །ཞེས་པ་ལྟ་བུ་ནི། འགྱོད་གདུང་གི་རོ་ཉམས་དང་ལྡན་པའི་སྐྱོ་ཉམས་སོ།

གཞན་ཡང༌། ལྷོ་སྤྲིན་ཕྱུག་མོ་ཡི་ཀློང་ལ། དྲན་པའི་གདུང་སེམས་ཤིག་བཅངས་ཡོད། སྐྱོ་བའི་མིག་ཆུ་རུ་གྱུར་ནས། དེ་གར་བབས་པ་རང་ཨེ་བྱུང། དྲན་གདུང་རི་རབ་ཀྱི་ཕུང་བོ། བསྙིལ་བས་ཚར་རྒྱུ་ཞིག་མི་འདུག མཆི་མ་དབྱར་གཞུང་གི་ཆར་བ། བབས་པས་འཛད་རྒྱུ་ཞིག་མི་འདུག

ཅེས་པ་སོགས་འཇུ་སྐལ་བཟང་གི་དྲན་མགུར་ཁུ་བྱུག་མགྲིན་གླུ་དག་ལ་དྲན་གདུང་གི་སྐྱོ་ཉམས་འབུར་དུ་ཐོན་ཡོད།

 

      ཅིག་ཤོས་སྙིང་རྗེའི་ཉམས་དང་འགྱུར་བ་ནི། དོད་འཇོར། མྱ་ངན་རྒྱས་པའི་བདག་ཉིད་ནི་སྙིང་རྗེ་སྟེ། འདོད་པའི་ནོར་ཉམས་ལྟུང་བ་དང། གསོད་དང་འཆིངས་དང་བརྡེག་པ་དང། སྨོད་པ་ཉོན་མོངས་གདུང་སོགས་ཀྱིས། བསྐྱེད་པའི་ཉམསགང་སྙིང་རྗེ་འོ། རྗེས་སུ་ཤེས་པ་ནི། མཆི་འཛགས་ཤུགས་རིང་བརྗོད་པ་འཁྲུལ། ཡན་ལག་རེངས་དང་དྲན་པ་ཉམས། མྱ་ངན་སྨྲེ་ངག་འདོན་སོགས་ཀྱིས། མཁས་པས་དེ་ནི་མངོན་ཤེས་བྱ། །ཡང་ས་པཎ་གྱིས།

།སྙིང་རྗེ་བརྩེ་བ་བསྐྱེད་པའི་སེམས། །དམན་པ་མཐོང་དང་རྒྱལ་སྲས་ཀྱི།

།ཐུགས་རྗེའི་སྤྱོད་པ་ངོ་མཚར་ཅན། །ཐོས་པས་སྙིང་རྗེ་ཁྱད་པར་སྐྱེ།

          ལོག་པར་ལྷུང་བ་ངན་སོང་གསུམ་དང༌། མགོན་མེད་པ། ནད། མྱ་ངན། བཀྲེས་པ། ཕོངས་པ། གཞན་གྱིས་མནར་བ། རྒས་པ། རྒུད་པ། འཆི་བ་ལ་སོགས་པ་ལ་སྙིང་བརྩེ་བ་ནི་དམན་པ་ལ་སྙིང་རྗེ་སྐྱེ་བ་ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐོས་ནས་སེམས་མི་བཟོད་ཅིང༌། སྤུ་ལྡང༌། མཆི་མ་གཡོ། ངོ་མཚར་ཞིང་བརྩེ་བ་སྐྱེ་བ་ནི་མཆོག་ལ་སྐྱེ་བའི་སྙིང་རྗེའོ།། ཞེས་གསུངས་པ་བཞིན་གཞན་གྱི་སྐྱོ་སྡུག་གང་ཞིག་ལ་བརྟེན་ནས་མྱ་ངན་དང་བཅས་པའི་སྙིང་རྗེ་ཤས་ཆེར་སྐྱེས་པའི་ལུས་ངག་གི་རྣམ་འགྱུར་དག་ཚིག་གིས་ཡང་དག་པར་མཚོན་ཚུལ་ཞིག་གོ ་དཔེར་ན། མེ་ལོང་མའི་དཔེ་བརྗོད་ཅུང་གོ་བདེར་བཏང་ན།

          དཀར་མཛེས་འཇམ་ཤ་རབ་ཆགས་ལྷ་མོ་གང་གི་མལ་སྟན་དུ། འཇམ་མཉེན་པད་མ་དེ་ཡང་རྩུབ་པར་སྣང་བ་དེ་ལྟ་ན། དེ་རིང་བདག་པོ་ཤི་བའི་རོ་དང་ལྷན་ཅིག་རོ་ཁང་གི མེ་ལྕེ་དམར་པོའི་ནང་དུ་ཉལ་བ་འདི་ནི་ཇི་ལྟར་བཟོད།།

          གཞན་ཡང༌། བྱང་ཆུབ་སྤྱོད་འཇུག་ལས།

          འདི་ནི་མ་བྱས་བརྩམས་པ་དང༌། འདི་བྱེད་བྱས་པར་གནས་པ་ལ། གློ་བུར་འཆི་བདག་འོངས་ནས་ནི། ཀྱི་ཧུད་བཅོམ་ཞེས་སེམས་པར་འགྱུར། མྱ་ངན་ཤུགས་ཀྱིས་སྐྲངས་པ་ཡི། མིག་དམར་གདོང་ལས་མཆི་མ་འཛག ཉེ་དུ་རེ་ཐག་ཆད་པ་དང༌། གཤིན་རྗེའི་ཕོ་ཉའི་བཞིན་ལ་བལྟ། རང་སྡིག་དྲན་པས་གདུང་བ་དང༌། དམྱལ་བའི་སྒྲ་ནི་ཐོས་པ་ཡིས། སྐྲག་པས་མི་གཙང་ལུས་གོས་ཤིང༌། མྱོས་པར་འགྱུར་ཚེ་ཅི་ཞིག་བྱ། ཞེས་པ་སོགས་ནི་སྙིང་རྗེའི་རོ་ཉམས་དང་ལྡན་པའི་ངག་དམ་པའོ།

          གཞན་ཡང༌།

།ལུས་ཟུངས་ཟད་པའི་ཀེང་རུས་གཟུགས་བརྙན།

།གསོན་དུ་རེ་བའི་ཁོ་ཐག་ཆད་དེ།

།འཆི་བའི་མིག་གིས་ཅེ་རེར་བལྟ་བའི།

།གཏམ་དེ་བདེན་ན་སྙིང་ལ་གཟན་པ། ཞེས་སོགས་དགེ་འདུན་ཆོས་འཕེལ་གྱི་ཆུང་གྲོགས་རྗེས་དྲན་གྱི་སྙན་དངགས་ལ་སྙིང་རྗེ་དང་བཅས་པའི་སྐྱོ་ཉམས་ཤས་ཆེར་ལྡན་པའོ།།

 

༣། དྲག་ཤུལ་གྱི་ཉམས་རྒྱན།

དྲག་ཤུལ་གྱི་ཉམས་དང་འགྱུར་བ་ནི། འགྲེལ་བ་འདོད་འཇོར། ཁྲོ་བ་ཉེ་བར་འཕེལ་བའི་བདག་ཉིད་ནི་དྲག་ཤུལ་ཏེ། མཚོན་ཆ་ངག་ལུས་བྱ་བ་ཡིས། དྲག་ཤུལ་ལས་བྱེད་བདག་ཉིད་སྐྱེས། རབ་དྲེགས་མི་རྣམས་ཕལ་ཆེར་གྱི། འཐབ་མོའི་རྒྱུ་བྱེད་དྲག་ཤུལ་ལོ། ཐམས་ཅད་སྨོད་དང་འཇུངས་པ་དང།། བསམ་པ་དང་ནི་སྤྱི་བརྟོལ་དང། གནོད་པ་རྫུན་དང་གཏམ་སྨྲ་དང།། ཚིག་རྩུབ་ཁྲོ་བ་སོགས་ལས་འབྱུང།" ཡང་ས་པཎ་གྱིས།

"།དྲག་ཤུལ་རྩུབ་པར་སྤྱོད་པ་སྟེ། །སྒྲིབ་པ་རྣམ་གཉིས་བག་ཆགས་དང༌།

།བཅས་པ་འབད་པས་འཇོམས་པ་སོགས། །ཆོས་ཡིན་ཕ་རོལ་གནོད་པ་དང༌།

།ལུས་ངག་ཡིད་ཀྱི་རྩུབ་པའི་ཆོས། །འཇིག་རྟེན་པ་ཡི་དྲག་ཤུལ་ཡིན། དྲག་ཤུལ་ནི་རྩུབ་པའི་སྒོ་ནས་མི་མཐུན་ཕྱོགས་འདུལ་བ་སྟེ། ཉོན་མོངས་ཉམས་སྨད་རྩད་ནས་བཏོན། །ཞེས་བྱ་བ་ལ་སོགས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྩད་གཅོད་པ་དང༌། སངས་རྒྱས་ཀྱིས་བདུད་བཏུལ་བ་དང༌། ཕྱག་ན་རྡོ་རྗེས་དྲག་པོ་བཏུལ་བ་ལ་སོགས་པ། ཆོས་དང་མཐུན་པའི་དྲག་ཤུལ་ཡིན་ལ། ཕ་རོལ་གནོད་པའི་སྒོ་ནས་ལུས་ངག་ཡིད་རྣམ་པར་འཁྲུགས་པའི་ཞེ་སྡང་གིས་དགྲ་བོ་འདུལ་བ་ནི་འཇིག་རྟེན་པའི་དྲག་ཤུལ་ལོ།"  ཞེས་གསུངས་པ་བཞིན། འདི་ནི་ཁོང་ཁྲོ་འབར་བའི་ལུས་ངག་གི་རྣམ་འགྱུར་དག་ཚིག་གིས་ཇི་བཞིན་མཚོན་ཚུལ་ཞིག་སྟེ། དཔེར་ན་མེ་ལོང་མའི་དཔེ་བརྗོད་ཅུང་གོ་བདེར་བཏང་ན།

།གདུག་ཅན་གང་གིས་བདག་གི་མདུན་ནས་ཆུང་མ་དེ།

།ལན་བུ་ནས་བཟུང་བཙན་གྱིས་འཕྲོགས་ཏེ་སོང་བ་ཡི།

།བརྟན་དཀའ་སྡིག་ཆེན་ཁྱོད་ནི་ང་ཡི་ལག་ཏུ་ཐོབ་པ་འདི།

།ད་ནི་སྐད་ཅིག་གསོན་པར་འཇོག་མིན་དམྱལ་བར་འཕེན།།

གཞན་ཡང། ནོར་བཟང་གི་རྣམ་ཐར་ལས། སྔགས་པ་སྤྲིན་ནག་ཁ་འཛིན་གྱིས། མཚོ་ནང་འདི་ན་གནས་པའི་ཀླུ་རྒྱལ་གྱི་ཕྱུག་པོ། ཀླུ་མོ་ཞི་བས་བཀུག་པས་མི་ཁུག་པ་འདུག་གོ ཁྱོད་ཀྱི་ཁ་ཕོ་དེ་འདྲ་ཨེ་ཡོང་མི་ཡོང་ལྟོས་ཤིག ཚེ་གང་སྒྲུབ་པ་བརྒྱབ་པ་དགོས་དོན་ཨེ་འདུག་ལྟོས་ཤིག དུག་ཁྲག་མེ་རུ་འབར་བ་ལ་དགོས་དོན་ཨེ་འདུག་ལྟོས་ཤིག ཅེས་ཟེར་ནས་མཚོ་མཐའི་ཕྱོགས་མཚམས་བརྒྱད་དུ་ལྕགས་ཕུར་བརྡབ་པར་བརྩམས་ཏེ་འདི་སྐད་དོ། མཚོ་མོའི་མཐའ་ན་གནས་པའི་གཟུགས་མེད་དང་གཟུགས་ཅན། སྔགས་པའི་ཕུར་བ་བརྡབ་པའི་ས་ཡུལ་དུ་མ་སྡོད། སྔགས་པའི་ཕུར་བ་བརྡབ་པའི་ས་ལ་བསྡད་ཟེར་ན། མི་འདོད་རྐྱེན་ངན་བར་ཆད་འབྱུང་སྙམ་རང་ཡོད་དོ། ཞེས་པ་དང། ཡང་རྔོན་པས། ཚུར་ལ་ཉོན་དང་ལས་ངན་སྔགས་པའི་གཟུགས། སངས་རྒྱས་བསྟན་པའི་དགྲ་བོ་བྱེད་པའི་རྒྱུ། ལྷོ་བྱང་རྒྱལ་པོའི་ཐུགས་རྒྱུད་དཀྲུགས་པའི་རྒྱུ། བསྟན་དགྲ་སྒྲོལ་བ་སྙིང་རྗེའི་ཡུལ་མ་ཡིན། ཞེས་ཟེར་ཞིང་སྔགས་པའི་རྐང་པ་གཉིས་ལ་གྲི་གུག་བསྣུན། ཞེས་པ་ལྟ་བུའོ།།

 

༤། ཞི་བའི་ཉམས་ཀྱི་རྒྱན།

          དེ་ཡང་ས་པཎ་གྱིས།

།ཞི་བ་ང་རྒྱལ་བཅོམ་པའི་ཆོས། །ངམ་པ་བཟློག་པ་ཉིད་ལ་འདོད།

།ཞི་བ་ནི་ང་རྒྱལ་དང་རྒྱགས་ཤིང་དྲེགས་པས་ཆོས་སྤང་བའོ།          དེའང་དབྱེ་ན། འཇིག་རྟེན་པའི་དྲེགས་པ་དང༌། ཆོས་ཀྱི་དྲེགས་པ་སྤང་པ་སྟེ། སྔར་བཤད་པའི་ངམ་པ་ཉིད་གོ་བཟློག་པའོ།།

          ཞེས་གསུངས་པ་ལྟར། དྲག་ཤུལ་གྱི་ལྡོག་ཕྱོགས་ཏེ། དགའ་བ་དང་བྱམས་བརྩེ། སྙིང་རྗེ་ཅི་རིགས་ལས་ལུས་ངག་གི་རྣམ་འགྱུར་བག་ཕེབས་པའམ་ཞི་ཞིང་དུལ་བའི་ཚུལ་གྱི་རོ་ཉམས་དང་ལྡན་པའི་ངག་ཅིག་སྟེ། དཔེར་ན། གཞོན་ནུ་དྲུག་གི་རྟོགས་བརྗོད་ལས།

          །བྱམས་དང་སྙིང་རྗེའི་དབང་དུ་གྱུར་པ་དེ།

          །དགྲ་བོ་ལ་ཡང་ཕ་མ་བཞིན་དུ་ལྟ།

          །ཕོངས་པ་རྣམས་ལ་མཉེས་གཤིན་བཟང་པོ་སྟེ།

          །སྲོག་ལའང་མི་བལྟ་གཞན་ཕན་སྒྲུབ་ལ་འབད།

          །སྡུག་བསྔལ་གྱུར་བའི་སྐྱེ་བོ་མཐོང་བ་ན།

          །དེ་ནི་དེ་བས་ལྷག་པའི་སྡུག་བསྔལ་འགྱུར།

          །གཞན་དག་བདེ་བས་དེ་ཡིད་དགའ་གྱུར་བ།

          །རང་ཉིད་བདེ་བས་དེ་ཙམ་མགུ་བ་མེད། །ཅེས་པའི་ངག་འདིས་གཞོན༌ནུ་མཉེས་གཤིན་བཟང་པོའི་ཞི་བའི་རོ་ཉམས་གསལ་བར་མཚོན་པ་ལྟ་བུ་དང༌། གཞན་ཡང་མེ་ལོང་མར།

          ཁྲོ་གཉེར་དག་ནི་མ་བསྡུས་ཤིང༌།

          །སོ་ཡི་གཡོགས་ཀྱང་མ་བསྐྱོད་ལ།

          །མིག་ཀྱང་དམར་པོར་མ་གྱུར་པར།

          །དགྲ་ཡི་རིགས་ནི་ཉམས་པར་བྱས།

          ཞེས་དྲག་ཤུལ་གྱི་ཉམས་ཡོངས་སུ་བྲལ་བར་བརྗོད་ཚུལ་འདིའི་ཤུགས་སུ་ང་ཚོས་སེམས་དཔའ་ཆེན་པོ་གང་ཞིག་གི་ཞི་དུལ་གཟི་བརྗིད་ཀྱི་ངང་ཚུལ་དག་མཐོང་བར་འགྱུར་བས་ན། འདི་ནི་ཞི་ཉམས་ལྡོག་བྲིས་ཀྱི་རོ་ཉམས་དང་ལྡན་པའོ།

༥། དཔའ་བའི་ཉམས་ཀྱི་རྒྱན།

         

དཔའ་བའི་ཉམས་དང་འགྱུར་བ་ནི། འདོད་འཇོར། སྤྲོ་བ་འཕེལ་བས་འབད་པར་བྱེད་པའི་ཕྱིར། དཔའ་བ་སྟེ་རྣམ་པར་གནོན་པ་ལའོ། ཞེས་དང་ཤེས་བྱེད་ནི། སྨད་པས་དག་པ་ལ་སོགས་དང། གཏོང་དང་མི་འཇིགས་སོགས་དེ་བཞིན། བརྟན་དང་ལྡོག་མེད་ལ་སོགས་པས། དཔའ་བ་མངོན་པར་རྟོགས་བྱེད་འགྱུར།། ཅེས་གསུངས་སོ། ཡང་ས་པཎ་གྱིས།

།དཔའ་བ་འཇིགས་མེད་བརྟུལ་ཞུགས་ཏེ། །དབྱེ་ན་སྦྱིན་དང་ཚུལ་ཁྲིམས་དང༌།

།དམ་པའི་ཆོས་ཡིན་གཡུལ་ངོར་དགྲ། །འཇོམས་པ་ལ་སོགས་འཇིག་རྟེན་པའི།

།དཔའ་བ་ཡིན་པར་ཤེས་པར་བྱ།

          དཔའ་བ་ནི་འཇིགས་པ་མེད་པའི་ཁྱད་པར་ཏེ། དེའང་དབྱེ་ན་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ལ་འཇིགས་པ་མེད་པར་སྤྱོད་ནུས་པ་ཆོས་ཀྱི་དཔའ་བ་དང༌། གཡུལ་ངོར་དགྲ་དང༌། གཅན་གཟན་དང༌། གནོད་སྦྱིན་ལ་སོགས་པ་ལ་འཇིགས་པ་མེད་པ་ནི་འཇིག་རྟེན་གྱི་དཔའ་བའོ།། ཞེས་གསུངས།

འདིར་སྤྲོ་བ་འཕེལ་བ་ཞེས་པ་ནི་དགའ་ཚོར་གང་ཞིག་སྤོབས་པའམ་སྙིང་སྟོབས་དང་ལྷན་ཅིག་རྒྱས་པའི་རང་བཞིན་ལ་གོ་དགོས་པས། སྙིང་སྟོབས་ཤུགས་ཆེར་རྒྱས་པའི་ལུས་ངག་གི་རྣམ་འགྱུར་དག་མཚོན་པའི་ཚིག་གི་རྒྱན་ཞིག

          དཔེར་ན་མེ་ལོང་མའི་དཔེ་བརྗོད་ཅུང་གོ་བདེར་བཏང་ན།

          མཚོ་ཆེན་བཞི་བཅས་ས་གཞི་ཆེན་པོ་འདི་ལས་དཔུང་གིས་རྒྱལ་བར་མ་བྱས་ཤིང། རྟ་སོགས་དམར་མཆོད་རྣམ་གྲངས་མང་པོའི་མཆོད་སྦྱིན་དག་ཀྱང་མ་བྱས་ལ། ཉམ་ཐག་འབངས་ལ་གསེར་དངུལ་ནོར་གྱིས་ཚིམ་པའི་སྦྱིན་པའང་མ་བཏང་བར། བདག་ནི་དེ་རིང་ས་གཞི་སྐྱོང་བའི་རྒྱལ་ཁྲིར་འགྱིངས་པ་འདི་ནི་ཇི་ལྟར་བྱུང།། ཞེས་པ་ལྟ་བུ་དང༌།

          གཞན་ཡང། ནོར་བཟང་གི་རྣམ་ཐར་ལས།

ཨ་མ་མ་ལ་སེམས་ཉིད་ཀྱི་དགའ་བ་ལ། འདི་འདྲ་བཞིན་དུ་བུ་ཆུང་བློ་སེམས་ཀྱི་བདེ་བ་ལ། པ་ཕའི་བཀའ་བཞིན་དགྲ་བོ་བཏུལ་ནས་རང་བྱུང་ངོ། སངས་རྒྱས་བསྟན་པའི་དོན་ཆེན་གྲུབ་ནས་རང་བྱུང་ངོ། བུ་ཆུང་བསམ་པའི་དོན་ཀུན་གྲུབ་ནས་རང་བྱུང་ངོ། འདི་འདྲ་བསླུམེད་རྣམ་གསུམ་ཐུགས་རྗེ་རང་ལོས་ཡིན། ཡ་གིའི་གངས་རི་ཡར་ལ་ཚད་གཅིག་འཛུགས་རྒྱུ་ཡིན་ནོ། གངས་རི་མ་ཞུ་བར་དུ་བསྟན་དགྲ་ལང་བ་མེད་དོ། མ་གིའི་མཚོ་མོ་མར་ལ་ཚད་གཅིག་འཛུགས་རྒྱུ་ཡིན་ནོ། མཚོ་མོ་མ་བསྐམ་བར་དུ་བསྟན་དགྲ་ལང་བ་མེད་དོ། བསྐལ་བ་མ་སྟོངས་བར་དུ་དགྲ་བོ་ལང་བ་མེད་དོ། བསྟན་པ་མ་རྫོགས་བར་དུ་དགྲ་བོ་ལང་བ་མེད་དོ། བུ་ཆུང་བསམ་པའི་དོན་ཀུན་གྲུབ་ནས་རང་བྱུང་ངོ། །ལྟ་བུ་དང། ཡང།

མི་རྒོད་ཕ་བུ་གསུམ་འདུལ་དུས་འདི་སྐད་དུ། ཁྱོད་ཕ་བུ་མ་ཡེངས་ང་ལ་ཉོན། ཁྱོད་སྐྱབས་ཡུལ་ལོག་པའི་སྒྲོལ་འོས་ལས། མི་ང་ལ་གནོད་པའི་དགྲ་ཁྱོད་མིན། ཡབ་པ་ཕའི་བཀའ་ལ་གྱེན་ལྡོག་མེད། ཁྱོད་ཕ་བུ་སྒྲོལ་བའི་དུས་ལ་བབ། སྙིང་རྗེ་ཡང་སྒྲོལ་དགོས་པ་ཕའི་བཀའ། ཞེས་རལ་གྲི་བཏོན་ནས་འདི་སྐད་དོ། ཚེ་སྔོན་སྨོན་ལམ་ལོག་པའི་དགྲ་བོ་ཁྱོད། རང་གཞན་དོན་དུ་འདུལ་དགོས་ལས་ཀྱིས་བཀོད། ཁོང་ཁྲོ་ཞེ་སྡང་བྱེད་པའི་ཡུལ་མིན་ཀྱང། ཡབ་པ་ཕའི་ཀའ་བཞིན་སྒྲོལ་བ་ཡིན། སྡུག་འགྲོ་སྤྱི་བོའི་གཙུག་ལ་མཚོན་ཆ་ཡོད། ཚད་ལྡན་བླ་མའི་འཕོ་བའི་ཚུལ་དུ་སྒོམས། ལུས་པོ་འདོམ་གང་གྲུ་བཞིར་མཚོན་ཆ་ཡོད། ཤ་གཟན་བྱ་ཁྱུར་སྦྱིན་པའི་ཚུལ་དུ་སྒོམས། ཞེས་མི་རྒོད་ཕ་བུ་གསུམ་ཚར་བཅད་རྗེས་འཛིན་གྱིས་སྐྱེ་གནས་ངན་སོང་གསུམ་གྱི་སྒོ་འགགས་པར་མཛད།

ཅེས་པ་ནི་བསམ་པ་རྒྱ་ཆེ་ཞིང་མཐུ་ཁྱད་པར་ཅན་གྱི་དཔའ་རྟགས་སོ།

གཞན་ཡང། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས། རྒྱལ་བུ་དགྱེས་ཏེ་ས་དེ་ཁར་སྐྱིལ་མོ་ཀྲུང་མཛད།  ད་ནི་སྦྱིན་པའི་མཐའ་རྫོགས་པར་བྱའོ་དགོངས་ནས། བཟང་མོ་ད་ནི་བདག་ལ་ཆགས་པ་དང་ཞེན་པ་མ་བྱེད་ཅིག ཇི་སྲིད་འཁོར་བ་ཐོག་མ་མེད་པ་ནས། ལུས་ཅི་ཙམ་ཞིག་བླངས་ཀྱང་དོན་མེད་དུ་སོང༌། ད་ལན་དོན་ཅན་དུ་བྱའོ། གསུངས་ནས། ཕྱག་གཡས་པས་རབ་ཏུ་རྣོ་བའི་གྲི་བཟུང། གཡོན་པས་སྤྱན་གྱི་པགས་པ་འཐེན་ནས་གྲིས་གཙགས་པས་ཁྲག་ཆིལ་གྱིས་བྱུང་ངོ།། ཞེས་པ་དང། ཡང། རྒྱལ་བུས་སྤྱན་གཉིས་ཕྱག་མཐིལ་དུ་བླངས་ནས་བྲམ་ཟེའི་མིག་ཏུ་བཅུག་སྟེ་སྨྲས་པ། ལེགས་པར་ཉོན་ཅིག་ལེགས་ལྡན་བྲམ་ཟེ་ཁྱོད། གཏོང་བར་དཀའ་བའི་མིག་གཉིསཁྱོད་ལ་སྦྱིན། ཁྱོད་བསམ་རྫོགས་པས་སྲིད་གསུམ་མཐོང་བར་ཤོག བདག་ལ་ནད་མེད་ཆོས་ཀྱི་སྤྱན་ལྡན་ནས། མ་རིག་མུན་སེལ་ཐར་བའི་སྒྲོན་མེར་ཤོག བདག་གིས་སྦྱིན་པའི་མཐའ་ཡང་རྫོགས་པར་ཤོག །ཅེས་གསུངས་ཏེ་བདེ་བར་ལྷན་ནེར་བཞུགས་སོ། ཞེས་པ་ལྟ་བུ་དག་ནི་ཆོས་ཀྱི་དཔའ་བའོ།

 

༦། འཇིགས་ཉམས་ཀྱི་རྒྱན།

 

འཇིགས་རུང་གི་ཉམས་དང་འགྱུར་བ་ནི། འདོད་འཇོར། འཇིགས་པ་རབ་ཏུ་རྒྱས་པའི་བདག་ཉིད་ནི་འཇིགས་རུང་སྟེ། གསང་མཐོ་འཇིགས་པའི་སྒྲ་སྒྲོགས་སྲིན་པོ་ཡི་དྭགས་སོགས་མཐོང་དང། ཁྱིམ་དང་འདུན་ཁང་སྟོང་པ་འབྲོག་དགོན་གསོད་དང་འཆིངས་པ་མཐོང། ལན་གཅིག་མིན་པར་འཇིགས་སྐྱོ་ཅེ་སྤྱང་འུག་པ་སྒྲ་བྱིན་སོགས། རྣམ་སྐྱེད་ཀྱིས་བསྐྱེད་དམན་དང་བུད་མེད་རྣམས་ཀྱི་འཇིགས་བདག་ཉིད། ཅེས་དང་ཤེས་བྱེད་ནི། ལག་པ་རྐང་པ་བཞིན་འདར་ཞིང། ལུས་རེངས་སྙིང་ནི་རབ་གཡོ་དང། མཆུ་དང་རྐན་དང་མགྲིན་པ་སྐམ། རྟག་ཏུ་འཇིགས་རུང་ཤེས་པར་བྱ། ཞེས་དང༌། ཡང་ས་པཎ་གྱིས།

།འཇིགས་རུང་བག་འཁུམས་བྱེད་པའི་ཚུལ། །ལུས་ངག་རྣམ་འགྱུར་མི་བཟད་པ།

།སྦྱིན་སོགས་སྤྱད་པར་དཀའ་བ་ཆོས། །དེ་ལས་གཞན་པ་འཇིག་རྟེན་པ། འཇིགས་སུ་རུང་བ་ནི་ཕ་རོལ་སྐྲག་ཅིང་བག་འཁུམས་པར་བྱེད་པ་སྟེ། དེ་ཡང་སེམས་ཀྱི་ཆོས་ལའང་ཡོད་མོད་ཀྱི་གཙོ་བོར་ལུས་ངག་གི་རྣམ་འགྱུར་ཕུལ་དུ་བྱུང་བ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དཔེར་བརྗོད་ན། ཐམས་ཅད་སྒྲོལ་གྱིས་བུ་དང་བུ་མོ་དང༌། ཤི་བི་པའི་རྒྱལ་པོས་མིག་དང༌།བྱམས་པའི་སྟོབས་ཀྱིས་ཤ་དང༌། རྒྱལ་པོ་ཟླ་འོད་ཀྱིས་མགོ་དང༌། གསེར་མདོག་གིས་ལུས་ཀྱི་སྟོད་སྨད་བཅད་པ་ལ་སོགས་པ་དཔེར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་ཡང༌། གཞན་གྱིས་སྤྱད་པར་དཀའ་བ་བློའི་ཡུལ་ལས་འདས་པ། སྐྱི་བུང་ཞེས་བྱེད་པ་ཐམས་ཅད་ཆོས་ཀྱི་འཇིགས་སུ་རུང་བའོ། །དེ་ལས་གཞན་པ་ནི་འཇིག་རྟེན་པ་སྟེ། གནོད་སྦྱིན་དང་སྲིན་པོའི་ཆ་ལུགས་དང༌། སེང་གེ གླང་ཆེན། སྟག་ལ་སོགས་པའི་སྤྱོད་ཚུལ་འཇིགས་སུ་རུང་བ་དང༌། གཡང་ཟ། འབྲོག་སྟོང༌། ནགས་ཐིབས་པོ། ཆུ་ཀླུང༌། མེ་ཆེན། འཇིག་པའི་དུས་ཀྱི་རླུང་ལ་སོགས་པ་འཇིགས་ཤིང་སྐྱི་གཡའ་བ་དེ་དག་དཔེར་བྱས་ལ། དེ་དག་ཀྱང་རང་བཞིན་དང་བཅས་པའི་སྒོ་ནས་སྙན་ངག་གི་ཚུལ་དང་མི་འགལ་བར་སྦྱར་བར་བྱའོ།

ཞེས་གསུང་པ་བཞིན་སྐྲག་སྣང་གིས་ལུས་ངག་གི་རྣམ་འགྱུར་སྣ་ཚོགས་མངོན་པའི་རོ་ཉམས་དང་ལྡན་པའི་ངག་ཅིག དཔེར་ན་མེ་ལོང་མའི་དཔེ་བརྗོད་ཅུང་གསལ་དུ་བཏང་ན།

          །བརྒྱ་ཕྲག་རྩེ་མོ་དག་ན་མེ་འབར་བའི།

          །བརྒྱ་བྱིན་ཕྱག་གི་རྡོ་རྗེ་རྩེ་བརྒྱ་བ།

          །མ་མཐོང་དྲན་ཙམ་གྱིས་ཀྱང་ལྷ་མིན་གྱི།

          །སྦྲུམ་མ་དག་གི་ཕྲུ་གུ་འཆོར་བར་བྱེད། །ལྟ་བུ།

དེ་ཚིག་ལྷུག་ཏུ་བཏང་ན།

          རྩེ་མོ་བརྒྱ་ན་མེ་མཆེད་པའི། བརྒྱ་བྱིན་ཕྱག་གི་རྡོ་རྗེ་དེ་ཉིད་དྲན་ཙམ་གྱིས་ཀྱང། ལྷ་མ་མིན་པའི་བུད་མེད་དག་གི་མངལ་འཆོར་རོ། ལྟ་བུ།

གཞན་ཡང་ནོར་བཟང་གི་རྣམ་ཐར་ལས། སྔགས་པས། ཐུགས་དེ་བདེན་ནོ་བདེན་ནོ་སྟོབས་ལྡན་གྱི་རྔོན་པ། རྔོན་པ་རྣ་བ་མ་གཡེང་སྔགས་པ་ང་ལ་གསོན་དང།། སྔགས་པ་མ་གསོད་སྔགས་པ་ང་རང་ཐོངས་མཛོད། སྔགས་པ་བསད་ཀྱང་ཆོས་སྐྱོང་ཤི་དོགས་མི་འདུག སྔགས་པ་བསད་པས་ཀླུ་མཚོ་སྔར་ཤུལ་ལ་མི་འགྲོ། རྔོན་པ་སྐུ་སྡིག་ཆེ་ལ་ཀླུ་དང་སྔགས་པ་འཕུང་འགྲོ། རྔོན་པས་ཐུགས་བསམ་ཐོངས་དང་ཁྱོད་ཀྱི་བཀའ་བཞིན་སྒྲུབ་ཆོག ཅེས་ཞུ་འབོད་བྱས་པ་ལྟ་བུ་དང།།

ཡང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས། བདུད་རི་ནགས་པོ་ཧ་ཤང་ཞེས་བྱ་བའི་ས་རྒོད་ལ་རོང་རྩུབ་པ། རྡོ་ཚྭ་རྡོག་ཙམ་ལ་གྲིབ་ནག་མདུང་ཤིང་ཙམ་ཡོད༌། དུག་ཤིང་གི་མེ་ཏོག་རྒྱས་པ། དུག་མཚོ་རྦ་རླབས་སུ་ཁོལ་བ། དུག་སྦྲུལ་གྱི་ཁ་རླངས་ནམ་མཁའི་སྤྲིན་ལྟར་འཐིབས་པ། ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་ཉིན་མཚན་མེད་པར་འཚོགས་བྱེད་ཅིང་སྲོག་གཅོད་པ། གཞན་ཡང་གཅན་གཟན་སེང་གེ་དང་སྟག་དང་དྲེད་དང་དོམལ་སོགས་ཏེ། གཅན་གཟན་གདུག་པ་ཅན་ཐམས་ཅད་ཀྱིས་མིའི་དྲི་ཚོར་ན་བཟོད་གླགས་མེད་པར་ཟ་བ། མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་པར་བྱེད་པའི་གནས་ཡོད། ཅེས་པ་ལྟ་བུའོ།།

 

༧། མི་སྡུག་པའི་ཉམས་རྒྱན།

 

།མི་སྡུག་པ་ནི་མཛེས་པ་འགོག །དེ་ཡང་ལུས་ངག་ཆ་ལུགས་དང༌།

ཡུལ་སོགས་སྒོ་ནས་རྣམ་པར་དབྱེ། །ལུས་མི་སྡུག་པ་སྒུར། ཞ་ར། ལྦ་བ་གསུམ་གསུམ་ཡོད་ཞེས་བྱ་བ་ལ་སོགས་པ་དང༌། ངག་མི་སྡུག་པ་འཛར་འཛེར། ལྡབ་ལྡིབ་ལ་སོགས་པ། ཆ་ལུགས་མི་སྡུག་པ་རད་རོད་དང༌། སྡོང་དུམ་དང༌། ཚེར་མ་ལ་སོགས་པ་ཡིད་འབྱུང་བའི་ཚིག་གོ

འདོད་འཇོར། སྨད་པའི་བདག་ཉིད་ནི་མི་སྡུག་པ་སྟེ། རྣམ་གྱུར་རུལ་བའི་ཤ་ལ་སོགས། མཐོང་དང་ཐོས་དང་གྲགས་པ་ཡི། རྣམ་སྐྱེད་རྣམས་ཀྱིས་བསྐྱེད་པ་འདི། མི་སྡུག་པ་ཞེས་དམན་པའི་གནས། ཤེས་བྱེད་ནི། སྣ་འགེབ་པ་དང་མི་གསལ་བའི། ཚིག་བརྡིག་པ་དང་མི་འགྱུར་བ། གྲོགས་ལ་དགའ་མེད་ལ་སོགས་པའི། མངོན་ཚུལ་དེ་ཤེས་རྣམས་ཀྱིས་འདོད།།

ཅེས་པ་བཞིན་སྐྱུག་བྲོ་ཞིང་ཞེ་མེར་ལངས་པའི་རྣམ་འགྱུར་དག་གི་རོ་ཉམས་དང་ལྡན་པའི་ངག་གོ དཔེར་ན་མེ་ལོང་མའི་དཔེ་བརྗོད་ཅུང་གསལ་དུ་བཏང་ན།

།རྒྱུ་མའི་ཐག་པས་ལུས་བརྒྱན་སྲིན་པོ་རྣམས།

།མགོ་མེད་རོ་ལངས་ཚོགས་དང་ལྷན་ཅིག་ཏུ།

།རང་རང་ལག་ཟུང་སྦྱར་ནས་ཁྱོད་ཀྱི་དགྲའི།

ཁྲག་དམར་ཧུབ་འཐུང་བྱེད་ཀྱིན་གར་ལ་རོལ། །ལྟ་བུ།

གཞན་ཡང།། ནོར་བཟང་རྣམ་ཐར་ལས། ཧ་རི་ནས་ཡབ་ཀྱི་དྲུང་དུ་ཕྱིན་ནས་འདི་སྐད་དོ། ཚུར་ལ་གསོན་དང་ཡབ་ཆེན་རྒྱལ་པོ་ལགས། བྱང་ཕྱོགས་པ་ལ་ལྟས་ངན་སྒོར་ཚང་བའི། ཕུང་བྱེད་ཡིད་འཕྲོག་ལྷ་མོ་དེ་རིང་བཏོན། བྱབ་ཁྲུས་རྒྱས་པའི་རྫས་རྣམས་མ་འགྲིགས་ཀྱང།། བསྡུས་པའི་སྐུ་ཁྲུས་གནང་ན་འཐུས་འདྲ་བསམ། ཡབ་ཆེན་རྒྱལ་པོའི་སྐུ་གེགས་ཕལ་ཆེར་སེལ། ཞེས་ཞུས་ནས་རྫིང་བུ་གསར་བ་དེར་རྫས་སྣ་ཆུ་ལ་བཏབ་སྟེ། བྱབ་ཁྲུས་ཡིན་ཟེར་བའི་ཁྲུས་བྱས། ཕྱིན་ཆད་མི་འདོད་པ་བཟློག་ཚུལ་གྱི་རྫུན་གྱིས་མགོ་བསྐོར། །ཅེས་པའི་ཧ་རི་ནག་པོའི་བྱ་ངན་བསླུ་ཐབས་དེ་དག་ནི་ཆེས་སྨད་འོས་པའི་སྤྱོད་ངན་ཞེ་མེར་ལངས་པ་ཞིག་ཡིན་པ་ལྟ་བུ་དག་ཀྱང་མི་སྡུག་པའི་ཉམས་སུ་འདོད་དོ།།

 

༨། བཞད་གད་ཀྱི་ཉམས་རྒྱན།

 

བཞད་གད་ཀྱི་ཉམས་དང་འགྱུར་བ་ནི། འདོད་འཇོར། དགའ་བ་རབ་ཏུ་རྒྱས་པའི་བདག་ཉིད་ནི་དགོད་པ་སྟེ། རྣམ་འགྱུར་སྦེད་བཅས་རྣམ་འགྱུར་བཅས། མཛེས་བཅོས་ཡན་ལག་མ་ཚང་མཐོང། འབྲེལ་མེད་དེ་བཞིན་གཏམ་སྨྲ་དང། རྩེད་མོ་སོགས་ཀྱིས་དགོད་པར་འགྱུར། རྗེས་སུ་ཤེས་པ་ནི། ལག་པ་རྡོབ་པ་ལ་སོགས་པའོ། ཡང་ས་པཎ་གྱིས།

།དགོད་པ་བཞད་གད་འབྱིན་པའི་ཚིག །ལུས་ངག་ཆ་ལུགས་རྣམ་འགྱུར་དང༌།

།སྤྱོད་ཚུལ་ཡོན་ཏན་སྐྱོན་རྣམས་ཀྱི། །སྒོ་ནས་གཞན་ལ་འཕྱར་བ་ཡིན། དགོད་པ་ནི་ཚིག་གང་ལ་གད་མོ་འབྱིན་པའི་ནུས་པ་ཡོད་པ་སྟེ། དེའང་ལུས་ངག་གི་རྣམ་འགྱུར་དང༌། འགྲོ་འོང་ལ་སོགས་པའི་སྤྱོད་ཚུལ་གྱིས་གཞན་ལ་འཕྱར་ཞིང་བཞད་གད་བྱེད་པའི་ཚིག་གོ

ཞེས་གསུངས་པ་བཞིན་ཤིན་ཏུ་དགོད་བྲོ་བའི་ལུས་ངག་གི་ཉམས་དག་ཇི་བཞིན་མཚོན་པའི་ངག་ཅིག་གོ དཔེར་ན་མེ་ལོང་མའི་དཔེ་བརྗོད་ཅུང་གསལ་དུ་བཏང་ན།

ཀྭ་ཡེ་གྲོགས་མོ་ལང་ཚོའི་མེ་ཏོག་གསར་བཞད་མ།

ཁྱོད་ཀྱི་བྲང་ངོས་ནུ་མ་དག་གི་ངོས་འཇམ་ན།

གང་གི་སེན་མོའི་རྗེས་ཤུལ་གསར་བ་ཆགས་པ་འདི།

སྟོད་གོས་མཛེས་པས་ལེགས་པར་སྒྲིབས་ཤིག་ན་ཆུང་མ།།

ཞེས་ཕྱུགས་ཕྱུང་མའི་ཚུལ་འཆོས་སྟོན་པའི་གཞོན་ནུ་མ་ཞིག་གི་ངོ་ཚའི་རང་བཞིན་མཐོང་ནས་དགོད་བྲོ་བའི་གང་ཟག་ཅིག་གིས་དགོད་བཞིན་དུ་དེ་སྐད་སྨྲས་པ་ལྟ་བུའོ། དེས་ན་གཞོན་ནུ་མ་དེའི་ཁྱད་ཆོས་ནི་དགོད་བྲོའི་རྒྱུ་དང༌། དེ་མཐོང་མཁན་གང་ཟག་གི་དགོད་བྲོ་བ་ནི་འགྱུར་བ་དང༌། ངག་ནས་དགོད་གཏམ་སྨྲས་པ་འདི་ངག་གི་ཉམས་སུ་གོ་དགོས།

གཞན་ཡང༌། ཕོ་ཉ་གཞོན་ནུ་དོན་གྲུབ་ལས།

ཉེ་བའི་མངག་གཞུག་རིན་པོ་ཆེ་ཡི་མིང༌། །བཀོལ་བདེ་གཞོན་ནུ་ཕྲ་མོ་ལས་འཕགས་ནས། །སྲི་ཞུར་སྒྲིམ་པའི་བག་ཡོད་ཉིན་མཚན་དུ། །རང་གིར་འཁུར་ལ་ལས་བཤོལ་ག་ལས་རྙེད། །མ་གོམས་ཕྱིར་ན་གཡོས་སྦྱོར་སྣ་ཚོགས་ལ། །ལག་སོར་སྐམ་པ་ཡལ་ག་ལྟར་གྱོང་བས། །སྨྲས་ཀྱང་ཧྲིག་ཧྲིག་མིག་དང་ཅག་ཅག་གི །འདེགས་འཇོག་མང་བོས་ས་ལ་ངལ་བ་སྟེར། །སྣུམ་ཁུ་ཁོལ་མ་སྤྲིན་གྱི་སྙིང་བོ་གང༌། །གྲོ་ཕྱེ་ཐུལ་བ་རལ་བས་མ་ཐེག་སྟེ། །འགྱོད་པའི་ཤུགས་ཀྱིས་སོ་ཕྲེང་བུད་པའི་ཤུལ། །སྤྲིན་བྲལ་གློག་སྟོང་འགྱུ་བའི་གཅོང་རོང་ཉིད། །ཤ་ཚིལ་མངར་བོའི་རོ་བཅུད་སྲོག་བྱས་པའི། །རྒྱུ་མའི་ཚོད་མ་གྱ་གྱུ་ལྷུང་བའི་ལྕིད། །མ་ཟིན་ཟངས་མཐིལ་གོར་མོར་བརྡོལ་བ་ལ། །བླ་གོས་གླན་པ་བཞད་གད་རྒྱུན་མའི་གསོས། །ཉིན་ཞིག་མཐར་བྱེད་དབྱུག་ཏོ་སོག་མ་ལྟར། །ཟིལ་གནོན་འཁར་བ་རིང་བོས་འཇིགས་བསྐྱེད་ནས། །གཡང་དཀར་ཅེ་སྤྱང་དྲག་པོས་བདས་པ་ལྟར། །བགྲོད་བྱེད་ས་ལ་བརྡེག་འཆའ་བཞིན་དུ་དེད། །བྲེད་ཤ་ཐོན་པའི་ཕྱི་མིག་བགྲད་བཞིན་དུ། །ལྷམ་དང་བཅས་པར་དམར་ནག་འདྲེས་པའི་ཆུར། །ཚོམ་མེད་བརྒལ་ཚེ་བར་སྣང་ལེགས་བྲིས་བུའི། །བཞད་གད་དབྱར་དུས་འབྲུག་སྒྲའི་ཟོལ་གྱིས་བྱུང༌། ། ཞེས་ཞབས་ཞུ་བ་ཞིག་གི་དགོད་བྲོ་བོའི་སྤྱོད་ཚུལ་དེ་དག་སླར་ཡང་དགོད་ཁ་འཆོར་བཞིན་གད་མོ་དང་བཅས་གླེང་མོལ་བྱེད་པའི་ཚུལ་གྱི་སྙན་ཚིག་འདི་འདྲ་ནི་བཞད་གད་ཉམས་ཀྱི་རྒྱན་དམ་པའོ།།

 

༩། མཚར་བའི་ཉམས་རྒྱན།

 

དེ་ཡང་རྨད་བྱུང་གི་ཉམས་དང་འགྱུར་བ་ནི། འདོད་འཇོར། ངོ་མཚར་བ་ཉེ་བར་འཕེལ་བའི་བདག་ཉིད་ནི་རྨད་བྱུང་སྟེ ཁང་བཟང་སྐྱེད་ཚལ་རི་བོ་སོགས། བགྲོད་དང་མཛེས་པ་མཐོང་བ་དང། འདུན་ཁང་གཞལ་མེད་ཁང་སྒྱུ་མ། མིག་འཕྲུལ་བཟོ་སོགས་མཐོང་རྣམས་ཀྱིས། ཡིད་ལ་ཚིམ་པ་ཐོབ་པ་ཡི། རྣམ་པར་བསྐྱེད་ལས་དེ་རབ་བྱུང།

རྗེས་སུ་ཤེས་པ་ནི། སོ་དང་མིག་ནི་ཡངས་པ་དང།། དྭངས་ཤིང་ཉེ་བར་ཞི་བ་དང། སྤུ་ལངས་རྔུལ་དགའ་མཆི་མ་འཛག ལེགས་པའི་གཏམ་ཡང་བལྟ་བར་བྱ།

ཞེས་པ་བཞིན་དཔེར་ན་མེ་ལོང་མའི་དཔེ་བརྗོད་ཅུང་གསལ་དུ་བཏང་ན།

ཨ་ཧོ་ཡིད་འོང་དགའ་བའི་སྐྱེད་ཚལ་འདི་རྣམས་ཀྱི།

ལྗོན་པའི་ལོ་འདབ་གསར་བའི་ཚོགས་ནི་གོས་བཟང་དང།

སྣ་ཚོགས་མེ་ཏོག་རིན་ཆེན་ཕྲེང་བའི་རྒྱན་མང་བཅས།

ཡལ་འདབ་རྣམས་ནི་རང་བྱུང་ཁང་བཟང་མཛེས་པར་གྱུར།།

གཞན་ཡང་ནོར་བཟང་གི་རྣམ་ཐར་ལས། ནོར་བུར་སྨོན་ལམ་བཏབ་པས་ཀཱ་ལའི་ཁྱུས། ལམ་སྣ་དྲངས་ནས་གནས་མཆོག་འདི་རུ་སླེབས། བདག་གི་ནོར་བུའི་ནོར་ཉམས་ཁྱེད་ཀྱིས་མཛོད། ནོར་བུ་འདི་ལ་མཚན་དང་མིང་ཞིག་གསོལ། འདི་འདྲ་རྨི་ལམ་ཡིན་ནམ་མངོན་སུམ་ཡིན། བསོད་ནམས་ཆུང་བས་རྔོན་པའི་རིགས་སུ་སྐྱེས། ལས་སུ་སྡིག་ལས་ཟས་སུ་ཉ་ཤ་ཟོས། གོས་ཧྲིལ་གྱོན་ཞིང་གྲང་བའི་སྡུག་བསྔལ་མྱོང།། གྲོགས་དང་བཟའ་ཟླ་མ་འབྱོར་གཅིག་པུར་ལུས། མི་ཁྱུ་ནས་བུད་མིང་ཡང་རིགས་ངན་ཞེས། བསོད་ནམས་ཆེ་བས་ཀླུ་ཡི་ཡུལ་དུ་ཕྱིན། ཁྱད་པར་ནོར་བུ་འདི་འདྲ་ལག་ཏུ་ལོན། དྲང་སྲོང་ཆེན་པོ་ཁྱོད་དང་དངོས་སུ་མཇལ། སྐལ་བཟང་འདི་འདྲ་རྨི་ལམ་ཡིན་ལས་ཆེ། ཞེས་རྔོན་པ་ངོ་མཚར་སྐྱེས་ཏེ་གླུ་བླངས་པ་ལྟ་བུའོ།

དེ་ལྟར་ངོ་མཚར་སྐྱེ་འོས་ཀྱི་ཡོན་ཏན་ཅི་རིགས་མཐོང་ཐོས་བྱུང་བའི་དགའ་ཚོར་དང་བཅས་པའི་ངོ་མཚར་རྨད་དུ་བྱུང་བའི་ལུས་ང་གི་རྣམ་འགྱུར་དག་དང༌། གཞན་ཡང༌། ཧང་སངས་དགོས་པའི་དོན་རྐྱེན་གཞན་དག་གིས་བསླངས་པའི་ཡ་མཚར་བའི་རྣམ་འགྱུར་དག་ཀྱང་མཚར་བའི་ཉམས་སུ་འདོད་དོ།།

 

༡༠། ང་རྒྱལ་གྱི་ཉམས་རྒྱན།

          དེ་ཡང་ས་པཎ་གྱིས།

།ངམ་པ་གཞན་ལས་འཕགས་པའི་སེམས། །འཇིག་རྟེན་པ་ཡི་འབྱོར་པ་དང༌།

།མཁས་པའི་ཡོན་ཏན་ཕུན་ཚོགས་པས། །ཕ་རོལ་ཟིལ་གྱིས་གནོན་པའོ། རིགས། གཟུགས། སྟོབས། ལོངས་སྤྱོད། རྒྱལ་སྲིད་ལ་སོགས་པ་ངམ་པ་ནི་འཇིག་རྟེན་པའི་ཡིན་ལ། བློ་གྲོས། ཡོན་ཏན། སྤོབས་པ། སྤངས་པ་དང་ཐོབ་པ་ལ་སོགས་པ་གཞན་ལས་ཁྱད་པར་འཕགས་པས་ཕ་རོལ་ཟིལ་གྱིས་གནོན་པ་ནི་ཆོས་ཀྱི་ངམ་པ་ཡིན་ནོ།། ཞེས་གསུངས་པ་ལྟར། འདི་ནི་ང་རྒྱལ་དང་སྤོབས་པ་ཆེན་པོ་སྐྱེས་ཏེ་གཞན་ལ་མཐོང་ཆུང་གི་རྣམ་འགྱུར་སྟོན་པའི་རོ་ཉམས་དང་ལྡན་པའི་ངག་ཅིག དཔེར་ན་མེ་ལོང་མར།

          །བདག་ནི་གནོད་པ་བྱེད་པོ་ཞེས།

          ཁྱོད་ཅག་སྙིང་ལ་འཇིགས་མ་བྱེད།

          །བདག་གི་རལ་གྲིས་ཕྱིར་ཕྱོགས་རྣམས།

          །ནམ་ཡང་འཇོམས་པར་འདོད་མ་ཡིན།

དེ་དོན་ཚིག་ལྷུག་ཏུ་བཏང་ན།

ང་ནི། མི་སྲོག་གཅོད་པའི་གནོད་བྱེད་ཉིད་དོ་ཞེས། དགྲ་བོ་ཁྱོད་ཚོ་འཇིགས་སྣང་མ་བྱེད་དང། ངའི་རལ་གྲི་འདི་ཡིས། ཁ་ཕྱིར་འཁོར་ནས་འབྲོ་བ་རྣམས། དུས་ནམ་ཡང་གསོད་པར་མི་འདོད་དེ། ཚེ་ཐར་གཏོང་བར་བྱེད་དོ། ཞེས་པའོ།

དེ་དོན་སླར་ཡང་ཚིག་ལྷུག་གི་རྒྱན་དུ་བྱས་ན།

          འཆི་བདག་སླེབས་སོ་ཞེས། སྙིང་མ་འདར་དང། རལ་གྲི་འདིས་ནམ་ཡང། ཕྱིར་ཕྱོགས་པའི་རྗེས་མི་སྙེགས་སོ། ལྟ་བུ།

གཞན་ཡང། ནོར་བཟང་རྣམ་ཐར་ལས། ཡིད་འཕྲོག་མ་བྱ་འཕུར་བ་བཞིན་བར་སྣང་ལ་འགྱིང་བག་དང་བྱོན་ཏེ་འདི་སྐད་དོ། ཚུར་ལ་གསོན་དང་མཁྱེན་ལྡན་བཙུན་མོ་ཡི་ལྔ་བརྒྱ། ལགས་པར་དགོངས་དང་ནུས་ལྡན་ཧ་རི་ཡི་ནག་པོ། མདའ་ཚ་བོ་ཡོད་ན་བུ་མོའི་རྗེས་ལ་རྒྱོབ་ཤོག མདུང་རིང་པོ་ཡོད་ན་བུ་མོའི་རྗེས་ལ་སྙེག་ཤོག བུ་མོ་ང་ལ་འགྲན་ན་ནམ་མཁའི་མཐོངས་ལ་འཕུར་ཤོག མཛེས་མའི་སྙིང་ཚུལ་དགོས་ན་དགུང་སངས་འདུ་རུ་ཤོག་དང། ལྟད་མོ་ཆེ་བ་ཨེ་བྱུང་བཙུན་མོ་ཡི་ལྔ་བརྒྱ། ཐུགས་དགོངས་རྫོགས་པ་ཨེ་བྱུང་ཧ་རི་ཡི་ནག་པོ། ལྟད་མ འདི་ལས་ཆེ་བ་ད་དུང་རིམ་གྱིས་སྟོན་ནོ། །ཞེས་པ་ལྟ་བུ་ནི་ཁོང་ཁྲོ་དང་ང་རྒྱལ་གྱིས་གཞན་མཚང་འདྲུ་བ་སྟེ་གཟི་བརྗིད་ཀྱི་རོ་ཉམས་དང་ལྡན་ནོ།།

 

༡༡། ཆགས་སྲེད་ཀྱི་ཉམས་རྒྱན།

 

          འདི་ནི་ཕོ་མོའི་འདོད་ཆགས་ཀྱི་སྲེད་པ་འབར་བའི་ལུས་ངག་གི་རྣམ་འགྱུར་དག་མཚོན་པའི་རོ་ཉམས་དང་ལྡན་པའི་ངག་རྣམས་སོ། དཔེར་ན། མེ་ལོང་མར།

          །མགྲིན་པའི་ནང་ནས་སྙན་སྒྲོགས་ཤིང༌།

          །མིག་ནི་ཀུན་ཏུ་འཕྲུལ་བ་ཡི།

          །ཕུག་རོན་རྩེ་འདོད་དགའ་མ་ལ།

          །ཡོངས་སུ་བསྐོར་ནས་མཆུ་དག་སྦྱོར། ཞེས་པ་དང༌།

          །དགའ་མ་ཡི་ནི་རེག་པ་འདིས།

          །ལུས་ལ་སྤུ་ལོང་རྒྱས་པ་དང༌།

          །ཡིད་ནི་བདེ་བར་བྱེད་པ་དང༌།

          །མིག་དག་ཟུམ་པར་བྱེད་ཅིང་འཇུག ཅེས་པ་དང༌།

          །མཛེས་མ་མྱོས་པའི་མཁུར་ཚོས་དམར།

          །མིག་གི་ཨུཏཔལ་དམར་པོ་ཅན།

          ཁྱོད་ཀྱི་གདོང་གིས་སྐྱེ་བོ་ནི།

          །འདིར་ཡང་དམར་བའི་རང་བཞིན་བྱས། ཞེས་པ་སོགས་དང༌། གཞན་ཡང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ནོར་བཟང་གི་རྟོགས་པ་བརྗོད་པའི་ཡལ་འདབ་ལས།

          མཆུ་ཡི་སྦྲང་རྩིར་ཆགས་ལྡན་པ། སྦྲང་རྩི་འཐུངས་པས་བཞིན་དུ་དེས། རེག་པར་བཞིན་གྱི་ཆུ་སྐྱེས་ནི། དུད་ཅིང་པད་མོ་ཅན་དེ་འདར། སྨྲ་བ་བཅད་ཀྱང་སྲེད་པ་འཆད། གཡོ་བ་མེད་ཀྱང་ཡང་ཡང་འདར། སྐྱེངས་པར་གྱུར་ཀྱང་དཔལ་མདངས་གསལ། དེ་ཡི་དགའ་བ་དེ་ཡིས་སྒྲུབ། དལ་གྱིས་མཆུ་ཡི་རོ་མྱོང་ཞིང༌། སོ་ཡིས་འཇིབ་པ་བྱིན་ནས་ནི། ཆུ་སྐྱེས་རྒྱས་པའི་མིག་ཅན་དེའི། སྨྲ་བཅད་རྒྱ་ནི་དེ་ཡིས་ཕྲལ། གོས་མདུད་འགྲོལ་དང་དགག་པ་ལ། ཁྱོ་ཤུག་ལག་པའི་པད་མ་དག རབ་ཏུ་འདར་ལྡན་གདུ་བུའི་སྒྲ། རྩོད་པ་བྱེད་པར་གྱུར་པ་བཞིན། རྩེ་དགའི་འཛུམ་གྱི་མེ་ཏོག་རྒྱས། མཛེས་པའི་ནུ་མའི་འབྲས་བུ་མཚན། ཆགས་བཅས་ཡལ་འདབ་ལྡན་པ་དེའི། ལོངས་སྤྱོད་རྐང་འཐུང་སྤྱད་བྱར་གྱུར། ཅེས་པ་ལྟ་བུའི་ཆགས་པའི་རོ་ཉམས་ཅན་དག་གོ

 

༡༢། འཇུངས་པའི་ཉམས་རྒྱན།

 

          འདི་ནི་སེར་སྣ་ཆེ་བའི་གང་ཟག་གི་ཉམས་འགྱུར་དག་མཚོན་པའི་ངག་གོ དཔེར་ན། བོད་མཁས་པས།

མཆོད་སྤྲིན་མ་སྤེལ་སྦྱིན་པའི་ཆར་མ་ཕབ།

གཉེན་འཁོར་འབངས་ལ་བསྟབས་མིན་རང་གིས་ཀྱང༌།

སྤྱད་པར་མ་ཕོད་བསོད་ནམས་མགོན་པོའི་མཛོད།

ཡུད་ཀྱིས་སྟོངས་པར་གྱུར་འདིའི་ངང་ཚུལ་གཟིགས། །ཞེས་པར་མཚོན་ན། མི་དེ་ལྟ་བུ་ནི་སྙིང་རྗེ་ཅན་ལ་སྙིང་རྗེའི་ཡུལ་དང༌། གཞན་དུ་ན་ཞེ་མེར་ལངས་སའི་མི་སྡུག་པའི་ཉམས་སུའང་འགྲོ་མོད། གཙོ་བོར་སེར་སྣས་གདུངས་པར་གྱུར་པའི་ཡི་དྭགས་ཆེན་པོ་ཞིག་གི་རང་བཞིན་མངོན་པར་གསལ་བས་ན། དེ་ནི་ལུས་ཀྱི་སྤྱོད་ཚུལ་དག་གིས་ནང་གི་སེར་སྣའི་རང་མཚང་གསལ་བར་བྱས་པའི་ཉམས་རྒྱན་དུ་འདོད་དོ།།

 

༡༣། སྤེལ་མའི་ཉམས་ལྡན་རྒྱན།

 

          དེ་ཡང་མཁས་འཇུག་ལས། སྒེག་པའི་རྒྱན་ལ་སྙིང་རྗེ་དང། ངམ་དང་ཞི་བ་འཇུག་པ་སྲིད། དཔའ་བའི་རྒྱན་ལ་དྲག་ཤུལ་དང། འཇིགས་རུང་ངམ་པའི་རྒྱན་མི་འགལ། མི་སྡུག་པ་ལ་དྲག་ཤུལ་དང། འཇིགས་རུང་སྐབས་འགར་འགལ་བ་མེད། དགོད་པའི་རྒྱན་ལ་སྒེག་ཅིང་དཔའ། མི་སྡུག་ངམ་པའི་རྒྱན་སྦྱོར་སྲིད། ངམ་པའི་རྒྱན་ལ་སྒེག་ཅིང་དཔའ། དགོད་ཅིང་དྲག་ཤུལ་འཇིགས་རུང་འཇུག

          ཅེས་གསུངས་པ་བཞིན། གོང་གི་ཉམས་དེ་དག་ལས་ཉམས་གཉིས་སོགས་ལྷན་ཅིག་ཏུ་འབྱུང་འོས་པའི་རིགས་འགའ་ཡོད་པ་དཔེར་ན།

          ཀ༽ དཔའ་བའི་གཟི་བརྗིད་ཅན་གྱི་ཉམས་རྒྱན་ནི། དཔེར་ན། ནོར་བཟང་གི་རྣམ་ཐར་ལས། ཚུར་ལ་ཉོན་དང་མི་རྒོད་དཔུང་གི་ཚོགས། ང་མ་ཡོང་གོང་ལོ་ན་ཤོག་ཟེར། ཡོང་བའི་དུས་སུ་འཐབ་མི་ཤེས། ཁྱོད་དཔུང་ཚོགས་ཀུན་གྱི་ལག་ལེན་དུ། ནོར་བཟང་མདའ་གཅིག་ཕོ་ཉར་གཏོང། མདའ་འདི་ཡི་གདོང་ལ་ཆགས་ཟེར་ན། མི་ང་ལ་འཐབ་ཡ་ཡོད་རེ་རེད། མདའ་འདི་ཡི་གདོང་ལ་མ་ཆགས་ན། མི་ང་ལ་འཐབ་པ་ཁྱོད་ཀུན་འཁྲུལ། །ཞེས་གསུངས་ནས་མདའ་གཅིག་འཕངས་པས། མདའ་དེའི་གདོང་ལ་མི་མང་པོ་ཤི་ཞིང། མདའི་རླུང་ཤུགས་ཀྱིས་མི་འགའ་དྲན་པ་ཐོར་ཞིང། བྱིངས་ཀུན་ནོར་བཟང་ལ་འཐབ་རེ་བྲལ་བས་ཕྱག་བུལ་བར་བརྩམས་པས་ནོར་བཟང་ནས་འདི་སྐད་དོ། ཚུར་ལ་ཉོན་དང་མི་རྒོད་དཔུང་གི་ཚོགས། ང་སེམས་ཅན་ཀུན་ལ་ཉེ་འགྱངས་མེད། ཁྱོད་དཀོན་མཆོག་ལ་སྐྱབས་སུ་མི་འཛིན་པའི། ལས་ངན་སེམས་ཅན་སྙིང་རེ་རྗེ། ཡབ་པ་ཕའི་བཀའ་བཞིན་འདུལ་དུ་ཡོང། དགོས་ངེས་པའི་མི་རྒོད་ཕ་བུ་གསུམ། བྲོས་ཀྱང་ཐར་དུ་ངས་མི་འཇུག བྱིངས་རྣམས་བསད་ཀྱང་སྡིག་པའི་རྒྱུ། ང་ཡི་བཀའ་ལས་མི་འདའ་ན། ཆོས་ལ་བསྒྱུར་ནས་གནས་འདིར་འཇོག གོ་ན་ཡིད་ལ་དེ་ལྟར་ཞོག །ཅེས་པ་ལྟ་བུ་དང། ཡང་དྲི་ཟའི་ཡུལ་དུ་ཕྱིན་དུས་འདི་སྐད་དུ།

རྒྱལ་པོས་དེ་ལྟར་མ་གསུངས་བདག་ལ་གསོན། ལས་ཀྱིས་བསྐོས་པའི་ཡིད་འཕྲོག་ལྷ་མོ་འདི། སྙིང་ལ་བརྩེ་བས་གནས་འདིར་ཡོང་བ་ལས། སྟོབས་འབྱོར་ནོར་གྱིས་འཕོངས་ནས་ཡོང་བ་མིན། ཡིད་འཕྲོག་འདི་ལ་གཞན་གྱི་འཕྲེང་བ་ཡི། ལྷ་ཡུལ་ཀུན་ལ་མཐུ་ནུས་ཡོད་གྱུར་ན། ཚངས་འདུར་རིགས་ངན་རྔོན་པས་བཟུང་བའི་སྐབས། འདིས་མཚོན་ལྷ་ཡུལ་གཞན་གྱིས་མ་ཚོར་རམ། བུ་མོར་ཡབ་ཡུམ་གཉིས་ཀྱིས་བཀའ་འཁྲོལ་ན། གཞན་ཕྱོགས་ཟུགས་ཅན་གཟུགས་མེད་གང་ལ་ཡང། ནོར་བཟང་ཞུམ་པར་བྱེད་པའི་སྐྱེས་པ་མིན། དྲི་ཟའི་རྗེ་འབངས་ལོངས་སྤྱོད་ལ་མཉེས་ན། ཅི་འདོད་ནོར་གྱི་བཞེས་པ་ང་ཡིས་བསྐོང། ཡིད་འཕྲོག་ཐོན་ཕྱག་མི་རིང་ཉིད་དུ་སྩོལ། །ཅེས་པ་ལྟ་བུ་ནི་ཁྲོ་བ་དང་སྤོབས་པ་བཅས་པའི་གཟི་བརྗིད་ཀྱི་རོ་ཉམས་ཆེར་ལྡན་པའོ།།

ཁ། དྲག་ཤུལ་དང་སྐྱོ་གདུང་བསྡེབས་པའི་ཉམས་རྒྱན་ནི། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས།

ཚེ་སྔོན་དགྲ་བོ་བུ་རུ་བརྫུས་ནས་ནི། ང་ཡི་ནོར་བུ་རིན་ཆེན་དགྲ་ལ་བྱིན། ང་ཡི་བང་མཛོད་རྣམས་ནི་སྟོངས་སུ་བཅུག དགྲ་བོ་དགའ་ཞིང་རང་ཉིད་བརླག་པ་ཡི། བྱ་བ་མང་པོ་ཁྱོད་ཀྱིས་བྱས་པས་ལན། མདུན་མ་མང་པོ་ཁྱོད་ཀྱིས་བསྒྲུབས་པས་ལན། ཧ་ཤང་སྐེམ་སྐེམ་སྒྲ་སྒྲོགས་ཞེས་བྱ་བའི། བདུད་རི་ཆེན་པོ་དེ་ལ་ཁྱོད་སོངས་ཤིག ལོ་ནི་བཅུ་གཉིས་བར་དུ་དེ་རུ་སྡོད། ད་ལྟ་སོངས་ལ་ཡུལ་འདིར་མ་སྡོད་ཅིག ཅེས་པ་འདིར་མཚོན་ན་རྒྱལ་པོ་རང་ཉིད་ཀྱི་ནོར་བུ་བརླགས་པའི་སེམས་སྡུག་དང་བཅས་པའི་ཁོང་ཁྲོ་རབ་ཏུ་འཕེལ་བའི་ཉམས་ཡིན་ནོ།།

རྨད་བྱུང་དང་འཇིགས་སྣང་ལྷན་ཅིག་པའི་ཉམས་རྒྱན་ནི། དཔེར་ན། ནོར་བཟང་རྣམ་ཐར་ལས།

ཁོང་འཛམ་གླིང་མི་ཡི་རྗེ་བོ་དེ། ཁོང་རྫུ་འཕྲུལ་ལྡན་པའི་རྟགས་ཚང་ཞིང། དེ་སྐྱེས་པ་གཞན་དང་ཅི་ལ་འདྲ། གནས་འདི་རུ་ཐར་བའི་རྫུ་འཕྲུལ་དང། སྔོན་ཤར་སྒོའི་ཐང་དུ་འབྱོར་བའི་དུས། ཡོལ་འཛིན་གྱི་བློན་འབངས་ཀུན་འགྱེལ་ཞིང། དེ་མཐོང་བ་ཙམ་གྱིས་ང་སྙིང་འདར། མི་དེ་ལ་དོ་བ་མེད་འདྲ་ཡང། ཞག་ཤས་ཤིག་རྩལ་སྣ་འགྲན་པ་ཡིན། རྩལ་སུ་མཐོ་ལ་བུ་མོ་སྟེར་ཟེར་ནས། དོན་ཐོབ་ན་ཐུབ་མིན་ཤེས་པ་ཡིན། ཞེས་དྲི་ཟ་རྟ་མགོ་ཅན་ནོར་བཟང་གི་ཡོན་ཏན་ལ་ཡ་མཚར་ཅིང་འཇིགས་སྣང་དང་བཅས་སྨྲས་པ་ལྟ་བུའོ།།

          ང། འཇིགས་སྣང་དང་བཞད་གད་ཀྱི་ཉམས་འདྲེས་པའི་རྒྱན་ནི། དཔེར་ན།

          ནོར་བཟང་ནས་དྲི་ཟའི་དེད་དཔོན་ཆེན་པོར་དར་དཀར་གཏོང་བཙམ་གྱིས་རྟ་མགོ་ཅན་ནོར་བཟང་མཐོང་བ་དང། རབ་ཏུ་སྐྲག་ནས་ཁྲིའི་ཁ་ནས་ལྷུང་བར་ཉེ་བས་དེར་རྒྱལ་སྲས་བློན་འབངས་དང་བཅས་པ་ནས་རྒྱལ་པོ་ཁྲིའི་ཁ་ནས་འཛིན་དགོས་བྱུང།       ཞེས་པའི་རྟ་མགོ་ཅན་འཇིགས་པའི་ཉམས་དེ་ནི་དགོད་བྲོ་བ་ཞིག་ཀྱང་ཡིན་པས་སོ།།

ཅ། མང་པོའི་ཉམས་ལྡན་རྒྱན་ནི། དཔེར་ན།

རྟག་ངུའི་རྟོགས་བརྗོད་ལས།

།གང་ཡང་སྒྱུ་མ་མཁས་པ་འགས།

།རལ་བ་གྱེན་དུ་བསྒྲེངས་ཤིང་མིག་རྩ་དམར།

།འཁྱུག་ཅིང་དམར་བའི་གློག་ལྟར་ལྕེ་གཡོ་ཞིང༌།

།རྔམ་པའི་ཤུགས་འབྱིན་རྣོ་བའི་མཚོན་བཟུང་བའི།

།འཇིགས་རུང་གཤིན་རྗེའི་སྐྱེས་བུ་མང་སྤྲུལ་ནས།

།དེ་ཡིས་སྐྱེ་བོ་འགའ་ཡི་ལྟོ་དྲལ་ཏེ།

།རྒྱུ་མའི་ཞགས་པས་རང་གི་མགུལ་བ་བརྒྱན།

།ལུས་ནི་ཁྲག་གིས་ཀུན་ནས་གོས་པར་བྱས།

།ལག་པས་མགོ་བོ་བཟུང་ནས་ཀླད་པ་ལྡག

།འདི་དག་མཐོང་ཚེ་བྱིས་པ་རྨོངས་པ་འགའ།

།མཆི་མས་གདོང་གཡོགས་བྱིན་པ་སྒྲོག་ཏུ་བཅུག

།སྙིང་ཡང་ལྐོག་མར་སླེབས་པ་ལྟར་གྱུར་ནས།

།སྔར་བས་འཇིགས་སྐྲག་སྐྱེས་ནས་བྲོས་མོད་ཀྱང༌།

།དེ་ཡི་ངང་ཚུལ་རིག་པའི་མཁས་པ་དག

།འདི་ལ་འཇིགས་པ་སྐྱེ་བ་ག་ལ་ཞིག

།འཇིགས་པའི་གནས་དེ་ཉིད་ཀྱང་དམིགས་པ་མེད།

ལྟ་བུའི་རིགས་ཀྱི་ཚིགས་བཅད་འདིར་མཚོན་ན། དྲག་ཤུལ་དང༌། སྐྱུག་བྲོ། འཇིགས་སྣང་བཅས་པའི་རོ་ཉམས་དག་དང་ལྡན་པའི་སྙན་ཚིག་གོ

གཞན་ཡང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས།

 དེ་དུས་བཟང་མོ་འཇིགས་ཤིང་སྐྱོ་ནས་སྨྲས་པ། ཨེ་མ་འདི་འདྲའི་གནས་འདི་ཅི་ཞིག་ཡིན། འདྲེ་སྲིན་འབྱུང་བོ་ཉིན་མོ་མཐོང་བ་དང། རྫུ་འཕྲུལ་ཆེ་ཞིང་ཆོ་འཕྲུལ་སྟོན་པ་འདི། འཆི་བདག་བདུད་ཀྱི་གྲོང་ཁྱེར་ཡིན་པ་འདྲ། སྟག་དང་སེང་གེ་ལ་སོགས་གཅན་གཟན་སྟེ། མི་དྲེད་མཆེ་བ་གཙིགས་ཤིང་འཇིགས་པ་མཐོང། དུག་ཆུ་ཁོལ་མའི་རྦ་རླབས་སེམས་པ་སྐྱོ། འདི་ནས་ཐར་བའི་དུས་ནི་མི་འདུག་པས། ད་ནི་སྲོག་གི་འདུ་བྱེད་གཏོང་བ་འདྲ། བླ་མ་ལྷ་དང་དཀོན་མཆོག་རིན་པོ་ཆེ། བདག་ཅག་བཟའ་མི་གཉིས་ཀྱི་ལམ་སྣ་དྲོངས། །ཞེས་པ་འདི་ནི། ཁོ་མོ་འཇིགས་པ་དང་སྐྱོ་བ་དང་མཚར་སྣང་བཅས་བསྡེབས་པའི་རོ་ཉམས་ཅན་ནོ།།

གཞན་ཡང་ནོར་བཟང་གི་རྣམ་ཐར་ལས།

ལྔ་བརྒྱའི་ཁྲོད་ནས་ཁ་བདེ་མ་ཞིག་ན་རེ། ཡིད་འཕྲོག་ལྷ་མོ་ཟེར་བའི་རྐང་འཁྱམས་མ་མོ་རེ། ཁྱོད་བྱང་ཕྱོགས་མངའ་ལྡན་པའི་ཕོ་བྲང་ནང་དུ་སྡོད་རྒྱུ་མ་བྱུང་བ་ལ་ཕན་པོ་ག་འདྲ་བྱུང། ཞེས་ཟེར་ཞིང། ཡིད་འཕྲོག་རྒོད་པོས་གནམ་འཕང་གཅོད་པ་བཞིན་བྱོན་པས། ལྔ་བརྒྱ་ཁ་སྐྱེངས་ནས། ང་ལན་ཁྱོད་ལན་ཟེར་ནས་ནང་འཐབ་ཀྱི་ཀུ་ཅོས་འགེངས་པའི་སྐབས་དེར། ཧ་རི་ནས་འདི་སྐད་དོ། ད་ཉོན་དང་ཉོན་དང་ཕུང་མོ་ཡི་ལྔ་བརྒྱ། ཀུ་ཅོའི་ཕ་རས་མ་རྒྱག་ཧ་རི་ང་ལ་ཉོན་དང། དང་པོ་མི་དྲན་དགུ་དྲན་ལྔ་བརྒྱ་ཡིས་དྲན་འདུག དྲན་པ་ཐོག་ཏུ་འཁེལ་བ་ཨ་མཆོད་ངས་བྱས་སོང། བྱས་པའི་སྔོ་ལོའི་རྒྱལ་མཚན་ཉི་མ་དེ་རིང་འཕྱར་སོང། ཡབ་ཆེན་རྒྱལ་པོའི་དྲུང་དུ་ད་ཆ་ག་འདྲ་ཞུ་བ། ནོར་བཟང་བྱང་ནས་ཕེབས་སྐབས་རང་ཅག་ག་འདྲ་ཞུ་བ། ལྔ་རྒྱ་འབོད་ནག་མ་རྒྱག་ཧ་རི་སྙིང་རླུང་ལངས་བྱུང། ཞེས་པས། ལྔ་བརྒྱ་ནི་གཅིག་གི་གདོང་ལ་གཅིག་གིས་བལྟ་ཞིང་མཆི་མ་དོན་པར་ཉེ་ཞིང།                      ཞེས་པའི་མི་ངན་དེ་དག་གི་སྐྱོ་འཇིགས་ཀྱི་ངང་ཚུལ་དེ་རིགས་ནི་གཞན་དག་གི་སྣང་ངོར་མི་སྡུག་པ་དང་དགོད་བྲོ་བ་ཞིག་ཡིན་པས། མི་སྡུག་པ་དང་བཞད་གད། སྐྱོ་བ་དང་འཇིགས་བཅས་འདྲེས་པའི་མང་པོའི་ཉམས་ལྡན་ནོ།།

༡༤༽ཉམས་དེ་དག་མི་འགལ་བར་སྦྱོར་བའི་ཚུལ།

 

          དེ་ཡང་བརྗོད་བྱ་དང་རྗོད་བྱེད་གཉིས་ཏེ། དང་པོ་ནི། ཇི་ལྟར་ཚོད་མ་སྣ་ཚོགས་རབ་སྦྱར་ཁ་ཟས་ཟོས་པ་ཡི། སྐྱེས་པ་རྣམས་ནི་རོ་མཆོག་མྱོང་བར་བྱེད་ཅིང་དགའ་བ་འཕེལ། དེ་བཞིན་སྣ་ཚོགས་མངོན་ཚུལ་གྱིས་མཚོན་ངག་ལུས་ཡིད་ལྡན་ཕྱིར། ཡིད་བཟང་རྣམས་ཀྱིས་གནས་ཅན་ཡིད་ཉམས་རོ་མཆོག་མྱོང་བར་བྱེད།། ཅེས་གསུངས་པ་བཞིན། ལུས་ངག་གི་ཉམས་དག་འབྱུང་བའི་རྒྱུ་ནི་ཡིད་ཉམས་སམ་ཡིད་ཀྱི་ཚོར་བ་དག་ཡིན་ལ། ཡིད་འགྱུར་ཚོར་བ་དེ་དག་བསྐྱེད་བྱེད་ལའང་རྒྱུ་རྐྱེན་གང་ཞིག་ཡོད་པས། དེ་འདྲའི་ཡུལ་དང་ཡུལ་ཅན་གྱི་སྣང་བརྙན་འཆར་ཚུལ་ནི་བརྗོད་བྱ་སྟོན་སྟངས་དང༌། ཡང། རང་བཞིན་བརྗོད་རྒྱན་དང༌། དཔེ་རྒྱན་དང་གཟུགས་ཅན་རྒྱན། ཕུལ་བྱུང་རྒྱན་དང་རབ་རྟོག་རྒྱན་སོགས་འཁྱོག་པོར་རྗོད་ཚུལ་ཅི་རིགས་ཀྱིས་སྤྲས་ནས་མཚོན་པ་ནི་རྗོད་བྱེད་ཚིག་གི་ཉམས་འདོན་ཚུལ་ཏེ། དེ་ལྟའི་དོན་དང་ཚིག་གི་སྙན་པའི་རོ་ཉམས་དང་ལྡན་པའི་ངག་དག་ནི་སྐབས་འདིའི་ཉམས་ལྡན་རྒྱན་གྱི་སྦྱོར་ཚུལ་ཡིན། དེ་ཡང་ས་པཎ་གྱིས།

དཔའ་བའི་རྒྱན་ལ་དྲག་ཤུལ་དང༌། །འཇིགས་རུང་ངམ་པའི་རྒྱན་མི་འགལ།

དཔའ་བ་བསྔགས་པའི་སྐབས་སུ་གཞན་འདི་དག་དང་རྣམ་པ་མི་འགལ་བའི་ཕྱིར་སྙན་ངག་སྦྱོར་ཤེས་ན་སྐྱོན་མེད་དེ། སྐབས་འགར་ཡོན་ཏན་ཉིད་དུའང་འགྱུར་རོ།།

མི་སྡུག་པ་ལ་དྲག་ཤུལ་དང༌། །འཇིགས་རུང་སྐབས་འགར་འགལ་བ་མེད།

མི་སྡུག་པ་དང་གཞན་འདི་དག་ཀྱང་རྣམ་པ་མི་འགལ་བའི་ཕྱིར་ཚིག་སྡེབ་ཤེས་ན་འགལ་བ་མེད་དོ།།

སྙིང་རྗེ་ཞི་བའི་རྒྱན་ཕན་ཚུན། །སྐབས་ཀྱིས་འགལ་བ་མེད་པའང་སྲིད།

སྙིང་རྗེ་དང་ཞི་བ་ཕན་ཚུན་མི་འགལ་བས། རྒྱན་ཡང་ཕན་ཚུན་མི་འགལ་ལོ། །སྦྱོར་བའི་ཤུགས་ཀྱིས་འགལ་བར་སྣང་ན་ཡང་རྒྱན་འཆོལ་བར་མི་སྦྱར་ཏེ། འདི་ལྟ་བུའི་སྐབས་རང་གིས་བརྟགས་ཏེ་ཤེས་པར་བྱའོ།།

དགོད་པའི་རྒྱན་ལ་སྒེག་ཅིང་དཔའ། །མི་སྡུག་ངམ་པའི་རྒྱན་སྦྱོར་སྲིད། དགོད་པའི་རྒྱན་འཆད་པའི་སྐབས་སུ། སྒེག་པ་དང༌། དཔའ་བ་དང༌། མི་སྡུག་པ་དང༌། ངམ་པའི་རྒྱན་སྦྱོར་སྲིད་དེ། འདི་དག་ལ་བརྟེན་ནས་སྙན་ངག་མཁན་གད་མོ་འབྱིན་པའི་ནུས་པ་ཡོད་ཚིག་གོ། །དཔེར་ན་ལྷ་རྣམས་གར་བྱེད་པ་ན་དབང་ཕྱུག་གི་སྦྲུལ་གྱི་མཆོད་ཕྱིར་ཐོགས་ས་ལ་ལྷུང་སྐབས་དེར་ནམ་མཁའ་ལྡིང་གར་ནང་དུ་ཞུགས། སྦྲུལ་སྐྲག་སྟེ་འབྲོས་ས་མ་རྙེད་ནས་ཚོགས་ཀྱི་བདག་པོ་གར་བྱེད་པའི་སྣ་བུག་ཏུ་ཞུགས། དེར་ཚོགས་བདག་མ་བཟོད་དེ་མགོ་སྤྲུགས། དེ་མཐོང་བས་ལྷ་ཐམས་ཅད་བཞད་གད་བྱུང༌། དེ་ལྟའི་བཀྲ་ཤིས་ཁྱོད་ལ་ཤོག ཅེས་ཚིག་སྡེབ་ལེགས་པའི་སྙན་ངག་དེ་ལྟ་བུ་དཔྱོད་པ་བའི་བསྟན་བཅོས་ཀྱི་ཀླད་ན་ཡོད་པ་ལྟ་བུ་ཡིན།།

དྲག་ཤུལ་འཇིགས་རུང་རྣམ་གཉིས་ལ། །དཔའ་དང་མི་སྡུག་ངམ་པ་འཇུག དྲག་ཤུལ་དང་འཇིགས་སུ་རུང་བ་བསྔགས་པའི་རྒྱན་ལ་དཔའ་བ་དང་མི་སྡུག་པ་དང་ངམ་པའི་རྒྱན་སྦྱོར་བ་མི་འགལ་ལོ།།

སྒེག་དགོད་ངམ་པ་རྣམ་གསུམ་ལ། །བསྒྱིངས་དང་འཕྱར་དང་ཟིལ་གནོན་དང༌།

དཔེ་རྒྱན་སྒྲོ་བཏགས་སྣ་ཚོགས་པ། །རོལ་ཅིང་སྒེག་པའི་ཚིག་རྒྱན་འཇུག སྒེག་པ་ལ་སོགས་པ་ཚིག་ཟབ་ཅིང་རོལ་པ་དང་བཅས་པ་དང༌། དགའ་བསྐྱེད་པ་དང༌། ཕ་རོལ་སྤ་སྐོང་བ་དང༌། དཔེ་སྣ་ཚོགས་དང༌། ཚིག་གི་རྒྱན་སྣ་ཚོགས་དང༌། སྒྲོ་བཏགས་པའི་སྦྱོར་བ་དོན་དང་འཕྲོད་པ་རོལ་ཅིང་སྒེག་པ་དང་བཅས་པའི་སྙན་ངག་འཇུག་གོ

དཔའ་དྲག་འཇིགས་རུང་རྣམ་གསུམ་ལ། །ཁམས་གསུམ་ཟ་བའི་ངང་ཚུལ་ཅན།

།ངོ་བོ་ཉིད་ཀྱིས་འཇིགས་རུང་བ། །སྤུ་ཟིང་ཞེས་ནི་བྱེད་པའི་ཆོས།

།རྩུབ་པའི་ཚིག་རྒྱན་སྦྱར་བར་བྱ། དཔའ་བ་ལ་སོགས་པ་གསུམ་ལ་རང་འདོགས་པ་མེད་ཅིང་ཕ་རོལ་སྐྲག་པར་བྱེད་པ། ནང་གི་ཁོང་ནས་འཁྲུགས་པ་དང༌། ལུས་དང༌། ངག་དང༌། མཚོན་ཆ་ལ་སོགས་པའི་རྣམ་འགྱུར་མི་བཟད་པ་ངོ་བོ་ཉིད་ཀྱིས་ནང་དང་ཕྱི་རོལ་གྱི་འཇིགས་པ་སྐྱེད་པ། ཁམས་གསུམ་ཟ་བར་ནུས་པའི་ངང་ཚུལ་ཅན། སྐྱི་གཡའ་ཞིང་སྤུ་ཟིང་ཞེས་བྱེད་ནུས་པའི་ཚིག་སྦྱར་བར་བྱའོ། །དེའང་སྨིན་མ་བསྡུས་པ་ལ་སོགས་པའི་ལུས་ཀྱི་ཆོས། རྩུབ་པའི་མཚོན་ཆ་ལ་སོགས་པ་ལུས་དང་འབྲེལ། འཇིགས་པའི་ཧཾའུ་སྒྲ་ལ་སོགས་པ་ངག་དང་འབྲེལ། དུར་ཁྲོད་དང༌། ཚང་ཚིང་དང༌། ངམ་གྲོག་དང༌། གཡང་ས་དང༌། མུན་ནག་དང༌། གཅན་གཟན་གྱི་ཁྲོད་ལ་སོགས་པ་གནས་དང་འབྲེལ་ལོ།།

མི་སྡུག་པ་ནི་ལུས་ངག་ཡིད། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི།

།སྐྱོན་དང་འབྲེལ་བའི་ངང་ཚུལ་ཅན། །ཡིད་འབྱུང་བྱེད་པའི་ཚུལ་ཡིན་ནོ།

          ལུས་མི་སྡུག་པ་ཁ་དོག་དང་དབྱིབས་ཕྱིན་ཅི་ལོག་དང༌། ངག་མི་སྡུག་པ་རྩུབ་པ་དང་མ་འབྲེལ་བ་དང་ཚོགས་པར་དབྱུང་བྱ་མ་ཡིན་པའི་ཚིག་འབྱིན་པ། ཡིད་མི་སྡུག་པ་ནི་ཕན་བཏགས་པ་གནོད་པའི་སེམས་དང༌། མཆོད་པར་འོས་པ་བསླུ་བ་ལ་སོགས་པའི་བསམ་པ་ཐོས་པ་ཙམ་གྱིས་ལྷ་དང་བཅས་པའི་འཇིག་རྟེན་ཡིད་འབྱུང་བར་ནུས་པའོ། །དེ་དག་ཀྱང་ནང་ནས་བྱུང་བ་ནི་ལྷན་ཅིག་སྐྱེས་པའི་མི་སྡུག་པའོ། །ལུས་ཀྱི་དྲི་མ་དང༌། ཐལ་བ་བྱུགས་པ་དང༌། གོས་ཧྲལ་ཧྲུལ་ལ་སོགས་པ་ནི་ཆ་ལུགས་དང་འབྲེལ་པའོ། །གནས་ངན་པ་དང༌། མི་གཙང་བ་དང༌། ལྗན་ལྗིན་དང༌། རད་རོད་དང༌། གྱོ་མོ་དང༌། མགལ་དུམ་དང༌། སྐྲ་དང༌། རུས་པ་དང༌། སྡོང་དུམ་དང༌། རུལ་པའི་ཆུ་ལ་སོགས་པ་ནི་གནས་དང་འབྲེལ་པའོ།།

།དགོད་པའི་རྒྱན་ལ་རང་བཞིན་དང༌། །བསྒྲུབས་པ་ལས་བྱུང་རྣམ་པ་གཉིས།

།རང་བཞིན་ཕལ་ཆེར་བླུན་པོ་ལ། །བསྒྲུབས་པ་མཁས་པ་རྣམས་ལ་ཡོད། དགོད་པའི་རྒྱན་ལ་རང་བཞིན་གྱིས་གད་མོ་འབྱིན་པ་ནི་བླུན་པོ་ངོ་ཚ་མི་ཤེས་པའི་རྣམ་འགྱུར་ལས ཕལ་ཆེར་འབྱུང་ལ། བསྒྲུབས་པ་ནི་སྙན་ངག་མཁན་དང༌། །ཟློས་གར་མཁན་དང༌། བཞད་གད་མཁན་ལ་སོགས་པ་སྦྱངས་པའི་ཁྱད་པར་ཡིན་ལ། དེའང་ལུས་ངག་ལས་བྱུང་བའི་བཞད་གད་ནི་ནང་གི་ཡིན་ལ། དེའང་ལུས་ངག་ལས་བྱུང་བའི་བཞད་གད་ནི་ཕྱིའི་ཡིན་ནོ། །འདི་དག་གི་དཔེ་བརྗོད་པ་ནི་ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་ཟློས་གར་ལ་སོགས་པར་ཤེས་པར་བྱའོ།། ཞེས་གསུངས་སོ།

 

༡༥། ཞར་དུ་ཟློས་གར་བའི་ལུས་ངག་གི་ཉམས་སྟོན་ཚུལ་འགའ་བཤད་པ།

 

༡། ལུས་ཀྱི་ཉམས་སྟོན་ཚུལ།

གོང་དུ་བརྗོད་པའི་ཡིད་ཀྱི་མྱོང་ཚོར་ཤུགས་དྲག་པ་དེ་དག་ལས་ནམ་རྒྱུན་མི་རྣམས་ལ་རང་དབང་མེད་པར་ལུས་ཉམས་སྣ་ཚོགས་འབྱུང་གི་ཡོད་པ་ཇི་བཞིན་དུ། ཟློས་གར་བས་ཀྱང་ཉམས་དེ་རིགས་བཅོས་མིན་གྱི་ཚུལ་དུ་མངོན་པར་བྱེད་དགོས།

ཟུར་མིག་ལྟ་བ། སྡང་མིག་ལྟ་བ། མིག་སྐོར་བ། མིག་བརྡ་བྱེད་པ། ཅེ་རེ་ལོང་ལྟ་བ། མིག་ཙུམ་པ། མིག་ཆུ་གཏོང་བ་སོགས་མིག་གི་རྣམ་འགྱུར་དང༌། ཁ་གདངས་པ། ཁ་གསེག་པ། ཁ་མྱང་བ། ཁ་ལྡེག་པ། མཆིལ་མ་མིད་པ། ཁ་ཆུ་སྣ་ཆུ་བཞུར་བ། ཁ་སྙེར་སྣ་སྙེར་བྱེད་པ། ཁ་ཤ་འདར་བ། གླལ་མོ་བྱེད་པ།ལྕེ་བསྣར་བ། ཨམ་གཙིགས་སྡོམ་པ་སོགས་ཁ་ཡི་རྣམ་འགྱུར་དང༌།  མགོ་སྟོད་པ་དང་སྒུར་བ། མགོ་འཕྲེད་དུ་གཡུག་པ། མགོ་ནང་ལ་ལྡེམ་པ། མགོ་འདར་བ། སྐེ་འཁྱོག་པ་སོགས་མགོ་ཡི་རྣམ་འགྱུར་དང།། ལག་པ་ཕུར་བ། ཐལ་མོ་སྦྱོར་བ། མཐེ་བོང་སྒྲེང་བ་དང༌། སྡིགས་མཛུབ་ཀེར་བ། ཁུ་ཚུར་སྒྲེང་བ། ལག་པ་རྡབ་པ། ལག་པ་འདར་བ། བྱ་རྨྱང་བྱེད་པ། འགྲམ་པ་སྐྱོར་བ། འགྲམ་ཤ་ནས་འཐེན་པ། མ་ནེ་ཕུར་བ། མགོ་ཕུར་བ་དང་འཕྲུག་པ། སྐྲ་བྱིལ་བ། སྐྲ་འབལ་བ། བྲང་རྡུང་བ། ལག་པ་མདུན་རྒྱབ་ཏུ་སྣོལ་བ། ལག་པ་སྐེད་པར་བརྟེན་པ་སོགས་ཀྱི་ཕྱག་རྒྱ་སྣ་ཚོགས་དང༌། གོམ་པ་མྱུར་བ་དང་དལ་བ། གོམ་པ་ལྗིད་པ་དང་ཡང་བ། འགྱིངས་འགྲོས། འཇབ་འགྲོས། འཐེང་འགྲོས། སྒེག་འགྲོས། རྐང་པ་རྡབ་པ། རྐང་པ་འདར་བ་སོགས་རྐང་པའི་འགུལ་སྤྱོད་རིགས་དང།དཔུང་ཤ་ངོམ་པ། སྐེད་པ་སྟོན་པ། བརླ་ཤ་སྟོན་པ། ནུ་མ་གཡོ་བ། འཕོངས་གཡུག་པ། གསིག་སྐོར་རྒྱག་པ། ལྡིང་བ་དང་མཆོངས་པ། ཉལ་བ། ལངས་པ། འགྲོ་བ། འགྲེ་ལྡོག་དང་འཕག་འཚག་རྒྱག་པ་སོགས་ལུས་སྐྱོད་ཚུལ་སྣ་ཚོགས་བཅས་ཏེ། མདོར་ན། ཁྲོ་བའི་གདོང་ནག་པོ་སྟོན་པ། དགའ་བའི་གདོང་དཀར་པོ་སྟོན་པ། ངོ་ཚ་དང་སྐྲག་སྣང་དང་ཆགས་པའི་གདོང་དམར་པོ་སྟོན་པ། སྐྱོ་གདུང་སོགས་ཀྱི་གདོང་སྐྱོ་བོ་ངོ་ཤོར་བའི་རྣམ་པ་ཅན་དང།། རྐང་ལག་གི་སྟངས་སྟབས་ལ་སོགས་པའི་ལུས་ཉམས་ཅི་རིགས་སྐབས་བབ་དང་འཚམ་པར་སྟོན་ཐུབ་པ་དགོས་སོ།།

༢། ངག་གི་ཉམས།

སྙན་དངགས་ཀྱི་ཉམས་ལྡན་རྒྱན་དེ་དག་སྙན་དངགས་པ་དང་གར་མཁན་གྱིས་གྱེར་འདོན་བྱེད་པའི་ཚེ་ནང་ཉམས་ཏེ་དགའ་སྐྱོ་སོགས་ཀྱི་ཉམས་གང་ཞིག་ལྡན་ན། སྙན་ཚིག་གྱེར་དབྱངས་དེ་ཡང་དགའ་སྐྱོ་གང་དེའི་རྣམ་པ་ཅན་ཡིན་དགོས་པ་ནི་འཁྲབ་སྟོན་པའི་ངག་གི་སྒྱུ་རྩལ་གཙོ་བོ་ཞིག་ཡིན།

ངག་གི་ཉམས་ལའང་རྣམགྲངས་ཧ་ཅང་མང་སྟེ་དཔེར་ན། གློ་ལུ་བ། འཁུན་པ་དང་སྨྲེ་ངག་སོགས་ངུ་སྒྲའི་རིགས་འདྲ་མིན། སོ་སྒྲ་སྒྲོགས་པ། ཀི་འདེབས་པ། ཁ་ཤུ་དང་སྣ་ཤུ་འདེབས་པ། སྣ་གླུ་ལེན་པ། སྣ་དགོད་དང་ཧབ་ཆ་དང་འཕྱ་སྨོད་སོགས་དགོད་སྒྲའི་རིགས་འདྲ་མིན་དང།

མདོར་ན། ཞི་བའི་ངག་འཇམ་སྨྲ་ཚུལ། དྲག་པོའི་ངར་སྐད་སྒྲོགས་ཚུལ་དང། དབུགས་ཀྱི་མྱུར་དལ་དང་ཤུགས་ཆེ་ཆུང་ལ་སོགས་པའོ།

དབྱངས་ལ་རྩ་བའི་དབྱེ་བ་བདུན་ཏེ། དྲང་སྲོང་ས་འཛིན་དྲུག་སྐྱེས་དང། ལྔ་ལྡན་བར་མ་བློ་གསལ་དང།། འཁོར་ཉན་དབྱངས་ཀྱི་ངེས་པ་བདུན།

དབྱངས་བདུན་པོའི་གདངས་ཀྱི་དཔེ་མཚོན་ནི། དབྱངས་ཀྱི་མཆོག་ནི་དྲང་སྲོང་སྟེ། ཁྱུ་མཆོག་གླང་གི་སྐད་དང་འདྲ། དབྱངས་བདུན་ཚང་བ་ས་འཛིན་ཏེ། ར་མ་ལུག་གི་འབའ་སྐད་འདྲ། དྲུག་སྐྱེས་དབྱངས་དྲུག་ལྡན་པ་སྟེ། རྨ་བྱ་མྱོས་པའི་སྐད་དང་འདྲ། གདངས་རྣམས་ཆ་མཉམ་བར་མ་སྟེ། ཁྲུང་ཁྲུང་དཀར་མོའི་དབྱངས་དང་མཚུངས། བློ་གསལ་གདངས་ནི་ཚིག་འབྲུ་གསལ། རྟ་མཆོག་ལྷང་ལྷང་འཚེར་བ་བཞིན། འཁོར་ཉན་དབྱངས་དྲུག་བསྲེས་པ་སྟེ། གླང་བོ་ཆེ་ཡི་སྐད་བཞིན་ནོ།

དེ་ཡང་མྱོས་པ་ལ་སོགས་པའི་རྒྱུ་དེས་དབྱངས་རྣམ་པར་འགྱུར་བར་བྱེད་པ་ནི་འཁོར་ཉན། སེམས་འགྲོ་ཞིང་འཇུག་པས་སམ་ཁྱུ་མཆོག་ལྟར་སྒྲོགས་པར་བྱེད་པས་ཁྱུ་མཆོག དབྱངས་ཕྲ་མོར་ལེན་པས་ཕྲ་འཛིན་ནམ་ས་འཛིན། གང་ཕྱིར་སྣ་དང་མགྲིན་པ་བྲང། རྐན་ལྕེ་སོ་རྣམས་དྲུག་པོ་ལ། བརྟེན་ནས་ཡང་དག་འབྱུང་དེ་ཕྱིར། དེ་ནི་དྲུག་སྐྱེས་ཞེས་སུ་བརྗོད། འགྲིགས་ཆགས་བར་མའི་ཁྱད་པར་ལ་འབྱུང་བས་བར་མའོ། བློ་ལྡན་རྣམས་ཀྱིས་དབྱངས་སུ་ལེན་པས་བློ་ལྡན་སྐྱེས། ལྔ་བོ་རྣམས་ལས་འབྱུང་ཞིང་རྫོགས་པར་བྱེད་པས་ལྔ་པ། ཞེས་ཀྱང་གསུངས་སོ།

དེ་དག་དགའ་སྐྱོའི་སྐབས་གང་དག་ཏུ་སྤྱོད་འོས་སམ་ཞེ་ན། རྩེད་མོར་རློམ་པར་བླང་བ་ནི། ལྔ་བ་དང་ནི་བར་མའི་དབྱངས། དཔའ་བོ་དྲག་པོ་ངོ་མཚར་དུ། དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། ས་འཛིན་པ་དང་འཁོར་སྙན་དབྱངས། སྙིང་རྗེའི་རོ་ལ་བླང་བར་བྱ། འཐབ་མོ་འཇིགས་དང་བཅས་པ་ལ། བློ་གསལ་དབྱངས་ནི་བླང་བར་བྱ། ཞེས་གསུངས་པ་བཞིན་ཤེས་པར་བྱའོ།

དེ་ལྟར་ཟློས་གར་མཁན་པོས་ཆེད་དུ་བྱས་པའི་རྣམ་འགྱུར་དག་དང༌། སྤྱིར་མི་རྣམས་ལ་རང་བཞིན་གྱིས་འབྱུང་བའི་ལུས་ངག་ཡིད་ཀྱི་ཉམས་འགྱུར་སྣ་ཚོགས་པ་དག་སྙན་ངག་མཁན་པོའི་སོར་རྩེ་ནས་ཀྱང་ཇི་བཞིན་མངོན་པར་མཚོན་པའི་ཚུལ་ལ་འབད་པར་རིགས་སོ།།

གོང་དུ་བརྗོད་པ་དག་ནི་སྐྱེས་བུའི་སྒོ་གསུམ་གྱི་ཉམས་འགྱུར་རམ་་སྒོས་སུ་ལུས་ངག་གི་རྣམ་འགྱུར་དག་གིས་ཡིད་ཉམས་མངོན་པར་མཚོན་ཚུལ་གྱི་ཉམས་ལྡན་རྒྱན་གཙོ་བོ་ཁག་ཅིག་ཡིན། གཞན་ཡང། སྐྱེས་བུའི་ནང་གི་ཡིད་འགྱུར་དང་མ་འབྲེལ་བའི་ཕྱི་ལུས་ཀྱི་མཛེས་སྡུག་དང་མི་སྡུག་པའི་རྣམ་པ་སོགས་དང༌། ཡུལ་ལྗོངས་སོགས་རང་བྱུང་གི་རྣམ་པ་བཀོད་འབྲི་བྱས་པ་དག་ཀྱང་སྤྱིར་ཉམས་ལྡན་རྒྱན་དུ་འདོད་དོ།།

སྨྲས་པ།

།ཟློས་གར་མཁན་པོའི་ལུས་ངག་ཉམས་བརྒྱ་ཡིས།

།ལྟ་མཁན་སྟོང་གི་སྒོ་གསུམ་བསླུ་བས་ན།

།ངག་གི་རོ་ཉམས་སྟོང་གི་འགྱུར་ཁུགས་ཀྱིས།

།ཀློག་མཁན་འབུམ་གྱི་ཡིད་དབང་ཅིས་མི་བཟི།

 

།ཚོར་འདུ་ཕྲ་མོའི་འགྱུར་བག་མཐའ་ཡས་དག

།ཇི་བཞིན་རི་མོས་མཚོན་བྱར་འགྱུར་དཀའ་ཡང༌།

།ལུས་ངག་དག་གི་རྣམ་འགྱུར་རགས་པ་དག

།ཞིབ་པར་འབྲི་འདི་ནང་ཉམས་མཚོན་བྱེད་མཆོག།

 

གཉིས། དཔེ་འཇོག་གི་རྒྱན།

 

          སྤྱིར་དཔེ་བཞག་ནས་བརྗོད་ཚུལ་གང་ཡིན་ཡང་སྐབས་དོན་གང་ཞིག་སྔར་ལས་གོ་བདེ་དང་ཁ་གསལ་དུ་བཏང་ནས་ཤེས་པའི་ཆེད་དུ་ཡིན་མོད། འདིར་མཛེས་པའི་ཉམས་ཤིག་ཐོན་རྒྱུ་གཙོ་གལ་དུ་འཛིན་འོས་ཏེ། དཔེ་འཇོག་པ་གང་ཞིག་རྒྱན་དུ་འགྱུར་དགོས་པའི་ཕྱིར་རོ།      

 

གོ་དོན་དང་དབྱེ་བ།

 

          འདིར་བརྗོད་པའི་དཔེ་འཇོག་གི་རྒྱན་ཞེས་པ་ནི། སྐབས་དོན་གང་ཞིག་ཚིག་ཟིན་ལ་དངོས་སུ་སྟོན་པའི་ཚེ་དཔེ་འཇོག་གི་ཐབས་ཚུལ་སྣ་ཚོགས་ཀྱིས་མཚར་ཉམས་འདོན་པའི་རྒྱན་ཐམས་ཅད་ལ་གོ་དགོས། དེ་ཡང་སྐབས་དོན་གྱི་དཔེ་ཅན་དང། མཛེས་བྱེད་ཀྱི་དཔེ། ཅི་ཞིག་མཚུངས་པའི་ཆོས་བཅས་གསུམ་པོ་དག་ནི་ནམ་ཡང་ཚང་དགོས་པའི་དཔེ་རྒྱན་སྤྱིའི་ཁྱད་ཆོས་ཡིན།

          དེ་ལ་དབྱེ་ན། མཚུངས་བར་སྟོན་པའི་དཔེ། གཟུགས་སུ་འགོད་པའི་དཔེ། སྒྲུབ་བྱེད་ཀྱི་ཚུལ་དུ་འགོད་པའི་དཔེ། མཚོན་བྱེད་ཀྱི་ཚུལ་དུ་འགོད་པའི་དཔེ་བཅས་བཞི་དང༌། ཞོར་དུ་དཔེ་དོན་སྦྱོར་ཚུལ་གྱི་སྐྱོན་ཡོན་འགའ་བཤད་པའོ།

 

ཁ། མཚུངས་པར་སྟོན་པའི་དཔེ།

 

          འདི་ནི་དཔེ་དོན་ཐད་ཀར་སྦྱར་ནས་ཆོས་གང་ཞིག་ཚིག་གི་དངོས་ཤུགས་གང་རུང་ལས་མཚུངས་བར་སྟོན་པའི་ནམ་རྒྱུན་གྱི་དཔེའམ་དཔེ་རྒྱན་སོ་གཉིས་སོགས་ཏེ། མདོར་ན་ཐད་ཀར་མཚུངས་སྟོན་གྱི་དཔེ་རྒྱན་དང༌། བསྐོར་ནས་མཚུངས་སྟོན་གྱི་དཔེ་རྒྱན་གཉིས་སོ།

          དང་པོ་ནི། དཔེ་དོན་དངོས་སུ་མཚུངས་པར་སྟོན་པའི་བཞིན་དང་འདྲ་དང་ལྟར་ལ་སོགས་པའི་མཚུངས་གསལ་གྱི་སྒྲ་གང་རུང་དང་ལྡན་པ་དག་སྟེ། དཔེར་ན། ཁྱོད་ཀྱི་གདོང་ནི་པད་མ་བཞིན། ལྟ་བུའི་དཀར་ཅིང་མཛེས་པའི་མཚུངས་ཆོས་ཤུགས་བསྟན་ཅན་གྱི་དཔེ་དང༌། ཡང་ན།

  །རྒྱལ་གཅེས་ལ་རྒྱ་ལྷུན་པོ་བཞིན་དུ་བརླིང།

  །རང་བཙན་འབོད་སྒྲ་བྲག་ཅ་ཇི་བཞིན་འཁོར།

  །ཆོལ་བསུམ་ཆིག་སྒྲིལ་དྲུ་གུ་བཞིན་དུ་འགྲིལ།

  །ལུགས་ཟུང་དམངས་གཙོ་ཡར་ངོའི་ཟླ་བཞིན་བརྟས། ཞེས་པ་ལྟ་བུའི་བརླིང་དང༌། འཁོར། འགྲིལ། བརྟས་པ་སྟེ་མཚུངས་ཆོས་ཀྱང་ཚིག་ཟིན་ལ་དངོས་བསྟན་གྱི་དཔེ་སྟེ། རྩ་བར་འདི་གཉིས་ལ་དངོས་དཔེ་དང༌། ཆོས་དཔེ་ཞེས་ཟེར་ལ། དཔེ་དོན་སྦྱར་བའི་རྒྱན་ཇི་སྙེད་ལ་འཁྱོག་པོར་བརྗོད་ཚུལ་ཧ་ཅང་མངས་ན་ཡང༌། མཚུངས་ཆོས་དངོས་ཤུགས་གཉིས་གང་རུང་ལས་སྟོན་ཚུལ་འདི་ལས་མ་འདས་པས་ན་དཔེ་རྒྱན་སོ་གཉིས་ཀྱི་ཐོག་མར་བཀོད་པའོ། ཡང༌།

          ཁྱོད་གདོང་མིག་ནི་མི་བརྟན་ཞིང༌།

          །སོ་ཡི་འོད་ཟེར་རབ་གསལ་བ།

          །འདམ་སྐྱེས་བུང་བ་གཡོ་ལྡན་ནི།

          །གེ་སར་དག་གིས་མཚོན་བཞིན་མཛེས། །ཞེས་ངག་དོན་གྱི་དོན་གང་ཞིག་ལ་ངག་དོན་གྱི་དཔེ་ཞིག་གིས་མཚོན་པར་བྱེད་པ་འདི་ལ་ངག་དོན་གྱི་དཔེ་ཟེར། དཔེ་དོན་སོ་སོར་སྦྱར་ནས་མཚུངས་སྒྲ་མང་པོས་སྟོན་ཚུལ་ཡང་ཡོད་དེ།

          །རྣོན་པོའི་མདའ་ཡིས་རི་དྭགས་བཞིན།

          །རྩུབ་མོའི་ཚིག་གིས་གང་དག་ཡིད།

          །གདུང་བ་དེ་ནི་སེམས་གསོས་བཞིན།

          །སྡུག་བསྔལ་རྣམས་ཀྱང་ཆོས་ཀྱིས་འཆོས། །ཞེས་པ་ལྟ་བུར་མཚོན་ན། རྔོན་པས་མདའ་རྣོན་གྱིས་རི་དྭགས་ལ་བསྣུན་ནས་ན་ཟུག་སྦྱིན་པ་ལྟར། གང་གི་ཚིག་རྩུབ་མོས་སྐྱེ་བོ་གང་དག་གི་ཡིད་ཀྱང་འཁྲུགས་ཤིང་གདུང་བར་བྱས་པ་དེ་ཡང་བརྩེ་ལྡན་གཞན་དག་གིས་སེམས་གསོ་བཏང་ནས་ཞི་བར་བྱེད་ནུས་པ་ལྟར། འཁོར་བའི་སྡུག་བསྔལ་མཐའ་དག་ཀྱང་དམ་པའི་ཆོས་ཀྱིས་ལེགས་པར་འཆོས་ཤིང་བསལ་ནུས། ཞེས་པའི་དོན་སྟེ། ངག་དོན་མཚུངས་སྒྲ་ཅན་ཡིན་པ་མ་ཟད། མདའ་ཡིས་རི་དྭགས་རྨས་པ་བཞིན་ཚིག་གིས་གཞན་ཡིད་རྨས་པ་དང༌། དེ་ཡང་སེམས་གསོས་ཞི་བ་བཞིན། སྡུག་བསྔལ་ཚང་མ་ཆོས་ཀྱིས་འཆོས་ནུས་ཞེས་སྔ་ཕྱི་རིམ་པར་དཔེ་དང་དཔེ་ཅན་དུ་བསྟར་བ་ཕྲེང་བའི་དཔེ་ཡང་ངོ༌།

          གཉིས་པ་ནི། དེ་འདྲའི་མཚུངས་སྒྲ་དངོས་སུ་མེད་པར་སྐད་ཆའི་ཚིག་འགྲོས་སམ་རྗོད་བབ་ཀྱི་ནས་དཔེ་དོན་མཚུངས་པར་གོ་བའི་བསྐོར་བའི་དཔེ་འཇོག་ནི། དཔེར་ན།

          རྒྱལ་བོ་རྣམས་ནི་སྐྱེས་གྱུར་ཀྱང༌།

          ད་ལྟ་ཁྱོད་འདྲ་གཅིག་ཀྱང་མེད།

          རྐང་འཐུང་དག་ལ་དཔག་བསམ་ནི།

        གཉིས་པ་ངེས་པར་ཡོད་མ་ཡིན། །ཞེས་ངག་དོན་གྱི་དོན་རྐང་པ་ཐོག་མ་གཉིས་དང༌། ངག་དོན་གྱི་དཔེ་རྐང་པ་ཐ་མ་གཉིས་པོའི་ཚིག་རྗོད་ཀྱི་འགྲོས་མཐུན་པར་བརྗོད་པའི་ཤུགས་ནས་དཔེ་དོན་མཚུངས་པར་གོ་བར་བྱེད་པ་འདི་འདྲ་དག་ལ་ཟླ་བོ་དངོས་པོའི་དཔེ་ཞེས་བྱ་སྟེ། ས་སྐྱ་ལེགས་བཤད་སོགས་སུ་མངས། དཔེ་མཚོནགཞན་ཡང༌།

          མཚན་མོར་བྱེད་འདི་དྲི་མ་དང༌།

          ལྡན་ཡང་འགྲོ་བ་དགའ་བ་བསྐྱེད།

          གཉིས་སྐྱེས་དབང་བོ་སྐྱོན་ལྡན་ཡང༌།

          གཞན་དག་རྗེས་སུ་འཛིན་པར་ནུས། །ཞེས་ཐོག་མར་བཀོད་པའི་དཔེའི་རྐང་པ་གཉིས་དང༌། དོན་གྱི་རྐང་པ་ལྷག་མ་གཉིས་ཀྱི་ཚིག་འགྲོས་ཡོངས་སུ་མཐུན་པ་འདིས། བྲམ་ཟེ་རྣམས་རང་ཉིད་སྐྱོན་ཅན་ཡིན་བཞིན་ད་དུང་སློབ་མ་གཞན་ཡང་རྗེས་སུ་འཛིན་པའི་ཚུལ་ནི། དཔེར་ན་ཟླ་བ་ར་རིའི་དྲི་མ་ཅན་དེས་འགྲོ་བ་གཞན་དག་དགའ་བ་བསྐྱེད་པ་བཞིན་འཇིག་རྟེན་ན་དེ་འདྲའི་ལས་ཀྱང་འོས་པར་བསྟན་པས། འདི་འདྲ་ཡང་ངག་དོན་ཟླ་བོ་དངོས་དཔེར་གཏོགས་སོ། ཡང་ན།

༡༽      དགུང་ཨ་སྔོན་གོས་སྔོན་རས་སྔོན་རེད།

          གོན་འདོད་ན་གོང་བར་སྤྲད་རན་རེད།

༢༽     རྟ་འདོ་བ་ན་སོ་གསུམ་པ་རེད།

          ཞོན་འདོད་ན་སྒ་སྲབ་སྒྲིག་རན་རེད།

༣༽     རོགས་ཆུང་ལོ་ལྔ་གསུམ་བཅོ་ལྔ་རེད།།

          འགྲོགས་འདོད་ན་ཚིག་གསུམ་བཤད་རན་རེད། ལྟ་བུའི་ངག་དོན་རིང་བོའི་དཔེ་ཉིས་རྩེག་ཅན་གྱི་ཟླ་བོ་དངོས་དཔེ་དག་ནི་མདོ་སྟོད་སྨད་ཀྱི་དམངས་གཞས་སུ་ཁྱབ་ཆེའོ།

          གཞན་ཡང་སྐད་ཆའི་བརྗོད་བབ་སྤྱིའི་ཆ་ནས་མཚུངས་པར་གོ་བྱེད་ཀྱི་ངོ་མཚར་བའི་དཔེ་འཇོག་སྣ་ཚོགས་ཡོད་དེ། དཔེར་ན།

          རི་དྭགས་མིག་དང་འགྲོགས་པ་དང༌།

          གློག་གི་རྩེ་དགའ་དག་དང་ནི།

          སྤྲིན་གྱི་རྩོམ་པའང་རང་བཞིན་གྱིས།

       སྐད་ཅིག་གཉིས་པར་མི་གནས་སོ། །ཞེས་ཚིག་གི་བརྗོད་བབ་ལྟར་ན་མཛེས་མ་དང་འགྲོགས་པའི་བདེ་བ་དང༌། གློག་ཞགས་འཁྱུག་པའི་འགྲོས། སྤྲིན་གྱི་འདུ་འགོད་དེ་དག་ནི་སྐད་ཅིག་ལ་གཡོ་བའི་མི་རྟག་པའི་རང་བཞིན་ཅན་ནོ། ཞེས་མཉམ་པ་ཉིད་དུ་སྨད་པའི་ཚུལ་དུ་སྣང་མོད། གློག་དང་སྤྲིན་པ་ནི་རྐང་པ་ཐོག་མའི་དཔེར་བཀོད་ཚུལ་ཤིན་ཏུ་གསལ་ལོ།

ཡང༌།   ཟླ་བ་པད་མ་དག་གི་ནི།

          མཛེས་པ་ལས་འདས་ཁྱོད་ཀྱི་གདོང༌།

          བདག་རང་ཉིད་དང་མཚུངས་པར་འགྱུར། ཅེས་དཔེ་གཞན་གྱིས་མཚོན་མི་ནུས་པས་ན་དཔེ་ཅན་རང་ཉིད་རང་ལ་མཚུངས་ཞེས་པའི་བརྗོད་ཚུལ་ལས་དོན་ལ་གདོང་དེ་ཟླ་བ་དང་པད་མ་དང་འདྲ་བ་ཙམ་དུ་མ་ཟད་དེ་དག་ལས་ཀྱང་ལྷག་པར་བསྔགས་ཚུལ་འདི་ལ་ཐུན་མོང་མིན་པའི་དཔེ་ཞེས་བྱ། གལ་ཏེ་ཐད་ཀར་དུ། ཁྱོད་གདོང་ཁྱོད་ཞལ་ཉིད་དང་འདྲ་ཞེས་པ་ཙམ་ལས་མ་བཀོད་ན་ཅི་ཡང་གོ་རྒྱུ་མེད་པས། དཔེ་གཞན་མི་འགོད་ན་དཔེ་ཅན་གྱི་སྐྱོན་ཡོན་གྱི་ཁྱད་ཆོས་གང་དག་ངེས་པར་བརྗོད་ཐོག་ཁྱོད་ལ་ཁྱོད་ལས་དཔེ་གཞན་མེད་པར་བརྗོད་ཚུལ་འདི་འཚམས་ཏེ། དཔེར་ན།

          བདེན་པས་ཀུན་ལས་རྒྱལ་གྱུར་ཏེ།

          ཟླ་མེད་ཕྱིར་ན་མགོན་ཁྱོད་དཔེར།

          རང་ལས་སུ་ཞིག་སུ་ཡིས་རྙེད། ལྟ་བུའོ།

          གཞན་ཡང༌།

          གང་གི་བཞིན་དཔལ་ང་ཉིད་ལ།

          ཡོད་ཅེས་ཟླ་བ་སྙེམས་མ་བྱེད།

     པད་མ་ལ་ཡང་དེ་ཡོད་ཕྱིར། ཞེས་ཟླ་བ་ལ་ལང་ཚོའི་དྲེགས་པ་ཡོད་ཚུལ་བརྗོད་ནས་དོན་ལ་དཔེ་ཅན་གདོང་དང་དཔེ་ཟླ་བ་དང་པད་མ་གསུམ་འདྲ་བར་བསྔགས་པའི་རབ་རྟོག་གི་དཔེ་དང༌། ཡང་ན།

          ཁྲུས་ལ་ཆུར་ནི་རབ་ཞུགས་མ།

          ཁྱོད་ཀྱི་འཛུམ་མིག་གདོང་མཛེས་ནི།

          ཀུ་མུད་ཨུཏཔལ་པདྨ་ལས།

          བརྐུས་པར་ངེས་སོ་གཟུགས་ཅན་མ། ཞེས་ཁྲུས་རྒྱག་སླད་མེ་ཏོག་གི་རྫིང་བུར་ཁྲུས་ལ་འཇུག་བཞིན་པའི་ན་ཆུང་མ་གང་ཞིག་གི་འཛུམ་དཀར་དང༌། མིག་ཟུང༌། གདོང་པ་བཅས་ནི་རིམ་པ་བཞིན་རྫིང་པའི་ནང་གི་ཀུ་མུད་སོགས་ལས་བརྐུས་པར་ངེས་སོ་ཞེས། དོན་དུ་མེ་ཏོག་གི་རྫིང་བུར་ཞུགས་པའི་ཁོ་མོ་ཡང་མེ་ཏོག་དེ་དག་ལྟ་བུར་མཛེས་པར་བསྔགས་པ་སྟེ། རབ་རྟོག་གི་དཔེར་གཏོགས་པའོ།

          ནམ་རྒྱུན་དཔེ་རྣམས་ནི་སྐབས་དོན་དངོས་མིན་ནའང་འདིར་བཀོད་པའི་དཔེའི་མེ་ཏོག་རྣམས་ནི་ཁྲུས་རྫིང་གི་མཛེས་སྡུག་ཁྱད་ཆོས་ཀྱང་ཡིན་པས་མཛེས་མ་ཁོར་ཡུག་དང་བཅས་པར་བསྔགས་པས་ན་སྐབས་དོན་ཡང་ཡིན་པར་གོ་བར་བྱའོ།

ཡང༌།   གལ་ཏེ་པདྨ་འགའ་ཞིག་ལ།

          སྨིན་ལེགས་རྣམ་འཕྲུལ་མིག་ལྡན་ན།

         ཁྱོད་ཀྱི་བཞིན་ཀྱི་དཔལ་འཛིན་ངེས། ཞེས་པད་མས་གདོང་གི་མཛེས་སྡུག་མཚོན་པར་སྨིན་ལེགས་མའི་མིག་ཟུང་ཞིག་ཀྱང་ལྡན་དགོས་ཚུལ་བརྗོད་ནས་དཔེ་ཅན་དཔེ་ལས་ཁྱད་པར་པ་དང་དཔེ་ངོ་མཚར་བ་འགོད་ཚུལ་འདི་ལ་རྨད་བྱུང་དཔེ་ཟེར། ཡང༌།

          ཁྱོད་གདོང་མཐོང་བས་རི་བོང་ཅན།

          ཞེས་སྙམ་ཁྱོད་གདོང་བསམས་པ་ཡིས།

          ཟླ་བ་ཡི་ཡང་རྗེས་སུ་བསྙེགས། ཞེས་དཔེ་དོན་གཉིས་ཕན་ཚུན་འཁྲུལ་བར་བརྗོད་ཚུལ་འདི་ལ་རྨོངས་དཔེ་ཟེར། ཡང༌།

          པད་ནང་བུང་བ་འཁོར་རམ་ཅི།

          ཁྱོད་གདོང་ལ་མིག་གཡོའམ་ཅི།

       བདག་གི་སེམས་ནི་རྣམ་པར་གཡོ། ཞེས་པ་དཔེ་དོན་གང་ཡིན་ཐག་མ་ཆོད་པར་བརྗོད་པའི་ཐེ་ཚོམ་དཔེ་འདི་གཉིས་ནི། དཔེ་དོན་ཧ་ཅང་མཚུངས་པར་སྟོན་པ་ལ་རྨོངས་པའམ་ཐེ་ཚོམ་སྐད་དུ་བརྗོད་པ་ལས་དངོས་སུ་མ་ཡིན་ནོ། ཡང༌།

          ཟླ་བ་སྐྱེངས་བྱེད་མཛེས་པ་འདི།

          ཟླ་བས་ཚར་གཅོད་པད་མ་མིན།

          དེ་ཕྱིར་ཁྱོད་ཀྱི་གདོང་ཉིད་དོ། ཞེས་པ་གདོང་དང་ཟླ་བ་གཉིས་གང་ཡིན་མ་ཤེས་པར་བརྟགས་པས་ཟླ་བ་ཤར་ན་ཡང་མཛེས་པ་མི་ཉམས་པས་ད་གཟོད་གདོང་པ་ཡིན་པའི་ངེས་པ་རྙེད་ཚུལ་ལྟ་བུ་འདི་ནི་རྒྱུ་མཚན་བཀོད་ནས་གཏན་ལ་འབེབས་པའི་དཔེའོ། ཡང༌།

          ཁྱོད་ཀྱི་ཞལ་ནི་ཁྱོད་ཉིད་ལ།

          མཐོང་ཞིང་ཟླ་བ་མཁའ་ལ་མཐོང༌།

       འདི་ཉིད་ཁོ་ནས་ཐ་དད་ཙམ། །ཞེས་དཔེ་དོན་གཉིས་ལ་རྟེན་ཙམ་གྱི་ཆ་ནས་མ་གཏོགས་རང་ངོས་ནས་ཁྱད་པར་འབྱེད་དུ་མེད་ཚུལ་གྱི་ཕུལ་བྱུང་དཔེ། ཐེ་ཚོམ་དང་རྨོངས་དཔེ་གཉིས་ཀྱང་འཇིག་རྟེན་མཚམས་ལས་འདས་པའི་བསྔགས་ཚུལ་ཡིན་པས་ཕུལ་བྱུང་དཔེར་གཏོགས་སོ།

          གཞན་ཡང༌།

          རི་དྭགས་མིག་ལ་སྨིན་སྒེག་དང༌།

          མྱོས་པས་དམར་པས་རེག་པ་མེད།

          ཁྱོད་ཀྱི་མིག་ནི་གཉིས་པོ་འདི།

          ཡོན་ཏན་དེ་དག་ཉིད་ཀྱིས་བརྒྱན། །ཞེས་དཔེ་དང་དཔེ་ཅན་ཕན་ཚུན་བསྡུར་ཅིང་འབྱེད་པའི་སྒོ་ནས་དཔེ་ཅན་དཔེ་ལས་ཀྱང་ལྷག་པ་སྟོན་པའོ། ཡང༌།

          ཁྱོད་ཀྱི་གདོང་དང་པད་མ་དཀར།

          རྒྱས་ཤིང་དྲི་བཟང་ལྡན་པ་སྟེ།

          པད་མ་ལ་ནི་བུང་བ་འཁོར།

       ཁྱོད་ཀྱི་གདོང་ལ་མིག་རབ་གཡོ། ཞེས་གདོང་དང་པད་མ་མཚུངས་པར་བརྗོད་རྗེས་ཁྱད་པར་ཡང་འབྱེད་པའི་ཚུལ་དུ་བརྗོད་མོད། དོན་ལ་འབྱེད་ཆོས་དེ་པད་མར་འཁོར་བའི་བུང་བ་དང་གདོང་ལ་གཡོ་བའི་ཟུར་མིག་གཉིས་པོའང་འདྲ་བར་གོ་ཚུལ་ཁྱད་པར་སྟེ། འབྱེད་བྱེད་ཀྱང་མཚུངས་པའི་དཔེ་ཞེས་འདོད་དོ། དེ་དག་ནི་མདོར་ཙམ་མོ།།

         

གཟུགས་སུ་འགོད་པའི་དཔེ།

 

          ཐ་དད་སྣང་མིན་གྱུར་པ་ཡི། དཔེ་ཉིད་ངོ་བོ་ཅན་དུ་འདོད། ཅེས་པ་སྟེ། དཔེ་དོན་གཞི་གཅིག་ཏུ་སྒྲོ་བཏགས་ནས་མཚར་བར་བརྗོད་ཚུལ་ཞིག་ལ་གཟུགས་ཅན་གྱི་དཔེ་ཞེས་བྱའོ།

          གོང་གི་དཔེ་འཇོག་ནི་དཔེ་དོན་གང་ཞིག་མཚུངས་སྒྲའམ་བརྗོད་ཚུལ་གྱི་ཆ་ནས་འདྲ་བར་སྟོན་ཚུལ་ཏེ། ཚིག་ཟིན་ལའང་དཔེ་དོན་ཐ་དད་དུ་སྣང་བ་ཞིག་ཡིན་ལ། འདི་ན་དེ་ལྟ་མ་ཡིན་པར་ཚིག་ཟིན་གྱིས་དཔེ་དོན་སོ་སོར་མི་སྣང་བ་ངོ་བོ་གཅིག་གམ། གཟུགས་གཅིག་པ་ལྟ་བུར་འུད་ཆེན་པོས་བརྗོད་ཚུལ་ཞིག་ཡིན་པས། མཚུངས་སྒྲ་མི་འཇུག འོན་ཀྱང་དོན་གྱི་གོ་ཚུལ་ནི་དཔེ་དོན་གང་ཞིག་མཚུངས་པར་སྟོན་པ་ཡིན་པས་མཚུངས་ཆོས་ཀྱང་དངོས་ཤུགས་གང་རུང་ལས་གོ་བར་བྱ་བ་ཞིག་དགོས་སོ།

          ཚིག་ངོས་ནས་དཔེ་དོན་མཚུངས་པར་མི་བརྗོད་པར་གཞི་མཐུན་པར་བརྗོད་དགོས་པས་ན།  གྱུར་བའི་ཚུལ་ཅན་དང༌། ཡིན་པའི་ཚུལ་ཅན། བསྙོན་པའི་ཚུལ་ཅན། འབྲེལ་སྒྲ་ཅན་གྱི་བརྗོད་ཚུལ་བཅས་བཞིའོ།

          དང་པོ་ལའང༌། ༡། དོན་གང་ཞིག་དཔེ་རུ་གྱུར་ཚུལ་གྱི་བརྗོད་སྟངས་ཅན་ནི། དཔེར་ན།

          ལག་པ་དག་ནི་འཁྲི་ཤིང་དང༌།

          སོར་མོ་ཡལ་འདབ་སེན་མོའི་འོད།

          མེ་ཏོག་ཏུ་གྱུར་དཔྱིད་གྱི་དཔལ།

          ཁྱེད་ནི་ངེད་ལ་མངོན་སུམ་རྒྱུ། །ཞེས་པར་མཚོན་ནའང་བརྗོད་ཚུལ་མི་འདྲ་བ་སྟེ། ལག་པ་དང་སོར་མོ། སེན་མོ་འོད་ཅན་དེ་དག་རིམ་བཞིན་འཁྲི་ཤིང་དང༌། ཡལ་འདབ། མེ་ཏོག་ཏུ་གྱུར་ཅིང་དཔྱིད་དཔལ་དུ་གྱུར་པའི་མཛེས་མ་ཞེས་པའི་དོན་དུ་གོ་བས། འདི་ནི་རྟག་ཏུ་དཔེ་དོན་ངོ་བོ་གཅིག་པར་བརྗོད་ཚུལ་ཆེས་གསལ་བའི་སྐད་ཆ་དག་གོ

          ༢། དཔེ་གང་ཞིག་དོན་དུ་གྱུར་ཚུལ་གྱི་བརྗོད་སྟངས་ནི། དཔེར་ན།

          པད་མ་ལས་བྱུང་བཞིན་དཔལ་ལ།

          ཉི་ཟླ་སྤྱན་ཟུང་ཉིད་གྱུར་པ།

          ནམ་མཁའི་ཐུགས་ཅན་བརྩེ་བའི་བདག

          ཀུན་མཁྱེན་རྣམ་སྤྲུལ་གངས་ཅན་མགོན། །ཅེས་པར་མཚོན་ན། ྋགོང་ས་མཆོག་གི་བཞིན་རས་ནི་པད་མ་ལས་དངོས་སུ་བྱུང་བ་ལྟར་བརྗོད་པས་དཔེ་དོན་ངོ་བོ་གཅིག་པ་ལྟར་དང༌། ཉི་ཟླ་དག་ནི་ཤེས་རབ་ཀྱི་སྤྱན་ཟུང་གྱུར་པ། ནམ་མཁའི་རང་བཞིན་ཅན་གྱི་ཐུགས། སངས་རྒྱས་ཀྱི་སྤྲུལ་བ་སྟེ་དེ་དང་དབྱེར་མེད་པའི་རྣམ་པ་ཅན་ཞེས་པའི་བརྗོད་སྟངས་ཚང་མ་དཔེའི་དངོས་པོ་གང་དག་དཔེ་ཅན་དུ་ཚུར་གྱུར་པའམ་གྲུབ་པའི་ཚུལ་གྱི་བརྗོད་སྟངས་ཡིན་པས། གཟུགས་རྒྱན་ཉིད་དོ།

          གཉིས་པ་ནི། དོན་གང་དཔེ་དེ་ཡིན་ཚུལ་ཡིན་བརྗོད་སྟངས་ནི་དཔེར་ན།

          ཁྱོད་ནི་ཟབ་པས་རྒྱ་མཚོ་དང༌།

          བརླིང་བ་ཉིད་ཀྱིས་རི་བོ་ཡིན།

          འཇིག་རྟེན་རྣམས་ལ་འདོད་པ་ནི།

          སྟེར་ཕྱིར་དཔག་བསམ་རྐང་འཐུང་ངོ། །ཞེས་དངོས་བསྟན་གྱི་མཚུངས་ཆོས་ཟབ་པ་ལ་སོགས་པའི་རྒྱུ་རྣམས་དག་གིས་རིམ་པ་བཞིན་རྒྱ་མཚོ་དང་རི་དང་དཔག་བསམ་ཤིང་ཡང་ཡིན་པར་བརྗོད་ཚུལ་འདི་ལ་རྒྱུ་ཡི་གཟུགས་ཅན་རྒྱན་ཟེར་མོད། གཞན་དུ་ན། གོང་དག་དང་བརྗོད་ཚུལ་མི་འདྲ་བ་སྟེ། འདིར་དོན་དང་དཔེ་བར་ལ་འབྲེལ་སྒྲ་བསྡུས་མ་བསྡུས་པའི་བརྗོད་སྟངས་ལྟར་མ་ཡིན་པར། རྒྱུའམ་རྒྱུ་མཚན་གང་ཞིག་བཀོད་ནས་དོན་དེ་ཉིད་དཔེ་དེ་ཡིན་པར་བརྗོད་པས། བརྗོད་ཚུལ་གྱི་ཆ་ནས་ཀྱང་ཁྱད་པར་ཆེའོ། ཡང༌།

          རི་མཐོན་པོ་གནམ་གྱི་ཀ་བ་ཡོད།

          མཚོ་དམའ་བོ་གཡུ་ཡི་མཎཌལ་ཡོད།

          གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།

          སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། ཅེས་པ་ལྟ་བུ་ཡང་ཚིག་བརྗོད་ཀྱི་ཆ་ནས་རི་མཐོན་པོ་དེ་དག་གནམ་འདེགས་ཀྱི་ཀ་བ་ཡིན་པ་སོགས་དཔེ་གསར་བའི་དངོས་པའི་གཟུགས་སུ་བཀོད་དེ། མཚུངས་ཆོས་ཀྱང་གསལ་བར་མཚོན་ཐུབ་པའི་གཟུགས་རྒྱན་བཟང་པོའོ།

          གསུམ་པ་ནི། དོན་གང་དེ་དཔེ་ཡིན་པར་བསྙོན་འདོར་བའི་བརྗོད་སྟངས་ཤིག་སྟེ། དཔེར་ན།

          འདི་ནི་གདོང་མིན་འདི་པད་མ།

          འདི་དག་མིག་མིན་འདི་བུང་བ།

          འདི་རྣམས་གེ་སར་ཉིད་ཡིན་ཏེ།

          ཁྱོད་ཀྱི་སོ་ཡི་འོད་ཟེར་མིན། །ཞེས་དོན་ལ་མངོན་སུམ་དུ་བསྙོན་པའི་ཚུལ་གྱིས་དཔེ་ཉིད་ལས་དཔེ་ཅན་མིན་པར་སྨྲ་བ་འདི་ཡང་དོན་ལ་དཔེ་དོན་ངོ་བོ་གཅིག་པར་བརྗོད་ཚུལ་གྱི་གཟུགས་ཅན་རྒྱན་ཡིན་པར་མ་ཟད། དཔེ་དོན་ཤིན་ཏུ་མཚུངས་པར་སྟོན་ཕྱིར་བསྙོན་དོར་ནས་གཟུགས་སུ་བཀོད་པས་ན་བསྙོན་དོར་གཟུགས་ཅན་ཞེས་བྱའོ། ཡང་ན།

          དགུང་ཨ་སྔོན་གོས་སྔོན་རས་སྔོན་རེད།

          གོན་འདོད་ན་གོང་བར་སྤྲད་རན་རེད། ཅེས་པའི་གནམ་སྔོན་པོ་དེ་གོས་སྔོན་པོ་ཞིག་རེད་ཅེས་བསྙོན་པའི་ཚུལ་དུ་བརྗོད་པ་དང༌། གོས་སྔོན་རས་སྔོན་དེ་གོན་འདོད་ན་རང་གི་ལྭ་བའི་གོང་ཀར་དྲས་ནས་བརྒྱན་པའི་དུས་ལ་བབ་འདུག་པས་དུས་ཚོད་དམ་འཛིན་བྱོས། ཞེས་པའི་ངོ་མཚར་འཁྱོག་བརྗོད་ཅན་ཤིན་ཏུ་མངས།

          བཞི་པ་ནི། དོན་དང་དཔེའི་བར་ལ་འབྲེལ་སྒྲ་ཐོབ་ཚུལ་གཞིར་བཞག་གིས་བརྗོད་ཚུལ་ཞིག་སྟེ། དེ་ཡང་བསྡུས་པ་དང་མ་བསྡུས་པའི་བརྗོད་ཚུལ་གཉིས། ཐོག་མར་དོན་དང་དེ་ནས་དཔེ་འགོད་དགོས་ལ། དེ་ཡང་མཚར་བརྗོད་འདྲ་མིན་དང་བསྡེབས་ན་ཉམས་ལྷག་པར་ཐོན། འདི་ལ་ནང་གསེས་ཧ་ཅང་མངས་མོད། འགའ་ཞིག་དཔེར་འགོད་ན།

          བཞིན་ཟླ་་འཛུམ་པའི་ཟླ་འོད། ཅེས་པ་སྟེ། བཞིན་གྱི་ཟླ་བ་ཞེས་པའི་དྲུག་སྒྲ་བསྡུས་པ་དང༌། འཛུམ་པའི་ཟླ་འོད་ཅེས་པའི་ཕྲད་མ་བསྡུས་པ་ལྟ་བུའོ། གོ་དོན་ནི་བཞིན་རས་ཟླ་བ་ལྟར་དཀར་ཅིང་མཛེས་ལ་འཛུམ་དཀར་དགོད་པ་ནི་ཟླ་འོད་འཕྲོ་བ་བཞིན་ཡིད་དུ་འོང་བར་བསྔགས་པ་སྟེ་མཚུངས་ཆོས་ཤུགས་ནས་གོ་བར་བྱའོ། གཞན་ཡང༌།

          སོར་མོ་དམར་བའི་འདབ་ཕྲེང་དང༌།

          སེན་མོའི་འོད་ཀྱི་གེ་སར་ཅན།

          ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ནི།

          ས་སྐྱོང་རྣམས་ཀྱི་སྤྱི་བོར་འཛིན། །ཞེས་པ་ལྟ་བུ་ཚིག་ཟིན་གྱི་དོན་ཚང་མ་དཔེའི་གཟུགས་སུ་འགོད་པ་མཐའ་དག་གཟུགས་ཅན་རྒྱན། འདི་ནི་ངག་དོན་གཟུགས་ཅན་ཡང་ངོ༌། ཡང༌།

          མཛེས་མ་མྱོས་པའི་མཁུར་ཚོས་དམར།

          མིག་གི་ཨུཏཔལ་དམར་པོ་ཅན།

          ཁྱོད་ཀྱི་གདོང་གིས་སྐྱེ་བོ་ནི།

          འདིར་ཡང་དམར་བའི་རང་བཞིན་བྱས། །ཞེས་ཚིག་ཟིན་གྱི་དོན་གཅིག་གམ་གཉིས་གསུམ་རེ་ལས་ཚང་མ་གཟུགས་སུ་མ་བྱས་པའི་ཆ་ཤས་གཟུགས་ཅན་དང༌། ཡང༌།

          མྱོས་པའི་ཁུར་ཚོས་རབ་དམར་ཞིང༌།

          སྨིན་མའི་འཁྲི་ཤིང་གཡོ་བྱེད་པའི།

          ཁྱོད་གདོང་ཟླ་བ་ཡིད་སྲུབས་ཀྱིས།

          འཇིག་རྟེན་གསུམ་པོ་གཞོམ་པར་ནུས། །ཞེས་ཚིག་རྐང་ཐོག་མཐའ་གཉིས་ཀྱི་དོན་གཟུགས་སུ་མ་བྱས་ལ། གཉིས་པའི་སྨིན་མ་གཅིག་གཟུགས་དང༌། གསུམ་པའི་གདོང་པ་ཟླ་བ་དང་སླར་ཡང་འདོད་ལྷའི་གཟུགས་སུ་བཀོད་པའི་གཟུགས་ཅན་འཕར་མའམ་གཟུགས་ཅན་གྱི་གཟུགས་ཅན་ལྟ་བུ་རྐང་པ་མི་སྙོམ་པ་མི་མཉམ་པའི་གཟུགས་ཅན་བཅས་དང༌། ཡང༌།

          གདོང་འདི་འཛུམ་པའི་མེ་ཏོག་འབར།

          གཡོ་བའི་མིག་གི་བུང་བ་ཅན། ཞེས་དཔེ་མེ་ཏོག་དང་བུང་བ་དག་འགྲོགས་པའམ་འབྲེལ་བ། མཐུན་པ་དག་ལ་ལྡན་པའི་གཟུགས་ཅན་དང། མཚུངས་ཆོས་ཤུགས་ལས་གོ་བ། ཡང༌།

          གདོང་འདི་འཛུམ་གཤེར་ཟླ་འོད་དང༌།

        སྣུམ་པའི་མིག་གི་ཨུཏཔལ་ཅན། །ལྟ་བུ་ཟླ་འོད་དང་ཨུཏཔལ་མི་འགྲོགས་པས་ན་མི་འོས་པའམ་མི་ལྡན་པའི་གཟུགས་ཅན་ཞེས་ཟེར་རོ།

          གཞན་ཡང་མཚར་བརྗོད་སྣ་ཚོགས་ཡོད་དེ།                 

མྱོས་པའི་ཀུན་ཏུ་དམར་བ་ཡི།

བཀབ་པ་བཞིན་གྱི་ཟླ་བ་འདི།    

འཆར་ཀའི་དམར་བ་ཕུན་ཚོགས་པའི།    

ཟླ་བ་ལ་ནི་རབ་ཏུ་འགྲན། །ཞེས་གཟུགས་འགོད་དང་མཚུངས་བརྗོད་སྤེལ་མ་ཅན་སྟེ། དོན་ནི་ཆགས་པའི་དམར་བའི་ཞལ་རས་དེ་ནི་ཚེས་བཅུའི་འཆར་ཀའི་ཟླ་བ་དམར་པོ་དང་འདྲ་བར་ཆགས་པའི་སྒེག་ཉམས་ལ་བསྔགས་པའོ། ཡང་ན།

          མུ་ཏིག་ས་ལ་བརྡལ་བ་ལྟ་བུའི་བལ་ལྡན་ཁྱུ་ཚོགས་ངང་མོ་རྣམས། བེཌཱུར་ཞུན་མས་ལན་བརྒྱར་བྱུགས་འདྲའི་སྤང་ལྗོངས་མཚོ་མོའི་ངོགས་ན་རྒྱུ། ལྟ་བུའི་དོན་གཅིག་ལ་དཔེ་དང་གཟུགས་འགོད་ཉིས་རྩེག་གི་དཔེ་གཟུགས་ལྷན་བསྡེབས་ཅན་དང༌། གཞན་ཡང༌།

          ལྷ་རྣམས་ཀྱིས་ནི་ཟླ་བ་འཐུངས།

          བདག་གིས་ཁྱོད་གདོང་ཟླ་བ་འཐུངས།

          དེ་ནི་གང་བ་མ་ཡིན་ཡང༌།

          འདི་ནི་རྟག་ཏུ་དཀྱིལ་འཁོར་རྫོགས། །ཞེས་ལྷ་དག་གིས་ནམ་མཁའི་ཟླ་བ་དངོས་ཀྱི་བདུད་རྩི་ལོངས་སུ་སྤྱོད་པ་དང༌། བདག་གིས་ཁྱོད་གདོང་གི་ཟླ་བའི་མཛེས་སྡུག་ལོངས་སུ་སྤྱོད་པས་གཉི་ག་ལོངས་སྤྱོད་མཆོག་གྱུར་ཡིན་པས་འདྲ་ན་ཡང༌། གདོང་ཟླ་ནི་ནུབ་རེའི་འཕེལ་འགྲིབ་ཀྱི་རང་བཞིན་ཅན་མ་ཡིན་པར་རྟག་ཏུ་མཛེས་པའི་དཀྱིལ་འཁོར་རྫོགས་པས་ན་ཟླ་བ་དངོས་ལས་ཁྱད་དུ་འཕགས་པར་བརྗོད་པ་སྟེ། འདི་ལ་ལྡོག་པའི་གཟུགས་ཅན་ཞེས་ཟེར།

          པད་མ་རྣམས་ནི་མི་འཛུམ་ཞིང༌།

          ནམ་མཁའ་ལ་ཡང་མི་འགྲོ་བ།   

          ཁྱོད་གདོང་ཟླ་བས་བདག་གི་ནི།

          སྲོག་རྣམས་འཕྲོག་པ་ཉིད་དུ་བལྟ། ཞེས་ཟླ་བའི་བྱེད་ལས་དང་འགལ་བའི་ཚུལ་དུ་བརྗོད་ཅིང༌། དོན་ནི་ཡིད་དབང་འཕྲོག་ཅིང་འདོད་པས་གཟིར་བ་མཚོན་པ་སྟེ། འགལ་བའི་གཟུགས་ཅན་ཞེས་བྱའོ། ཡང༌།

          གཏུམ་མོ་ཁྱོད་གདོང་ཟླ་བས་ཀྱང༌།

          བརྩེ་བ་མེད་པར་བདག་སྲེག་པ།

       བདག་རང་སྐལ་བ་ཉིད་ཀྱིའང་སྐྱོན། །ཞེས་བདག་འདི་ལྟར་གདུང་བ་ནི་ཁྱོད་ཞལ་མཛེས་པ་གཅིག་པུས་མནར་གཅོད་བཏང་བ་མིན་པར་བདག་རང་དབང་ན་མེད་པར་ཁྱོད་ལ་དགའ་བའམ་ཆགས་པའི་སྐལ་བའི་སྐྱོན་ཡང་ཡིན་ཞེས། གང་ཞིག་མཛེས་པ་དང་རང་ཉིད་དེ་ལ་ཆེས་ཆེར་དགའ་བ་གཉིས་མཚོན་པ་སྟེ། འགལ་བ་དང་ལྷན་དུ་རང་ངོས་ནའང་རྐྱེན་ཞིག་ཡོད་པར་སྟོན་ཚུལ་འདི་འདྲ་ལ་མཉམ་འཇོག་གཟུགས་ཅན་ཟེར།

          གཞན་ཡང༌། གཟུགས་ཅན་སྐབས་འདིར་དཔེ་ཅན་འགའ་རེ་བསྡུས་ནས་བརྗོད་ཚུལ་ཡང་ཡོད་དེ། དཔེར་ན།

          ཁོར་ཡུག་རི་བོ་གྱད་ཀྱི་ཚོགས།

          དབུ་ལ་རྨོག་དཀར་གྱོན་པ་ཡི།

          འོད་ཀྱི་བཀྲ་བའི་མཛེས་པ་ནི།

          སྲིད་པའི་མིག་ལས་བླངས་པ་བཞིན། ཞེས་པའི་ནང་རི་མཐོན་པོ་རྣམས་གྱད་ཀྱི་གཟུགས་སུ་བཀོད་རྗེས། རི་རྩེའི་གངས་དེ་དངོས་སུ་མ་སྨྲས་པར། དཔེ་རང་ཏོག་གི་ཁྱད་ཆོས་དབུ་ལ་རྨོག་དཀར་གྱོན་ཞེས་པས་གོ་ནུས་པར་བྱས་པ་ལྟ་བུའོ།

          གཞན་ཡང༌། གཟུགས་འགོད་སྐབས་སུ་དཔེ་དོན་གང་ཞིག་ལ་ཐད་ཀར་གྱི་མཚུངས་ཆོས་གང་ཞིག་དགོས་པའི་ངེས་པའང་མེད་པར། ངག་ཚིག་ཧྲིལ་བོའམ་ངག་དོན་གྱི་ཚིག་འགྲོས་ཆ་ནས་མཚུངས་པར་གོ་བས་འགྲིགས་ཏེ། དཔེར་ན།

          དོན་གྱི་རྒད་པོ་ཚིག་གི་འཁར་བར་བརྟེན། ཞེས་པ་ལྟ་བུར་མཚོན་ན་དཔེ་ཅན་དོན་དང་དཔེ་རྒད་པོ། དཔེ་ཅན་ཚིག་དང་དཔེ་འཁར་བ་དག་ལ་ཐད་ཀར་བའི་འདྲ་ཆོས་ཅང་མེད་མོད། ཚིག་དོན་སྤྱིའི་ཆ་ནས་བལྟས་ན། རྒས་འཁོགས་ལག་རྟེན་ལ་བརྟེན་པ་བཞིན་དུ། བརྗོད་བྱའི་དོན་ནི་རྗོད་བྱེད་ཚིག་ལ་བརྟེན་དགོས་པའི་རྟེན་དང་བརྟེན་པའི་འབྲེལ་བའི་འདྲ་ཆོས་ཤིག་མཐོང་ཐུབ་པ་བཞིན་ནོ།།

          གཟུགས་ཅན་དཔེ་ཡི་རྣམ་རྟོག་རྣམས།

          མཐའ་ཡོད་མ་ཡིན་དེ་ཡི་ཕྱིར།

          བློ་ལྡན་རྣམས་ལ་ཕྱོགས་ཙམ་བསྟན།

      མ་བརྗོད་རྗེས་སུ་དཔག་པར་བྱ། །ཞེས་པ་ལྟར་དཔེ་གཟུགས་ཀྱི་རྒྱན་འདི་དག་འཁྱོག་པོར་བརྗོད་ཚུལ་གྱི་ཆ་ནས་ཚད་བཟུང་དུ་མེད་པས་དཔེ་མཚོན་དེ་དག་གིས་རིག་འགྲེ་བར་བྱས་ནས་གསར་རྩོམ་ལ་འབད་དགོས་པ་ལས་ལད་ཟློ་ཁོ་ནས་ཆོག་པར་བྱེད་པ་ནི་སྒྱུ་རྩལ་བསྐྱར་བཟློས་ཀྱི་ལམ་ནོར་ཁོ་ནའོ།།

 

ཕན་ཚུན་བརྗེ་བའི་ཚུལ་གྱི་བྱ་བའི་རང་བཞིན་བརྗོད་པ།

གཟུགས་སུ་བཀོད་པའི་བརྗེ་རྒྱན།

 

ཉེ་བར་མཁོ་ཞིང་ལྟ་ན་ལེགས་སྡུག་པའི།

འཕྲུལ་འཁོར་ལས་བཏོན་ཚོང་ཟོང་ཆ་མ་ཆོ།

འབྲོག་ཡུལ་སྔོ་ལྗང་ཐང་གི་འབྱོར་བའི་མཆོག

 

ལུག་བལ་སྤྲིན་གྱི་ཕུང་པོར་ཕངས་མེད་བརྗེས།

 

སྒྲུབ་བྱེད་ཀྱི་ཚུལ་དུ་འགོད་པའི་དཔེ།

 

          འདི་ཡང་དོན་ལ་དཔེ་དོན་གྱི་འབྲེལ་བ་ཞིག་ཡིན་མོད། སྐད་ཆའི་བརྗོད་བབ་ཆ་ནས་དཔེ་ཅན་དོན་གང་བསྒྲུབ་བྱ་དང༌། དཔེ་གང་དེ་སྒྲུབ་བྱེད་ཀྱི་ཚུལ་དུ་འགོད་པའི་རྣམ་པ་ཞིག་སྟེ། དཔེར་ན།

          ལེགས་ལྡན་འགྲོ་བ་རྣམས་ཀྱི་མིག

          ཉི་མ་དང་ནི་ཟླ་བ་ཡང༌།

          ནུབ་པར་འགྱུར་བ་ཉིད་ལ་ལྟོས།

          ངེས་པ་ལ་ནི་སུ་ཡིས་འགོངས། །ཞེས་པ་སྟེ། བདག་ཅག་འགྲོ་བ་ཡོངས་ཀྱི་མིག་སྟེ། ཉི་ཟླ་དག་ཀྱང་ཤར་བའི་ཐ་མར་ནུབ་པར་འགྱུར་པའི་ཚུལ་ལ་ལྟོས་དང༌། ཞེས་རྒྱུ་མཚན་ནམ་སྒྲུབ་བྱེད་ཐོག་མར་བཀོད་དེ། ངེས་པ་སྟེ་འདུས་བྱས་མི་རྟག་གཡོ་བའི་ཆོས་ཉིད་འདི་ལས་སུ་ཞིག་ཀྱང་བརྒལ་ནུས་སམ། ཞེས་སྐྱེས་མཐར་འཆི་བ་སོགས་ཀྱི་འཁོར་བའི་ཆོས་ཉིད་ནི་བསྒྱུར་དུ་མེད་པར་བསྟན་པས་ན། དཔེ་དེ་སྒྲུབ་བྱེད་དང་དོན་དེ་བསྒྲུབ་བྱའི་ཚུལ་དུ་བཀོད་པས་དཔེར་འགོད་ཚུལ་ལས་ནུས་པ་ལྷག་པར་ཐོན་པའོ། ཡང་ན།

          ཆེན་པོ་རྣམས་ཀྱི་བདག་ཐོབ་གྲགས།

          གཞན་གྱི་སྡུག་བསྔལ་ཞི་སླད་དེ།

          ཆུ་འཛིན་འདི་དག་ལུས་ཅན་གྱི།

          ཡོངས་སུ་གདུང་བ་འཕྲོག་པར་བྱེད། །ཅེས་པའི་ཐོག་མར་བསྒྲུབ་བྱ་དང་རྗེས་སུ་སྒྲུབ་བྱེད་བཀོད་ནས། དོན་ལ་སྐྱེས་བུ་ཆེན་པོ་རྣམ་པས་གཞན་ཕན་རྒྱ་ཆེན་པོ་སྒྲུབ་ཚུལ་ནི། སྤྲིན་པ་ཆེན་པོས་ཚ་བའི་གདུང་པ་སེལ་བའམ་ཆར་ཆུ་དུས་ཕབ་ནས་ལོ་ཏོག་རྩི་ཤིང་རྒྱས་པར་བྱས་ཏེ་འགྲོ་བའི་དོན་བྱེད་པ་དང་འདྲ་བར་བསྔགས་པ་ཡིན་ནོ། ཡང་ན།

          ཆུ་སྐྱེས་འདབ་མའི་མལ་སྟན་འདིས༌།

          བདག་གི་ལུས་འདི་གདུང་བར་བྱེད།

          སྲེག་པའི་བདག་ཉིད་བསྲེག་ཟ་དང༌།

          འདྲ་བས་རིགས་པ་མ་ཡིན་ནམ། །ཞེས་པད་འདབ་ཀྱིས་བདག་ལུས་གདུང་བར་བྱེད་ངེས་ཏེ། རྒྱུ་མཚན་དེའི་ཁ་དོག་མེ་བཞིན་དམར་བས་སོ། ཞེས་སྒྲུབ་བྱེད་ཀྱི་ཚུལ་དུ་བཀོལ་ནའང་དོན་ལ་པད་འདབ་མེ་ལྕེ་བཞིན་དམར་བ་དང༌། པད་འདབ་ཀྱི་རེག་བྱས་གང་ཉིད་ཆགས་པས་གདུང་བ་ནི་མེ་འབར་བས་གདུང་པ་ལྟ་བུར་བཟོད་དཀའ་བའང་ཤུགས་ཀྱིས་བསྟན་པས་ན། དཔེ་འགོད་ཚུལ་ཁྱད་པ་བ་སྟེ། རྗེས་མ་འདི་གཉིས་ནི་སྒྲུབ་བྱེད་ལྟར་སྣང་བ་ལས་དངོས་མ་ཡིན་ན་ཡང། བརྗོད་ཚུལ་མཛེས་ལ་དོན་སྟོན་གྱི་ནུས་པའང་ལྡན་པའོ།

          འདི་དག་ལ་དོན་གཞན་བཀོད་པའི་དཔེ་ཞེས་ཀྱང་བརྗོད་འོས། འོན་ཀྱང་དོན་གཞན་བཀོད་པ་ཚང་མ་དཔེ་རྒྱན་དུ་མི་འགྱུར། འདི་གཉིས་ཀྱི་ཁྱད་པར་ནི་ཤིན་ཏུ་སླ་སྟེ། དོན་གཞན་བཀོད་པའི་དཔེ་ཡིན་ན་དཔེ་འཇོག་ངོ་མའི་ཚུལ་དུ་ཚིག་འགྲོས་བསྒྱུར་ཐུབ་ལ། ཅིག་ཤོས་ནི་དེ་ལྟ་མ་ཡིན་ནོ།

 

ང། མཚོན་བྱེད་ཀྱི་ཚུལ་དུ་འགོད་པའི་དཔེ།

 

          འདི་ནི་དཔེ་གང་ཞིག་དཔེ་ཅན་ནམ་དོན་དེ་ཉིད་ཆེད་དུ་མཚོན་ཕྱིར་དུ་ཡིན་པ་ལྟར་བརྗོད་ཚུལ་ཞིག་སྟེ། དཔེར་ན།

          ཉི་མ་འཆར་ཉིད་ཀྱིས་ནི།

          པདྨ་རྣམས་ལ་དཔལ་སྟེར་བྱེད།

          ཕུན་ཚོགས་རྣམས་ཀྱི་འབྲས་བུ་དག

          གྲོགས་པོ་རྗེས་འཛིན་བསྟན་པའི་ཕྱིར། །ཅེས་པས། མཐོ་དགུང་གི་ཉི་འཆར་བའི་འོད་ཟེར་གྱིས་དམའ་ས་གཞིའི་པད་འདབ་རྒྱས་པར་བྱེད་པ་དེ་ནི། རང་བཞིན་ནམ་སྤྱིར་བཏང་གི་ངང་ཚུལ་ཞིག་མ་ཡིན་པར། ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་ཀྱི་མཛད་རྗེས་ནི་གྲོགས་མང་པོ་བརྩེ་བས་རྗེས་སུ་བཟུང་ནས་སྐྱོང་དགོས་པ་དེ་ཡིན་པར་བསྟན་པའི་ཆེད་དུའོ། ཞེས་དོན་ལ་ཉི་མས་པད་ཚལ་རྒྱས་པ་དང་འདྲ་བར་སྐྱེས་བུ་དམ་པ་དག་གིས་རྒྱང་ཐག་རིང་ཡང་ཕྱི་ཐག་རིང་པོས་བུ་སློབ་འཁོར་འབངས་བརྩེ་བས་སྐྱོང་ཚུལ་ལ་བསྔགས་པ་དང༌། སྐྱོང་དགོས་ཚུལ་བསྟན་པས་ན་དཔེ་དོན་གྱི་འབྲེལ་བ་ལས་མ་འདས་སོ། ཡང་ན།

          ཟླ་བའི་ཟེར་གྱིས་རེག་པ་ན།

          མུན་པའི་འཕྲེང་བ་ནུབ་པར་གྱུར།

          འཕྲལ་ལ་རྒྱལ་པོ་དང་འགལ་རྣམས།

          ངན་པའི་མཐར་འགྱུར་གསལ་བར་བྱེད། །ཅེས་པས་ཀྱང་ཟླ་འོད་ཀྱིེས་རེག་པ་དང་མུན་པ་ཞི་བར་བྱེད་པ་དེས། རྒྱལ་ཁྲིམས་དང་འགལ་བའི་སྐྱེ་བོ་དག་འཕྲལ་དུ་རྒྱལ་པོས་ཚར་གཅོད་པའི་ལས་སྐལ་ངན་པའི་འབྲས་བུ་སྨིན་ཚུལ་གསལ་བར་བྱེད་པ་རེད། ཅེས་པའི་དོན་ཡང་རྒྱལ་པོས་ངན་པ་ཚར་གཅོད་པ་ནི་ཟླ་འོད་ཀྱིས་མུན་པ་སྐད་ཅིག་ལ་འཇོམས་ཚུལ་དང་འདྲ་བར་བསྟན་པ་ཡིན་ནོ།

          སྐབས་འདིའི་མཚོན་བྱེད་ནི་རང་རེའི་རྒྱལ་དར་ཐོག་གི་གངས་སེང་ཟུང་གིས་ཅི་ཞིག་མཚོན་ཞེ་ན། ལུགས་གཉིས་ཟུང་འབྲེལ་མཚོན་པའོ། ཞེས་པའི་དོན་དང་འདྲ་བར་གོ་ན་ངོས་འཛིན་བྱེད་སླ་མོད། གསར་རྩོམ་དངོས་ཀྱི་སྐབས་སུ། དེ་ལྟར་གཏན་འཁེལ་བའི་དངོས་པོ་བྱེ་བྲག་པ་དག་གི་མཚོན་ཚུལ་དངོས་ཇི་བཞིན་འབྲི་བ་མ་ཡིན་པར། རང་ངོས་ནས་སྐབས་དོན་གང་ཞིག་མཚོན་ཕྱིར་སྒྲོ་འདོགས་ཀྱི་རྣམ་པས་མཚོན་དོན་གསར་བ་སྟོན་རྒྱུ་ནི་མན་ངག་ཉིད་དེ། དཔེར་ན་དཔའ་བོའི་མེ་ཏོག་ལས།

  ཨེ་མ་མེ་ཏོག་ཁྱེ་རྣམས་སྔོན་གཤེགས་ཀྱི།

  དཔའ་བོ་རྗེས་སུ་དྲན་ནས་འཁྲུངས་མིན་ནམ།

  རྩ་བ་བརྟན་པོས་རྒྱལ་གཅེས་སྙིང་སྟོབས་མཚོན།

  གཞུང་རྟ་དྲང་མོས་མི་རིགས་རང་བཞིན་མཚོན།

  སྔོ་ལྗང་གཡུ་ལོས་མ་འོངས་བདེ་སྐྱིད་མཚོན།

  འདབ་མ་དམར་པོས་ཁྲག་གི་ལོ་རྒྱུས་མཚོན།

  དྲི་བསུང་ཞིམ་པོས་གཞན་ཕན་ལྷག་བསམ་མཚོན།

  གཡུལ་འགྱེད་སྐབས་སུ་དགྲ་ལ་དཔའ་རྩལ་ངོམ།

  ཞི་བདེའི་སྐབས་སུ་དམངས་ལ་མཛེས་སྡུག་སྦྱིན།

  སྲོག་གི་དབང་བོ་ལྡན་པའི་མེ་ཏོག་ཁྱེད།

  ས་གདན་ཆེན་པོར་བཀོད་པ་ཨེ་མ་རྨད། །ལྟ་བུའོ།།

 

ཅ། དཔེ་དོན་སྦྱོར་ཚུལ་གྱི་སྐྱོན་ཡོན།

 

          ཐོག་མར་བཤད་པ་ལྟར་འདིར་དཔེ་འགོད་ཚུལ་ནི་དོན་གསལ་ཕྱིར་ཁོ་ན་མིན་པར་དོན་གྱི་མཛེས་ཉམས་ངེས་པར་ཐོན་དགོས་ན། འཁྱོག་བརྗོད་སྣ་ཚོགས་ཀྱི་ཐབས་ཚུལ་བཀོལ་བའི་སྒྱུ་རྩལ་གྱི་ཁེ་དབང་ཞིག་སུ་ལའང་ཡོད་མོད། དཔེ་དོན་བར་ལ་མཚུངས་ཆོས་འོས་འཚམས་ཤིག་གི་འབྲེལ་ཐག་ཅིག་གམ། ས་བོན་ཞིག་ཀྱང་ངེས་པར་མཁོ་སྟེ། དེ་མེད་ན་སྐབས་དོན་གང་ནས་ཀྱང་འབྲེལ་མེད་ཀྱི་དཔེ་ཞིག་ཆགས་རྒྱུ་ཡིན་པས་དགོས་པ་མེད་པར་མ་ཟད་དོན་གང་ཞིག་ལོག་པར་གོ་བའི་སྐྱོན་དུའང་འགྱུར། དེས་ན་རྩ་བར་བསྟན་པའི་སྐབས་བཞིའི་སྐྱོན་སྟེ། དཔེར་ན། ཁྱི་བཞིན་དཔའ་བོ་རྗེ་ལ་གུས། ཞེས་དོན་ལས་དཔེ་དམན་དྲགས་པའམ་དཔའ་བོའི་ངང་ཚུལ་དང་མི་འོས་པའི་ཁྱད་ཆོས་སྟོན་པ་ལྟ་བུ་དཔེ་དམན་ཞིང་དོན་ལྷག་པའི་སྐབས་ཀྱི་སྐྱོན།

          ཡང༌། ཉི་མ་བཞིན་དུ་མེ་འཁྱེར་གསལ། ལྟ་བུ་དོན་ལས་དཔེ་ལྷག་དྲགས་ནས་མཚུངས་ཆོས་མི་འོས་པ་འདི་འདྲ་དོན་དམན་ཞིང་དཔེ་ལྷག་པའི་སྐབས་ཀྱི་སྐྱོན།

          ཡང༌། གང་གི་དཔའ་ཉམས་མཛེས་ལྡན་ལྷ་མོ་བཞིན། ལྟ་བུ་དཔེ་དོན་ཕོ་མོ་སྦྱོར་སྐབས་ཀྱི་སྐྱོན། ཡང༌། མུ་ཏིག་རྡོག་པོ་གཅིག་འདྲའི་གཡང་དཀར་ཁྱུ། ལྟ་བུ་དཔེ་དོན་ལ་མང་ཉུང་ཅན་སྦྱོར་སྐབས་ཀྱི་སྐྱོན་བཅས་སོ།

          འདི་འདྲ་སྤངས་ཏེ་མཁས་རྣམས་ཀྱིས།

          རྒྱུ་ཡང་འདིར་ནི་བསམ་པར་བྱོས། ཞེས་པའི་ཚིག་སྦྱོར་དེ་དག་ནི་གཅིག་ནས་དཔེ་དོན་ལ་བར་ཁྱད་ཐལ་དྲགས་པོ་ཤོར་བ་དང༌། གཉིས་ནས་སྐབས་དོན་གྱི་མཚུངས་ཆོས་མི་འོས་པའམ་མི་མཐུན་པར་དོན་ལོག་པར་གོ་ཞིང༌། མི་མཛེས་པས་ན་གཟབ་སྟེ་དཔེ་དོན་སྦྱོར་བའི་རྒྱུའམ་མཚུངས་ཆོས་འོས་འཚམས་ཤིག་འོང་བར་བསམ་པར་བྱའོ།

          ཡིན་ན་ཡང༌། དཔེ་དོན་སྦྱོར་སྐབས་ཀྱི་སྐྱོན་ནི་གཙོ་བོ་སྐབས་དོན་གྱི་མཚུངས་ཆོས་འོས་མིན་ལས་དཔེ་དོན་ལ་བར་ཁྱད་ཆེ་བ་ཙམ་གྱིས་སྐྱོན་དུ་མི་འགྱུར་བས་ན།

          བློ་ལྡན་མི་དགྱེས་མེད་གང་ལ།

          ངེས་པར་དཔེ་ཡི་སྐྱོན་དག་ནི།

          ཐ་དད་རྟགས་དང་ཚིག་ལ་མེད།

          དམན་དང་ལྷག་པ་ཉིད་ལ་མེད། ཅེས་གསུངས་པ་སྟེ། གོང་གི་གནས་སྐབས་བཞི་བོ་དེ་དག་གི་སྐབས་ཀྱང་སྦྱོར་མཁས་པ་རྣམས་ལ་ཡོན་ཏན་དུ་འགྱུར་ཚུལ་ནི། དཔེར་ན།

          མ་ནིང་འགྲོ་འདི་བུད་མེད་བཞིན།

          བུད་མེད་འདི་སྨྲ་སྐྱེས་པ་བཞིན། ལྟ་བུ་རྟགས་ཐ་དད་ཀྱང་སྐྱོན་དུ་མི་འགྱུར་ཏེ། སྐབས་དོན་གོམ་འགྲོས་དང་སྨྲ་བརྗོད་ཀྱི་ཆ་ནས་མཚུངས་པར་སྦྱར་བས་སོ།

          བདག་གི་གྲོགས་འདི་སྲོག་རྣམས་བཞིན།

          རིག་པ་རྣམས་བསྒྲུབ་ནོར་བཞིན་ནོ། ཞེས་པ་དཔེ་དོན་ལ་གཅིག་ཚིག་དང་མང་ཚིག་གི་ཁྱད་པར་ཆེ་ཡང་སྐྱོན་མེད་དེ། གྲོགས་མཆོག་གང་དེ་ནི་ཚེ་རབས་དུ་མའི་སྲོག་བཞིན་དུ་རང་ཉིད་ལ་ཤིན་ཏུ་རྩིས་ཆེ་བ་དང༌། རིག་པའི་གནས་དུ་མར་བརྩོན་པ་ནི་ནོར་བུ་རིན་པོ་ཆེ་བཞིན་དུ་རང་གཞན་གྱི་དགོས་དོན་རྒྱ་ཆེན་སྒྲུབ་པ་ཕན་ཡོན་ཆེ་བ་བཅས་ཡང་དག་ཏུ་སྟོན་ནུས་པས་སོ།

          ས་གཞི་སྐྱོང་བ་ཁྱོད་བཞིན་དུ།

          ལྷ་ཡི་རྒྱལ་བོ་རྣམ་པར་མཛེས། ཞེས་དོན་དམན་ཞིང་དཔེ་ལྷག་ཀྱང་སྐྱོན་དུ་མིསྣང་སྟེ། འཁོར་སྒྱུར་གྱི་རྒྱལ་པོ་སོགས་ལ་མཚན་དཔེའི་རྣམ་པའང་མངའ་བས་སྐུའི་གཟི་བརྗིད་དང་མཛེས་སྡུག་གི་ཆ་ནས་འདྲ་བར་བསྔགས་པས་ང་ཚོའི་མིག་སྔར་ཡང་ལྷ་རྒྱལ་གང་ཞིག་གི་སྐུའིརྣམ་པ་གསལབར་འགྱུར་བའོ།

          ཚ་ཟེར་ཅན་གྱི་ནུས་པ་ལ།

          མི་བདག་གཟི་ཡིས་འགོངས་པར་ནུས། ཞེས་དོན་དམན་ཞིང་དཔེ་ལྷག་ཀྱང་སྐྱོན་མེད་དེ། འབངས་དང་བྲན་ཚོས་མི་བདག་ཆེན་པོའི་སྐུའི་གཟི་བརྗིད་བལྟར་མི་བཟོད་པ་དང༌། ལྷག་པར་ཉི་མས་མུན་པ་སེལ་ནས་རྩི་ཤིང་སོགས་རྒྱས་པར་བྱེད་པའི་ནུས་པ་ལྟར། རྒྱལ་པོ་ཆེན་པོ་གང་གི་བསོད་ནམས་དང་ཡོན་ཏན་ཕུན་སུམ་ཚོགས་པའི་གཟི་བྱིན་གྱིས་སྐྱེ་དགུ་ཀུན་ལེགས་པར་སྐྱོང་བས་ན་ཆོས་མཐུན་གྱི་ས་བོན་ཡོད་ལ་ཅུང་འུད་ཀྱིས་བསྟོད་པ་ནི་སྤྱིར་སྙན་དངགས་ཀྱི་འོས་བབ་ཅིག་ཀྱང་ཡིན་ནོ།

          ཞེས་པ་དེ་ལྟ་བུ་ལ་སོགས།

          སྐལ་བཟང་ནམ་ཡང་གཏོང་མིན་ཉིད། །ཅེས་ནན་གྱིས་གསུངས་པ་ལྟར། གཞན་ཡང༌། རྒྱ་སྟག་འདྲ་བའི་དཔའ་རྒོད། སྒོ་ཁྱིའི་ངང་ཚུལ་འཛིན་པའི་གྲོགས། བདག་པོ་མཆོག་གང་ཕྱུགས་སྐྱོང་བཞིན། སྒྲོལ་མ་ལས་ལྷག་བྱམས་ལྡན་མ། བརྒྱ་བྱིན་མིག་སྟོང་དང་མཚུངས་ཤེས་རབ་མིག དབྱངས་ཅན་ལྷ་ཉིད་སྙན་དངགས་པ། ལྟ་བུ་སོགས་དང༌། ལྷག་པར་ཆུ་ཤིང་གི་བསྟན་བཅོས་ལྟ་བུ་དཔེའི་དངོས་པོ་གཅིག་གིས་ལུགས་གཉིས་ཀྱི་བརྗོད་བྱ་ཟབ་ཅིང་རྒྱས་པ་མཚོན་ཐབས་ལྟ་བུ་ནི་གཅིག་བྱས་ན་བོད་ཀྱི་མཁས་དབང་ཁོ་ནའི་གསར་གཏོད་མཚོན་ཐབས་ཏེ། མདོར་ན་སྙན་ངག་མཁན་ལ་ཅི་ཡང་རྒྱན་དུ་འགྱུར་ཚུལ་གྱི་སྒྱུ་རྩལ་མཚོན་ཐབས་ཀྱི་ཆོས་ཉིད་ལ་བྱང་བར་གཅེས་སོ།།

 

       དཔེ་འཇོག་སྙན་དངགས་ཀྱི་དཔེ་མཚོན་ཞིག

 

བསྔགས་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས།

 

         ༄༅།།རྫེ་བཙུན་བླ་མ་དམ་པ་དེའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།བློ་བཟང་དྲི་མེད་འདྲེན་བྱེད་སྟོང་གིས་རྒྱ་ཆེན་ཤེས་བྱའི་གཟུགས་ཀུན་རྣམ་གསལ་འཆི་མེད་སྒེག་མོའི་མེ་ལོང་བཞིན།།རྣམ་དཀར་གྲགས་པའི་རྔ་དབྱངས་འབུམ་ཕྲག་ཕྱོགས་ཀྱི་བུ་མོའི་མགྲིན་པར་རྣམ་བསྒྲགས་དབྱར་དུས་དབྱར་སྐྱེས་རྔ་སྒྲ་བཞིན།།གྲོང་འཇོམས་དབང་བོ་མདའ་ལྔ་བ་དང་གཙུག་ན་ཟླ་བ་མགྲིན་སྔོན་ཅན་སོགས་རལ་བའི་ཐོད་ལ་གཙུག་རྒྱན་བཞིན།།ངལ་གསོ་ཉེར་མཛད་ཞབས་སེན་འཆར་ཀའི་འོད་འཕྲེང་དག་གིས་གཙུག་རྒྱན་རབ་མཛེས་བདག་བློ་པད་མོའི་དཔལ་གྱུར་ཅིག

         བློ་ཆེན་ལྡན་གང་བྱེ་བས་བསྐལ་པ་བརྒྱར།།སྙན་ངག་ཆུ་ཀླུང་སྟོང་གིས་དྲངས་གྱུར་ཀྱང༌།།ཟད་མེད་ཡོན་ཏན་ཡིད་བཞིན་མཚོ་ཆེན་པོ།།བདག་བློའི་སྐྲ་རྩེས་དཔག་པར་ཇི་ལྟར་ནུས།།དེ་ལྟ་ན་ཡང་དད་པའི་དྲི་བཞོན་གྱིས།།བདག་བློའི་ལྗོན་ཤིང་རྣམ་པར་བསྐྱོད་པ་ལས།།ངོ་མཚར་དྲི་བསུང་གཡོ་བའི་མེ་ཏོག་ཕྲེང༌།།མགྲིན་པར་བཟུང་སྟེ་དགའ་བས་གར་བྱེད་དོ།

         མ་ལུས་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གཏེར།།ས་གསུམ་སྐྱེ་རྒུ་ཡོངས་ཀྱི་གཙུག་རྒྱན་དུ།།གཅིག་ཏུ་བསྡུས་ནས་གཟུགས་ཅན་བཞིན་གྱུར་པ།།འཇམ་དཔལ་སྙིང་པོས་རྟག་ཏུ་སྐྱོང་གྱུར་ཅིག།ཆ་ཤས་ཡོངས་རྫོགས་ཁྱོད་སྐུའི་རི་བོང་ཅན།།ཆོས་དབྱིངས་ཀུན་གསལ་མཛེས་མའི་ལང་ཚོ་ལས།།གསལ་བར་ཤར་ཚེ་སྐལ་བཟང་ཀུ་མུད་ཚོགས།།མཛེས་སྡུག་ཟེའུ་འབྲུའི་སོ་ཕྲེང་བཞད་པ་དང༌།།མཉམ་དུ་ཐུབ་བསྟན་ནོར་འཛིན་བུ་མོའི་ལུས།།སྟོད་གཡོགས་གོས་དཀར་གཡོ་བའི་མཛེས་སྡུག་འཛིན།།རང་གཞན་གྲུབ་མཐའི་ས་ཆེན་མ་ལུས་པ།།བློ་གྲོས་གོམ་པ་གཅིག་གིས་རབ་འགོངས་ཏེ།།ཀུན་མཁྱེན་ཐུབ་པའི་རྒྱལ་ས་འཛིན་མཁས་པ།།གང་ཁྱོད་རྒྱལ་བ་ཀུན་གྱི་གདུང་འཚོབ་ལགས།།མང་ཐོས་ལུང་རིགས་སྨྲ་བའི་ཁྱུ་མཆོག་ཅེས།།ཆེན་པོར་མངོན་རློམ་བྱེ་བ་ཕྲག་བརྒྱ་ཡི།།སྤོབས་པའི་མྱོས་བུམ་མ་ལུས་དྲལ་མཛད་པ།།འཇིགས་མེད་གདོང་ལྔའི་དབང་པོ་ཁྱོད་ཉིད་ལགས།།བསླབ་གསུམ་ནོར་བུའི་འོད་ཕྲེང་གཡོ་བ་ཅན།།ངུར་སྨྲིག་འཛིན་པ་ཀུན་གྱི་ཅོད་པན་ལ།།ཞབས་སེན་གསལ་བར་འགོད་པའི་རོལ་རྩེད་མཁན།།ཀུན་མཁྱེན་ཐུབ་པ་ཆེན་པོ་ཁྱོད་ཉིད་ལགས།།དགེ་ལེགས་ཀུ་མུད་ཟུམ་པར་མི་བྱེད་ཅིང༌།།མདོ་སྔགས་གཞུང་ལུགས་པད་ཚལ་སྟོང་འབྱེད་པའི།།ལུང་རིགས་འོད་ཀྱིས་ས་གསུམ་སྣང་བྱེད་པ།།ཀུན་མཁྱེན་ཉིན་མོའི་དབང་ཕྱུག་ཁྱོད་ཤར་ཚེ།།སྨྲ་བའི་ཉི་མ་གཞན་དག་ཁྱོད་དྲུང་ན།།དམན་པའི་རྒྱུ་སྐར་ཕྲེང་བ་ལྟ་བུར་སྤྱོད།།སྙན་གྲགས་མ་ལ་ཡ་ཡི་དྲི་བཞོན་གྱིས།།ཕྱོགས་ཀྱི་བུ་མོའི་དྲི་འཛིན་སིམ་པའི་དཔལ།།ལེགས་བཤད་ག་བུར་འཐུལ་བའི་དཔག་བསམ་ཁྱོད།།ཉོན་མོངས་ཚ་བའི་སྲོག་ལེན་གཤིན་རྗེ་ལགས།།ཐབས་ཤེས་གཤོག་རླབས་གཡོ་བའི་རླུང་ཤུགས་ཀྱིས།།མཐའ་གཉིས་གཡང་སར་ནམ་ཡང་མི་ལྟུང་ཞིང༌།།བདག་ལྟའི་ཀླུ་དབང་ཚོགས་ཀྱི་སྲོག་འཕྲོག་པ།།མཁས་མཆོག་གཉིས་སྐྱེས་ཀུན་གྱི་དབང་པོ་ལགས།།སྐྱེ་རྒ་ན་འཆིའི་རྦ་རླབས་སྟོང་འཁྲུག་པའི།།མི་བཟད་འཁོར་བ་ཆུ་སྲིན་འབྱུང་གནས་ལས།།འགྲོ་ཀུན་ཐབས་མཁས་གྲུ་ཡིས་སྒྲོལ་མཁས་པ།།མཁས་མཆོག་དེད་དཔོན་ཀུན་གྱི་དམ་པ་ལགས།ཁྱོད་ཀྱི་ཐུགས་རྗེའི་ཕོ་ཉ་བྱེ་བ་ཡིས།།འགྲོ་འདི་ཐར་བའི་གྲོང་དུ་ཁྲིད་གྱུར་ཏེ།།འཁོར་བའི་གནས་འདི་ངེས་པར་སྟོངས་འགྱུར་ཞེས།།རབ་དགྱེས་རྒྱལ་རྣམས་ཞི་བའི་དབྱིངས་སུ་ཞུགས།།རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཆུ་ཀླུང་འབུམ།།ཉིན་བཞིན་སྡུད་བྱེད་རོལ་མཚོའི་དབང་པོ་སྟེ།།ལེགས་བཤད་བདུད་རྩིའི་གྲུ་ཆར་སྟོང་འབེབས་པའི།།སྔིན་མེད་དབྱར་སྐྱེས་ཆུ་འཛིན་དབང་པོ་ལགས།།མཛེས་སྡུག་འོད་འབར་རབ་ཏུ་བརྗིད་པ་ཡི།།ཁྱོད་ཀྱི་མཛེས་སྐུ་འཆི་མེད་རི་བོ་འདྲ།།མཚན་དཔེའི་རྒྱན་ཕྲེང་གཡོ་བའི་མཛེས་སྡུག་ལ།།རི་དབང་མཆོག་གིས་འགྲན་པར་ནུས་མ་ལགས།།སྙན་ཅིང་ཡིད་འབབ་ཆོས་ཀུན་སྒྲོག་པའི་གསུང༌།།ཡན་ལག་དྲུག་ཅུའི་དྲིལ་ཆེན་འཁྲོལ་བ་ན།།མེས་པོའི་དབྱངས་ཀྱིས་འགྲན་པར་མ་བཟོད་ནས།།སྨྲ་བཅད་བསམ་གཏན་ངང་དུ་ཞུགས་སམ་སྙམ།།རབ་ཡངས་ཁྱོད་ཀྱི་མཁྱེན་པའི་ཕ་མཐའ་ལ།།འགྲན་འདོད་ནམ་མཁའ་འདི་ཡིས་འོངས་སམ་སྙམ།།འོན་ཏེ་ལྷ་ཡི་ལམ་ཡངས་སྐྱེངས་སླད་དུ།ཁྱོད་ཀྱི་མཁྱེན་པ་བསམ་བཞིན་བཀོད་དམ་ཅི།ཁྱོད་ཀྱི་མཁྱེན་པ་རབ་ཡངས་ཆུ་གཏེར་བཞིན།།ཀླུང་བརྒྱས་དྲངས་ཀྱང་ཅུང་ཟད་བྲི་བ་མེད།།འགྲོ་ལ་འདོད་དགུ་སྦྱིན་པའི་དཔག་བསམ་སྟེ།།སྒྲིབ་མུན་ཀུན་སེལ་སྔོན་མེད་སྣང་བྱེད་ལགས།།གདུལ་བྱའི་གླིང་ཀུན་འོས་པར་འབབ་པ་ཡི།ཁྱོད་ཀྱི་འཕྲིན་ལས་ཉི་མའི་འོད་དང་འདྲ།།འཆར་ནུབ་བྲལ་ཞིང་སྤྲིན་གྱིས་མི་སྒྲིབ་པས།།ཉི་ཟླའང་དེ་ཡི་དཔེ་རུ་འོས་མ་ལགས།།གཞན་གྱི་བློ་ཡི་ཡུལ་དུའང་ཤོང་མིན་པའི།།ཡོན་ཏན་ཕུང་བོའི་ཁུར་ཆེན་མཐའ་ཡས་པ།།འདེགས་བྱེད་ནོར་འཛིན་བུ་མོ་མཛེས་སྡུག་མ།།ད་དུང་ངལ་བ་མེད་པ་ཨེ་མ་མཚར།།ཕྱོགས་བཅུའི་ཕུན་ཚོགས་མ་ལུས་གྲོས་བྱས་ནས།།རྒྱལ་བའི་དབང་བོ་ཁྱོད་ལ་འདུས་པ་ན།།མི་བཟད་སྐྱོན་ཀུན་འཁོར་བ་འདིར་ལུས་པས།།འགྲོ་འདི་རྟག་ཏུ་སྡུག་བསྔལ་གྱུར་མིན་ནམ།

         ཁྱོད་ཀྱི་ཡོན་ཏན་ཡིད་བཞིན་མཚོ་ཆེན་པོར།།རིང་ནས་ཞུགས་པའི་དད་པའི་གཉིས་འཐུང་འདི།།མཁས་གྲུབ་གཞན་གྱི་ཡོན་ཏན་རྫིང་བུ་ལ།།དགའ་བར་འཛིན་པའི་བློ་དེ་དོར་བར་གྱུར།།མིང་ཙམ་ལྷག་མར་གྱུར་པའི་བསྟན་པ་འདི།།རྫོགས་ལྡན་བཞིན་དུ་ཉིད་ཀྱིས་མཛད་པ་ན།།ཨེ་མ་སྙིགས་དུས་རྒྱལ་བ་གཉིས་པ་ཞེས།།ཕྱོགས་ཀྱི་བུ་མོས་སྲིད་རྩེའི་བར་དུ་བསྒྲགས།།ཕྱོགས་ཀྱི་བདག་པོ་ཀུན་གྱི་རལ་བ་ལ།།ཞབས་རྡུལ་ནོར་བུས་མཛེས་པའི་དཔལ་སྟེར་བ།།སྔོན་མེད་རྒྱལ་བའི་ཉི་མ་གཅིག་གིས་ཀྱང༌།།རྒྱལ་བའི་ཉི་མ་མ་ལུས་ཟིལ་གྱིས་གནོན།།དེ་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་འདི།།མགོན་ཁྱོད་ལྷག་པར་བསྔགས་པའི་ཟློས་བརྗོད་ལ།།ངལ་བ་མེད་པའི་དཀའ་ཐུབ་ལྷུར་བླངས་པས།།བྱ་བ་གཞན་ལ་འཇུག་པའི་གོ་སྐབས་ཕྲོགས།

         སྐལ་བཟང་ཀུན་དའི་གཉེན་གཅིག་རི་བོང་ཅན།།ཐུབ་བསྟན་པད་ཚལ་རྒྱས་མཛད་ཉིན་མོའི་མགོན།།འདོད་དགུའི་དངོས་གྲུབ་སྦྱིན་མཛད་དཔག་བསམ་ཤིང༌།།བསམ་འཕེལ་དབང་གི་རྒྱལ་པོ་ཁྱོད་ལ་འདུད།།ལེགས་བཤད་བྱེ་བས་ཁེངས་ཀྱང་ཁེངས་དང་བྲལ།།གཞན་དོན་ཁུར་གྱིས་ངལ་ཡང་ངལ་བ་མེད།།རིང་ནས་འཁོར་བ་སྤངས་ཀྱང་འཁོར་བར་སྤྱོད།།ངོ་མཚར་ཀུན་གྱི་གཏེར་ཆེན་ཨེ་མ་མཚར།།པད་ཚལ་དབུས་ན་པད་མ་དཀར་པོ་དང༌།།རྒྱུ་སྐར་དབུས་ན་རྒྱུ་སྐར་བདག་པོ་བཞིན།།རྒྱལ་སྲས་དབུས་ན་རྒྱལ་བའི་དབང་བོ་ཁྱོད།།འཇིགས་བྲལ་འཇིགས་མེད་ཆོས་འཁོར་བསྐོར་ལ་འདུད།།ལེགས་བཤད་ནོར་འཛིན་སྒེག་མོའི་ཁྱོན་ཀུན་ལ།།ལུང་རིགས་དཔུང་གིས་འདོད་དགུར་དབང་སྒྱུར་ཞིང༌།།ལུས་མེད་བདག་པོའི་གཡུལ་ངོ་ཕམ་མཛད་པ།།ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཁྱོད་ལ་འདུད།།ས་བཅུའི་དབང་ཕྱུག་རྒྱལ་སྲས་ཀུན་གྱི་ཡབ།།དག་དང་མ་དག་འགྲོ་བ་ཀུན་གྱི་སྐྱབས།།སྐུ་གསུམ་ལྷུན་གྲུབ་རྒྱལ་བ་ཀུན་གྱི་གཙོ།ཁྱབ་བདག་རྡོ་རྗེ་འཆང་དབང་ཁྱོད་ལ་འདུད།

         སྙིང་གི་མེ་ལོང་དབུས་སུ་ཁྱོད་ཀྱི་སྐུ།།བྱེད་པོས་པིར་གྱིས་གསལ་བར་བྲིས་པ་བཞིན།།བཀོད་ནས་རྟག་ཏུ་གུས་པས་མཆོད་པའི་མཐུས།།འབྲལ་མེད་རྗེས་སུ་འཛིན་པར་བྱིན་གྱིས་རློབས།།དེ་ཡི་མཐུ་ལས་རྒྱལ་བའི་དམ་ཆོས་ཀུན།ཁྱོད་ཞལ་པད་མོའི་སྒོ་ལས་ལེགས་འོངས་པ།།སྙིང་གི་བུམ་པར་རྩེ་གཅིག་བསྟེན་པ་ལས།།ཉོན་མོངས་ནད་ཀུན་འཇོམས་པར་བྱིན་གྱིས་རློབས།།དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ།།རང་ཉིད་གཅེས་པར་འཛིན་པའི་བློ་སྤངས་ནས།བསྟན་དང་འགྲོ་བ་བའི་དོན་ཀུན་སྒྲུབ་པ་ལ།།རྒྱལ་བ་ཁྱོད་དང་མཚུངས་པར་བྱིན་གྱིས་རློབས།།སེམས་ཀྱི་གཉིས་འཐུང་དད་པའི་ལྕགས་ཀྱུ་ཡི།།དབང་དུ་གྱུར་ནས་ཁྱོད་ཞབས་རྟག་མཆོད་ཅིང༌།།མྱུར་དུ་རྡོ་རྗེ་འཆང་དབང་ཐོབ་གྱུར་ནས།།འགྲོ་ཀུན་ཐར་བར་འཁྲིད་པར་བྱིན་གྱིས་རློབས།།དེ་ལྟར་བསྟོད་པའི་དགེ་བ་དཔག་མེད་དང༌།།གཞན་ཡང་དུས་གསུམ་བསགས་པའི་དགེ་བ་རྣམས།།མགོན་པོ་ཁྱོད་ཀྱིས་རྗེས་སུ་འཛིན་པ་དང༌།ཁྱོད་ཀྱི་ལུགས་བཟང་རྒྱས་པའི་རྒྱུར་གྱུར་ཅིག

 

 

         ཅེས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་ངོ་བོ།སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མཚན་བརྗོད་པར་དཀའ་བའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ་ལ།གཞན་ལས་ཁྱད་པར་དུ་འཕགས་པར་བསྔགས་པ།ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི།རྗེ་ཉིད་ལ་སྐྱེས་ཙམ་ཉིད་ནས་དད་པ་མཆོག་ཏུ་ཐོབ་པའི་ཁ་བ་རི་བའི་སྙན་ངག་མཁན།རྣམ་དཔྱོད་ཀྱི་མགྲིན་པ་ཅུང་ཟད་མཐོ་བའི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་ལོ་བཅུ་བདུན་ལོན་པའི་ཚེ།གཙང་རྟ་ནག་གི་ས་ཆ།གྲུབ་པའི་དབང་ཕྱུག་ཨ་མོ་གྷ་དྷཱ་ཚ་ལ་སོགས་པ་དམ་པ་མང་པོས་བྱིན་གྱིས་རླབས་པའི་དབེན་གནས་རྡོ་རྗེ་གདན་ཞེས་བྱ་བར་སྦྱར་བའོ།།།། 

 གསུམ་པ། འགོག་རྒྱན།

 

དགག་སྒྲ་ཙམ་གྱི་ཚིག་སྦྱོར་མིན།

དོན་ལ་བཀག་པ་ཅི་ཡང་མེད།

བསྟོད་དང་བརྩེ་དུང་རེ་བ་དག

མཚོན་ཚུལ་འགོག་པའི་ཚུལ་དུའོ།

 

 

དྲི་བས་འགོག་པ།

སྙན་སྒྲོག་མ་དག་ཅི་ཡི་ཕྱིར།

རྣ་བ་ལ་ནི་ཨུཏཔལ་འདོགས།

ཟུར་མིག་དག་ལ་ཡོན་ཏན་དེ།

ཡོངས་རྫོགས་མིན་པར་སེམས་སམ་ཅི། ཞེས་སྒེག་མོས་རྣ་ལོང་དུ་ཨུཏཔལ་འདོགས་པའི་དགོས་པ་ནི་མིག་གཉིས་ལ་རིང་ཞིང་མཐིང་གའི་ཡོན་ཏན་དེ་དག་ཚང་མི་འདུག་སྙམ་མམ་དགོས་པ་གཞན་ཅི་ཡོད། ཅེས་མེ་ཏོག་གིས་བརྒྱན་མི་དགོས་པར་ལྷན་སྐྱེས་ཀྱི་མཛེས་སྡུག་ཡོངས་སུ་ཚང་བར་བསྔགས་ཚུལ་མཛེས་སོ།

གཞན་ཡང༌།

མཛའ་བོ་དག་ནི་རིང་ན་གནས།

ཆུ་འཛིན་བགྲོད་ལྡན་འདི་དག་འོང༌།

ནི་ཙུ་ལ་ཡང་རྒྱས་པ་མཐོང༌།

ད་དུང་བདག་འཆི་མི་འགྱུར་ཅི། ཞེས་པས་ཀྱང༌། འཆི་བའི་རྒྱུ། རིང་དུ་སོང་བའི་མཛའ་བོ་ཧ་ཅང་དྲན་པའི་གདུང་བ་ལྗིད་མོའི་ཐོག ཆར་སྤྲིན་སྔོན་མོ་དང་ཨ་མྲ་དང་རྒྱ་ལྕང་སོགས་རྒྱས་པའི་ཆགས་གདུང་འཕེལ་བའི་རྐྱེན་དག་ཀྱང་ཚོགས་མོད། ཁོ་མོ་ད་དུང་གསོན་པ་འདི་ཅི་ཡིན་ནམ། ཞེས་ཤི་ན་དགའ་བའི་སྐྱོ་སྡུག་གི་གནས་སྐབས་ཤིག་བསྟན་པའོ། འདིས་ཀྱང་རང་གི་མཛའ་བོ་ཁོ་ནར་བརྩེ་དུང་འགྱུར་མེད་བཅངས་ནས་ཡོད་པའི་ཆགས་ལྡན་མ་ཞིག་གི་བརྩེ་བའི་གདུང་བ་མཚོན་པ་ལེགས་སོ།

 

དོགས་པས་འགོག་པ།

ཇོ་བོ་བདེན་པར་སྨྲ་བོ་བདག

གཞན་དང་འོ་སྦྱར་ལས་འཕོས་པའི།

རྒྱ་སྐྱེགས་ཀྱིས་དམར་མིག་གིས་ནི།

ནམ་ཡང་བདག་ཉིད་མཐོང་མི་འགྱུར། ཅེས་པ་སྟེ། གལ་ཏེ་རང་གི་ཁྱོ་བོས་ནམ་ཞིག་བུད་མེད་གཞན་དང་འགྲོགས་མི་ཡོང་ངམ་སྙམ་པའི་དོགས་སྣང་གིས། གཞན་ལ་དགའ་མགུར་རོལ་བའི་ཆགས་མིག་དམར་པོ་དེས། དུས་དེ་ནས་བཟུང་ཁོ་མོ་ནམ་ཡང་མི་མཐོང་སྟེ། འཆི་ངེས་ཡིན་ཚུལ་བརྗོད་པའོ། འདི་ལས་མཛའ་མོ་དེས་རང་གི་མཛའ་བོར་བཅངས་པའི་བརྩེ་དུང་ཟབ་ཅིང་རང་ཉིད་ཀྱིས་ནམ་ཡང་མཛའ་བོ་ལས་གཞན་མི་བསམ་པའི་ཚུལ་ལྡན་སྤྱོད་པའང་བསྟན་ཡོད་པས། བསམ་ཤེས་པའི་མཛའ་བོ་ཞིག་ཡིན་ན་ལྷག་པར་དགའ་ཞིང་སྙིང་ཉེ་བར་འགྱུར་བའི་སྐད་ཆ་ཞིག་ཅིས་མིན།

 

ཡང་མ་གུས་པས་འགོག་ཚུལ་ལ།

བདག་ནི་གསོན་རེ་སྟོབས་དང་ལྡན།

ནོར་གྱི་བསམ་པ་དེ་ལྟ་མིན།

མཛའ་བོ་གཤེགས་སམ་བཞུགས་ལགས་སམ།

རང་གི་བསམ་ཚུལ་སྨྲས་པ་ལགས། ཞེས་མཛའ་བོ་ཚོང་ལ་འགྲོ་བར་མ་གུས་པའམ་མ་དགའ་བའི་རྣམ་འགྱུར་བསྟན་པ་གསལ་མོད། མཛའ་བོ་དེས་ཁོ་བྱེས་སུ་སོང་ན་སྲོག་ལ་ཉེན་ཆེ་བའི་སེམས་ཁྲལ་དང༌། རྒྱུ་ནོར་ལོངས་སྤྱོད་མང་པོ་ཐོབ་འདོད་ཀྱི་ཧམ་སེམས་ཀྱང་མེད་པའི་རྣམ་དག་བརྩེ་དུང་བཅས་རྟོགས་ཐུབ་པས་ན་མཛའ་བོ་དེས་ཀྱང་ཁོ་མོ་བསྐྱུར་ཕོད་དམ།

 

འབད་པའམ་རང་དབང་མེད་པའི་འགོག་ཚུལ་ལའང༌།

བཞུད་ཅེས་ཁྱོད་དགྱེས་བརྗོད་འདོད་ཀྱང༌།

བདག་ཉིད་དགའ་བར་བྱེད་པའི་ཚིག

མ་གཤེགས་ཞེས་པ་ཁ་ནས་ནི།

ཤོར་བར་གྱུར་ལ་བདག་ཅི་བྱེད། ཅེས་པས་སྐད་ཆ་འདིས། ཁོ་མོས་མཛའ་བོར་མ་འདོད་བཞིན་དུ་ཕེབས་ཤིག་ཅེས་ཁོ་རང་དགའ་བའི་ཚིག་དེ་བརྗོད་པར་འབད་མོད་ཀྱང༌། སྐད་ཆ་དངོས་སུ་བཤད་དུས་མོ་རང་གི་སེམས་གཏིང་གི་འདོད་པ་སྟེ། མ་འགྲོ་ཞེས་པའི་སྙིང་གཏམ་དེ་རང་དབང་མེད་པར་ཤོར་ཚུལ་བརྗོད་པ་འདིས་ཀྱང་ཁོ་མོ་མཛའ་བོ་དང་འབྲལ་མི་བཟོད་པའི་བརྩེ་སེམས་ཅི་འདྲས་ཟབ་མོ་ཞིག་ཡོད་ཨང༌།

 

ཐབས་ཀྱིས་འགོག་ཚུལའང༌།

མགོན་པོ་འབྲལ་བ་བཟོད་པར་བགྱི།

གང་ཞིག་མིག་བསྒོས་བདག་ལ་ནི།

འདོད་པས་བསྣུན་དུ་མི་མཐོང་བའི།

མཐོང་མིན་མིག་སྨན་བདག་ལ་སྩོལ། ཅེས་རང་གི་མཛའ་བོ་ལ་མགོན་པོ་ཞེས་ཧ་ཅང་གུས་པས་བོས་ཏེ། ཁྱེད་བྱེས་སུ་ཕེབས་ན་བདག་གིས་འབྲལ་བའི་གདུང་བ་ཆེན་པོ་དེ་བཟོད་ཐབས་བྱེད་མོད། འོན་ཏེ་འདོད་ལྷས་མེ་ཏོག་གི་མདས་བསྣུན་པའི་འདོད་ཆགས་ནི་ཁོ་མོས་བཟོད་དུ་མེད་པས། ཁོ་མོར་འདོད་ལྷས་མི་མཐོང་བའི་མིག་སྨན་ཞིག་གནང་རོགས། ཞེས་ཐབས་ཤེས་མི་ནུས་པའི་རེ་བ་བཏོན་ནས་འགོག་པ་སྟེ། འབྲལ་མི་ཐུབ་པའི་བརྩེ་གདུང་ཤུགས་ཀྱིས་མཚོན་པའོ།

 

ཁྲོ་བས་འགོག་ཚུལ་ལའང༌།

ཇོ་བོ་ཁྱོད་ཀྱི་ཞལ་ནས་ཚིག

བདག་འགྲོ་ཞེས་པ་ངེས་པར་བྱུང༌།

མཛའ་བ་དམན་པ་ཁྱོད་ཀྱིས་ད།

མ་ཕྱིན་ན་ཡང་བདག་ལ་ཅི། ཞེས་ཧ་ཅང་ཁྲོས་པའི་ཚུལ་དུ་སྨྲས་པ་གསལ་མོད། དེ་ལྟར་ཁྲོ་བ་ནི་ངོ་མ་དགའ་འོས་པ་ཞིག་སྟེ། མོ་ཁྲོ་ས་ནི་མཛའ་བོའི་བྱ་སྤྱོད་ཙམ་མིན་པར་རང་ལ་བཅངས་པའི་མཛའ་སེམས་མེད་པ་དེ་ཡིན། མོའི་བསམ་ཚུལ་ནི་བཟའ་ཟླ་ཞིག་ཡིན་ན་ཕན་ཚུན་བརྩེ་དུང་བཅོས་མིན་ནམ་ཡང་འབྲལ་མི་ཕོད་པ་ཞིག་དགོས་པ་དེའོ།

དེང་སང་མཛའ་བོའི་བརྩེ་བ་མི་མཁོ་བར་རྒྱུ་ནོར་མཁོ་བ་དང༌། ཁྱོ་ག་ནང་དུ་བསྡད་པ་ལས་ཕྱི་ལ་སོང་ན་དགའ་མཁན་ཡང་མང་བས་བུད་མེད་འདི་འདྲ་རྙེད་རྒྱུ་ཅི་འདྲ་དཀའ་ཨང༌།

 

དབང་གིས་འགོག་ཚུལ་ལའང༌། རྩ་བར།

ནོར་ནི་མང་པོ་རྙེད་འགྱུར་ཞིང༌།

ལམ་དུ་ཡང་ནི་བདེ་ཞིང་དགེ

བདག་སྲོག་ལའང་ཐེ་ཚོམ་མེད།

འོན་ཀྱང་མཛའ་བོ་འགྲོ་མི་ཆོག ཅེས་རང་གི་དགའ་མས་མཛའ་བོ་བྱེས་སུ་འགྲོ་བར་ཕན་ལས་གནོད་ཅི་ཡང་མེད་པའི་གནས་ཚུལ་དག་བརྗོད་རྗེས། འོན་ཀྱང་ཁྱོད་བདག་དང་མཉམ་དུ་སྡོད་དགོས་འགྲོ་མི་ཆོག་ཅེས་དབང་ཡོད་ཀྱི་ཚུལ་དུ་བརྗོད་མོད་ཀྱང༌། སྐད་ཆ་དེས་ཁོ་མོར་ཁྱོ་ག་ལས་རྩ་ཆེ་ཞིང་མཁོ་བ་མེདཔ་དང༌། ཁ་འབྲལ་མི་ཐུབ་པའི་བརྩེ་བ་ཟབ་མོ་བཅས་མཚོན་པས་ན་སྤྱིར་བཏང་གི་སྐྱེ་དམན་ཁྲོ་གཏུམ་བཙན་དབང་ཅན་ཞིག་དང་གཏན་ནས་མི་འདྲའོ།

 

ཡང་ཤིས་བརྗོད་ཀྱིས་འགོག་ཚུལ་ནི།

མཛའ་བོ་གལ་ཏེ་གཤེགས་ན་བཞུད།

ཁྱེད་ཀྱི་ལམ་ནི་ཤིས་གྱུར་ཅིག

གང་དུ་ཁྱེད་ཉིད་གཤེགས་བཞུགས་དེར།

བདག་ཀྱང་སྐྱེ་བ་ཉིད་གྱུར་ཅིག ཨ་ལ་ལ། ཅི་འདྲའི་ཤིས་སྨོན་མཚར་བོ། ཅི་འདྲའི་བློས་གཏོང་ཆེན་པོ། ཅི་འདྲའི་བརྩེ་བ་ཟབ་མོ། བརྩམས་སྒྲུང<རེ་སྨོན>ནང་གི་ཨ་ཡེ་སྒྲོལ་མ་དང་ཅི་ཁྱད། ཁྲེལ་ཡོད་ཀྱི་སྐྱེས་པ་ཚོ། གལ་ཏེ། ཁྱོད་ལ་རང་གི་མཛའ་མོས་འདི་འདྲའི་བཀྲ་ཤིས་སྨོན་ལམ་ཞིག་བཏབ་དུས། ཁྱོད་ནམ་ཡང་སྒོ་ཐེམ་ལས་མི་བརྒལ་བར་ཁོ་མོའི་པང་དུ་འཚོ་བའམ། གལ་ཏེ་ངེས་པར་འགྲོ་དགོས་བྱུང་ནའང་ཁོ་མོ་རང་གི་སྙིང་ལ་བཅུག་ནས་ཕེབས་རྒྱུ་ནི་བདག་གི་རེ་བའོ།།

 

བཞི་བ། སྲིད་པ་ཅན་གྱི་རྒྱན།

 

གྲགས་པའི་རྒྱུ་རྣམས་བཟློག་བྱས་ཏེ།

མི་སྲིད་སྲིད་པ་ལྟར་བརྗོད་ནས།

ངོ་མཚར་ཁྱད་པར་བ་ནི་སྟོན་པའོ།

          བྱ་བ་དང༌། རྫས། ཡོན་ཏན་སོགས་འཇིག་རྟེན་ལ་རབ་ཏུ་གྲགས་པའི་རྒྱུ་དག་བསམ་བཞིན་བཟློག་པའམ་མ་ཚང་བར་བརྗོད་ཀྱང་འབྲས་བུ་ངོ་མཚར་བ་ཁྱད་པར་བ་སྟོན་པའི་རྒྱུ་མེད་འབྲས་བུ་ཡང་སྲིད་པའི་ཚུལ་དུ་བརྗོད་པས་ན་སྲིད་པ་ཅན་གྱི་རྒྱན་ཞེས་བྱའོ།

 

༡། བྱ་བ་བཟློག་པའི་སྲིད་པ་ཅན།

དཔེར་ན། རྩ་བར།

མ་འཐུངས་མྱོས་པའི་མཐིང་རིལ་དང༌།

མ་ཕྱིས་དྲི་མ་མེད་པའི་མཁའ།

གྲུངས་པར་མ་བྱས་དྭངས་པའི་ཆུ།

འགྲོ་བའི་ཡིད་ནི་འཕྲོག་པར་གྱུར།

          ཅེས་པའི་དོན་ཅུང་ཁ་གསལ་གོ་བདེར་བཏང་ན།

ཆུ་ཡིས་བཀྲུས་མིན་གོས་ཀྱིས་ཀྱང༌།

མ་ཕྱིས་སྔོ་བསངས་དྭངས་པའི་མཁའ།

ནོར་བུ་རྫས་ཀྱིས་བགྲུངས་མིན་པའི།

རྙོག་མེད་རབ་དྭངས་གཙང་བོའི་ངོགས།

མྱོས་འགྱུར་མ་འཐུངས་ར་བཟི་ཡི།

རྟུལ་ཞུགས་རྫོགས་པའི་མཐིང་རིལ་སོགས།

སྤྲུལ་མིན་ལྗོངས་འདིས་ཀུན་ཡིད་འཕྲོག

          ཅེས་པ་སྟེ། སྤྱིར་ར་བཟི་བ་ལ་ཆང་འཐུངས་དགོས་པ་སོགས་ཡོངས་གྲགས་ཀྱི་བྱ་བའི་རྒྱུ་དག་བཀག་ནས་ཀྱང་འབྲས་བུ་དེ་དག་བྱུང་བར་སྟོན་པས་ན་ངོ་མཚར་རང་བཞིན་ཡིན་མོད། དོན་ལ་དེ་ནི་ངེས་པར་རྒྱུ་དེ་དག་གི་འབྲས་བུ་ཡིན་དགོས་པ་མེད་པ་སྟེ། དེ་ཡང༌། ཆུ་བྱ་མཐིང་རིལ་གྱོལ་འགྲོས་ཀྱི་ཚུལ་གྱིས་སྐད་སྙན་པོ་སྒྲོག་པ་ནི་ར་བཟི་བའི་ངང་ཚུལ་དང་འདྲ་ལ། ནམ་མཁའ་སྔོ་བསངས་པ་ནི་སྤྲིན་རྡུལ་སོགས་མེད་པས་དང༌། ཆར་ཆུ་སོགས་རྙོག་མར་བྱེད་པ་མེད་པས་ཆུ་བོ་རྣམས་རབ་ཏུ་དྭངས་པ་སོགས་ཡིད་དབང་འཕྲོག་པའི་རང་བྱུང་གི་སྣང་ཚུལ་ཁྱད་པར་བ་དྭངས་བསིལ་སྟོན་ལྗོངས་ཀྱི་ངོ་མཚར་ཁྱད་པར་དུ་བསྟན་པའོ།

གཞན་ཡང༌།

ཁྲོ་གཉེར་དག་ནི་མ་བསྡུས་ཤིང༌།

སོ་ཡི་གཡོགས་ཀྱང་མ་བསྐྱོད་ལ།

མིག་ཀྱང་དམར་པོར་མ་གྱུར་པར།

དགྲ་ཡི་རིགས་ནི་ཉམས་པར་བྱས།

ཞེས་པའང༌། ཁྲོ་བའི་རྣམ་འགྱུར་རམ་བྱ་སྤྱོད་དག་མེད་པ་སྟེ། མདོར་ན། མ་ཁྲོས་པར་ཡང་དགྲ་ཀུན་བཅོམ་པས་ན། ནང་གི་ཉོན་མོངས་པའི་དགྲ་དག་བཏུལ་བར་ཡང་གོ་རུང་མོད་ཀྱང༌། འདིར་འཇིག་རྟེན་པའི་དགྲ་འདུལ་གཉེན་སྐྱོང་ལ་སྦྱར་ན་གཏུམ་དྲག་གིས་དགྲ་བཅོམ་ཚུལ་དག་ལས་ལྡོག་པའི་ཞི་དུལ་ཐབས་མཁས་ཀྱི་མཛད་པ་ངོ་མཚར་ཁྱད་པར་བ་བདག་ཅག་གི་ཞི་བདེའི་དེད་དཔོན་ཆེན་པོ་ལྟ་བུ་མཚོན་པས་ལེགས་སྙམ།

གཞན་ཡང༌།

ཨ་མྲ་ཙམ་པ་ཀ་སོགས་ཀྱི།

རྡུལ་གྱིས་རེག་པ་མིན་ན་ཡང༌།

ཡུལ་གྱར་བ་དག་མིག་ཟུང་ལས།

མཆི་མ་འཛག་ལ་རང་དབང་བྲལ། ལྟ་བུ་མིག་ལ་གནོད་པར་་བྱ་བའི་རྒྱུ་དག་མེད་པར་ཡང་མིག་ཆུ་འཛག་པའི་འབྲས་བུ་བྱུང་བ་འདི་ཡང། བྱ་བ་མ་ཚང་བ་སྟེ་མི་སྲིད་སྲིད་པ་ལྟར་བརྗོད་ཚུལ་ལས་མ་འདས་སོ།།

 

༢། རྫས་བཟློག་པའི་སྲིད་པ་ཅན།

ཤིང་རྟ་མེད་ཀྱང་གླང་པོའང་མེད།

རྟ་དང་རྐང་དམག་མེད་པར་ཡང༌།

ཟུར་མིག་ཉིད་ཀྱིས་མཛེས་མ་དག

འགྲོ་བ་གསུམ་པོ་དག་ལས་རྒྱལ།

ལྟ་བུ་སྟེ། སྤྱིར་གཡུལ་ལས་རྒྱལ་བྱེད་ཀྱི་རྒྱུ་ནོར་དངོས་རྫས་ནི་ཡན་ལག་བཞིའི་དཔུང་ཚོགས་ཡིན་མོད། མཛེས་མ་དག་ལ་དེ་དག་གང་ཡང་མེད་ཀྱང་ཟུར་མིག་གམ་འཇོ་སྒེག་གཡོ་ཐབས་སོགས་ཀྱིས་འགྲོ་བ་ཀུན་ལས་རྣམ་པར་རྒྱལ་བ་ནི། དམག་གི་དཔུང་ཚོགས་ལས་ཀྱང་མཐུ་ཆེ་བའི་ཁྱད་པར་བ་ཉིད་དུ་བརྗོད་ཚུལ་མཚར་རོ།

གཞན་ཡང༌།

སྨན་མ་བསྐུས་པར་དཀར་མིན་མིག

མནན་པ་མིན་པར་སྨིན་མ་དམའ།

ཚོན་མ་བསྒོས་པར་དམར་བ་ནི།

མཛེས་མ་ཁྱོད་ཀྱི་མཆུ་འདི་འོ།

ལྟ་བུ་ནི། རྫས་དང་བྱ་བ་གཉི་ག་བཟློག་པའི་སྒོ་ནས་ལྷན་སྐྱེས་ལང་ཚོའི་མཛེས་སྡུག་ཁྱད་པར་དུ་མཚོན་པའོ།

 

༣། ཡོན་ཏན་བཟློག་པའི་སྲིད་པ་ཅན།

མེ་ཏོག་གཞུ་ཅན་དག་གི་མཚོན།

རྩུབ་པ་མ་ཡིན་རྣོ་བའང་མིན།

དེ་ལྟ་ན་ཡང་འདི་ཡིས་ནི།

ས་གསུམ་དག་ལས་རྒྱལ་བར་གྱུར།

ལྟ་བུ་སྟེ། མཚོན་ཆའི་ཡོན་ཏན་རྩུབ་པ་དང་རྣོ་བའི་རྫས་ཀྱི་ཁྱད་ཆོས་དག་མེད་པའམ་མ་ཚང་ཡང་མེ་ཏོག་གི་མདའ་ལྔ་བོས་འཇིག་རྟེན་གསུམ་ལས་རྒྱལ་བས་ན་རྫས་ཀྱི་ནུས་པ་ངོ་མཚར་ཁྱད་པར་བའོ། ལྷ་སྒྲུང་ལྟར་ན་འདོད་ལྷ་དག་མེ་ཏོག་གི་མདའ་ལྔའི་རྫས་ཁྱད་པར་བ་ལ་བརྟེན་ནས་འདོད་ཁམས་དབང་དུ་བསྒྱུར་ཚུལ་བཤད་པས། གོང་གི་དཔེ་བརྗོད་ཀྱི་སྐབས་དོན་ཡང་དེ་ཙམ་ཀྱིས་ཆོག་མོད། སྐབས་མང་པོ་ཞིག་ལ་བུད་མེད་ཀྱི་ནུས་པ་དང༌། ཆགས་སྲེད་དམ་བརྩེ་དུང༌། ཡང་ན་འདོད་ཡོན་ལྔ་ཡི་ཡོན་ཏན་བཅས་མཚོན་པ་མང་བས་སྐབས་དོན་མ་ནོར་བར་བྱ་ཞིང༌། སོ་སོས་ཀྱང་དེ་བཞིན་བཀོལ་ཚུལ་ཤེས་པར་བྱ་བ་གལ་ཆེའོ།

 

༤། རིགས་བཟློག་པའི་སྲིད་པ་ཅན།

འདི་ནི་ལྷ་ཡི་བུ་མོ་མིན།

དྲི་ཟའི་རིགས་ལས་བྱུང་བའང་མིན།

དེ་ལྟ་མོད་ཀྱི་ཚངས་སྤྱོད་པའི།

དཀའ་ཐུབ་དག་ཀྱང་གཞོམ་པར་ནུས།

ལྟ་བུ་སྟེ། ངོ་མཚར་ལྷའི་རིགས་དག་ལས་སྐྱེས་པ་མིན་ཡང་དེ་དག་ལས་ལྷག་པའི་མཛེས་སྡུག་ཕུལ་དུ་བྱུང་བར་བསྟན་པའོ།

 

༥། ཀུན་བཟློག་སྲིད་པ་ཅན།

རང་བཞིན་གྱིས་ནི་ཁ་དྲི་ཞིམ།

ཟོལ་མེད་པར་ཡང་ལུས་པོ་མཛེས།

རྒྱུ་མེད་དག་ཏུ་ཟླ་བ་དགྲ

རྒྱུ་མཚན་མེད་པར་འདོད་པ་གྲོགས།།

          ལྟ་བུ་སྟེ། རང་བཞིན་གྱིས་དང༌། ཟོལ་མེད་པ། རྒྱུ་མེད་སོགས་ཀྱི་བརྗོད་ཚུལ་འདིས་གོང་མ་དག་ལྟར་རྒྱུ་བྱེ་བྲག་པ་འགའ་རེ་བཟློག་པ་ཙམ་མ་ཡིན་པར་རྒྱུ་རྐྱེན་ཐམས་ཅད་བཟློག་ནས་རང་བཞིན་ལྷུན་གྲུབ་ཀྱི་ངོ་བོ་ཙམ་སྟོན་པའི་ཚུལ་ཅན་སྟེ། ལང་ཚོ་མའི་གནས་སྐབས་ཀྱི་མཛེས་སྡུག་དང༌། འདོད་སྲེད་བཅས་ཁྱད་པར་མཚོན་པའོ།

          སྲིད་པ་ཅན་གྱི་རྒྱན་འདིའི་ཁྱད་ཆོས་གཙོ་བོ་ཞིག་ནི། རྒྱུ་མེད་པར་ཡང་བྱ་དངོས་དག་གི་རྣམ་པ་ངོ་མཚར་བའམ་ཁྱད་པར་བ་མངོན་ཚུལ་དེའོ།། 

 

 དཔེ་མཚོན་སྙན་དངགས།

 

 

 

ལྔ་བ། འུད་བརྗོད་ཀྱི་རྒྱན།

 

སྐྱོན་ཡོན་གང་དག་ཁྱད་པར་ཆོས།

འཇིག་རྟེན་མཚམས་ལས་བརྒལ་བར་བརྗོད།

          བྱ་དངོས་གང་དག་གི་ཡོན་ཏན་གང་ཞིག་ཁྱད་དུ་འཕགས་པར་བསྟོད་འདོད་དམ། ཡང་ན་ཅིག་ཤོས་སྐྱོན་གྱི་ཁྱད་པར་གང་ཞིག་ཆེས་དམན་པར་སྨད་པའི་ཕྱིར། དེ་ཉིད་གཞིའམ་ས་བོན་དུ་བྱས་ཏེ་ཡོངས་གྲགས་འཇིག་རྟེན་སྐྱེ་བོའི་བསྟོད་སྨད་བྱ་ཚུལ་གྱི་ངག་གི་ས་མཚམས་ལས་བརྒལ་བའམ། མི་སྲིད་པའི་འུད་ཆེན་པོས་བརྗོད་ཚུལ་གྱི་ཕུལ་དུ་བྱུང་བའི་རྒྱན་ཞིག་ཏུ་གྲགས་སོ།

          འདི་ནི་རྒྱན་གྱི་སྤྱི་ཁོག་སྟོན་སྐབས་ཀྱི་འུད་བརྗོད་ཡོན་ཏནདང་འདྲ་མོད། འདིར་བརྗོད་ཚུལ་གྱི་དབྱེ་བ་ཞིབ་ཙམ་ཕྱེས་པའོ།

༡། ཐེ་ཚོམ་འུད་བརྗོད།

དེ་ཡང་རྩ་བར། མཛའ་བོ་ཞིག་གིས། རང་གི་དགའ་མ་ལུས་ཕྲ་མ་གང་ཞིག་གི་སྐེད་པ་ཕྲ་བའི་མཛེས་ཆོས་ལ་ཁྱད་དུ་འཕགས་པར་བརྗོད་འདོད་ཀྱིས་འུད་བརྗོད་འདི་འདྲ་ཞིག་བྱས་ཡོད་དེ།

དགའ་མ་ཁྱོད་ཀྱི་ནུ་མ་དང༌།

དཔྱི་ཡི་བར་ན་སྐེད་པ་ནི།

ཡོད་དམ་མེད་ཅེས་བདག་བློ་ཡི།

ཐེ་ཚོམ་ད་དུང་བཟློག་མ་གྱུར།

ཅེས་པའི་བརྗོད་ཚུལ་འདི་ནི་སྐེད་པ་ཡོད་མེད་ལ་ཐེ་ཚོམ་སྐྱེ་དགོས་པ་ཞིག་མི་སྲིད་ཀྱང་དེ་སྐད་དུ་འུད་ཆེན་པོས་བསྔགས་ཚུལ་མཛེས་ལ། སྐེད་པ་ཤིན་ཏུ་ཕྲ་ཞིང་ཡིད་དུ་འོང་བ་སྟོན་པའི་ནུས་པའང་ལྷག་པར་ཆེ་བའོ།

          ༢། ངེས་རྙེད་འུད་བརྗོད། རྩ་བར།

ཚང་ར་རྒྱས་མ་ཁྱོད་ལ་ནི།

རྐེད་པ་ཕྲ་མོ་ཡོད་ངེས་ཏེ།

འོ་མ་འཛིན་པའི་ཁུར་གནས་པ།

རྣམ་པ་གཞན་དུ་སྲིད་མ་ཡིན།

          ཞེས་པ་ནི། མ་ལ། དགའ་མའི་འོ་འཛིན་ཆེན་པོ་དག་ས་ལ་མི་ལྷུང་བ་འདི་རྐེད་པར་བརྟེན་ངེས་ཏེ། དེ་ལྟ་མིན་ན་བར་སྣང་སྟོང་པར་འདི་ལྟར་གནས་མི་སྲིད། ཅེས་ཡང་མཛའ་བོ་དེས་བསམ་མནོ་ལེགས་པར་བཏང་ཚུལ་གྱིས་དགའ་མར་རྐེད་པ་ཡོད་ཚུལ་སྒྲུབ་པ་འདི་འདྲ་ནི། གཏན་ཚིགས་འགོད་འོས་ཞིག་མ་ཡིན་ཡང་དེ་སྐད་ངེས་པ་རྙེད་ཚུལ་གྱིས་འུད་བརྗོད་བྱས་པའོ།

༣། ངོ་མཚར་འུད་བརྗོད། རྩ་བའི་དཔེ་བརྗོད་ཅུང་བསྒྱུར་ན།

གང་གི་གྲགས་པའི་ཕུང་བོ་ནི།

དཔག་ནུས་མིན་ཡང་འདིར་ཤོང་བ།

ཨེ་མ་གནམ་འོག་འཇིག་རྟེན་འདི།

ཤིན་ཏུ་ཡངས་སོ་མགོན་པོ་ཀྱེ།

          ཞེས་སྐབས་དོན་ྋགོང་ས་མཆོག་གི་མཛད་འཕྲིན་རྒྱས་པའི་སྙན་གྲགསཁྱད་པར་དུ་འཕགས་པར་བསྔགས་ཕྱིར། དེ་ལས་གཞན་གནམ་འོག་འཇིག་རྟེན་ཆེ་བར་ངོ་མཚར་སྐད་དུ་བརྗོད་ཅིང༌། དེ་ཡང་གང་གི་དཔག་པར་མི་ནུས་པའི་སྙན་གྲགས་ཀྱི་གཟུགས་ཕུང་དེ་ཉིད་ཀྱང་གནམ་འོག་ལ་ཤོང་བས་ན་ངོ་མཚར་སྐྱེས་ཚུལ་ཏེ། འུད་ཆེན་པོས་བརྗོད་པའོ།

༤། བསྙོན་དོར་འུད་བརྗོད། རྩ་བར།

མེ་ཏོག་དཀར་པོའི་ཕྲེང་ཚོགས་ཅན།

ཙན་དན་ཁུ་བས་ལུས་ཀུན་གཤེར།

དཀར་བའི་གོས་ཅན་མངོན་འགྲོ་མ།

ཟླ་བའི་འོད་ན་མཚོན་མ་ཡིན།

ཞེས་པའི་དོན་ཚིག་ལྷུག་ཏུ་ཅུང་གོ་བདེར་བཅོས་ན།

          ཀྭ་ཡེ་མངོན་འདོད་རྩེད་དགར་སྐྱོད་པའི་དགའ་མ་ལགས། དྲི་ཞིམ་ཙན་དན་དཀར་པོའི་གཤེར་ཁུས་ཀུན་ནས་བྱུག་པའི་ལུས་ལ། འཇམ་མཉེན་ཤ་མཐོང་གོས་དཀར་གྱིས་བཀླུབས་ཤིང༌། མེ་ཏོག་དཀར་པོའི་ཕྲེང་བས་མགོ་སྐྱེས་བརྒྱན་པས། མཚན་མོའི་ཟླ་འོད་ནང་ནས་ཁྱོད་ཉིད་ལོགས་སུ་མི་སྣང་ངོ༌།

          ཞེས་པ་སྟེ། འདིར་ཟླ་དཀར་གྱི་མཚན་ལྗོངས་ཤིག་ལ་འཆམ་འཆམ་དུ་འགྲོ་བའི་མཛའ་བོ་ཞིག་གིས་རང་གི་མཛའ་ན་མོའི་དཀར་མཛེས་ཁྱད་པར་ལ་བསྔགས་ཕྱིར། ཟླ་འོད་ཀྱི་འོག་ཏུ་གོས་དཀར་ཅན་གྱི་མངོན་འགྲོ་མ་ལྷག་པར་དཀར་ཅིང་མཛེས་པར་སྣང་མོད། དབྱེར་མེད་གཅིག་ཏུ་འདྲེས་པར་བསྙོན་ཅིང་འུད་ཀྱིས་བརྗོད་པའོ།

          སྤྱིར་ཟླ་འོད་འོག་ཏུ་གོས་དཀར་གྱོན་ན་བར་ཐག་ངེས་ཅན་ཞིག་ནས་ཧ་ཅང་གསལ་ལ་མཛེས་མོད་ཀྱི་བར་ཐག་ངེས་ཅན་ཞིག་ལས་བརྒལ་ན་མི་མངོན་པ་ནི་བར་ཐག་གི་སྣང་ཚུལ་ཁྱད་པར་ཅིག་ཀྱང་ཡིན་པས། སྐབས་འདིར། གོས་དཀར་གྱོན་པ་གངས་ཁྲོད་དུ་མངོན་དཀའ་བ་ལྟ་བུའི་རང་བཞིན་དྲང་བོར་བརྗོད་པ་མ་ཡིན་པར་རབ་ཏུ་འཁྱོག་པའི་འུད་བརྗོད་ཡིན་དགོས་པས་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་ཞིང༌། མཁས་པ་སྔོན་མ་དག་སྐབས་འདིར་བཞེད་པ་མི་མཐུན་པས་དཔེ་བརྗོད་དག་ཀྱང་མཚན་གཞིར་འོས་མིན་ཅི་རིགས་སུ་སྣང་ངོ༌།

༥། འགོག་པའི་འུད་བརྗོད།

མཛའ་བོ་དག་ནི་རིང་ན་གནས།

ཆུ་འཛིན་བགྲོད་ལྡན་འདི་ནི་འོང༌།

ནི་ཙུ་ལ་ཡང་རྒྱས་པར་མཐོང༌།

བདག་ཤི་མིན་པ་འདི་ཅི་ཞིག

ཅེས་པ་མཛའ་མོ་གང་ཞིག་གིས། འདོད་གདུང་གི་གཉེན་པོ་མཛའ་བོ་གང་དེ་རྒྱང་རིང་དུ་སོང་བའི་དྲན་གདུང་དང༌། ཆགས་པ་འཕེལ་བྱེད་ཀྱི་རྐྱེན་ཆར་སྤྲིན་ལེབ་མོ་རྒྱུ་བའི་ཚོགས་དང༌། རྒྱ་སྐྱེགས་ཤིང་རབ་ཏུ་རྒྱས་པ་བཅས་འཆི་རྐྱེན་ཚང་ཡང་ད་དུང་མ་ཤི་བར་ཤི་མ་གསོན་དུ་ལུས་པ་འདི་ནི་ཅི་ཡིན་ནམ། ཞེས་ཡ་མཚར་དུ་བརྗོད་པ་འདི་ནི་འབྲས་བུ་འགོག་པའི་འུད་བརྗོད་དུ་འཐད་དོ། དོན་ལ་ཆགས་ལྡན་དགའ་མ་གང་ཞིག་གིས་རང་གི་མཛའ་བོ་དྲན་ཞིང་འདོད་པས་གདུང་བའི་བརྩེ་གདུང་དྲག་པོ་མཚོན་པའོ།

          གཞན་ཡང༌།

སྐད་ཅིག་ལྟ་བའི་གེགས་བྱེད་པའི།

རྫི་མ་སྐྱོད་པ་ལ་ཁྲོ་བ།

ཁྱོད་ཀྱིས་མཛའ་ལ་འགྲོ་བ་སྨྲོས།

བདག་ནི་དེ་དབང་གྱུར་ཉིད།

ཅེས་པ་སྟེ། ཁྱོད་ལ་ལྟ་བར་སྐད་ཅིག་རེར་ཡང་གེགས་བྱེད་པའི་མིག་གི་རྡེབ་བཙུམ་འདི་ཙམ་ལའང་ཁྲོ་བར་བྱེད་པའི་ངའི་སྙིང་གི་མཛའ་བརྩེ་འདི་ལ། ཁྱོད་ཀྱིས་ཁོ་བོ་བྱེས་སུ་འགྲོ་རྒྱུ་ཞེས་དགོངས་པ་ཞུས་ཤིག ཁོ་མོ་ནི་བརྩེ་དུང་དེའི་གཞན་དབང་དུ་གྱུར་པས་ཁྱོད་འགྲོ་རུ་འཇུག་པའི་རང་དབང་མེད་དོ། ཞེས་པའི་བརྗོད་ཚུལ་འདི་ཡང་གཞན་དབང་གིས་འགོག་པའི་འུད་བརྗོད་དུ་འདོད་དོ།

 

          ༦། མི་སྲིད་པའི་འུད་བརྗོད། དཔེར་ན།

འགྲོ་མགོན་ཞི་བདེའི་དེད་དཔོན་ཆེའི།

གྲགས་དཀར་མུ་མེད་རབ་རྒྱས་འདིས།

ནམ་ཞིག་མཁའ་ཡང་རལ་བར་འགྱུར།

ཅེས་པ་ལྟ་བུ་སྟེ། སྙན་གྲགས་བསམ་ཡུལ་ལས་འདས་པར་བསྔགས་པའོ།

༧། འཁང་བའི་འུད་བརྗོད།

 

          མཛའ་མོ། ཁྱོད་ཀྱི་ནུ་འབུར་འདི་ལྟར་རབ་ཏུ་རྒྱས་པར་འགྱུར་ན། ནམ་ཞིག་ནམ་མཁར་ཤོང་དཀའ་བས། འཇིག་རྟེན་བྱེད་པོས་ཀྱང་ཚུལ་འདིར་ངེས་པར་མ་བརྟགས་པར་ནམ་མཁའ་ཆུང་ངུ་འདི་སྤྲུལ་བ་ནོངས་སོ།

ཞེས་པའི་འུད་བརྗོད་ཡོན་ཏན་གྱི་བརྗོད་ཚུལ་འདི་ནི། གང་གི་འོ་འཛིན་རྒྱས་པ་ནམ་མཁར་མི་ཤོང་པར་འགྱུར་པའི་ཉེས་འགན་དེ་ནི་ཚངས་པས་ནམ་མཁའ་བཟོ་ཉེས་ཤོར་བའི་སྐྱོན་དུ་འཁང་ར་བྱེད་པའི་ཚུལ་དུ་བརྗོད་པས་སོ།

          ད་དུང་ཞིབ་ཏུ་དབྱེ་ན། ནུ་མ་རྒྱས་པ་ནམ་མཁར་ཤོང་དཀའ་ཚུལ་བརྗོད་པ་དེ་འུད་བརྗོད་དངོས་ཐོག ནམ་མཁའ་ཆུང་ངུར་སྤྲུལ་ཅེས་པས་ནམ་མཁའ་མཐའ་ཡས་པ་མིན་པར་བསྙོན་པའང་ལགས་པས། བསྙོན་ཞིང་འཁང་བའི་འུད་བརྗོད་ཅེས་བཏགས་ཀྱང་འོས་མོད། གཙོ་བོའི་དབང་དུ་བྱས་སོ།

 

          ༨། དཔེ་མཚོན་སྙན་དངགས།

མི་ལའི་བསྟོད་པ།

 

 

 

དྲུག་པ། རྟོག་པ་སྒྲོ་འདོགས་ཀྱི་རྒྱན།

 

          སེམས་ལྡན་དང་སེམས་མེད་ཀྱི་དངོས་པོ་དག་གི་བྱ་འགུལ་གྱི་རང་བཞིན་སོགས་སྒྲོ་འདོགས་བྱ་རུང་གི་གཞི་ཞིག་ཡོད་པའི་ཐོག་ནས་རྟོག་པ་གང་ཞིག་སྒྲོ་འདོགས་ཀྱི་བརྗོད་ཚུལ་མཛེས་ཉམས་ལྡན་པའི་རྒྱན་ཞིག་སྟེ། དབྱེ་ན། དངོས་བསྟན་རབ་རྟོག་དང༌། ཤུགས་བསྟན་རབ་རྟོག་གཉིས་སུ་འབྱེད་དོ།

དང་པོ་ལའང༌། རབ་རྟོག་གསལ་བྱེད་ཅན།

སྙམ་དང་དོགས་དང་ངེས་དང་འདྲ།

ཡིན་ནམ་ཞེས་པ་ལ་སོགས་པའི།

སྒྲ་ཡིས་རབ་རྟོག་གསལ་བར་བྱེད། ཅེས་ཏེ། བཞིན་ལ་སོགས་པའི་མཚུངས་གསལ་གྱི་སྒྲ་རྣམས་ཀྱང་འདིར་བརྗོད་ཚུལ་སྔོན་ལྟར་གྱི་དཔེ་དང་འདྲ་ཙམ་དུ་སྣང་མོད། དོན་ལ་དཔེ་དང་དཔེ་ཅན་སོ་སོར་ཕྱེས་ནས་དེ་གཉིས་ཀྱི་མཚུངས་ཆོས་གང་ཞིག་སྟོན་པའི་དོན་ཅན་མ་ཡིན་པར། མི་སྲིད་པའི་རྟོག་པ་ཞིག་སྒྲོ་འདོགས་པ་གསལ་བར་བྱེད་པའི་སྒྲ་ཞིག

          འདི་ལའང༌། ༡། ས་བོན་དངོས་བསྟན་ཅན་ནི། དཔེར་ན། སྙན་ངག་རྩ་བའི་དཔེར། དབྱར་དུས་ཉི་འོད་ཤིན་ཏུ་ཚ་བས་གླང་ཆེན་དག་བསིལ་བའི་བདེ་བ་འཐོབ་སླད་པད་མ་ཅན་གྱི་མཚོ་ནང་ལ་ཞུགས་ཤིང༌། ད་དུང་ཆུ་སྐྱེས་དག་ཟས་སུ་ཟ་བཞིན་གནས་པའི་ངང་ཚུལ་དངོས་དེ་གཞིར་བཞག་ནས། སྙན་དངགས་པས། གླང་ཆེན་དེར་མིའི་འདུ་ཤེས་ཡོད་ཚུལ་གྱི་སྒྲོ་འདོགས་བྱས་པ་འདི་ལྟར།

          ཉིན་གུང་ཉི་མས་གདུངས་པ་ཡི།

          གླང་ཆེན་དག་ནི་མཚོར་འཇུག་པ།

          ཉི་མའི་ཕྱོགས་གྱུར་པད་མ་རྣམས།

          གཞོམ་པར་འདོད་པ་ཡིན་ནམ་སྙམ།། ཞེས་པའི་ཚིག་ཟིན་ལྟར་ན་དབྱར་ཁའི་ཉིན་གུང་ཉི་འོད་ཆེས་ཆེར་ཚ་བའི་གདུངས་པ་དེས་གླང་ཆེན་ཉི་མར་ཁྲོས་ཏེ། པད་མ་ཅན་གྱི་མཚོ་ནང་ལ་ཕྱིན་ནས། ཉི་མ་ཤར་ན་བཞད་པའི་ཉི་མའི་མཐུན་ཕྱོགས་སུ་གྱུར་པའི་པད་མ་རྣམས་མཆེ་བས་བཅད་དེ་ཚར་གཅོད་པ་འདིས་ཉི་མར་འཁོན་ལན་སློག་པར་རྩོམ་པ་ཡིན་ནམ་སྙམ་མོ་ཞེས་རང་གི་འདོད་ཚུལ་བརྗོད་པའི་ཚུལ་གྱིས། གླང་ཆེན་དེའི་རྣམ་པར་རྟོག་པ་དེ་ནི་མི་བླུན་རྨོངས་ཤིག་གི་འདུ་ཤེས་སུ་སྒྲོ་བཏགས་པ་ཧ་ཅང་གསལ་བས། བརྗོད་ཚུལ་མཛེས་པ་ཙམ་དུ་མ་ཟད། སྐབས་དོན་ཡང་ལེགས་པར་རྟོགས་པའོ། དེ་བཞིན་དུ། ཡིན་པ་འདྲ། ཡིན་ནམ་ཅི། ཡིན་པར་ངེས། ལ་སོགས་པའང་འདྲའོ།

          ༢། ས་བོན་ཤུགས་བསྟན་ཅན་ནི། དཔེར་ན། རྩ་བར། སྒེག་ལྡན་མ་ཞིག་གིས་ཨུཏཔལ་སྔོན་པོ་ཞིག་རང་གི་རྣ་རྒྱན་དུ་བྱས་ནས་དེ་ལ་མིག་ཟུར་གྱིས་ལྟ་ཙམ་བྱེད་པའི་སྒེག་ཉམས་ཀྱི་རབ་རྟོག་ས་བོན་དེ་དངོས་སུ་མ་བསྟན་པར་རྟོག་པ་སྒྲོ་བཏགས་བྱས་པ་ནི།

འདི་ནི་བདག་གི་རིང་བ་དག

འགོག་བྱེད་རྣ་བའི་རྒྱན་ཞེས་ཏེ།

ཁྱོད་ཀྱི་མིག་གིས་རྣ་བ་ཡི།

ཨུཏཔལ་དག་ལ་འགོང་བ་འདྲ། ཞེས་པ་ཚིག་ལྷུག་ཏུ་ཅུང་གསལ་དུ་བཏང་ན།

          སྒེག་ལྡན་མ། ཁྱོད་ཀྱི་ཟུར་མིག་དག་གིས། བདག་གི་དཀྱུས་རིང་མཛེས་པའི་ཆོས་འདི་འགོག་ཕྱིར། ཨུཏཔལ་དག་རྣ་རྒྱན་ཟོལ་གྱིས་འོང་ངོ་ཞེས་ཕྲག་དོག་གིས་འཛིང་བ་འདྲའོ། ཞེས་པའི་བརྗོད་ཚུལ་འདི་ལས། མིག་དང་མེ་ཏོག་གཉིས་གཉི་གར་འགྲན་སེམས་དང་ཕྲག་དོག་གི་འདུ་ཤེས་ཡོད་ཚུལ་སྒྲོ་བཏགས་ཤིང༌། སྐབས་དོན་སྒེག་ཉམས་ཀྱང་སྣང་བར་བྱས་པས་ཤིན་ཏུ་མཛེས་སོ།

          དཔེ་བརྗོད་འདི་གཉིས་ལ་སེམས་ལྡན་དང་སེམས་མེད་རབ་རྟོག་ཅེས་དབྱེ་ཚུལ་ནི་རབ་རྟོག་བྱ་ཡུལ་གྱི་ཆའམ་བརྗོད་བྱའི་དབྱེ་བ་ཙམ་ཡིན་པས་འདིར་རྒྱན་གྱི་ཁྱད་ཆོས་གཙོ་བོ་བརྗོད་ཚུལ་གྱི་ཁྱད་པར་མི་འདྲ་བའི་སྒོ་ནས་ཕྱེས་སོ།

          གཞན་ཡང༌། རྗེ་ཙོང་ཁ་པའི་རྟག་ངུའི་རྟོགས་བརྗོད་ལས།

འདི་ཡིས་ཆོས་འཕགས་བསྙེན་བཀུར་ཕྱིར།

ཕངས་པ་མེད་པར་གཏོར་བ་རྣམས།

མཁའ་ཡིས་རང་ལ་བྱིན་སྙམ་ནས།

ལག་པས་དམ་དུ་བཟུང་པ་འདྲ།

གཞན་གྱི་འབྱོར་བ་དུ་མ་རྣམས།

མ་བྱིན་པར་ཡང་བདག་གིར་བྱེད།

རྫས་ལ་སྲེད་པའི་བརྣབ་སེམས་ཅན།

ཁྱོད་ལས་ཁྲེལ་བ་སུ་ཞིག་ཡོད།

ཡང་ན་མཆོད་རྫས་མཆོག་འདི་མཐོང་བའི་ཚེ།

ཤིན་ཏུ་ཡ་མཚན་ལྡན་པའི་བློ་སྐྱེས་ནས།

འདི་ལ་ས་ཡིས་གོས་ན་མི་རུང་ཞེས།

མཁའ་ཡིས་བར་སྣང་དབྱིངས་འདིར་བཀོད་པ་བཞིན།

ཞེས་མཆོད་རྫས་རྣམས་བར་སྣང་དུ་གཏོར་ཅིང་གནས་པ་དེ་ས་བོན་དུ་བྱས་ནས་ནམ་མཁར་ཧམ་སེམས་སམ་ཡང་ན་ངོ་མཚར་དད་མོས་ཀྱི་རྟོག་པ་སྐྱེས་ཚུལ་སྒྲོ་བཏགས་པ་མཚར་རོ།

          ༣། དཔེའི་རབ་རྟོག

ལྷ་ཡི་ལམ་ཡང་མ་ཡིན་ཞིང༌།

ཆུ་འཛིན་གོས་དང་བྲལ་ན་ཡང༌།

ཁྱོད་གདོང་ལ་ནི་མཆི་མ་ཡི།

ཆར་རྒྱུན་རྟག་ཏུ་འབབ་པ་འདི།

འཇིག་རྟེན་ཆར་གྱི་རྒྱུན་དག་གི

ཡ་མཚན་གཞོམ་སླད་བྱས་པ་འདྲ།

ཞེས་པ་ནི་དཔེ་འཇོག་གི་རྒྱན་རྣམས་ལས་འགལ་བའི་གཟུགས་ཅན་དང་བཅས་པའི་རབ་རྟོག་འདྲ་སྒྲ་ཅན་ནོ། འདིར་བརྗོད་ཚུལ་མཚར་ཅིང༌། སྐབས་དོན་རྟག་ཏུ་ངུ་ཞེས་པའི་མཚན་དོན་ཡང་ཤིན་ཏུ་མཚུངས་པར་བསྟན་ཚུལ་ལེགས་སོ།།

 

          ཁ། རབ་རྟོག་ཆེན་པོ།

          སྲོལ་རྒྱུན་རྩོམ་སྲོལ་གྱིས་རབ་རྟོག་གི་རྒྱན་ལ་ངེས་པར་རབ་རྟོག་གསལ་བྱེད་ཀྱི་སྒྲ་དགོས་པར་འདོད་མོད། དེ་ནི་གུ་དོག་པ་དང༌། ཞིབ་དཔྱོད་མ་གནང་བའི་ཞན་ཆ་ཞིག་སྟེ། དཔེར་ན།

          ཉིན་གུང་ཚ་དུགས་ཀྱིས་རབ་ཏུ་གདུངས་པས་གླང་ཆེན་རྣམས་ཁྲོས་ཏེ། མཚོར་ཞུགས་ནས་ཉི་མའི་ཕྱོགས་གྱུར་པད་མ་རྣམས་ཚར་གཅོད་ཀྱིས་འཁོན་ལན་སློག་པར་བྱེད་དོ། ཞེས་རབ་རྟོག་གསལ་བྱེད་ཀྱི་སྒྲ་མེད་པར་བརྗོད་ཀྱང༌། སྐབས་དོན་ལ་འགྱུར་བ་གང་ཡང་མེད་པ་མ་ཟད། རྟོག་པ་སྒྲོ་འདོགས་ཀྱི་ཉམས་ལྷག་པར་ཆེ་བའོ། དེ་བཞིན་དུ་དཔེ་བརྗོད་གཉིས་པར་ཡང༌། འགོང་པར་བྱེད། འཐབ་པར་རྩོམ། ཞེས་འདྲ་སྒྲ་དེ་བླངས་ན་རབ་ཏུ་རྟོག་པ་སྒྲོ་བཏགས་པ་ཉིད་དུ་འགྱུར་བས་རབ་རྟོག་ཆེན་པོའི་མིང་དུ་བཏགས་སོ།

གཞན་ཡང༌། རྩ་བའི་ཉམས་བྱེད་ཀྱི་རྒྱུའི་དཔེར།

མ་ལ་ཡ་ཡི་ཆུ་རྒྱུན་ལ།

རེག་ཅིང་ཙན་དན་ནགས་བསྐྱོད་པ།

རླུང་འདི་ཆགས་ལྡན་མགྲོན་པོ་རྣམས།

ཉམས་པར་བྱེད་ཕྱིར་ཉེ་བར་གནས། ཞེས་བསིལ་རླུང་དྲི་ཞིམ་དང་ལྡན་པ་དེ་ཉིད་ཆགས་ལྡན་བྱེས་སུ་འགྲོ་བ་དག་གི་དགའ་བ་ཉམས་བྱེད་དམ་འདོད་གདུང་སྦྱིན་པའི་ཆེད་དུ་བསམ་བཞིན་ལམ་དེར་ཉེ་བར་གནས་པ་རེད་ཅེས་བསྙོན་པ་ཡང་ངོ༌། གལ་ཏེ། ཉམས་པར་བྱེད་ཕྱིར་གནས་སམ་སྙམ། ཞེས་བརྗོད་ཚེ་རྒྱན་གོང་མར་འགྱུར་བའི་ཁྱད་པར་ཙམ་མོ།

 

གཉིས་པ། ཤུགས་བསྟན་རབ་རྟོག

          འདི་ནི་བེམ་ཤེས་ཀྱི་དངོས་པོ་གང་དག་ལ་རྒྱུན་ལྡན་གྱི་བྱ་ཚིག་གི་བཀོལ་སྤྱོད་ལས་ཐལ་བའི་བརྗོད་ཚུལ་ཞིག་སྟེ། དོན་སྟོན་གྱི་ནུས་པ་ཆེ་ཞིང་བརྗོད་ཚུལ་མཛེས་ལ། རྟོག་པ་གང་ཞིག་ཤུགས་བསྟན་དུ་སྒྲོ་བཏགས་པའི་རྣམ་པ་ཞིག

ཀ༽ རྩ་བར།

ཆུ་འཛིན་དག་གི་ཕྲེང་བ་འདིས།

ཕྱོགས་རྣམས་ཀུན་གྱི་གོ་སྐབས་འཕྲོག

སྐར་མ་ཡི་ནི་ཚོགས་རྣམས་བཟུང༌།

དེང་ཡང་བདག་གི་སྲོག་སྙིང་ལེན། ཞེས་ཆར་སྤྲིན་ཕུང་བོས་ནམ་མཁའ་གཡོགས་པས་སྐར་ཚོགས་ཀྱང་བསྒྲིབས་ལ།ད་ནི་བདག་ལའང་འདོད་པའི་གདུང་བ་སྐྱེད་དོ།ཞེས་པའི་དོན་ཡིན་མོད།བརྗོད་ཚུལ་ནི།སྤྲིན་པས་ནམ་མཁའ་སྔོ་བསངས་ཀྱི་རང་མདངས་ངོམ་པའི་རང་དབང་གི་སྐབས་འཕྲོག་པ་དང༌།སྐར་ཚོགས་ཀྱང་བཙོན་འཇུག་བྱས་པ་མ་ཟད།ད་ལྟ་བདག་གི་སྲོག་དང་སྙིང་ལེན་པར་རྒོལ་ལོ་ཞེས་གནག་སེམས་དང་གདུག་རྩུབ་ཅན་གྱི་སྐྱེ་བོ་ཞིག་ལྟར་སྒྲོ་བཏགས་པ་ཤིན་ཏུ་གསལ་བས་སོ།

         གཞན་དུ་ན། བྱེད་པོ་སྤྲིན་པ་གཅིག་གིས། འཕྲོག་པ་དང༌བཟུང་བ། སྲོག་གཅོད་བཅས་བྱ་བ་གཅིག་པ་འམ་མཐུན་པ་རྐྱང་་བྱས་པར་བརྗོད་པས་ན་དོན་གཅིག་པའི་གསལ་བྱེད་ཅེས་ཀྱང་བཤད་མོད། རྒྱན་གྱི་ཁྱད་ཆོས་གཙོ་བོའི་དབང་དུ་བྱས་ན་རབ་རྟོག་གི་རྒྱན་ལ་འཐད་དོ།

 

         ཁ༽ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི<པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ>ལས།

 

རི་ངོགས་ཡངས་པའི་ལྗོན་ཤིང་རྣམས་ནི་དགའ་བས་བྲོ་གར་བྱེད་པ་བཞིན།

ཤང་ཤང་སྨན་ལྗོངས་མེ་ཏོག་རྣམས་ནི་འཛུམ་པའི་མདངས་རབ་གསལ་བ་བཞིན།

འཁྲི་ཤིང་ཁྲོད་ཀྱི་བྱ་ཚོགས་རྣམས་ནི་སྙན་པའི་བསྟོད་དབྱངས་ལེན་པ་བཞིན།

ཆུ་རྒྱུན་གཙང་མའི་ན་ཆུང་རྣམས་ནི་ལྦུ་ཕྲེང་དོ་ཤལ་འཛིན་པ་བཞིན།

ཙན་དན་བསིལ་བའི་ཁ་ཡི་སྦུབས་བསྐྱོད་སྙན་དྲུང་བུང་བ་འཕུར་ལྡིང་ཞིང༌།

ནོར་བུའི་དོ་ཤལ་སྐེད་ངོས་ལ་རེག་འབྲས་བུའི་ཆུན་འཕྱང་འཛིན་མའི་ཚོགས།

ལོ་འདབ་གསར་བའི་སྟོད་གཡོགས་དང་བཅས་ཡལ་གའི་ལག་རྩེད་དུད་པ་ཡིས།

མེ་ཏོག་ཕྲེང་བས་གཡབ་མོས་འདེབས་ཤིང་དེ་རིང་བདག་ཅག་བསུ་བ་འདྲ།

ཞེས་པའི་འདྲ་དང་བཞིན་སྒྲ་རྣམས་ཀྱང༌། དགའ་བས་བྲོ་གར་བྱེད། འཛུམ་པའི་མདངས་སྟོན་པ། བསྟོད་དབྱངས་ལེན་པ། འཛིན་པ། གཡབ་མོས་འདེབས། བསུ་བ་ཞེས་པའི་བདག་ཅག་མིའི་རྣམ་འགྱུར་སྣ་ཚོགས་སྟོན་པར་བྱ་བའི་བྱ་ཚིག་དག་དང་ལྷན་དུ་སྦྱར་བ་འདིས། བྱ་དངོས་དག་གི་འགུལ་སྐྱོད་དེ་དག་མིའི་རྣམ་འགྱུར་དུ་སྒྲོ་བཏགས་པའི་གསལ་བྱེད་ཙམ་ལས་དཔེ་དོན་གཉིས་མཚུངས་སྦྱོར་གྱི་མཚུངས་སྒྲ་དངོས་མ་ཡིན་ལ། མིའི་རྣམ་འགྱུར་སྒྲོ་བཏགས་པའི་ཤུགས་ནས་མིའི་རྣམ་པར་རྟོག་པ་ཡོད་པའང་གོ་བས་ན་རྟོག་པ་ཤུགས་བསྟན་རབ་རྟོག་ཏུ་བཏགས་སོ།

 

          གཞན་ཡང༌། རྩ་བར། མུན་པ་ལུས་ལ་འབྱུག་པ་བཞིན། མཁའ་ནི་མིག་སྨན་ཆར་འབེབས་བཞིན། ཞེས། ཆར་སྤྲིན་འཐིབས་པའི་དབྱར་ཁའི་མཚན་ནག་ནང་གི་སྐྱེ་བོ་ཞིག་གིས་མུན་པ་ཧ་ཅང་ནག་ཚུལ་ལ་སྒྲོ་འདོགས་བྱས་ཚུལ་འདིས་བྱ་ཚིག་གི་བཀོལ་སྤྱོད་དམིགས་བསལ་མཛེས་ཉམས་ཤིག་བསྟན་ཡོད། དེ་ཡང་འབྱུག་དང་འབེབས་གཉིས་སྐྱེས་བུའི་རྩོལ་བའི་བྱ་བ་ཞིག་ཡིན་མོད། བྱེད་པ་པོ་དམིགས་བསལ་བ་དང་རྟོག་པ་དངོས་ཀྱང་སྒྲོ་བཏགས་མེད་པས་བྱ་བ་ཙམ་སྒྲོ་བཏགས་པ་ལྟར་སྣང་མོད། ཞིབ་ཏུ་བསམས་ན། འབྱུག་མཁན་དང་འབེབ་མཁན་ཞིག་ཡོད་ལ། དེ་ཡོད་པས་དེ་ལ་འབྱུག་འདོད་དང་འབེབ་འདོད་ཀྱི་རྟོག་པ་ཞིག་ཀྱང་ཡོད་དགོས་པས་རྟོག་པ་ཤུགས་བསྟན་གྱི་རབ་རྟོག་ཅེས་བྱའོ། དེ་བཞིན་དུ། མུན་ཁྲོད་ཀྱི་སྐྱེ་བོ་དེས། མུན་པ་ལུས་ལ་འབྱར། མུན་པ་ལུས་ལ་གཡོགས། ལྟ་བུའང་རབ་བཏགས་ཆེན་པོར་འགྱུར་བ་ཤེས་པར་བྱའོ།

          ཡང༌། བདག་གིས་མུན་པ་གོན་ནས་རང་ཉིད་སྦས་པས་ལྷ་འདྲེའི་མིག་གིས་ཀྱང་མཐོང་དུ་མེད། ཅེས་པ་ལྟ་བུར་མཚོན་ན། བྱེད་པ་པོ་བདག་ཡིན་ལ། སྤྱིར་བདག་གིས་གོས་གོན་པའི་བྱ་བར་རབ་རྟོག་གང་ཡང་མེད་མོད། འདིར་མུན་པ་གོས་ལྟར་གྱོན་དུ་མེད་པས། མུན་པ་གོན་པའི་བྱ་བ་སྒྲོ་འདོགས་ཀྱི་ཤུགས་ནས་མུན་པ་གོན་འདོད་ཀྱི་བློ་ཞིག་ཀྱང་སྔོན་དུ་སོང་བར་བསྟན་པས་ན་ཤུགས་བསྟན་རབ་རྟོག་ལས་མ་འདས་སོ།

          འོན་ཀྱང༌། ནམ་མཁས་མུན་པ་གྱོན་ནས་གདོན་འདྲེ་རུམ། ཞེས་བརྗོད་ཚེ་གྱོན་དང་རུམ་གཉིས་བྱ་བ་སྒྲོ་འདོགས་ཙམ་དུ་མ་ཟད། ནམ་མཁའ་གང་ཟག་གི་འདུ་ཤེས་ཅན་དུ་རབ་རྟོག་བྱས་པའང་ཡིན་ནོ།

 

གསུམ་པ། ཕུལ་བྱུང་རབ་རྟོག

          དཔེར་ན།

ང་ནི་རྣ་བའི་མཛེས་རྒྱན་ཞེས།

ཨུཏཔལ་འགྲམ་པར་གཡོ་བ་ལ།

བདག་གི་མཛེས་འགོག་གཡོ་ཅན་ཞེས།

ཟུར་མིག་དག་གིས་འཛིང་བར་རྩོམ།

          ཞེས་རྩ་བའི་དཔེ་བརྗོད་དེའི་བརྗོད་ཚུལ་ཅུང་གསལ་དུ་བཏང་ནས་གོ་བདེར་བྱས་པའི་བརྗོད་ཚུལ་འདི་ལ། ད་དུང་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། བེམ་ཤེས་ཀྱི་དངོས་པོ་གང་དེར་ཕར་རྟོག་པ་གང་ཞིག་ཡོད་ཚུལ་བརྗོད་པ་དང་མི་འདྲ་བར། ཚུར་མི་ལྟར་སྐད་ཆ་བཤད་ཅིང་བྱ་བ་བྱེད་པའི་ཚུལ་ཅན་དུ་རྟོག་པ་སྒྲོ་འདོགས་བྱས་པ་ཙམ་དུ་མ་ཟད། དེ་ཡང་མེ་ཏོག་ཙམ་གྱི་བརྗོད་བྱ་ལས་འདས་ཏེ་མཛེས་མ་གང་གི་དཀྱུས་རིང་ཞིང་སྔོ་བའི་ཟུར་མིག་གཡོ་བའི་སྒེག་ཉམས་ཀྱི་ཁྱད་པར་བསྟན་པས་ན། རབ་རྟོག་ཆེན་པོ་ལས་ཀྱང་མཚར་ཉམས་ཆེ་བ་ཕུལ་དུ་བྱུང་བའི་རབ་རྟོག་ཏུ་འདོད་དོ།

          དེས་ན་རབ་རྟོག་གི་རྒྱན་འདི་དག་ཀྱང་སྐད་ཆའི་ཚིག་སྦྱོར་གྱི་མཛེས་ཉམས་ཙམ་ལས་བརྒལ་བའི་སྒྱུ་རྩལ་མཚོན་ཐབས་སུའང་སྤྱོད་འོས་པ་ཤེས་པར་བྱའོ།

 

བཞི་པ།རབ་རྟོག་གསལ་བྱེད་ཀྱི་སྒྲ་དང་མཚུངས་སྒྲའི་ཁྱད་པར་བརྗོད་པ།

 

         བཞིན་དང༌།འདྲ།སྙམ།མིན་ནམ་སོགས་མཚུངས་པར་སྟོན་པའི་དཔེ་འཇོག་གི་སྐབས་སུ་མཚུངས་སྒྲ་དངོས་ཡིན་མོད།འདིར་དེ་དང་མི་འདྲ་བར་སེམས་ལྡན་གྱི་ཁྱད་ཆོས་གང་ཞིག་སྒྲོ་བཏགས་པ་སྟོན་པའི་རབ་རྟོག་གསལ་བྱེད་ཀྱི་སྒྲ་ཡིན།དེ་ཡང་སྐབས་རེར་ཚིག་རྗོད་དུམ་བུ་རེར་བལྟས་ནས་དབྱེ་འབྱེད་དཀའ་བས་སྐབས་དོན་ཅི་ཡིན་ཤེས་དགོས།དཔེར་ན།

ཨ་ཕེ་རི་ཀའི་མི་རིགས་འདི།

མིག་སྨན་ཆར་གྱིས་བཀྲུས་པ་བཞིན།

མུན་པ་ལུས་ལ་བྱུགས་པ་བཞིན།

 

ཞེས་བརྗོད་ཚེ་ཡང༌།དེ་འདྲའི་ཁྲུས་བྱས་ཚུལ་དང༌།མུན་པ་འབྱུག་ཏུ་མེད་པའི་སྒྲོ་འདོགས་ཀྱི་རང་བཞིན་ལ་འགྱུར་བ་མེད་ཀྱང༌།སྐབས་དོན་ནི།མི་རིགས་དེ་ཉིད་མིག་སྨན་ནག་པོས་བཀྲུས་ཤིང་མུན་པ་ལུས་ལ་བྱུགས་པ་ལྟ་བུར་ཧ་ཅང་ནག་པ་མཚོན་པས་མཚུངས་སྟོན་གྱི་སྒྲ་རུ་གྱུར་པ་ཤིན་ཏུ་གསལ།

 

 

          དཔེ་མཚོན་སྙན་དངགས།

 

མེ་ཏོག་གི་འཁྲེང་སེམས།

 

ཨེ་མ་བདེ་ལྡན་དཔྱིད་ཀྱི་དུས་འདིར་ཉི་མས་བདག་ལ་རྣམ་ཤེས་དང༌།

྄སྦྲང་མའི་ཆར་གྱིས་སྲོག་གི་དབང་པོ་འཛིན་མས་ཁ་དོག་ལེགས་སྩལ་པས།

བདག་ནི་རབ་དཀར་གངས་རིའི་རྐང་འདབས་རབ་ལྗང་སྤང་རིའི་མགུལ་བ་དང༌།

དྭངས་གཙང་ལྟེང་ཀའི་འགྲམ་དང་རྐང་ལམ་ཕྲ་མོའི་ངོགས་སུ་ལྷམ་མེར་བཞད།

དེ་ལ་དྲོད་འཇམ་བསེར་བུ་འཇབ་ནས་འོངས་ཏེ་བདག་གི་རྣ་ལམ་དུ།

ཤབ་ཤུབ་སྙིང་གཏམ་འབའ་ཞིག་བརྗོད་མཐར་གང་ལ་སོང་བ་ཆ་མ་འཚལ།

རྐང་དྲུག་གཞོན་ནུས་གླུ་དབྱངས་ལེན་བཞིན་བདག་ལ་དུང་དུང་བྱེད་པའི་སླད།

སྨྲ་བ་མེད་པར་བདག་ལ་དམ་འཁྱུད་འོ་ཡིས་མ་ཚིམས་མདུང་དག་བསྣུན།

ཕྱེ་ལེབ་བུ་མོས་ཕུ་ཐུང་ལྷབ་ལྷུབ་བཀྲ་ཤིས་སྐོར་བྲོ་ལྡིང་བའི་ཚེ།

བདག་ཀྱང་དགའ་སྤྲོའི་གེ་སར་དགོད་ཅིང་ལག་པའི་འདབ་མ་རྣམ་བརྐྱངས་ནས།

མགྲིན་པ་ཡང་ཡང་དཀྱོག་དཀྱོག་ངང་ནས་འཁྲབ་སྟོན་དཔལ་ལ་རོལ་ཙ་ན།

རྩྭ་ལྗང་ཚོགས་ནི་རབ་ཏུ་མཉེས་ཏེ་འཛུམ་པའི་བཞིན་རས་ཅི་ཡང་ངོམས།

ཨེ་མ་དེ་ཚེ་སྙིང་སྡུག་སྒེག་མོས་བདག་ནི་སྐྲ་ལོའི་གསེབ་བཙུགས་ནས།

གཡང་དཀར་ལུག་རྗེས་འདེད་ཀྱིན་ལ་གཞས་བླངས་པ་ཕ་རིའི་བྲག་ཅར་འཁོར།

དཔེ་ཁུག་རྒྱབ་ལ་ཁུར་བའི་བྱིས་པས་བདག་ཉིད་ལག་ལ་བཏེགས་ནས་ནི།

དགའ་སྐྱིད་འཛུམ་མདངས་བཞིན་ལ་ཤར་བཞིན་བདེ་སྐྱིད་སློབ་གྲྭར་རྒྱུགས་ནས་སོང༌།

བསེར་བུ་རླུང་གིས་བདག་གི་གེ་སར་ལས་འཐུལ་བསུང་ཞིམ་བརྐུས་ནས་ནི།

ནེའུ་གསིང་གོས་སུ་གྱོན་པའི་ཕ་གིའི་དེའུ་འབུར་ཕག་ན་རྩེན་པ་ཡི།

མཛའ་གཅུགས་གཞོན་ནུ་ཕོ་མོ་ཟུང་གི་གདོང་ལ་ཡང་ཡང་བཏབ་པ་ན།

གང་དག་སྙིང་རབ་མྱོས་པ་ཕན་ཚུན་འདྲེན་བྱེད་མདངས་ལས་འགོག་མེད་འཆར།

ཨེ་མ་བསེར་བུ་རླུང་ནི་བདག་གི་བསུང་ཞིམ་གྲོགས་སུ་བསྡེབས་ནས་ནི།

སྦྲ་ཁྱིམ་སྒོ་ན་རབ་དཀར་འོ་མ་དཀྲོགས་པའི་བརྩོན་ལྡན་བཞིན་བཟང་མའི།

གནག་སྣུམ་སྐྲ་ཡི་ལན་བུ་ཡང་ནས་ཡང་དུ་ལྟག་ལ་ཤད་པ་ན།

དེ་ཡི་འཛུམ་མདངས་ཉི་ཟེར་འཕྲོས་པའི་སེར་པོ་མར་གྱི་ལྒང་བུར་གྱུར།

འོ་འོ་བདེ་ལྡན་དཔྱིད་གསུམ་འདས་ནས་མི་བཟད་དགུན་གསུམ་སླེབས་བྱུང་ཨང༌།

བདག་གི་ལང་ཚོ་དུམ་བུ་བྱེ་བའི་འདབ་མར་གྱུར་ནས་ཕྱོགས་བཅུར་འགྲིལ།

ཨེ་མ་འདི་ནི་འབྱུང་འགྱུར་དུས་ན་སླར་ཡང་གཟི་མདངས་མངོན་ཕྱིར་རོ།

 

 

བདུན་་པ། བསྙོན་དོར་གྱི་རྒྱན།

 

          མངོན་སུམ་གྱི་གཞི་གང་ཞིག་ལ་བསམ་བཞིན་བསྙོན་ནས་ཡིན་པ་མིན་པར་དང༌། མིན་པ་ཡིན་པར་བརྗོད་ཚུལ་གྱིས་སྐྱོན་ཡོན་གྱི་ཁྱད་པར་གང་ཞིག་སྟོན་པའི་རྒྱན་ཞིག

 

          ༡། གྲངས་ལ་བསྙོན་པ། རྩ་བར།

འདོད་ལྷ་དག་ནི་མདའ་ལྔ་བ།

མ་ཡིན་སྒྲོ་ལྡན་སྟོང་ཕྲག་ཡོད།

          ཅེས་སྔར་བྱུང་གཏམ་རྒྱུད་ལ་ཆེད་དུ་བསྙོན་པ་འདིའི་ཚིག་ཤུགས་ནས། གལ་ཏེ། མདའ་ལྔ་ཙམ་ལས་མེད་ན། དེ་ལྟར་འདོད་ཁམས་ཀུན་ལས་རྣམ་པར་རྒྱལ་མི་སྲིད། དེས་ན་མདའ་མོ་སྟོང་ཕྲག་དུ་མ་ཡོད་ངེས་སོ། ཞེས་པ་སྟེ། དོན་གྱིས་མེ་ཏོག་གི་མདའ་ལྔའམ་རྫས་ཀྱི་ནུས་པ་ཁྱད་པར་བའི་ཡོན་ཏན་ལ་བསྔགས་པ་གོ་བར་ནུས་སོ། དེ་དོན་ཚིག་ལྷུག་གིས་ཅུང་གོ་བདེར་སྦྱར་ན།

          ཀྱེ། འདོད་ལྷ། ཁྱོད་ལ་མདའ་ལྔས་ག་ལ་ཚད། ཉག་ལྡན་སྟོང་ཕྲག་མང་པོ་ཡོད་ངེས། དེ་ལྟར་མིན་ན་ཀུན་ལས་ཇི་ལྟར་རྒྱལ། ལྟ་བུའོ།

 

༢། སོམ་ཉིའི་བསྙོན་དོར།

ལུས་མེད་དག་ནི་མེ་ཏོག་གི

མདའ་ལྔས་ཀུན་ལས་རྒྱལ་པར་གྱུར།

ཅེས་པ་མི་སྲིད་ཡང་ན་ནི།

དངོས་པོའི་ནུས་པ་རྣམ་པར་བཀྲ།

          འདོད་ལྷ་དགའ་རབ་དབང་ཕྱུག་དེ་འཇམ་པ་གྲངས་ཉུང་མེ་ཏོག་གི་མདའ་ལྔས་འདོད་ཁམས་འདི་ཀུན་ལས་རྒྱལ་ཁ་ཐོབ་པར་གྲགས་ནི་མི་སྲིད་དོ། ཡང་ན་ནི། མེ་ཏོག་དེ་དག་གི་རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་གོ

          དོགས་སེལ། རྩ་བར་འདི་བྱུང་བ་འགོག་པའི་དཔེ་ཡིན་མོད། དགག་བྱ་ངོས་འཛིན་ཐད་རྩོད་ཉོག་ཆེ། འོ་ན་འདི་བསྙོན་དོར་རྒྱན་དུ་ཇི་ལྟར་འགྱུར་སྙམ་ན། མེ་ཏོག་མདའ་ལྔས་ཀུན་ལས་རྒྱལ་བ་ནི་མི་སྲིད་དོ། ཞེས་མདའ་ལྔའི་བྱེད་ལས་ལ་དངོས་སུ་བསྙོན་པ་དང༌། ཡང་དེ་མ་ཐག་ཏུ། ཡང་ན་ནི། ཞེས་པས་གལ་ཏེ་སྲིད་ན་ཞེས་བརྟག་པ་མཐའ་བཟུང་གིས། ནུས་པ་རྣམ་པར་བཀྲ་བ་ཞིག་དགོས་ངེས་ཀྱི་འདོད་ཚུལ་སྨྲས་པས་ན་མཐའ་གཅིག་ཏུ་བསྙོན་པའང་མ་ཡིན་པར་སོམ་ཉིའི་ཚུལ་དུ་བརྗོད་པས་བདག་གིས་མིང་དེ་ལྟར་བཏགས་སོ།

          གྲངས་ལ་བསྙོན་པ་དང་འདི་གཉིས་སྤྱིར་གཏམ་རྒྱུད་ལ་བསྙོན་པ་དང༌། སྒོས་སུ་མདའ་གྲངས་ཉུང་བ་དང༌། དེའི་བྱེད་ལས་གཉིས་ལ་བསྙོན་པའམ། ཡང་ན་དེ་གཉིས་ཀ་མ་འདོད་པར་དགག་པའི་དོན་གང་དུ་བྱས་ཀྱང༌། གཉིས་ཀ་ཁྱབ་མཉམ་ཡིན་མོད། ཅིག་ཤོས་ཐ་མ་ལ། ཡང་ན་ནི་ཞེས་སོགས་ཀྱིས་མཐའ་གཅིག་ཏུ་མ་བསྙོན་པ་ནི་བརྗོད་ཚུལ་གྱི་ཁྱད་པར་བྱེ་བྲག་པའོ།

 

༣། ཡུལ་ལམ་ཁྱད་གཞི་ལ་བསྙོན་པ།

རྩ་བའི་ཆོས་ཅན་འགོག་པའི་དཔེར།

དེ་ནི་མཛེས་སམ་མ་ཡིན་ཞེས།

རྣམ་རྟོག་འདི་ནི་ཅི་ལས་སྐྱེས།

དེར་ནི་འོད་ཙམ་གཡོ་བ་ཉིད།

མཐོང་བར་འགྱུར་གྱི་རྟེན་མ་ཡིན།།

ཞེས་གར་སྟེགས་ཐོག་གི་གར་མཁན་སྒེག་མོ་གང་གི་ངོ་མཚར་བའི་རྒྱན་གོས་དང་བཅས་པའི་ཉམས་འགྱུར་ཁྱད་པར་བ་ལ་བསྔགས་ཕྱིར། འོད་ཡུག་ཡུག་ཙམ་ལས་ཅི་ཡང་མི་མཐོང་ཞེས་ལུས་རྟེན་དངོས་མེད་པའམ་མ་ཡིན་ཞེས་འགོག་པ་འདི་མངོན་སུམ་ལ་བསྙོན་པའི་བརྗོད་ཚུལ་ཡིན་པར་སུ་ཞིག་བསྙོན།

གཞན་ཡང༌། རིགས་ཐ་མའི་གསལ་བྱེད་ཀྱི་དཔེར།

ཆུ་འཛིན་གྱིས་ནི་རབ་གཏོར་ཆུ།

ཁྱིམ་གྱི་གཙུག་ཕུད་ལྡན་པའི་ཚོགས།

གློག་གི་ཐག་པ་གཡོ་བ་ཡང༌།

མེ་ཏོག་གཞུ་ཅན་དག་གི་དཔུང༌། ཞེས་པས་ཀྱང༌། དབྱར་དུས་ཀྱི་སྤྲིན་ཆར་དང༌། དེས་མྱོས་པའི་རྨ་བྱའི་ཁྱུ། གློག་ཞགས་ལམ་ལམ་འཁྱུག་པ་དག་ཀྱང་འདོད་ལྡན་མ་གང་ཞིག་ལ་གནས་སྐབས་ཆགས་པ་འཕེལ་བྱེད་དུ་གྱུར་པས་ན། དེ་དག་ཀྱང་དོན་དངོས་སུ་འདོད་ལྷ་དགའ་རབ་དབང་ཕྱུག་གི་དཔུང་ཚོགས་ཉིད་དུ་བསྙོན་དོར་ནས། གང་གི་འདོད་གདུང་ཤུགས་ཆེར་མཚོན་པའོ།

         

༤། རང་བཞིན་ལ་བསྙོན་པ། རྩ་བར།

ཙན་དན་ཟླ་འོད་དལ་བུ་ཡི།

ལྷོ་ཕྱོགས་དྲི་ཡི་བཞོན་པ་འདི།

མེ་ཡི་རང་བཞིན་སྤྲོ་བ་སྟེ།

གཞན་གྱི་ངོར་ནི་བསིལ་ཞེས་གྲག

ཅེས་པས་གཞན་དག་གི་སྣང་ངོར་བསིལ་བར་གྲག་པའི་བསིལ་བའི་དངོས་པོ་དེ་དག་ཀྱང་དོན་དངོས་སུ་རང་གི་མྱོང་ཚོར་གྱིས་ཚ་བ་མེ་ཡི་རང་བཞིན་དུ་བསྙོན་དོར་བ་སྟེ། ཡིད་འོང་གི་དངོས་པོ་དག་ཀྱང་འདོད་པ་དང་བརྩེ་བས་གདུངས་པའི་ཆགས་ལྡན་དག་ལ་འདོད་སྲེད་སློང་བའི་རྐྱེན་དུ་འགྱུར་བའི་ས་བོན་གཞིར་བྱས་ཏེ། འདོད་ལྡན་གང་ཞིག་གི་འདོད་པའི་གདུང་བ་ཤུགས་ཆེར་བསྟན་ཅིང༌། དེའི་ཤུགས་ནས་རིང་ན་གནས་པའི་དགའ་བོ་གང་ཞིག་དྲན་པའི་བརྩེ་བ་ཟབ་མོའང་གོ་འོས་སོ།

          ཡང༌། རྩ་བར།

བདུད་རྩི་ཟགས་པའི་འོད་ཟེར་ཅན།

ཟླ་བ་ཞེས་སུ་ཀུན་འདོད་ཀྱང༌།

དོན་ལ་དུག་གི་ཟེར་མ་ཅན། ཞེས་པའི་ཚིག་དོན་ཡང་གོང་དང་མཚུངས་མོད། གོང་མས་རང་ཉིད་ལ་ཚ་བར་སྣང་མོད་གཞན་གྱི་སྣང་ངོར་བསིལ་བར་གྲག་ཅེས་མ་འདོད་པའི་ཚུལ་གྱིས་བཀག་པ་ཙམ་དང༌། ཐ་མས་ཟླ་བའི་བདུད་རྩིའི་རང་བཞིན་བདེ་སྣང་གི་ཡོན་ཏན་དེ་མཐའ་གཅིག་ཏུ་བཀག་ནས་གནོད་བྱེད་དུག་གི་རང་བཞིན་ཅན་དུ་བསྙོན་ཚུལ་ནི་བརྗོད་ཚུལ་གྱི་ཁྱད་པར་སྟེ། བཞེད་ཚུལ་གཞན་དག་ལ་སྙིང་བོ་ཆེར་མ་མཐོང་ངོ༌།

གཞན་ཡང་བྱ་བ་བར་གྱི་གསལ་བྱེད་དཔེར།

དྲི་བཞོན་དལ་བུ་ཚྭ་ཁུ་དང༌།

ཟླ་བ་དག་ཀྱང་མེ་རུ་འགྱུར།

ཙན་དན་བྱུག་པས་རེག་པ་ཡང༌།

མཚོན་ལྷུང་འཁྱམ་པོ་རྣམས་ལའོ། ཞེས་པའང་བསིལ་བའི་དངོས་པོ་དག་ཚ་བའི་གདུང་བ་སྐྱེད་བྱེད་ཉིད་དུ་བསྙོན་པ་ཤིན་ཏུ་གསལ་ལོ།

༥། ངེས་རྙེད་བསྙོན་དོར།

དེ་ཡང༌། རྩ་བའི་ཆོས་འགོག་པའི་དཔེར།

ལུས་ཕྲ་ཁྱོད་ཀྱི་ཡན་ལག་རྣམས།

འཇམ་པ་ཉིད་དུ་གནས་པ་རྫུན།

གལ་ཏེ་བདེན་པར་འཇམ་པས་ན།

གློ་བུར་དུ་བདག་ཅི་ལ་གདུངས།།

ཞེས་པའང་དགག་ཡུལ་ལམ་བསྙོན་ཡུལ་གྱི་ཆ་ནས་ཁྱད་གཞི་ཆོས་ཅན་ལས་ཁྱད་ཆོས་སམ་རང་བཞིན་ལ་བསྙོན་པ་ཡིན་མོད། བརྗོད་ཚུལ་གྱི་ཉམས་ཀྱི་ཆ་ནས་རང་གི་མྱོང་ཚོར་དངོས་ཀྱི་གདུང་བའི་རྩུབ་སྣང་རྒྱུ་མཚན་དུ་བཀོད་ཅིང་རེག་བྱ་རྩུབ་པར་ངེས་པ་རྙེད་ཚུལ་གྱིས་འཇམ་པ་ལ་བསྙོན་པས་སོ།

          བསྙོན་ཚུལ་འདིས་དོན་ལ་འདོད་ལྡན་གང་ཞིག་ལ་དགའ་མའི་ལུས་ཀྱི་རེག་བྱ་བསིལ་ཞིང་འཇམ་པས་བསྐྱེད་པའི་འདོད་པའི་བདེ་ཆེན་འབར་བ་སྟེ་རེག་བྱའི་མཆོག་ཉིད་དུ་བསྔགས་པར་གོ་བར་བྱའོ།

          གཞན་ཡང༌།

ཀྱེ། འདོད་ལྷ།

བརྩེ་དུང་གི་མཐུ་སྟོབས།

མཉེན་འཇམ་མེ་ཏོག་རྐང་ལྔས།

འདོད་པའི་ཁམས་ལས་རྒྱལ་མིན་པས།

ཁྱོད་ནི། ཉག་ཕྲན་སྟོང་གི་བདག་པོར་ངེས།

          ཞེས་གྲངས་ཉུང་བའི་མདའ་ལྔས་འདོད་ཁམས་ལས་རྒྱལ་མི་ནུས་པའི་རྒྱུ་མཚན་བཀོད་དེ་མདའ་སྟོང་ཕྲག་ཡོད་པར་ངེས་པ་རྙེད་ཚུལ་གྱིས་བསྙོན་དོར་བའོ།

          ཚིག་འདི་དག་གི་ནུས་པས་ཐད་ཀར་དུ་རྫས་སམ་འདོད་ལྷའི་མཐུ་སྟོབས་ཀྱི་ཁྱད་པར་ཞིག་སྟོན་གྱིན་ཡོད་མོད། དེ་ཙམ་དུ་མ་ཟད་འདོད་ལྡན་སྐྱེ་བོ་དག་འདོད་ཡོན་ལྔའི་དབང་དུ་གྱུར་ཚུལ་ལམ། ཡང་ན། འདོད་ཁམས་འདིར་འདོད་ཆགས་ཀྱི་དབང་དུ་མ་གྱུར་བའི་འདོད་ལྡན་སུ་ཡང་མེད་པའི་དོན་གྱི་སྙིང་བོ་ཅན་ཡང་ཡིན་པས་ན། རྒྱ་ཆེ་བའི་ཡོན་ཏན་གྱི་ཁོངས་སུ་གཏོགས་པའང་ཤེས་པར་བྱའོ།

 

          ༦། སྟེས་དབང་བསྙོན་དོར།

ཁེངས་པ་གཞོམ་ཕྱིར་ལང་ཚོ་མའི།

རྐང་པ་དག་ལ་ཕྱག་འཚལ་བར།

རྩོམ་ཚེ་བདག་གི་སྐལ་བ་ཡིས།

འབྲུག་གི་སྒྲ་ནི་དལ་བུར་ལྡིར།

          ཅེས་པའི་དོན་ནི། འདོད་ལྡན་གང་ཞིག་གིས་རང་ཉིད་ཤིན་ཏུ་དགའ་ཞིང་བརྩེ་བའི་ལང་ཚོའི་མཛེས་པའི་ཁེངས་ལྡན་མ་ཞིག་ལ་འདོད་པ་དོན་གཉེར་གྱི་ཞུ་བ་འཐེན་པའི་སྐབས་དེར། གློ་བུར་དུ་རྒྱང་རིང་ནས་འབྲུག་གི་ལྡིར་སྒྲ་སྙན་མོ་ཞིག་གྲགས་བྱུང་བ་དེས་ཀྱང༌། མོ་ལ་འདོད་པ་འཕེལ་བའི་རྐྱེན་དུ་གྱུར་ནས་རང་གི་འདོད་དོན་བདེ་བླག་ངང་གྲུབ་ཚུལ་གྱི་ཆེས་དགའ་ཚོར་ཅིག་བརྗོད་མོད། བརྗོད་ཚུལ་ནི། གློ་བུར་རམ་སྟེས་དབང་གིས་བྱུང་བའི་འབྲུག་སྒྲ་དེ་རང་གི་སྐལ་བ་བཟང་པོའམ་བསོད་ནམས་ཀྱི་མཐུ་ལས་བྱུང་ངོ་ཞེས་དངོས་དོན་ལ་བསྙོན་པའོ། དེ་ལྟར་བསྙོན་པས་རང་གི་འདོད་བྱ་མཆོག་གྱུར་དང་དགའ་ཚོར་ཁྱད་པར་བ་བསམ་ཡུལ་ལས་འདས་པའི་ཚུལ་ཅན་དུ་མཚོན་ནུས་སོ།

          དོགས་སེལ། འོ་ན། ཀུན་ཕན་གྱི་རྒྱན་ནི། རང་གི་དགའ་བའི་སྐབས་དོན་བྱ་བ་གང་ཞིག་དོན་དུ་གཉེར་སྐབས། བདེ་བླག་ཏུ་འགྲུབ་ཕྱིར་སྐལ་བའི་སྟོབས་ལས་ཀྱང་རྒྱུ་རྐྱེན་གང་ཞིག་གིས་རོགས་ཕན་བྱས་པ་ཙམ་མིན་ནམ་ཞེ་ན། དེ་ནི་རྒྱན་འདིའི་གོ་དོན་དང་དཔེ་བརྗོད་ཀྱི་བརྗོད་ཚུལ་གཉི་ག་ཇི་བཞིན་མ་གོ་བ་སྟེ། གལ་ཏེ། དེ་ལྟར་ལགས་ན། འབྲུག་སྒྲ་དེ་ཡང་བསོད་ནམས་ཀྱི་མཐུ་ལས་བྱུང་བ་དངོས་ཡིན་པར་ཐལ་བ་དང༌། རྒྱན་འདི་ཡང་འཁྱོག་བརྗོད་ཀྱི་ཉམས་ལས་བུད་དེ་བྱ་བ་རང་བཞིན་བརྗོད་པའི་རྒྱན་དུ་འགྱུར་སྲིད་དོ། སྐབས་འདིའི་བོད་མཁས་པའི་དཔེ་བརྗོད་སོགས་ནི་ཀུན་ཏུ་ཕན་པའི་བྱ་བ་སོགས་ཀྱི་རང་བཞིན་བརྗོད་པའི་རྒྱན་ཙམ་ལས་མ་འདས།

          རྩ་བར། བྱ་བ་འགའ་ཞིག་བརྩམས་པ་ལ། སྐལ་བ་ཡི་ནི་སྟོབས་ལས་ཀྱང༌། དེ་ཡི་སྒྲུབ་བྱེད་ཕུན་ཚོགས་གང༌། དེ་ནི་ཀུན་ཏུ་ཕན་པར་བརྗོད། ཅེས་པའི་དོན་ཡང༌། སྤྱིར་དོན་ཆེན་གང་ཞིག་གི་མཐུན་འགྱུར་དུ་བསོད་ནམས་ཀྱི་མཐུ་ཡང་དགོས་གལ་ཆེ་བ་བཞིན་འདིར་ཡང་བརྗོད་ཚུལ་དེ་ལྟ་བུའི་ལམ་ནས་ཀུན་ཏུ་ཕན་པར་གྱུར་ཚུལ་ཙམ་དུ་འཁྱོག་པོར་བརྗོད་པ་ལས། དངོས་སུ་ན་བྱ་བ་དེ་ནི་རང་འདོད་ཙམ་ལས་གལ་ཆེན་ཞིག་ཡིན་མི་དགོས་ལ་དེ་བས་ཀྱང་བསོད་ནམས་ཀྱི་རྒྱབ་དཔུང་བཙན་པོ་ཞིག་མི་མཁོ། དེས་ན་རྟག་ཏུ་སྟེས་དབང་གིས་ཀྱང་བྱ་བ་ལམ་འགྲོ་ཡོང་བ་ཡོད་པ་བཞིན་སྐབས་འདིར་ཡང་གློ་བུར་བ་དེ་ཉིད་སྟེས་དབང་མ་ཡིན་པར་བསོད་ནམས་ཀྱི་མཐུ་ལས་བྱུང་བར་བསྙོན་པས་ན་སྟེས་དབང་བསྙོན་འདོར་ཅེས་བཏགས་ཤིང༌། བསྙོན་ཚུལ་དེས་རང་གི་འཐོབ་བྱའི་རེ་བ་དེ་ཤིན་ཏུ་རྩ་ཆེ་ལ་ཧ་ཅང་དགའ་བའི་ཚུལ་དང་འབྲུག་སྒྲ་ཙམ་གྱིས་ཀྱང་བུད་མེད་ལ་ཆགས་སྲེད་ཆེན་པོ་སྦྱིན་པ་བཅས་མཚོན་པས་ན་ཀུན་ཏུ་བཟང་པོའི་རྒྱན་ཞིག་ཀྱང་ཅིས་མིན།

          གཞན་ཡང་དཔེར་ན།

 

ནོམ་ཆེན་རྐུ་འདོད་ཧམ་ཆེན་གྱི།

མཚན་མོར་རྒྱུ་དག་སླེབས་པའི་ཚེ།

སྐལ་བ་ངན་པའི་ཁྱིམ་ཚང་དེའི།

མི་རྣམས་ཆང་གིས་ར་རོར་གྱུར།

ཅེས་པ་ལྟ་བུ་དང༌། ཡང༌།

དབང་དང་གྲགས་པའི་དཀྱིལ་འཁོར་དུ།

འགྱིངས་སྙམ་གཡོ་ཐབས་ཧུར་ལེན་ཚེ།

བསྐལ་ཆེན་དུ་མའི་སྡིག་པ་ཡིས།

དམངས་གཙོའི་སྐལ་བཟང་ཁྲི་ལས་ལྷུང༌།

          ཁ་ཅིག་ལ་མཚོན་ན། འདི་དག་གི་སྐབས་དོན་ནི་ཀུན་ཕན་གྱི་ལྡོག་ཕྱོགས་སུ་གྱུར་པས་ཀུན་གནོད་ཀྱི་རྒྱན་ཞེས་འདོགས་དགོས་པར་ཐལ་མོད། བརྗོད་ཚུལ་གྱི་ཆ་ནས་བརྟགས་ན། རྐུན་པོ་སླེབས་སྐབས་དེར་སྟབས་མ་འགྲིགས་པར་ཁྱིམ་མི་ཚང་མ་ཆང་གིས་བཟི་བ་དེ་ནི་སྟེས་དབང་ཞིག་མ་ཡིན་པར་ཁོ་ཚོ་སྐལ་བ་ངན་པ་དང་དེའི་ཤུགས་ནས་ད་དུང་རྐུན་པོ་གང་དག་ཁ་བསོད་ཆེ་ཚུལ་བཅས་བསྟན་པས་ན་སྟེས་དབང་ཁས་མ་བླངས་པར་བསྙོན་པ་ལས་མ་འདས།

          དཔེ་བརྗོད་ཕྱི་མ་ཡང༌། གཡོ་ཐབས་ཀྱིས་བཟུང་བའི་གོ་ས་དེ་སྟབས་མ་ལེགས་པར་དམངས་གཙོའི་ལམ་སྲོལ་གྱིས་མེད་པར་བྱས་པ་ལ། དེ་ནི་བདག་གི་བསྐལ་བ་དུ་མར་གཡོ་སྒྱུས་བྱས་པའི་སྡིག་པའི་རྣམ་སྨིན་གྱིས་ད་ལྟ་དམངས་གཙོའི་སྐལ་བ་བཟང་པོའི་སྐབས་འདིར་མཐོན་པོའི་ཁྲི་ལ་བཞུགས་མ་ཐུབ་ཅེས་སྟབས་མ་ལེགས་པའི་བར་ཆད་དེ་ཁས་མ་བླངས་པར་བསྐལ་བ་དུ་མའི་སྡིག་པ་ཡིན་པར་བསྙོན་པ་སྟེ། མངོན་འདོད་གོ་ས་ཆེན་པོ་དེ་ཤོར་བར་ཤིན་ཏུ་གནོང་ཞིང་འགྱོད་པ་སྐྱེས་ཚུལ་དངོས་སུ་བསྟན་པའི་ཤུགས་ནས་ད་དུང༌། དམངས་གཙོའི་སྤྱི་ཚོགས་སུ་གཡོ་ཐབས་ཀྱིས་གོ་གནས་འཛིན་རྒྱུ་དེ་དཀའ་བའི་ཡར་ཐོན་གྱི་རྣམ་པ་མཚོན་པའང་གོ་འོས་སོ།

          དེ་ལྟར། མདོར་ན་བསྙོན་དོར་གྱི་རྒྱན་འདི་དག་ནི། ཚིག་གི་མཛེས་ཉམས་ཙམ་ལས་བརྒལ་བའི་སྒྱུ་རྩལ་གྱི་མཚོན་ཐབས་དམིགས་བསལ་བ་ཞིག་ཀྱང་ཡིན་པར་ཤེས་དགོས་པ་ནི་ཤིན་ཏུ་གཅེས་སོ།

          ༥། དཔེ་མཚོན་སྙན་དངག་

 

བརྒྱད་པ། ཕྲ་མོའི་རྒྱན།

 

ལུས་ངག་དག་གི་རྣམ་འགྱུར་རམ།

གསང་བའི་བརྡ་དང་ཁ་གཡར་སོགས།

སྐབས་དོན་ཟུར་གྱིས་གོ་བྱེད་རྒྱན།

          སྐབས་དོན་ཐད་ཀར་མི་སྟོན་པར། ལུས་དང་ངག་གི་མ་བཅོས་རྣམ་འགྱུར་ཕྲ་མོ་དག་ལས་ཀྱང་ནང་སེམས་ཀྱི་དྲན་རྟོག་ཚོར་ཐུབ་པའམ། ཡང་ན་ཐབས་མཁས་ཀྱིས་གསང་བརྡ་གང་ཞིག་བསྟན་ནས་གོ་བརྡ་སྤྲོད་པ་དང༌། དོན་གཞན་ཞིག་ལ་ཁ་གཡར་བའི་ཚུལ་གྱིས་སྐབས་དོན་གོ་བར་བྱེད་པའི་རྫོད་ཚུལ་ཕྲ་མཔའམ་ཟུར་གྱིས་མཚོན་པའི་རྒྱན་གྱི་རིགས་སུ་གྱུར་བ་རྣམས་སོ།

 

དབྱེ་ན། རྣམ་འགྱུར་གྱི་ཕྲ་མོ་ནི་དཔེར་ན། རྩ་བར།

 

གླུ་ཡི་མདུན་སར་ཁྱོད་ཀྱི་མིག

གཏད་པས་དེ་གདོང་ཆུ་སྐྱེས་ལ།

དམར་མདངས་མཛེས་པ་ཅི་ཡང་རྒྱས།

          ཡང་ན། གླུ་གར་གྱི་མདུན་སར། ཁྱོད་ཀྱི་ཆགས་མིག་དེ་གཏད་པས། མོའི་བཞིན་རས་ལ་ལྷག་པར་དམར་མདངས་ཀྱི་མཛེས་སྡུག་ཅི་ཡང་རྒྱས་སོ།

          ཞེས་པའི་མིག་གི་ལྟ་སྟངས་དང༌། གདོང་པ་དམར་པོར་གྱུར་ཚུལ་གྱི་ལུས་ཀྱི་རྣམ་འགྱུར་ཕྲ་མོ་དག་གིས་ཕོ་མོ་ཟུང་གི་ཕན་ཚུན་འདོད་པའི་བརྩེ་དགའ་མཚོན་པའོ།

          གཞན་ཡང་གཟུགས་ཅན་གྱི་དཔེར།

གཏུམ་མོ་གློ་བུར་ཉིད་དུ་ནི།

ཁྱོད་གདོང་མཆུ་ཡི་ཡལ་འདབ་གཡོ།

རྔུལ་ཆུའི་ཐིགས་པའི་དོག་པ་ཡི།

མུ་ཏིག་འོད་ཅན་འཛིན་པས་མཛེས། ཞེས་ཁྲོ་བའི་རྣམ་འགྱུར་དང་འདྲ་བ་འདི་ཤིན་ཏུ་མཛེས་མ་ཞིག་གི་རང་དབང་མེད་པར་ཐོན་པའི་ཆགས་པའི་རྣམ་འགྱུར་ཡིན་ལ། རྣམ་འགྱུར་དེས་མོའི་འཇོ་སྒེག་དང་ཆགས་པའི་གནས་སྐབས་གསལ་བར་བྱས་པའོ།

          ཡང༌། མཛེས་མ་མྱོས་པའི་མཁུར་ཚོས་དམར།

མིག་གི་ཨུཏཔལ་དམར་པོ་ཅན།

ཁྱོད་ཀྱི་གདོང་གིས་སྐྱེ་བོ་ནི།

འདིར་ཡང་དམར་བའི་རང་བཞིན་བྱས། ཞེས་པའང་རྣམ་འགྱུར་གྱི་ཕྲ་མོ་ལས་མ་འདས། ལ་ལས་དེ་དག་ནི་གཟུགས་ཅན་གྱི་རྒྱན་མ་ཡིན་ནམ་ཞེ་ན། ལོས་ཡིན་མོད། རྒྱན་གྱི་ཁྱད་པར་དབྱེ་སྟངས་ཀྱི་ཆ་ནས་དེ་ཡང་ཡིན་ལ་འདི་ཡང་ཡིན་པར་འགྱུར་བ་ཤིན་ཏུ་མང་ངོ༌། གཞན་དུ་ན། གོང་དུ་དེ་གདོང་ཆུ་སྐྱེས་ལ་ཞེས་པའང་གཟུགས་ཅན་ཡིན་པས་སྐྱོན་དུ་ཐལ་ལོ། སྐབས་འདིར་གཟུགས་སུ་བཀོད་མ་བཀོད་ཙམ་གྱིས་དོན་སྟོན་གྱི་ནུས་པར་ཁྱད་པར་མི་འབྱུང་བས་གཟུགས་འགོད་ནི་ཕལ་བ་ཙམ་མོ།

           གཞན་ཡང༌།

ཉི་མ་ནུབ་གྱུར་ཟླ་བ་མཛེས།

འདབ་ཆགས་རྣམས་ནི་གནས་སུ་སོང༌།

བདག་ཀྱང་འདོ་རིག་རྟར་ཞོན་ནས།

མཛའ་བའི་གཞས་ཆུང་ལེན་བཞིན་ཆས། ཞེས་དང༌།

ཟླ་བའི་འོད་ཀྱིས་མི་བཟློག་ཅིང༌།

ཙན་དན་བསིལ་བས་མི་བཟོད་པ།

དགའ་མ་གང་ཁྱོད་ལུས་དྲོད་འདིས།

བདག་ཀྱང་ལྷན་དུ་གདུང་བར་བྱེད། ཅེས་པའི་ཕྱི་ནང་ཤེས་བྱེད་ཀྱི་རྒྱུ་རྒྱན་འགའ་ཡང་ཕྲ་མོར་འཐད་དོ།

ཁ། བརྡའམ་ཟུར་གྱི་ཕྲ་མོ།

ནམ་ཞིག་འུ་ཅག་འགྲོགས་འགྱུར་ཞེས།

ཚོགས་སུ་བརྗོད་པར་མ་བཟོད་པའི།

མཛའ་མོས་རང་གི་མཛའ་བོ་ལ།

ལག་པའི་པད་མ་ཟུམ་པར་བྱས། ཞེས་དང༌། ཡང་བོད་མཁས་པས།

ཚོགས་དབུས་ལང་ཚོ་རབ་རྫོགས་ཟླ་བཞིན་མས།

དངུལ་དཀར་དྲི་མེད་ལས་གྲུབ་བཞིན་གྱི་སྣོད།

མཁའ་ལ་འཕྱར་ཏེ་ས་གཞིར་བཙུགས་པའི་འགྲམ།

ཀུན་དའི་མེ་ཏོག་ཟུང་ཞིག་བཞག་ནས་སོང༌། ཞེས་པའི་གསང་བརྡ་དེ་གཉིས་ཀས་མཚོན་དོན་མཚན་མོར་ཐུག་རྒྱུའི་དུས་བཏབ་པའོ།

རྣམ་གྲངས་གཞན་བརྗོད་དམ་ཁ་གཡར་བའི་ཕྲ་མོ་ནི།

 ༡། དོན་གཞན་སྟོན་པའི་ཕྲ་མོ།

གཞན་གསོས་དག་གིས་ཨ་མྲ་ཟ།

བདག་ནི་དེ་དག་བཟློག་པར་འགྲོ།

ཁྱོད་གཉིས་བག་ཕེབས་ག་ལེར་བཞུགས།

ཞེས་ཏེ་གཞོན་སྐྱེས་ཕོ་མོ་ཟུང༌།

བཞག་ནས་ཨ་མྲའི་ནགས་སུ་སོང༌། ཞེས་པ་འདིས་ཁོ་རང་ཁུ་བྱུག་དཀྲོག་ཏུ་འགྲོ་བར་ཁ་གཡར་ནས་དགའ་བོ་དེ་གཉིས་ལ་སྙིང་གཏམ་སྨྲ་བ་སོགས་ཀྱི་སྐབས་བྱིན་པ་སྟེ། ལས་དོན་གཞན་ཞིག་ཡོད་པར་ཁ་གཡར་བའི་ཚུལ་དུ་སྨྲས་པའོ།

          ཡང་ན། འཇུ་སྐལ་བཟང་གིས།

 

༢། ཆ་ཡིས་སྒྲིབ་པའི་ཕྲ་མོ།

དཔེར་ན། རྩ་བར།

རྒྱལ་པོའི་སྲས་མོ་མཐོང་བ་ཡིས།

སྤུ་ལོང་རྒྱས་པ་ཉུག་རུམ་པས།

རིག་པར་གྱུར་བས་ཨ་ཤུ་ཚལ།

བསིལ་བའི་རླུང་དང་ལྡན་ཞེས་སྨྲས།་ཡང་ན།བོད་མཁས་པས།

ཚོགས་དབུས་གསུང་རབ་དཀའ་བའི་གནས་དག་ལ།

འབེལ་མཆིད་གླེང་ཚེ་ལྡབ་ལྡིབ་སྒྲ་གཞན་དང༌།

གློ་འགོག་ལུད་པ་ལུ་འདི་བྱང་ཁོག་ཁྱམས།

རྣག་གིས་ཟོས་པའི་རང་ཉམས་སྦ་ནུས་སམ། ལྟ་བུ་དག་ཀྱང་ཕྲ་མོར་འཐད་དེ། སྐབས་དོན་གསང་ཕྱིར་རྣམ་གྲངས་གཞན་ནམ་ཁ་གཞན་ལ་གཡར་ནས་བརྗོད་པ་མཚུངས་ཕྱིར་རོ། དེ་ཡང་རང་གཞན་གྱི་སྐྱོན་ལ་སོགས་དོན་གནས་གང་ཞིག་སྒྲིབ་ཕྱིར་དེ་དང་ཆ་མཚུངས་པའི་རྒྱུའམ་རྐྱེན་གཞན་དག་འདོད་པའོ། བརྗོད་ཚུལ་འདི་དག་ལས་ཀྱང་སྐབས་དོན་དངོས་ཟུར་རམ་ཤུགས་ནས་སྟོན་པ་དང༌། ཡང་ན་ཕ་རོལ་པོར་མགོ་རྨོངས་པར་བྱེད་པའི་ཆ་ནས་ཀྱང་ངོ༌།

༣། སྐབས་མིན་བརྗོད་པའི་ཕྲ་མོ།

དེ་ཡང་རྩ་དཔེ་ཅུང་བཅོས་ན།

གཞན་བསྟེན་མི་དགོས་རི་དྭགས་རྣམས།

འབད་མེད་རྙེད་པར་སླ་བའི་ནོར།

ཆུ་དང་རྩྭ་ཡི་མྱུག་སོགས་ཀྱིས།

རི་དང་ནགས་སུ་བདེ་བར་འཚོ།

བདག་ཀྱང་ལུས་འདི་ཡོངས་སྤངས་ཏེ།

རི་སྐྱེས་འདི་འདྲར་འཚོ་བར་ཤོག ལྟ་བུ་སྟེ། རི་དྭགས་ཀྱི་འཚོ་གནས་ལ་བསྔགས་པའམ་སྨོན་པའི་བརྗོད་ཚུལ་འདིའི་ཤུགས་བསྟན་དུ། གཞན་དབང་མནར་གཅོད་ཀྱིས་གདུང་བའི་སྐྱེ་བོ་གང་ཞིག་གི་ལས་སྐལ་དང༌། རེ་ཐག་ཆད་པའི་འཚོ་གནས་སྐྱོ་བོ་དེ་གོ་བར་བྱེད་པས་ན་ཕྲ་མོའི་རྒྱན་ལས་མ་འདས་ཤིང༌། ཁ་གཞན་ལ་གཡར་ནས་དོན་རང་གི་གནས་སྐབས་མཚོན་པས་སོ། གཞན་དུ་ན་རྒྱ་ཆེའི་ཡོན་ཏན་དུའང་རིགས་པར་བྱའོ། འདི་ཡང་སྐད་ཆའི་སྒྱུ་རྩལ་ཙམ་ལས་འགོངས་པའི་སྒྱུ་རྩལ་མཚོན་ཐབས་ཤིག་ཀྱང་ཡིན་པ་ཤེས་བར་བྱའོ།

ང༌། ཟོལ་གྱིས་བསྟོད་ཅིང་སྨོད་པའི་ཕྲ་མོ།

རཱ་མ་དཀའ་ཐུབ་པ་ཡིས་ཀྱང༌།

འབྱུང་བོ་འཛིན་མ་འདི་ལས་རྒྱལ།

དེ་བས་རྒྱལ་པོ་ཆེན་པོ་ཁྱོད།

ང་ཉིད་གཅིག་ཅེས་རྒྱགས་མ་མཛད། ཅེས་ཁྱོད་གཅིག་པུ་མིན་པར་སྔོན་དུས་རྒྱལ་པོ་དགའ་བྱེད་ཀྱིས་ཀྱང་ས་གཞི་ཆེན་པོ་འདི་དབང་དུ་བསྒྱུར་བས་ང་རྒྱལ་གནང་མི་འོས་པའི་ཚུལ་དུ་ཅུང་སྨད་པའི་ཟོལ་གྱིས་སྨྲས་ཀྱང༌། དོན་ལ་རཱ་མ་ནའི་མཐུ་དང་འདྲ་བར་བསྟན་པས་སྨད་པའི་ཚུལ་ལམ་ཟོལ་གྱིས་བསྟོད་པའོ།

          ཡང་ན།

དགའ་བྱེད་གཅིག་པུས་ཉག་ཕྲན་གྱིས།

རྒྱ་མཚོའི་གོས་ཅན་བདག་ཏུ་བྱས།

ཁྱོད་ཀྱང་གླིང་ཕྲན་ཆེན་པོ་འདིའི།

བདག་པོ་ཉིད་ཕྱིར་ཅིས་མི་སྙེམས། ཞེས་པ་འདི་བསྟོད་པའི་ཚུལ་དུ་སྣང་མོད་དོན་ལ་རཱམ་དང་ཁྱད་པར་ཤིན་ཏུ་ཆེ་བས་ང་རྒྱལ་ཆེས་ཆེར་བྱེད་པ་ནི་མི་འོས་པ་སྟེ། ང་རྒྱལ་བྱ་རིན་ཅི་ཡང་མེད་པ་བསྟན་པས་ན། བསྟོད་པའི་ཚུལ་ལམ་ཟོལ་གྱིས་སྨད་པའོ།

 

 

དགུ་པ། འགལ་བའི་རྒྱན།

 

གང་དུ་དངོས་པོ་འགལ་བ་རྣམས།

ཡང་དག་འགྲོགས་པར་བསྟན་ནས་ཀྱང༌།

ཁྱད་པར་མཛེས་པར་མཚོན་པའོ།

          དེ་ཡང་སྤྱིར་ན་ཆ་འགྲིག་དང་སྙོམ་པ་ནི་ཡིད་དུ་འོང་མོད་ཀྱང༌། སྒྱུ་རྩལ་གྱི་བཀོད་ཐབས་ཆ་ནས་ཡ་དང་མི་སྙོམ་པ་དག་ཀྱང་ལྷག་པར་མཛེས་པར་སྣང་ཚུལ་མང་བས། འདིར་ཡང་མཛེས་པའམ་ཡིད་འོང་གི་རྣམ་པ་ཞིག་གཞན་ལས་ལྷག་པར་མཚོན་ཕྱིར་ཆེད་དུ་འགལ་བའི་ཚུལ་རྣམས་སྟོན་པའི་བརྗོད་ཚུལ་ཞིག་སྟེ། དཔེར་ན་རྩ་བར།

རྐེད་པ་ཕྲ་ཞིང་རོ་སྨད་སྦོམ།

མཆུ་དམར་མིག་དག་དཀར་བ་མིན།

ལྟེ་བ་དམའ་ཞིང་ནུ་མ་མཐོ།

བུད་མེད་ལུས་ཀྱིས་སུ་མ་བཅོམ། ལྟ་བུ་སྟེ། འགལ་བའི་སྣང་ཚུལ་དེ་དག་གཅིག་ཏུ་འཛོམས་པའི་ལུས་དེ་ནི་ཅི་འདྲའི་མཛེས་མ་ཞིག་མ་རེད་དམ། སྐད་ཆ་འདིས་མཛེས་མ་ཞིག་གི་གཟུགས་རིས་བཀོད་འབྲི་འབུར་དུ་ཐོན་པའོ།

ཡང༌།

པད་རྩའི་ལག་པ་ཆུ་ཤིང་བརླ།

པད་མའི་གདོང་དང་ཨུཏཔལ་མིག

ཁྱོད་ཀྱི་གཟུགས་ཀྱིས་བདག་ཅག་རྣམས།

གདུང་ནུས་མིན་ནམ་ལང་ཚོ་མ། ཞེས་པས་ཀྱང༌། དཔེ་རུ་བྱས་པའི་པད་རྩ་དང་ཆུ་ཤིང་སོགས་ཚ་བ་དང་བསིལ་བའི་རང་བཞིན་འགལ་བ་ཅན་གྱི་མཛེས་སྡུག་གི་རྫས་ཚོགས་པའི་ལུས་འདིས་བདག་ཅག་ལ་ཆགས་པའི་གདུང་བ་སྦྱིན་པ་སྟེ། རྫས་དང་ལས་འགལ་བ་ཡང་ངོ༌།

གཞན་ཡང༌། རྩ་བར།

ངང་པའི་རྒྱལ་པོའི་ཁྱུ་དག་ནི།

མྱོས་པའི་གདངས་སྙན་ཅ་ཅོ་འཕེལ།

རྨ་བྱ་རྣམས་ཀྱི་མགྲིན་པ་ནི།

ཡིད་འོང་སྒྲ་དང་བྲལ་བས་ཉམས། ཞེས་འདབ་ཆགས་རིགས་མི་མཐུན་པ་དག་དགའ་སྡུག་མཉམ་གནས་ཀྱི་བྱ་བའི་འགལ་བའི་སྒོ་ནས་སྟོན་དུས་ཀྱི་ཁྱད་ཆོས་རབ་ཏུ་མཚོན་པའོ། ཕྱི་དུས་བྱེད་ཀྱི་རྒྱུ། 

 

བཅུ་པ། ལྷན་ཅིག་བརྗོད་རྒྱན།

 

བྱ་བ་ཡོན་ཏན་ལས་ལ་སོགས།

ལྷན་ཅིག་མིན་ཡང་ཡིན་ཚུལ་དུ།

བརྗོད་ཚུལ་འདི་ཡང་མཛེས་པའོ།

 

༡། བྱ་བ་ལྷན་ཅིག་པའི་རྒྱན།

སྤྱིར་བྱ་བ་ཚང་མ་ལ་སྔ་ཕྱིའི་གོ་རིམ་ཞིག་ཡོད་མོད། འདིར་དུས་གཅིག་ལ་ལྷན་ཅིག་ཏུ་བྱུང་བ་ལྟར་གྱི་བརྗོད་ཚུལ་ཁྱད་པར་བ་སྟེ། དཔེར་ན་རྩ་བར།

ཁུ་བྱུག་མགྲིན་སྒྲོག་སྐལ་བཟང་དང༌།

ནགས་ཀྱི་རླུང་ནི་དྲི་བཟང་དང༌།

དཔྱིད་དུས་སྐྱེ་བོའི་དགའ་བའི་འཛུམ།

ལྷན་ཅིག་དག་ཏུ་འཕེལ་བར་གྱུར། ཅེས་པ་ལྟ་བུ་སྟེ། དོན་ནི་དཔྱིད་ཀའི་དཔལ་ཡོན་ལ་བསྔགས་པ་སྟེ། དེ་ཡང་ཉིན་རེ་བཞིན་དུ་རིམ་པས་དཔྱིད་ཀའི་དཔལ་ཡོན་རྒྱས་པ་ཡིན་མོད་ཀྱང༌། འདིར་ཁུ་བྱུག་གི་སྐད་སྙན་དང༌། ལྗོན་པ་རྒྱས་པའི་དྲི་བསུང་རླུང་གིས་ཁྱབ་པ་དང༌། སྐྱེ་བོ་རྣམས་དགའ་བ་བཅས་དུས་མཉམ་དུ་འཕེལ་བའི་ཚུལ་དུ་བརྗོད་པས་མཛེས་པའོ།

གཞན་ཡང༌། བྱ་བ་ཐ་མའི་གསལ་བྱེད་ཀྱི་དཔེར།

ཁྱོད་ཀྱི་ཨུཏ་པལ་རྣ་བ་ལ།

འདོད་པའི་མདའ་ནི་མདའ་སྟན་ལ།

བདག་གི་སེམས་ཀྱང་འཆི་བ་ལ།

གསུམ་པོ་འདི་ནི་མཉམ་དུ་བྱས། ཞེས་པའི་ཚིག་དོན་དངོས་ནི། སྒེག་ལྡན་མ་གང་གིས་རྣ་བར་མེ་ཏོག་གི་རྒྱན་བྱེད་པའི་སྒེག་ཉམས་དེ་ནི་འདོད་ལྷའི་མེ་ཏོག་གི་མདའ་གཅིག་ཁོ་ལ་གཟས་པ་དང་འདྲ་བར་ཡིད་འོང་དགའ་བ་དང་ཆགས་པས་གདུང་བར་བྱེད་དོ། ཞེས་པའི་དོན་ཡིན་མོད། བརྗོད་ཚུལ་གྱིས་དེ་དག་ལ་སྔ་ཕྱི་མེད་པར་ལྷན་ཅིག་ཏུ་བྱས་པའི་ཚུལ་དུ་བརྗོད་པས་ན་བྱ་བ་ལྷན་ཅིག་པའི་རྒྱན་ནོ།

༢། ཡོན་ཏན་ལྷན་ཅིག་པའི་དཔེར། རྩ་བར།

ད་ནི་མཚན་མོའི་དུས་འདི་དག

བདག་གི་དབུགས་དང་ལྷན་ཅིག་རིང༌།

ཟླ་བའི་རྒྱན་ལྡན་མ་འདི་ཡང༌།

བདག་ལུས་ཉིད་དང་ལྷན་ཅིག་སྐྱ། ཞེས་ཏེ། ཟླ་འོད་འཕྲོ་བའི་མཚན་རིང་ཞིག་ལ་དབུགས་རིང་འཐེན་ནས་ནམ་མ་འཁྱོལ་བར་ལུས་ཀྱང་སྐྱ་བོར་གྱུར་ནས་གནས་པའི་སྐྱེ་བོ་གང་ཞིག་གི་སྐྱོ་ཉམས་གསོན་ཉམས་ལྡན་པ་ཞིག་སྣང་བར་མ་ཟད། དེ་ཡང་ཆགས་ལྡན་གང་ཞིག་གིས་རིང་ནས་བསྒུགས་པའི་དགའ་བོ་དྲན་གདུང་ལྕི་བའི་ཁར་ཟླ་འོད་བསིལ་བས་འདོད་གདུང་དང་བཅས་པའི་སྐྱོ་གདུང་མཉམ་འདུས་ཤིག་གིས་གཟིར་བའི་ངང་ཚུལ་རྟོགས་ཐུབ་པའི་རྒྱན་དམ་པའོ།

          དེ་ཡང༌། རིང་དང་སྐྱ་ཞེས་པ་ཙམ་དང༌། དེ་དག་ལྷན་ཅིག་ཏུ་བྱུང་བ་ཁོ་ནའི་ནུས་པའང་མིན་པར། ཡིད་འོང་མཚན་ལྗོངས་ཀྱི་རྣམ་པ་དེ་དང་སྐྱོ་སྣང་གིས་གདུང་བ་བོ་གཉིས་གནས་སྐབས་གཅིག་ཏུ་འཁེལ་བའི་སྣང་ཚུལ་དངོས་དང་དམ་དུ་སྦྲེལ་ནས་མཚན་ལྗོངས་དེ་ཉིད་ཀྱང་སྐྱོ་སྣང་གི་སྣོན་མར་བཅོས་ཐུབ་པ་འདིས་ཡིན་པ་ཞིབ་ཏུ་སོམས་དང་ཤེས་སོ།

          དེ་བས། སྐབས་འདིའི་དཔེ་བརྗོད་མང་པོ་ཞིག་ནི་དཔེ་དོན་གྱི་འབྲེལ་བར་གྱུར་པ་ཙམ་ལས་འདི་ལྟ་བའི་སྒྱུ་རྩལ་གྱི་རོ་མངར་མེད་པ་གཤིབ་སྡུར་བགྱིས་ན་གསལ་ལོ།

༣། རྒྱུ་འབྲས་ལྷན་ཅིག་པའི་རྒྱན།

རྩ་བའི་རྒྱུ་འབྲས་ལྷན་ཅིག་པའི་དཔེར།

སྐྱེས་བུ་ལུས་སྐྱེས་ཀྱིས་མྱོས་པའི།

རྣམ་འཕྲུལ་སྣ་ཚོགས་ལྷན་ཅིག་ཉིད།

བུ་མོ་རྣམས་ལ་ན་ཆུང་གི

གནས་སྐབས་ཡོངས་ནུབ་ལང་ཚོ་སྨིན། ཞེས་པའི་ཚིག་ཟིན་ལྟར་ན་ཆགས་ལྡན་སྐྱེས་བུ་གང་ཞིག་གིས་འདོད་གཏམ་དང་ཆགས་པའི་མིག དགའ་བའི་འོ་སོགས་ཀྱི་རྣམ་འགྱུར་སྣ་ཚོགས་བསྟན་པའི་རྒྱུ་དེ་དག་དང་ལྷན་དུ་བུ་མོ་དེ་དག་ཀྱང་ལོ་ན་ཆུང་བའི་གནས་སྐབས་ལས་ཡལ་ནས་ལང་ཚོ་ཡོངས་སུ་སྨིན་པའི་འབྲས་བུ་ཐོབ་པར་བརྗོད་པ་མཚར་ཉམས་ཆེའོ། དེའི་དོན་ནི་ཆགས་པས་ཆགས་པ་བསྐྱེད་ཅིང་ན་ཆུང་བུ་མོ་དག་ལའང་ཆགས་པའི་སྟོབས་ནི་ཤིན་ཏུ་ཆེ་བ་མཚོན་པ་ཡིན་ལ། བྱེ་བྲག་ཏུ་སྐྱེས་བུ་གང་ཞིག་གིས་ན་ཆུང་མ་ཞིག་ལ་དགའ་མགུར་སྤྱོད་ཚུལ་དུའང་གོ་ཆོག་པའོ།།

 

བཅུ་གཅིག་པ། ཡོངས་བརྗེས་ཀྱི་འཁྱོག་བརྗོད་རྒྱན།

 

དོན་རྣམས་སྣོལ་བའི་ཚུལ་གྱིས་ནི།

འཁྱོག་པོར་བརྗོད་པ་གང་ཡིན་པའོ།

          རྒྱན་འདི་ནི་དོན་ཕན་ཚུན་བསྣོལ་བའམ་བརྗེས་པའི་ཚུལ་དུ་བརྗོད་ཚུལ་ཙམ་ལས་ཉོ་ཚོང་ལྟ་བུ་དངོས་སུ་བརྗེ་བའི་དོན་མ་ཡིན་ཏེ།

          དཔེར་ན་རྩ་བར།

ས་སྤྱོད་རྣམས་ལ་མཚོན་བསྣུན་པ།

སྟེར་བྱེད་ཁྱོད་ཀྱི་ལག་པ་ཡིས།

དེ་དག་གྲགས་པ་ཀུ་མུད་དཀར།

ཡུན་རིང་དག་ཏུ་བསྒྲུབས་པ་འཕྲོགས། ཞེས་པ་ལྟ་བུ་སྟེ། རྒྱལ་པོའམ་དཔའ་བོ་ཆེན་པོ་གང་ཞིག་གིས། ས་སྐྱོང་གང་དག་ལ་ཕར་མཚོན་གྱི་སྣུན་པ་སྦྱིན་ནས། ཚུར་དེ་དག་གིས་དུས་ཡུན་རིང་པོར་དཀའ་བས་བསགས་པའི་མཚན་སྙན་ཡོད་ཚད་འཕྲོགས་སོང་ངོ༌། ཞེས་དོན་ཕན་ཚུན་བསྣོལ་བའམ་བརྗེས་པའི་ཚུལ་དུ་བརྗོད་པའོ། དོན་ནི་ཕ་རོལ་དགྲ་སྡེ་གྲགས་ཅན་དག་ཕམ་པར་བརྒྱབ་ནས་དེ་དག་ལས་ལྷག་པའི་མཚན་སྙན་ཐོབ་ཚུལ་ལ་བསྔགས་ནའང་འཁྱོག་པོར་བརྗོད་ཚུལ་མཛེས་པའོ།

ཡང༌།

བརྗིད་ཆགས་ལོ་འདབ་རབ་རྒྱས་ཙན་དན་ལྗོན།

བཟང་པོའི་དྲི་བསུང་ཕྱོགས་བཅུར་འགྱེད་བཞིན་དུ།

སྣ་ཚོགས་མདངས་སུ་བཀྲ་བའི་ཉི་མའི་འོད།

གཅིག་ཏུ་བསྡུས་ནས་སྐྱེ་སྟོབས་དཔལ་རབ་འཆང༌། ཞེས་པ་ལྟ་བུ་ནི་སེམས་མེད་རབ་རྟོག་དང་བཅས་པས་ན་རབ་རྟོག་ཡོངས་བརྗེས་རྒྱན་དུ་འདོད་ལ། གཞན་ཡང༌།

          ཀྱེ་མགོན་པོ་མཆོག ཉིད་ཀྱིས་འཇིག་རྟེན་འདིར། བྱམས་བརྩེ། སྙིང་རྗེ། ལྷག་བསམ། དམ་པའི་ཆོས་ཀྱི་ལེགས་སྐྱེས་དང་བཅས་པ་ཕངས་མེད་ཀུན་དགའི་གསོས་སུ་སྦྱིན་ནས། ཞི་བདེའི་དེད་དཔོན་ཆེན་པོའི་མཚན་སྙན་བདག་གིར་བཞེས་མོད། ད་དུང་ཡང་ངོམས་པ་མེད་པར་མཛད་འཕྲིན་གྱི་འོད་དཀར་ཕྱོགས་བཅུར་སྤྲོ་བ་འདིས། རྒྱལ་བ་ཀུན་གྱི་སྙན་པ་འཕྲོག་པར་འདོད་དམ་ཅི།

          ཞེས་པ་ལྟ་བུར་མཚོན་ན་གཟུགས་རྒྱན་དང་སེམས་ལྡན་རབ་རྟོག་དང་བཅས་པ་སྟེ་་སྤེལ་མའི་ཡོངས་བརྗེས་རྒྱན་སོགས་རིག་སྒྲེ་བར་བྱའོ།

 

 

བཅུ་གཉིས་པ། བསྡུས་བརྗོད་ཀྱི་རྒྱན།

 

 

          གང་ཞིག་བརྗོད་འདོད་དངོས་པོ་དེ།

          མངོན་པར་མ་བརྗོད་དཔེ་ཙམ་ལ།

          བསྡུས་ཏེ་ཤུགས་ནས་རྟོགས་བྱེད་པ།

          མཚོན་བྱེད་ཅན་ནམ་བསྡུས་བརྗོད་རྒྱན།

 

          རང་གིས་བརྗོད་འདོད་ཀྱི་སྐབས་དོན་གང་ཞིག་ཡིད་ལ་བསམ་ནས། དེ་ཐད་ཀར་རམ་་ཚིག་ཟིན་གང་དུའང་མ་བཀོད་པར། མཚོན་བྱེད་དཔེའི་དངོས་པོ་གཞན་ཞིག་བཀོད་དེ་དེའི་ནང་ལ་བརྗོད་དོན་བསྡུས་ནས་ཤུགས་ནས་གོ་བར་བྱེད་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་སྟེ། རྟོག་སྣང་དང་མཛེས་སྣང་བསྐྱེད་པའི་ནུས་པ་གཞན་ལས་ལྷག་ཅིང་རང་བཞིན་གྱིས་གོ་དཀའ་བའི་ཁྱད་ཆོས་ཅན་ནོ།

          འདི་ལ་མཚོན་བྱེད་དང་མཚོན་བྱའི་བར་ལ་དཔེ་དོན་གྱི་མཚུངས་ཆོས་འོས་འཚམས་ཤིག་དགོས་རྒྱུ་གལ་ཆེ་ནའང༌། མཐའ་གཅིག་ཏུ་དཔེ་འཇོག་གི་རྒྱན་ལྟར་མཚུངས་ཆོས་དགོས་པའི་ངེས་པ་མེད་པར་མཚོནརྟགས་ཙམ་ཞིག་གིས་མཚོན་པར་བྱེད་པའི་སྙན་ཚིག་ཀྱང་མངས།

 

གཅིག སྤྱིའི་བསྡུས་བརྗོད།

 

          འདི་ནི་མཚོན་བྱེད་དུ་བཀོད་པའི་དངོས་པོ་དེ་ཉིད་ཀྱི་སྤྱིའམ་ཕྱོགས་ངོས་ཡོངས་ནས་བརྟག་ཅིང་བཙལ་ན་གཞི་ནས་ཁྱད་ཆོས་དེ་མཚུངས་ཀྱི་སྐབས་དོན་གང་ཞིག་རྟོགས་ཐུབ་ཙམ་གྱི་བསྡུས་བརྗོད་རྒྱན་ཞིག དེར་ཡང་བྱེ་བྲག་གི་མཚོན་ཐབས་ཧ་ཅང་མང་ངོ༌།

          ༡། དཔེའི་ངང་ཚུལ་ཇི་བཞིན་བརྗོད་པའི་བསྡུས་བརྗོད་རྒྱན་ནི། དཔེར་ན། རྩ་བར།

          བུང་བ་ཇི་ལྟར་འདོད་པ་བཞིན།

          པད་མ་རྒྱས་ལ་སྦྲང་རྩི་འཐུངས།

          དྲི་ཞིམ་རྒྱས་པ་མ་ཡིན་ཡང༌།

          མེ་ཏོག་ཁ་མ་ཕྱེ་སྦྱོར་ལྟོས།

          ཞེས་པ་འདིའི་ཚིག་ཟིན་ལྟར་ན། བུང་བ་ཞིག་རང་གིས་ཇི་ལྟར་འདོད་པ་དེ་ལྟར་དུ་པད་མ་རབ་ཏུ་རྒྱས་པ་དག་གི་སྦྲང་རྩི་མངར་མོ་འཐུངས་པ་དེས་ད་དུང་ཆོག་མ་ཤེས་པར་དྲི་ཞིམ་མ་རྒྱས་པའམ་འདབ་མ་ཟུམ་པའི་མེ་ཏོག་གི་གང་བུ་དག་ལའང་མཆུ་སྦྱོར་ནས་སྦྲང་རྩི་གཞིབས་འདོད་ཀྱི་རྣམ་འགྱུར་ལ་འཕྱ་ཞིང་སྨོད་པ་ཙམ་ཡིན་མོད། སྙན་དངགས་པས་སྐབས་དོན་བསམ་པ་ནི་དེ་མཚུངས་ཀྱི་དོན་གཞན་ཞིག་ཡིན་པ་སྟེ། རྩ་བར།

          ཆགས་ལྡན་བུད་མེད་དར་མ་ལ།

          དགའ་བས་བརྩེ་དགས་བཅིངས་པ་དག

          བུ་མོ་འགའ་ཞིག་དག་ལའང༌།

          འདོད་པ་འཕེལ་བ་སྟོན་པར་བྱེད། ཅེས་པའི་འདོད་ལྡན་གང་ཞིག་གི་བྱ་བའི་རང་བཞིན་བརྗོད་པ་འདི་ཉིད་དཔེའི་དངོས་པོ་དེའི་ནང་ལ་བསྡུས་པའི་བསམ་བློ་ཡིན་ལ། ཡང་ན་དཔེ་དེས་ཤུགས་བསྟན་གྱི་ནང་དོན་ཡིན།

          འདིར་བུང་བ་དང༌། མེ་ཏོག སྦྲང་རྩི་རྣམས་དང༌། དེ་ཡང་བུང་བས་སྦྲང་རྩི་དོན་དུ་གཉེར་བའི་འདོད་ཧམ་ཆེ་ཚུལ་མེ་ཏོག་ཁ་མ་བྱེ་བར་ཡང་མཆུ་སྦྱོར་བའི་བྱ་བའི་ངང་ཚུལ་དག་ཇི་བཞིན་བསྟན་པའི་སྤྱི་ལྡོག་ནས་བསམ་ན་འདོད་ལྡན་ཞིག་གི་མ་རུངས་པའི་སྤྱོད་ཚུལ་ལ་ཟུར་ཟ་བྱས་པ་གོ་ཐུབ་པ་ཙམ་ལས། ཡང་མཐའ་གཅིག་ཏུ་གོ་དོན་གཞན་ཞིག་ལ་བསྐོར་ཅིང་སྦྱར་ནས་འགྲེལ་ཡང་མི་འགྲིགས་པ་ཞིག་མིན་ནོ།

དཔེ་མཚོན་གཞན་ཡང༌།

          བྲག་དམར་གྱི་བང་རིམ་བརྒྱ་རྩེག་ལས།

          གཤོག་ཡངས་ཀྱི་ཐང་དཀར་རྒོད་པོ་བརྒྱ།

          མཁའ་དབྱིངས་སུ་ལྡིང་སྐོར་སྙེགས་རེས་བྱེད།

          ངས་ཡིད་སྨོན་ཡང་ཕྲག་མི་དོག

 

          གཅོང་རོང་གི་འོབས་དོང་དགུ་རྩེགས་ལས།

          ཁ་ཆེ་ཡི་སྦལ་བ་གཅོང་ཁྲིད་སྟོང༌།

          སྐོར་མཆོང་གིས་མིག་འབུར་མཁའ་ལ་གཏོད།

          ངས་ཡིད་མི་དགའ་མོད་བློ་མི་ཕམ།

 

          གྲམ་ཤུལ་གྱི་ཆུ་འཁྱིལ་འགའ་ཞིག་ན།

          ཤི་མ་གསོན་གྱི་ཉེའུ་འཁྱམ་པོ་འགས།

          གློ་བུར་བའི་འཕག་འཚག་རེ་བྱེད་དུས།

          ང་མ་ཤི་ཡང་སྙིང་གས་སོང༌། །ཞེས་པར་མཚོན་ན་ཡང༌། ཚིགས་བཅད་དང་པོས་དེང་གི་རྒྱལ་ཁབ་ཁག་གིས་བར་སྣང་བསྐོར་བ་སོགས་ཚན་རིག་ལག་རྩལ་དང་སྟོབས་འབྱོར་ཤིན་ཏུ་རྒྱས་པ་དང༌། གཉིས་པས་རྗེས་ལུས་ཀྱི་མི་རིགས་དག་གིས་ཀྱང་ཡར་རྒྱས་ཀྱི་འཚོ་ལམ་ཞིག་ལ་རེ་ལྟོས་བྱེད་པ་དང༌། གསུམ་པས་ང་ཚོ་ཡུལ་གྱུར་བ་དག་ནི་དེ་ལས་ཀྱང་སྐྱོ་ལ་ཉེན་ཁའི་གནས་སུ་ཡོད་པ་བཅས་བསྟན་པ་དང་ལྷན་དུ་རང་ཅག་གི་གནས་བབ་ལ་གདུང་སེམས་མཉམ་སྐྱེ་དང་རྗེས་ལུས་ཀྱི་མི་རིགས་ཁག་ལའང་སྙིང་རྗེ། དེང་རབས་ཀྱི་སྔོན་ཐོན་འཚོ་བར་ཡིད་སྨོན་རེ་ལྟོས་བྱེད་པའི་བསམ་ཚུལ་གསལ་བར་བསྟན་ཡོད།

 

སྲིན་བྱ།

 

          ཡོལ་ནག་གི་འཇིག་རྟེན་ལ།

          རྒྱུ་སྐར་གྱི་ཕྲ་ཚོམ་བཀོད།

          ཁུ་སིམ་པའི་ཁོར་ཡུག་ན།

          ཡོད་ཚད་བདེ་བར་གཟིམ།

 

          ཇག་རྐུན་དག་གི་རྒྱུ་ལམ་ནས།

          སྙིང་ལ་གཟན་པའི་ཀུ་ཅོ་ཞིག

          སྙིང་ཁམས་ཆུང་བའི་བྱིས་པ།

          ཨ་མའི་བྲང་ཁོང་ལ་བཅར།

          ཉིན་མོར་མི་སྨྲའི་སྒོམ་ཆེན།

          མཚན་མོར་ཀུ་ཅོའི་འདྲེ་བྱ།

 

          འཇིག་རྟེན་འདིར།

          དེ་དང་དེ་འདྲའི་སྲིན་བྱས་གང༌།

 

          འདིས་བསྡུས་པའི་བདག་གི་བསམ་དོན་སྙིང་བོ་ནི། སྤྱི་ཚོགས་ལྷིང་འཇགས་དང་མང་ཚོགས་ཀྱི་མི་མཐོང་བའི་ས་ན་རྟག་ཏུ་སྐབས་གླགས་བཙལ་ནས་གཡོ་ཐབས་ཀྱིས་རང་ཉིད་སྦེད་པའི་མི་ངན་དག་ལ་ཟུར་ཟ་བྱས་པའོ། དེ་ཡང་སྲིན་བྱའི་སྤྱོད་ཚུལ་འདིའི་སྤྱི་ལྡོག་ནས་གོ་ཐུབ་པ་ཙམ་མོ།

 

གཏན་ཚིགས་ཀྱི་བསྡུས་བརྗོད།

          ལྷོ་ཕྱོགས་སྤྲིན་པ་ནག་པོ།

          བརྒྱབ་པའི་ལྷན་པ་མ་རེད།

          ཉི་མ་སྤྲིན་པའི་འོག་ནས།

          དྭངས་པའི་དུས་ཤིག་ཤར་འོང༌།

          ཞེས་པས་དཀའ་ངལ་དང་སྐྱོ་གདུང་སོགས་ལས་ཐར་ངེས་ཀྱི་ཡིད་ཆེས་དང་རེ་སྨོན་མཚོན་པའོ།

 

བྱ་བ་འགལ་བའི་བསྡུས་བརྗོད།

          བརྒྱབ་པའི་མུ་ཏིག་འཚེམ་བུ།

          འགྲོལ་བ་གནང་ནས་གང་ཡོང༌།

          མ་འབྱར་རྡོ་ལ་སྤྱིན་སྦྱར།

          སྦྱར་བ་གནང་ནས་གང་ཡོང༌།

          ཞེས་མུ་ཏིག་དོར་ནས་རྡོ་ལེན་པའི་བླུན་རྟགས་ཏེ། ལེགས་ཉེས་བླང་དོར་ལ་རྨོངས་པར་ཟུར་ཟ་བྱེད་པའོ།

དུ་མའི་མཚོན་བྱེད་ཅན།

          སེམས་ལ་ཁམ་སྡོང་བསམ་བྱུང༌།

          ལས་ལ་མེ་ཏོག་བསྐོས་སོང༌།

          འབྲས་བུ་མ་སྨིན་བར་དུ།

          སད་དང་སེར་བ་མ་གཏོང༌།

          ཉི་མ་ཤར་བའི་དང་པོར།

          བྲག་སྟོད་ཡར་ལ་ཤར་སོང༌།

          ང་ནི་བྲག་སྟོད་མཐོན་པོའི།

          རྒོད་པོ་ཡིན་ན་དགའ་བ།

 

          གོང་གི་འདི་གཉིས་ལས་སྨྲེང་བ་དང་བཅས་པའི་སྨོན་སེམས་ཤིག་མཚོན་པ་གསལ་ལོ།

 

མི་འོས་པའི་བསྡུས་བརྗོད།

          བྲག་ལ་རྡུང་ག་རྒྱག་པར།

          ལྕགས་ཀྱི་རྭ་ཅོ་དགོས་ཡོད།

          ཁྱོད་ཀྱི་ར་མགོ་ལུག་མགོས།

          རྡུང་ག་ཡོང་ས་མ་རེད།

          འཕྱ་སྨོད་དང་ཟུར་ཟའི་ནང་དོན་མཚོན་པའོ།

གཞན་ཡང༌།

          ཚིགས་ཁེབས་གཡུ་ཕྲའི་མདའ་བསྐོངས།

          མཛུ་གུ་བཙུར་བ་མ་གནང༌།

          མཛུ་གུ་དེ་ལ་རན་པའི༌།

          མཛུབ་རྒྱན་ལས་ཀྱིས་འཁོར་ཡོང༌།

          ཨུ་ཚུགས་དང་བཙན་དབང་མ་ཡིན་པའི་རང་དབང་གི་བརྩེ་དུང་དོན་དུ་གཉེར་དགོས་ཚུལ་མཚོན་པའོ།

 

གཉིས། སྔར་མེད་བསྡུས་བརྗོད།

 

          སྦྲུལ་ངན་སོགས་དང་བྲལ་བ་ཡི།

          རང་བཞིན་གྱིས་མངར་ཆུ་གཏེར་འདི།

          ཀྱི་ཧུད་དུས་ཀྱིས་བསྐམ་པར་འགྱུར།

          དུག་སྦྲུལ་གདུག་པ་ཅན་ལ་སོགས་པའི་ཆུ་སྲིན་འཇིགས་པ་ཅན་དག་མེད་པའི་རང་བཞིན་གྱིས་མངར་ཞིང་ཞིམ་པའི་མཚོ་བཟང་པོ་འདི་ཡང་ལོ་དུས་ཀྱི་དབང་གིས་ནམ་ཞིག་ན་བསྐམ་པར་འགྱུར་བ་ཀྱེ་མ་ཀྱི་ཧུད། ཅེས་པའི་ཚིག་དོན་ལྟར་གྱི་མཚོ་ཞིག་སྔར་མེད་མོད། རྟོག་བཟོའི་མཚོ་གསར་བ་འདི་འདྲ་ཞིག་དཔེར་བཀོད་པ་ནི་སྔར་མེད་པའི་མཚོན་བྱེད་ཀྱི་དཔེ་སྟེ། ཚིག་དོན་ལྟར་མ་ཡིན་པའི་དོན་གཞན་ཞིག་ལ་བསམ་གཞིགས་བྱ་དགོས་པས་ན་སྐབས་དོན་གང་ཞིག་བསྡུས་ཏེ་མཚོན་པ་ཡིན།

          དེ་ཡང༌། སྦྲུལ་ངན་དང་བ་ཚའི་རང་བཞིན་ཅན་གྱི་སྐྱོན་དག་བྲལ་ཞིང་མངར་བའི་ཡོན་ཏན་ཡ་མཚན་ཅན་དང་མཚུངས་བའི་ཆོས་ཞིག་ལ་བརྟག་ཅིང་དཔྱད་ན་སྐབས་དོན་ནི་རླབས་ཆེན་གྱི་སྐྱེས་བུ་གང་ཞིག་སྐུ་འདའ་བར་སྐྱོ་སྣང་སྐྱེས་པའི་ཚུལ་བསྟན་པ་གོ་ཐུབ་བོ།

 

གསུམ། རབ་རྟོག་བསྡུས་བརྗོད་ནི།

 

          གོང་གསལ་གྱི་མཚོན་ཚུལ་དཔེ་དེ་དག་གང་རུང་ཞིག་གཞི་ལ་བཞག་པའི་ཐོག་རྣམ་པར་རྟོག་པ་གང་ཞིག་སྒྲོ་བཏགས་པའི་རྒྱན་ཞིག་སྟེ། དབྱེ་ན་སེམས་མེད་དང་སེམས་ལྡན་གྱི་རབ་རྟོག་བསྡུས་བརྗོད་གཉིས་སོ།

དང་པོ་ནི། དཔེར་ན།

          པ་སངས་མི་སྡོད་ཆས་འགྲོ

          ནུབ་ཀྱི་ཕྱོགས་ལ་ཆས་འགྲོ

          ཉི་མ་ཟླ་བའི་ཞབས་ཞུ།

          སྨིན་དྲུག་ཁྲ་མོ་ཡོད་རེད། །ཅེས་རང་ཉིད་ཀྱིས་ཕ་མ་སོགས་བསྐྱུར་ནས་གཞན་གང་ཞིག་ཏུ་བསྐྱོད་དགོས་པ་དང༌། ཤུལ་ནས་སྤུན་མཆེད་གཞན་དག་གིས་ཕ་མར་བལྟ་སྐྱོང་ཞུ་དགོས་པའི་བསམ་པ་མཚོན་པའོ།

 

           <ཐག་འཁྱུད་མེ་ཏོག> ལྟ་བུ་སྟེ།

 

          གང་ལྟར་ཡང་བགྲོད་ལམ་ཞིག་རྙེད་ཟིན་པས། བརྩོན་པའི་རྒྱུན་དེ་མ་འདོར་ཨང༌། ཀྱག་ཀྱོག་གི་བགྲོད་ལམ་ཇེ་དོག་དང་ཇེ་དོག་ཏུ་གྱུར་ཏེ་ཁྱོད་ཀྱི་ལུས་པོ་ཇེ་ཆཅུང་ནས་ཇེ་ཆུང་དུ་བཙིར་ཀྱང༌། དམིགས་འདུན་གྱི་རྩ་བ་དེ་མ་ཡོ་བར་གྱིས་ཤིག་ཀྱེ།        

          དཀའ་སྡུག་གི་ཚ་བར་མི་འཛེམ་ཞིང་འཕྱ་དམོད་ཀྱི་ཆར་བར་མི་སྐྲག་པར་བརྩེ་དུང་དང་ཕུགས་བསམ་ཉར་ནས་གནས་གང་དུ་སླེབས་ཀྱང༌། ས་དེ་རུ་སྔོ་ལྗང་གི་རྐང་རྗེས་རེ་འཇོག་ཐུབ་ན་བགྲོད་ལམ་གྱི་དཀྱིལ་ནས་དབུགས་ཀྱི་རྒྱུ་བ་ཆད་དགོས་ཀྱང་ཅི་སྐྱོན།།

 

          ཞེས་པ་འདིར་ཐག་འཁྱུད་མེ་ཏོག་གི་རང་བཞིན་ཇི་བཞིན་བརྗོད་མེད་པར་རྟོག་ཚོར་དང་ལྡན་པའི་སྒྲོ་བཏགས་ནས། མི་ཚེའི་དཀའ་སྡུག་གི་ལམ་དུ་བཟོད་བསྲན་གྱིས་བརྩེ་དུང་དང་ཕུགས་འདུན་ཡོད་པའི་སྒོ་ནས་རང་དོན་རང་གིས་འཁྱོངས་པར་འབད་བརྩོན་བྱེད་པ་ནི་ཤི་ཡང་དོན་དང་ལྡན་པའི་མི་ཚེའི་འགྲུལ་བཞུད་ཅིག་ཡིན་པར་བསྔགས་ཤིང་བསྐུལ་བའོ། དེ་ཡང་མི་བྱེ་བྲག་ཙམ་མིན་པར་ང་ཚོའི་ད་ལྟའི་མི་རིགས་ཀྱི་གནས་བབ་དང་སྦྱར་ནའང་ཧ་ཅང་འཚམ་པར་མཐོང༌།

 

          གཉིས་པ་ནི་དཔེར་ན།

          མ་གཞི་སྤང་དང་གཡག་གུ

          མཐུན་ན་བསམ་པ་མ་གཏོགས།

          ལྷ་གཡག་ཞོལ་པོའི་རྩྭ་ཁ།

          གང་ནས་ཟ་ཟ་ཡིན་པ།

          ཞེས་གཡག་རྒོད་ཅིག་གིས་གཡག་གུ་ཞིག་ལ་ཟུར་ཟ་བྱེད་པའི་ཚུལ་ཏེ། མི་དོན་གྱི་ཞོར་དུ་རང་དོན་སྒྲུབ་ཀྱིན་མེད་པའི་གསལ་འདེབས་ཀྱི་གོ་དོན་ལྡན་ནོ།

          དཔེ་མཚོན་གཞན་ཡང་སྔོན་གྱི<<བྱེ་སྤྲེལ་གྱི་གཏམ་རྒྱུད>>དང༌། <<གཏམ་པད་མའི་ཚལ་གྱི་ཟློས་གར>>ལྟ་བུ་དང༌། དེང་གི<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ> <མེ་ཏོག་སེར་ཆེན> <གཅེས་པར་འོས་པའི་རྟ་མཆོག> ལ་སོགས་པའོ།

 

བཞི། གབ་ཚིག་གི་བསྡུས་བརྗོད།

 

          དེང་གི་གབ་ཚིག་གམ། སྔོན་གྱི་ལྡེའུ་འམ་ཁེད། ལོག་པའི་ངག་ཅེས་པ་འདི་དག་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། སྒྱུ་རྩལ་གྱི་སྐད་ཆའི་རྣམས་གྲངས་ཤིག་ཀྱང་ཡིན་པ་མ་ཟད་མཚོན་བྱེད་ཀྱི་ཐབས་ལམ་ནས་དོན་སྟོན་སྟངས་ཤིག་ཡིན་པས་མཚོན་རྟགས་ཅན་གྱི་རྩོམ་ཁོངས་སུ་སྡུད་འོས་སྙམ་མོ།

གཅིག ལོག་སྐད་འཕྲིན་གྱི་གབཚིག

          ལྡེའུ་ནི་གནའ་སྔ་མོའི་དུས་སུ་རྒྱལ་སྲིད་སྐྱོང་ཐབས་ཀྱི་བློ་རིག་གི་བྱེད་སྒོ་ཞིག་ཡིན་ངེས་པ་ལོ་རྒྱུས་ལས་ཀྱང་གསལ་སྟེ། དཔེར་ན། རྒྱལ་རབས་གསལ་མེར་བློན་པོ་མགར་གྱིས་ལོག་པའི་ངག་བསྐུར་ཚུལ་འདི་ལྟ་སྟེ།

ཐག་རིང་གི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མི་བྱའོ།

ཁ་རོག་སྡོད་ལ་ཀུ་ཅོ་ཐོང༌།

ནག་མོ་ལྕགས་མཁར་ཐུག་ནས་ཡོད།

ལུང་པ་ཕུ་བརྡུག་མདའ་བརྡུགས་སུ།

ཐུ་རུ་ཅོ་བྲགས་ཁོང་ལ་ཞོག

དར་དཀར་དྲིལ་ལ་དར་ནག་བསྐྱོད།

ཟླ་བས་ཉི་མའི་རྩ་རུ་སླེབ།

          ཅེས་པ་སྟེ། ཁོང་རང་རྒྱ་བོ་སྨ་ར་ཅན་ལ་ལབ་མ་ཤོད། ད་ལན་ཁ་རོག་སྡོད་ལ་བོད་བློན་རྣམས་ལ་ཤོད། ས་བོན་ཡོས་སུ་བརྔོས་ནས་འདེབས་བཅུག་ཡོད། དོང་པར་མདའ་མང་པོ་ཆུག ཉིན་མོ་བསྡད་ཀིན་མཚན་མོ་འོང༌། ངས་ཁྱེད་རྣམས་ཀྱི་རྩར་མགྱོགས་པར་སླེབ་འོང་ཞེས་པའི་དོན་ཡིན་པར་བཤད།

          རྗེ་མི་ལའི་རྣམ་ཐར་དུའང༌། ཡུམ་གྱིས་རྣལ་འབྱོར་བ་ཞིག་གི་ཕྱག་ཏུ་མི་ལ་ལ་ཡི་གེ་བསྐུར་བའི་ནང།

         "རྒྱགས་ཆད་ན་ལུང་བ་ཁ་བྱང་དུ་ལྟ་བ། སྤྲིན་ནག་པོ་ལྡིང་ཞིང༌། སྐར་མ་སྨིན་དྲུག་འཆར་བའི་འོག་ན་རང་རེའི་ཉེ་ཚན་གྲོང་པ་བདུན་ཡོད་པས། དེ་ནས་རྒྱགས་ཅི་འདོད་འོང་བ་ཡོད་པས་ལོངས། རྩད་མ་ཆོད་ན་ལུང་བ་དེའི་ནང་ན་རྣལ་འབྱོར་བ་འདི་རང་བཞུགས་པ་ཡིན་པས་གཞན་དུ་མ་འདྲི།" ཞེས་རྣལ་འབྱོར་པའི་སྟོད་གོས་རྒྱབ་ལ་ལྷན་པ་ནག་པོ་ཞིག་སྐུད་པོ་དཀར་པོ་ཞིག་གིས་བཙེམ་པའི་འོག་ལ་གསར་སྲང་བདུན་སྦས་ཏེ་བསྐུར་བའོ།

          གཞན་ཡང་སྲོང་བཙན་གྱི་སྲས་མོ་སད་མ་དཀར་གྱིས་ཞང་ཞུང་ནས་ཡབ་སྲོང་བཙན་ལ་གསང་འཕྲིན་་བསྐུར་ཚུལ་བ་ལ་སོགས་བཞིན་ནོ།

 

གཉིས། ཀུ་རེ་རྩེད་མོའི་གབ་ཚིག

          གཞན་ཡང་རིག་པ་འཕེལ་བྱེད་དམ་རྩེད་མོའི་རྣམ་པ་ཅན་གྱི་ཁེད་ཧ་ཅང་མངས། དེ་ཡང་འགེབ་བྱེད་ཀྱི་ཁྱད་ཆོས་གཙོ་བོའི་སྒོ་ནས་མི་འདྲ་བའི་རྣམ་གྲངས་འགའ་ཞིག་དཔེར་མཚོན་དུ་བསྟན་པ་གཤམ་གསལ།

         

རང་བཞིན་གྱི་གབ་ཚིག

མེད་ན་ཐབས་ཆག་ཡོད་ན་རེག་མི་ཕོད།

ཁ། གྲངས་ཀྱི་གབ་ཚིག

༡། བླ་མ་བརྒྱ་དང་བརྒྱད། ཚང་མར་རྒྱུ་མ་གཅིག

༢། གཅིག་མེད་ན་བྱ་ཐབས་བྲལ། གསུམ་ཡོད་ན་བྱ་ཐབས་བྲལ།

༣། ལས་མཁན་ལྔ་ཡིས་བཟུང་ཐལ། དམག་མི་སུམ་ཅུས་བསད་ཐལ། དམྱལ་བའི་འཕྲང་ལ་བུད་ཐལ།

དབྱིབས་ཀྱི་གབ་ཚིག

 ༡། དྲང་པོ་ཐེམ་རིས་ལྦ་བ་ཆེ།

༢། རྐང་གཅིག་ལག་གཉིས་ཤིང་གི་སྡེར་མོ་ཅན།

༣། མ་སྐྱེས་མ་མོའི་སྙིང་འདྲ་འདྲ། སྐྱེས་ན་ཤྭ་བོའི་རྭ་འདྲ་འདྲ། དབྱིབས་འགྱུར་གྱི་སྒོ་ནས་གབ་པ་ལྟ་བུ་སོགས།

ང༌། མདོག་གི་གབ་ཚིག

 ༡། ནག་པོ་ཁ་གདངས་གདངས་མིག་བཙུམ། དམར་པོ་སྤུ་མེད་བཅུག་ཅིང་ཕྱུང༌།

༢། སྤང་དཀར་དཀར། ལུག་ནག་ནག ལུག་རྫི་གླུ་བ།

༣། སྔོན་པོ་གཡུ་ཡི་ཐང་དཀྱིལ་ན། དུང་གི་ཟོར་བ་ཡུ་མེད་ཅིག ལྟ་བུ་སོགས།

ཅ། དཔེའི་གབ་ཚིག

༡། ཕྱི་མགར་བས་བརྡུངས་འདྲ། ནང་རྒྱ་མཚོ་འཁྱིལ་འདྲ། ཁར་ཉི་མ་ཤར་འདྲ།

༢། གད་ཐོག་ན་ལུ་གུ་རྩཻ་རྩེ། གད་འོག་ན་ཁངས་སྐྱ་འབབ་འབབ།

༣། ཀོ་བའི་གཞུ། དུང་གི་མདའ། ཤིང་གི་འབེན། ལྟ་བུ་སོགས།

ཆ། འགོག་པའི་གབ་ཚིག

 སྟག་མིན་པའི་ཐིག་ལེ་ཅན་པོ། འབྲོང་མིན་པའི་རྭ་ཁ་ཅན་པོ། ཁྱུང་མིན་པའི་གཤོག་པ་ཅན་པོ།

འགོག་པའི་མཚུངས་སྦྱོར་གྱིས་གབ་པ།

ཇ། འགྱུར་བའི་གབ་ཚིག

          དང་པོ་མེ་ཏོག་པད་མ་སྐྱེས་འདྲ། བར་དུ་ཐང་དཀར་རྒོད་པོའི་འཕུར་ཡ། མཐའ་མ་ཨ་བྲ་ཙི་གུའི་ཉལ་སྟན།

ཉ། རབ་རྟོག་གབ་ཚིག

          ཕ་རྩག་གོན་ཞིག བུ་ཕྱིང་གོན་ཞིག བུ་བཀྱེད་ཀིན་བཀྱེད་ཀིན་ཕར་བརྡུངས་ན། ཕ་འདར་གིན་འདར་གིན་ཧུས་འདེབས་ཀི

ཏ། ཡི་གེའི་གབ་ཚིག

          ༡། རྒྱ་ན་རུ། ལྟ་བུ་དབྱངས་གསལ་གྱིས་གབ་པ་དང༌། ༢། ཐུག་ཐུག་ཟེར་ན་མི་ཐུག མ་ཐུག་མ་ཐུག་ཟེར་ན་ཐུག ལྟ་བུ་ཡི་གེའི་སྐྱེ་གནས་ཀྱིས་གབ་པ་སོགས།

ཐ། རབ་སྤེལ་གབ་ཚིག

༡། གནམ་ནས་རྟ་རྒྱུགས། ཐང་གི་ལྕག་བླངས། ལྟ་བུ་ནི་གནས་དབྱིབས་བྱ་བས་གབ་པ།

༢། ནག་པོ་ཁྲི་མ་འབུམ་གྱི་སྟེང་ན། གི་གུ་རྭ་འཁྱིལ་ཞིག ལྟ་བུ་ནི་མདོག་དབྱིབས་གྲངས་གསུམ་གྱིས་གབ་པ།

༣། ཕྱི་དཀར་པོ་གུར་ཁང་ཕུབ་འདྲ། ནང་སེར་བོ་ཆོས་ཁྲི་བརྩིགས་འདྲ། དཀྱིལ་ཀ་བ་ཞིག་གིས་བཏེགས་འདྲ། ལྟ་བུ་ནི་མདོག་དབྱིབས་དཔེ་གསུམ་གྱིས་གབ་པའོ།

          གོང་གི་དེ་དག་ལའང་ནང་གསེས་སུ་ཞིབ་མོར་དབྱེ་ན་རྣམ་གྲངས་མངས་མོད་ཀྱང༌། འགེབ་བྱེད་དང་འགབ་བྱ་གཉིས་ལ་ཆ་གང་རུང་ཞིག་ནས་མཚུངས་ཆོས་སམ་འདྲ་བའི་ས་བོན་ཞིག་དགོས་པ་ནི་གབ་ཚིག་ཚང་མའི་རྩ་དོན་ཉིད་དོ།།

 

གསུམ། ཁེད་གླུའི་སྐོར།

 

          འདི་ནི་མི་གཉིས་ཀྱིས་དྲི་བ་དྲི་ལན་གྱི་གླུ་རྩེད་ཀྱི་རྣམ་པ་ཞིག་སྟེ། དཔེར་ན།

   ༡༽ དང་པོ་སྲིད་པ་ཆགས་དུས་སུ། གོས་གཅིག་གིས་རྒྱལ་ཁམས་ཁེབས་པ་རེད། གོས་དེ་ཡི་མིང་ལ་ཅི་ཞིག་ཟེར།

དང་པོ་སྲིད་པ་ཆགས་དུས་སུ། ཟས་གཅིག་གིས་འགྲོ་ཀུན་སོས་པ་རེད། ཟས་དེ་ཡི་མིང་ལ་ཅི་ཞིག་ཟེར། ཅེས་པའི་ལན་དུ།

དང་པོ་སྲིད་པ་ཆགས་དུས་སུ། གོས་གཅིག་གཅིག་གིས་རྒྱལ་ཁམས་ཁེབས་པ་དེ། དགུང་འཛམ་གླིང་ཉི་མ་སེར་པོ་རེད།

དང་པོ་སྲིད་པ་ཆགས་དུས་སུ། ཟས་གཅིག་གིས་འགྲོ་ཀུན་སོས་པ་དེ། ཟས་ཞིམ་པོ་སྦྲང་དཀར་རྩམ་པ་རེད། ཅེས་པ་ལྟ་བུའི་བསྟོད་གླུའི་རྣམ་པ་ཅན་དང༌།

          ༢། སྲིད་པའི་མི་ཆེན་སྐྱེས་རིང་ལ། ཕྱིང་ཞྭ་དཀར་པོ་མགོ་ལ་གྱོན། ཞྭ་དཀར་པོ་གྱོན་མཁན་སུ་ཡིན་ཤོད།

སྲིད་པའི་མི་ཆེན་སྐྱེས་རིང་ལ། གོས་ལྭ་སྔོན་པོ་ལུས་ལ་གྱོན། གོས་སྔོན་པོ་གྱོན་མཁན་སུ་ཡིན་ཤོད། ཅེས་དྲིས་པར།

 ལན།         སྲིད་པའི་མི་ཆེན་སྐྱེས་རིང་ལ། པྱིང་ཞྭ་དཀར་པོ་མགོ་ལ་གྱོན། ཞྭ་དཀར་པོ་གོན་མཁན་རི་བོ་རེད། མགོར་ཁ་བ་བབས་ན་དཀར་པོ་རེད།

སྲིད་པའི་མི་ཆེན་སྐྱེས་རིང་ལ། གོས་ལྭ་སྔོན་པོ་ལུས་ལ་གོན། གོས་སྔོན་པོ་གོན་མཁན་རི་བོ་རེད། རྩྭ་རྩི་ཏོག་སྐྱེས་ན་སྔོན་པོ་རེད། ཅེས་ལྟ་བུ་རབ་རྟོག་གི་དཔེས་དངོས་པོའི་ཁྱད་ཆོས་མཚོན་པ་སོགས་སོ།

 

བཞི། གབ་ཚིག་གསར་བ།

          སྤང་དཀར་ཐང་ན་ཚར་དུ་དངར་བ་ཡི། །གནག་སྣུམ་གོས་བཟང་གྱོན་པའི་བལ་ལྡན་གྲངས། །འཁར་བས་བགྲང་བཞིན་རྫི་བོ་བར་མེད་དུ། །འགྱུར་ཁུགས་གླུ་དབྱངས་སྟོང་གིས་རྣམ་པར་བྲེལ། །ལྟ་བུ་ཁེད་ཀྱི་རྣམ་པ་བསྒྱུར་བ་ཅན་དང༌།

          འཇིག་རྟེན་འདི་ན་དཀར་པོའི་ལུས་ཅན་གྱི། །སྐྱེ་བོ་རྣམ་གྱི་ཁྲོད་ན་ང་འོ་ཞེས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་དར་དཀར། །སྤྱི་བོའི་རྒྱན་དུ་ལེན་མཁན་དེ་སུ་ཞིག །ཅེས་རབ་རྟོག་དང་མིང་གི་ཆ་ཤས་ཀྱིས་བསྒྲིབས་པ་ཅན་དང༌། གཞན་ཡང༌།

          ལྔ་སྡེའི་དཔུང་དུ་བསྡེབས་པ་གཉིས། །གཡས་གཡོན་གཉིས་སུ་བསྒྲིགས་པ་ཡག །སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་ན། །ལྷུན་པོ་ཡིན་ཡང་སྤོ་བར་ནུས། །ལྟ་བུ་གྲངས་དང་གནས་ནུས་པའི་སྒོ་ནས་གབ་པ་ལ་སོགས་པ་སྟེ། དམིགས་བསལ་ཁྱད་ཆོས་ནི་ཚིགས་བཅད་རྐང་བཞིའི་རྣམ་པ་ཅན་ནོ།

 

ལྔ༌། འཁྲུལ་སྤོང༌།

          གཞན་ཡང་ལ་ལས། རྒྱུས་མེད་རྐང་གཉིས་བགྲོད་པ་མཐོང་མ་ཐག ཞེ་སྡང་དྲག་པོས་མྱོས་པའི་མགྲིན་པ་ལས། ངར་སྒྲ་འབྱིན་པར་དགའ་བའི་སེམས་ལྡན་འདིས། གཞིས་ཁྱིམ་སྲུང་བའི་ལས་ལ་རྟག་ཏུ་གཞོལ། ཞེས་པ་ལྟ་བུའི་རིགས་ཀྱང་གབ་ཚིག་གསར་རྩོམ་དུ་བཞག་ཡོད་མོད། དེ་ལྟ་ན། མཆུ་ནི་དམར་ཞིང་གུག་པ་དང༌། གཤོག་པ་ལྗང་ཞིང་མཉེན་པ་དང༌། མགྲིན་པ་ཁ་དོག་སུམ་ཕྲེང་ཅན། ཚིག་འཇམ་ལྡན་པ་དེ་རྣམས་ཅི། ཞེས་དྲིས་ནའང་གབ་ཚིག་ཏུ་ཐལ་བར་འགྱུར་ཏེ། འདི་དག་ནི་རང་བཞིན་བརྗོད་པའི་རྒྱན་ལས་ཁེད་དམ་ལྡེའུར་མི་གཏོགས་སོ།

          སྣ་ནི་ལྕགས་ཀྱུ་བཀུག་པ་འདྲ། རྣ་བ་གཉིས་ཀ་བསིལ་ཡབ་བཞིན། རྐང་བ་འདུ་ཁང་ཀ་ལྟར་སྦོམ། རྔ་མ་རལ་བ་བཞིན་དུ་ཕྲ། ཞེས་པ་ནི་དོན་རྒྱན་ནི་དཔེ་རྒྱན་དངོས་ལས། དམངས་ཁྲོད་ཀྱི་དཔེའི་གབ་ཚིག དང་པོ་ཁྱུང་དཀར་མཛོ་ཡི་རྭ་འདྲ་འདྲ། བར་དུ་དཀྱིལ་འཁོར་སྟང་གི་ཐིག་འདྲ་འདྲ། མཐའ་མར་རྐུན་མ་འཛུལ་སའི་ཤུལ་འདྲ་འདྲ། ཞེས་པ་དང་གཏན་ནས་མི་འདྲའོ།

          དེ་ལྟར་གབ་ཚིག་གསར་རྩོམ་དག་གི་ནང་ན་གབ་ཚིག་མཚན་ཉིད་པ་མ་ཡིན་པ་ཧ་ཅང་མང་བས། ཁེད་དམ་ལྡེའུ་ཡི་རྣམ་པ་དང༌། མེ་ལོང་མར་བསྟན་པའི་གབ་ཚིག་བཅས་ཀྱི་ཁྱད་ཆོས་གཞིར་བཟུང་ན། དཔེར་བཀོད་ཀྱང་དཔེ་ཅན་ཚིག་ཟིན་ལ་མི་གསལ་བ་དང༌། རང་བཞིན་དག་ཀྱང་ཧ་ཅང་འཁྱོག་པོར་བརྗོད་ཚུལ་ཞིག་ཡིན་དགོས་པ་ལས། རིགས་གང་ཞིག་ལ་གཏོགས་ཚུལ་ཡང་བརྗོད་མི་འོས་པར་སྙམ་མོ།།

 

          སྨྲས་པ།

          །ཕྱོགས་ཀྱི་མེ་ཡིས་མི་འཚིག་པའི།

          ཁ་སྟེང་ཁ་སྤུ་ཕྱེད་ཀ་ཅན།

          ཁ་མཁས་དག་གི་རྩེད་འཇོ་ཙམ།

          །ཨེ་ཡིན་མ་ཡིན་དཔྱོད་དང་ཤེས།

 

སྒྲ་རྒྱན། 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php