ལེའུ་གཉིས་པ།

སྒྱུ་རྩོམ་གྱི་ལུས་བཤད་པ།

 

 

ས་བཅད་དང་པོ། སྒྱུ་རྩོམ་གྱི་ཁྱད་ཆོས་མདོར་བསྟན་པ།

          །ལུས་རྒྱན་སྲོག་གསུམ་སྐྱོན་དང་བྲལ།

          །སྒྱུ་རྩལ་རྩོམ་རིག་ཀུན་དགའི་དཔྱིད།

ཕུལ་བྱུང་སྒྱུ་རྩལ་རྩོམ་གྱི་རིགས་སུ་གཏོགས་པའི་བརྩམས་ཆོས་གང་ཞིག་ཡིན་ཡང་ལུས་དང་རྒྱན། སྲོག་གསུམ་ཚང་བའི་ཐོག་དེ་དག་གསུམ་ཆ་ལ་སྐྱོན་གྱི་ཆ་ཕྲ་མོས་ཀྱང་མ་གོས་པ་ཞིག་དགོས་པར་འདོད་ལ། དེ་ཡང་སྐྱེས་བུ་གཟུགས་བཟང་ལ་གཙང་བ། རྒྱན་གོས་ལེགས་ཤིང་འཚམ་པ། དབང་བོ་ཡོངས་སུ་ཚང་ཞིང་བཟང་བ་ཞིག་ཡིན་ན་འཇིག་རྟེན་སྐྱེ་བོའི་ཡིད་དུ་འོང་བ་ཞིག་ཡིན་པར་དཔེ་བཞག་ནས་རྩོམ་རིག་གི་ཁྱད་ཆོས་བསྟན་པར་གོ་བར་བྱའོ།

          དེ་ཡང་ལུས་ཀྱི་གོ་དོན་ནི། སྙན་ངག་མེ་ལོང་མར།

          ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་དཔྱདཚིག་གི་ཕྲེང། ཞེས་པ་སྟེ། སྙན་ངག་པས་གནས་སྐབས་གང་ཞིག་བརྗོད་འདོད་ཀྱི་ཚོར་ཤུགས་དྲག་པོས་བསླངས་པའི་བརྗོད་དོན་གང་ཞིག ལེགས་པར་དཔྱད་དེ་དོན་དང་དོན་མ་ཡིན་པ་སོགས་རྣམ་པར་དབྱེ་ཞིང་ལས་སྣོན་ལེགས་པར་བྱས་ཏེ་ཐག་བཅད་པའི་དགོངས་པ་དེ་ཉིད་སྙན་ངག་གི་བསྟན་བཅོས་ལས་ཇི་ལྟར་བཤད་པ་བཞིན་སྙན་པའི་ཚིག་གི་ཕྲེང་བར་སྤེལ་བ་ལ་ཞིག་ལ་གོ་བར་བྱའོ།

          རྒྱན་གྱི་གོ་དོན་ཡང་མེ་ལོང་མར།

          །སྙན་ངག་མཛེས་པར་བྱེད་པ་ཡི།

          །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། ཅེས་པ་སྟེ། སྙན་ངག་གི་རྩོམ་ལུས་སུ་ཇི་ལྟར་གྲུབ་ཚུལ་གྱི་མཛེས་པར་བྱེད་པའི་ཆོས་མཐའ་དག་ལ་གོ་དགོས།

          དེ་ཡང་གསལ་བར་བཤད་ན། སྙན་ངག་སྟེ་ཚིགས་བཅད་དང་ཚིག་ལྷུག བཅད་ལྷུག་སྤེལ་མའི་རྩོམ་ལུས་རང་བཞིན་ཅན་གྱི་སྒྱུ་རྩོམ་གང་དག་མཛེས་པར་བྱེད་པ་ཡི་ཆོས་སམ་ཡོན་ཏན་ཏེ། སྙན་གཞུང་ཉིད་ལས་བསྟན་པའི་ཡོན་ཏན་བཅུ་དང། དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན་བཅས་དང། གཞན་ཡང། ཚིག་གི་སྡེབ་སྦྱོར། དབྱངས་ཀྱི་འདེགས་འཇོག མིང་གི་མངོན་བརྗོད། གཏམ་དཔེ། ཟློས་གར་དང་བརྩམས་སྒྲུང་གི་སྐད་ཆ་དང་མི་སྣ་སོགས་ཞིབ་འབྲིའི་རྩོམ་རིག་གི་སྒྱུ་རྩལ་ཇི་སྙེད་དོ།

          གཞན་ཡང། རྒྱན་ནི་མཛེས་པར་བྱེད་པ་དང་ཆགས་པར་བྱེད་པའི་ལས་ཅན་ཡིན་པས་འདིར་དངོས་སུ་སྙན་ངག་མཛེས་པར་བྱེད་པ་བསྟན་པའི་ཤུགས་ནས་ཀློག་མཁན་དག་གི་ཡིད་ཆགས་པའམ་འགུགས་པར་བྱེད་པ་ཡིན་པའང་ཞོར་དུ་ཤེས་དགོས་ཏེ། སྒྱུ་རྩོམ་བུ་མོའི་མཛེས་རྩལ་ཡིན་པའི་ཕྱིར་རོ།

          དེ་ལྟ་ན། སྙན་ངག་གི་མཛེས་རྒྱན་རིག་པ་འདི་ནི། སྒྲ་དོག་འཇུག་ལ་སྐད་ཆའི་སྒྱུ་རྩལ་ཙམ་དང། སྒྲ་ཡངས་འཇུག་ཏུ་སྐད་ཆས་གཙོས་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་ཐམས་ཅད་ལ་གོ་དགོས་པ་ཞིག་ཏུ་བདག་འདོད་དོ།

          དེ་ནི་སྙན་ངག་ཏུ་གྲུབ་པའི་རྩོམ་རིག་གི་ལུས་རང་ཡིན་པས་ཚིག་རྒྱན་སོགས་ཀྱིས་བཅིངས་པའི་ལུས་འབའ་ཞིག་ཡིན། དེས་ན་ལུས་རྒྱན་གྱི་ཐ་སྙད་ཙམ་བྱ་ཡི་དེ་གཉིས་སོ་སོར་ཕྱེ་ནས་སྟོན་ཏུ་མེད་དེ། རྨ་བྱའི་ལུས་བཞིན་ནོ། དེས་ན་སྙན་ངག་གི་ལུས་དེ་རྒྱན་སྦྱོར་ཡུལ་དུ་བྱས་ནས། མཛེས་མ་དང་མཛེས་མའི་རྒྱན་གོས་ལྟ་བུར་འཆད་པ་དེ་དོན་ལ་མི་གནས་པར་སེམས། རང་གྲོལ་གྱིས་ཀྱང་སྙན་དངགས་ཀྱི་ལུས་དང་ཚིག་རྒྱན་གཉིས་གཞི་གཅིག་ཏུ་གནས་པར་འདོད་དེ།  “སྙན་ངག་རྩོམ་ན་ཚིག་རྒྱན་ལ་རག་ལས་པ་དང༌། སྙན་ངག་བཟང་བོའི་ནང་དུ་ཚིག་རྒྱན་གྱི་རོ་འདྲེས་པ་ཡིན་པས། རྣམ་པ་གཅིག་ཏུ་ན་འདི་སྙན་ངག་ཡིན་ལ་ཚིག་རྒྱན་མིན་ཞེས་དང༌། ཡང་ན་དེ་ཚིག་རྒྱན་ཡིན་ལ་སྙན་ངག་མིན་ཅེས་ཁ་ཚོན་གཅོད་པ་ནི་ཤིན་ཏུ་དཀའ་བའི་གནས་ཡིན། ཞེས་གསུངས་པ་ལྟར་རོ།

          སྲོག་གི་དོན་ཡང་མེ་ལོང་མར།

          །སྙན་ངག་མཁན་བསམ་དགོངས་པ་སྟེ།

          །སྙན་ངག་གྲུབ་པར་གང་གནས་པ།

          །རབ་སྦྱོར་ཡུལ་གྱི་ཡོན་ཏན་ཅན།

          །དེ་ནི་དགོངས་པ་ཅན་ཞེས་བརྗོད། ཅེས་གསུངས་པ་བཞིན། རྩོམ་པ་པོས་རང་གི་སྒྱུ་རྩལ་བརྩམས་ཆོས་གང་ཞིག་གི་ནང་ལ་དངོས་ཤུགས་བརྒྱུད་གསུམ་ནས་བསྟན་པའི་དགོངས་གཞིའམ་ལྟ་བ་གཙོ་བོ་དེར་སྲོག་ཅེས་པའི་ཐ་སྙད་སྦྱར་བའོ། གལ་ཏེ་འདི་མེད་ན་རྒྱན་གྱིས་སྤྲས་པའི་རྩོམ་ལུས་དེ་ཡང་དོན་གྱིས་སྟོང་བ་སྟེ། དཔེར་ན་དབང་སྐྱོན་ཅན་ནམ་ནད་པ། ཐ་ན་བེམ་པོ་ལྟ་བུ་ཉིད་དུའང་འགྱུར་རོ།

          དེ་གསུམ་ཆར་སྐྱོན་སྤོང་ཚུལ་ལ་ཡང༌། དཔེ་དོན་སྦྱོར་ཚུལ་གྱི་སྐྱོན་སྤོང་ཐབས་དང། དགོངས་གཞི་སྐྱོན་མེད་དུ་སྐྲུན་ཚུལ། བརྗོད་བྱ་དང་རྗོད་བྱེད་སྤྱིའི་ཆ་ནས་སྐྱོན་སྤོང་ཐབས་དོན་ཚན་བཅུ་སོགས་སྙན་ངག་མེ་ལོང་གི་ཐོག་མཐའ་བར་གསུམ་དུ་ཡང་ཡང་བསྟན་པ་དག་སྟེ། ལེའུ་གཞན་དུ་གླེང་བར་བྱའོ།

 

ས་བཅད་གཉིས་པ། རྩོམ་རིག་གི་དབྱེ་བ།

 

          ལུས་གཉིས་སུ་འདོད་ཚུལ།

          

          །སྒེག་དང་རོལ་དང་སྟབས་ལ་སོགས།

          །ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང༌།

          །མཉན་པར་བྱ་བ་ཉིད་ཅེས་པ།

          །འདི་ཡང་ལུགས་གཉིས་དག་ཏུ་བརྗོད། ཞེས་གསུངས་པ་ལྟར། མི་སྣའི་ལུས་ཀྱི་སྒེག་ཉམས་དང་རྩེད་འཇོར་རོལ་བ་རྐང་ལག་གི་སྟངས་སྟབས་བསྒྱུར་བའི་བྲོ་གར་དང༌། བྱ་བའི་འགུལ་སྤྱོད་སོགས་གཙོ་བོར་བཀོད་འབྲི་བྱེད་པའི་ལྟད་མོ་བ་རྣམས་ཀྱི་མིག་གི་སྤྱོད་ཡུལ་དུ་གྱུར་བའི་བལྟ་བྱའི་སྙན་ངག་སྟེ་ཟློས་གར་སྙན་ངག་དང༌། དེའི་ཅིག་ཤོས་ཀློག་མཁན་གྱིས་བཀླགས་ནས་ཉན་པ་པོས་མཉན་ཏེ་རོ་དང་བྲོ་བ་མྱོང་དགོས་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་སོགས་སྙན་ངག་ཆེན་མོ་དང༌། སྒྲུང་གཏམ་སོགས་ལྷུག་རྩོམ་རིགས་ལ་མཉན་བྱའི་སྙན་ངག་ཅེས་ལུགས་གཉིས་སུ་བསྡུས་ཚུལ་འདི་དེང་གི་རྩོམ་རིགས་ཀྱི་ནང་ངོས་ལ་ལྟོས་ནས་དབྱེ་ཞིབ་བྱས་པ་དང་ཐབས་ཚུལ་འདྲའོ།

          ཁ། རྩོམ་ལུས་གསུམ་དུ་འདོད་ཚུལ།

          །དེ་ཡང་ཚིགས་བཅད་ལྷུག་པ་དང།

          །སྤེལ་མ་རྣམ་གསུམ་ཉིད་དུ་གནས། ཞེས་སྔོན་དུས་རྒྱ་གར་དུ། སྙན་ངག་གི་ལུས་དེ་ལ་ཡང། ཚིགས་སུ་བཅད་པའི་ལུས་དང། ཚིག་ལྷུག་མའི་ལུས། དེ་གཉིས་མཉམ་དུ་སྤེལ་མའི་ལུས་ཅན་བཅས་ཕྱི་རྩོམ་ལུས་ཀྱི་རྣམ་པ་མི་འདྲ་བ་གསུམ་ཁོ་ན་ཉིད་དུ་གནས། ཞེས་པ་ཇི་བཞིན་བོད་ཀྱི་མཁས་པ་ཚོས་ཀྱང་རང་ལུགས་སུ་བྱས།

          ག༽ རྩོམ་ལུས་བཞི་རུ་ངེས་ཚུལ། དེང་སྐབས་དངོས་ཡོད་ཅན་དང་འཆར་ཡན་ཅན་གཉིས་དང༌། འཆར་ཡན་ཅན་ལས་ལོགས་སུ་ཕུགས་འདུན་ཅན་ཞེས་གསུམ་དུ་འདོད་ཚུལ་སོགས་ཅུང་མང་ཡང༌། ཡོངས་གྲགས་ལ། སྙན་དངགས་དང༌། སྒྲུང་རྩོམ། ལྷུག་རྩོམ། ཟློས་གར་བཅས་བཞིར་དབྱེ་བ་ནི་ལེགས་པར་མཐོང་ངོ༌།

 

ས་བཅད་གསུམ་པ། རྩོམ་ལུས་སོ་སོ་རྒྱས་པར་བཤད་པ།

གསུམ། རྩོམ་ལུས་དང་པོ་སྙན་དངགས་བཤད་པ།

          སྙན་དངགས་ཀྱི་མཚན་དོན།

          རང་གྲོལ་གྱིས། སྙན་ངག་ནི་ལུས་གང་ཡང་རུང་བ་ཞིག་ལ་བརྗོད་བྱའི་དོན་ནམ་སྲོག་བཟང་པོ་ཞིག་ཡོད་དགོས་པར་མ་ཟད། དེ་ལ་གསོན་ཉམས་དང་ལྡན་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པར་འདོད་པ་དང༌། ཚིག་རྒྱན་ནི། ལུས་དེ་མིང་དང་ཕྲད་ཀྱི་སྦྱོར་ཚུལ་སུམ་རྟགས་དག་གསུམ་གྱི་གཞུང་དང་མཐུན་ལ། ཚིག་གི་སྡེབ་སྦྱོར་ལ་སྙན་པའི་ཆ་ཐོན་པ་ཞིག་བྱེད་པ་དང༌། བརྗོད་བྱའི་དོན་ནམ་སྲོག་བཟང་བོ་དེ་སྐད་ཆའི་སྒྱུ་རྩལ་གྱི་ལམ་ལ་བརྟེན་ནས་བོས་ན་ཨ་ཟེར་བ་དང༌། བལྟས་ན་རིག་རྒྱུ་ཡོད་པ། རེག་ན་ལག་པས་ཟིན་པ་ལྟ་བུའི་གསོན་ཉམས་དང་ལྡན་པར་བྱེད་པ། སྲོག་བཟང་པོས་བཟུང་བའི་ལུས་མཛེས་པ་དེ་དོན་རྒྱན་དང༌། སྒྲ་རྒྱན། གབ་ཚིག་གི་རྒྱན་ལ་སོགས་པས་སྤྲས་ཏེ་སྟངས་སྟབས་བསྒྱུར་ཤེས་པ་ཞིག་བྱེད་དགོས་པར་འདོད།

          སྙན་ངག་གི་རྩོམ་དང་ཚིག་རྒྱན་གྱི་བསྟན་བཅོས་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། དཔེར་ན་སྔ་མ་ནི་ལས་སྣོན་བྱས་ཟིན་པའི་དངོས་རྫས་དང་འདྲ་ཞིང༌། ཕྱི་མ་ནི་དངོས་རྫས་དེ་ལས་སྣོན་བྱེད་པའི་ཐབས་ཡིན་པ་ལྟ་བུའོ།ཞེས་གསུངས་པ་བཞིན་ནོ།

          ཁ། སྙན་དངགས་ཀྱི་དབྱེ་བ།

          རང་གྲོལ་གྱིས། སྙན་ངག་ལ་ཚིགས་བཅད་སྙན་ངག་གི་རྣམ་པ་ཙམ་དུ་མ་ཟད། ཚིག་ལྷུག་པ་དང་དེ་གཉི་ག་སྤེལ་མ་ལའང་གོ་དགོས་ཞེས་ཁོ་བོས་སྨྲ་བར་སྤོབས། ཞེས་པ་འདིས་སྙན་ཚིག་གམ་སྙན་དངགས་གཅིག་པུའི་ལུས་ལའང་བཅད་ལྷུག་སྤེལ་གསུམ་ཡོད་པར་འདོད་པའོ།

          ༡། ཚིགས་བཅད་སྙན་རྩོམ་བཤད་པ།

          ཚིགས་བཅད་སྙན་དངགས་ནི། ལུས་སྲོག་རྒྱན་གསུམ་ཚང་བའི་སྐྱོན་བྲལ་ཚིགས་སུ་བཅད་པའི་རྩོམ་ལུས་སོ།

          ཚིགས་བཅད་སྙན་དངགས་ཀྱི་དབྱེ་བ།

          །སྙན་དངགས་ཐུང་འབྲིང་རིང་གསུམ་སྟེ།

          །གྲོལ་རིགས་མཛོད་འདུས་ཐུང་ངུ་དང༌།

          སྙན་གཞུང་ལྟར་ན་དོན་གྱི་བྱུང་བ་བརྗོད་པའི་སྙན་དངགས་རིང་མོའི་ལུས་ཀྱི་ཆ་ཤས་ཙམ་དུ་བཤད་མོད། བདག་གིས་སྐབས་འདིར་ལག་ལེན་གསར་བའི་ཆེད་དུ་དེ་དག་ལ་གོ་དོན་གསར་བ་ཞིག་སྦྱར་ནས་རང་རྐྱ་ཐུབ་པའི་སྙན་ཚིག་ཐོར་བུའི་རིགས་དག་ལ་གོ་ན་འཚམ་པར་འདོད།

          རང་རྐྱ་ཐུབ་པའི་སྙན་ཚིག་ཐུང་ངུའི་རིགས་ཟེར་བ་ནི། སྙན་དངགས་པ་རང་གི་ལྟ་བ་ཞིག་གམ། རེ་བ་ཞིག དགའ་བའམ་སྐྱོ་གང་ཞིག ཆགས་པའམ་སྡང་བ་གང་ཞིག་སོགས་ཚོར་སྣང་ཟབ་མོའི་ཡིད་བརྙན་གང་ཞིག་རི་མོར་འགོད་པའི་ཡིད་འགྱུར་སྙན་དངགས་ལ་གཏོགས་པའི་སྙན་ཚིག་དག་གོ

          ༡། གྲོལ་བ། ཆེས་ཐུང་བའི་སྙན་ཚིག་སྟེ། ཚིག་རྐང་མང་ཉུང་དང་ཚེར་བར་མང་ཉུང་ལའང་ངེས་པ་མེད་པའི་ཚིགས་བཅད་དེ། ཡང་ན་སྲོལ་རྒྱུན་ཚིགས་བཅད་དང་རང་མོས་ཚིགས་བཅད་འདི་ནི་འོག་མ་དག་ལའང་གཅིག་མཚུངས་ཚིགས་བཅད་གཅིག་གི་བདག་ཉིད་ཅན་གྱི་སྙན་ཚིག་ཐོར་བུ་དག་སྟེ། དཔེར་ན།

 

          ༢། རིགས ཚིགས་བཅད་དམ་དུམ་བུ་གཉིས་གསུམ་སོགས་ཡོད་ཀྱང༌། སྐབས་དོན་གཅིག་རང་བརྗོད་པའི་སྙན་ཚིག་ཐུང་ངུ་དག་སྟེ། དཔེར་ན།

 

          ༣། མཛོད། ཚིགས་བཅད་གཉིས་ལ་སོགས་ནང་སྐབས་དོན་ཡངའགའ་ཞིག་དང་ལྡན་པའི་སྙན་ཚིག་ཐུང་ངུ་དག་སྟེ། དཔེར་ན།

 

          ༤། འདུས་པ། བརྗོད་བྱའི་དོན་དང་རྗོད་བྱེད་ཉམས་འགྱུར་བཅས་པ་ཅུང་མང་བའམ་ཕུན་སུམ་ཚོགས་པའི་དོན་བརྗོད་སྙན་དངགས་ཐུང་ངུ་དང༌། རང་མོས་སྙན་ཚིག་ཅུང་རིང་བ་དག་ལ་གོ་བར་བྱ་སྟེ། དཔེར་ན། ལང་ཚོའི་རྦབ་ཆུ་ལྟ་བུའོ།

 

       ཁ༽  སྙན་དངགས་འབྲིང་ནི་སྤྱིར་ཚིགས་བཅད་ཀྱང་ཅུང་མང་ལ་མི་སྣ་དང་དོན་རྐྱེན་བྱུང་རིམ་ཡང་ཅུང་མང་བ་ཞིག་སྟེ། ཞང་ཞུང་ཆོས་དབང་གྲགས་པའི<རཱ་མ་ནའི་གཏམ་རྒྱུད>དང༌། སྐུ་ཞབས་དོན་གྲུབ་རྒྱལ་གྱི<རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ>དང༌། <སྒྲུང་གཏམ་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན>ལྟ་བུའོ།

 

         ག༽ ཚིགས་བཅད་སྙན་དངགས་རིང་མོའམ་དོན་བརྗོད་སྙན་དངགས་ཆེན་མོའི་མཚན་ཉིད་རྒྱས་པར་བསྟན་པ།

༡༽ གཞུང་ཚད་བསྟན་པ།

   

         །ལེ་འུས་བཅིངས་པ་སྙན་ངག་ཆེ། །དེ་ཡི་མཚན་ཉིད་བརྗོད་པར་བྱ།

ཞེས་སྤྱིར་ལེའུ་དུ་མའི་བདག་ཉིད་ཅན་ནམ། ཚིགས་སུ་བཅད་པ་སྟོང་ཕྲག་ཡན་ལ་གོ་འོས་སྙམ། དཔེར་ན། <བསྔགས་འོས་བསྔགས་པ>རྩོམ་ལུས་འདི་བོད་ལ་ཤིན་ཏུ་ཉུང་ངོ༌།

༢༽ སྔོན་འགྲོའི་བྱ་བ།

         །ཤིས་བརྗོད་ཕྱག་བྱ་དངོས་པོ་ནི།

         །ངེས་བར་བསྟན་པའང་དེ་ཡི་སྒོ། ཐོག་མར་བླ་མ་ཡི་དམ་དཀོན་མཆོག་སོགས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་བཀྲ་ཤིས་པའི་སྨོན་ཚིག་བརྗོད་པ་དང།། ཡང་ན་ཕྱག་འཚལ་བ་དང༌།ཤུགས་ནས་མཆོད་པར་བརྗོད་པ། དེ་ནས་བརྩམ་བྱའི་སྙན་ངག་གི་བརྗོད་བྱའི་དངོས་པོ་ཅི་ཡིན་བསྡུས་ཏེ་ངོ་སྤྲོད་པ། དེས་མཚོན་ད་དུང་བློ་ལྡན་ཉན་བསྐུལ་སོགས་རྩོམ་ཡིག་དངོས་ཀྱི་བརྗོད་བྱ་མ་ཡིན་པའི་རིགས་བཅསནི་སྙན་ངག་ཆེན་པོ་རྩོམ་པར་འཇུག་པའི་སྒོའམ་སྔོན་འགྲོའི་བྱ་བའོ། དཔེར་ན། སྦ་བཞེད་ལས།

།རིགས་གསུམ་མགོན་པོའི་རྣམ་འཕྲུལ་གྱིས། །ཤ་ཟ་གདོང་དམར་འདུལ་མཛད་པ།

།མེས་དབོན་གསུམ་ལ་ཕྱག་འཚལ་ཏེ། །བཀའ་ཚིག་ཡི་གེ་ཞིབ་མོ་འབྲི། །ཞེས་པ་ལྟ་བུ་ཆོས་རྒྱལ་གསུམ་ལ་ཕྱག་འཚལ་བའི་ནང་དུ་དེ་དག་གིས་བོད་ཡུལ་སྐྱོང་ཚུལ་གྱི་བརྗོད་བྱ་དང་དེ་རྩོམ་པར་དམ་བཅའ་བ་བཅས་ཚིགས་བཅད་གཅིག་གིས་བསྟན་པ་ལྟ་བུ་ཤིན་ཏུ་མདོར་བསྡུས་ཡང་ངོ།

        ༣༽ བརྗོད་བྱ་མདོར་བསྟན་དང་དཔེ་མཚོན།

ཀ༽    སྔོན་བྱུང་གཏམ་ལས་གྱུར་པའམ།། ཅིག་ཤོས་ལེགས་པ་ལ་བརྟེན་པ།།

སྡེ་བཞི་འབྲས་བུའི་དབང་གྱུར་དང༌།། མཁས་ཤིང་རྒྱ་ཆེའི་འདྲེན་པ་ཅན།།

         སྙན་ངག་པ་རང་ཉིད་མ་སྐྱེས་པའི་སྔོན་མའི་སྤྱི་ཚོགས་ནང་བྱུང་བའི་ལོ་རྒྱུས་གཏམ་རྒྱུད་དག་ལས་བླང་དོར་ལེགས་པར་བྱས་ཏེ་བརྗོད་བྱར་གྱུར་པའམ། ཡང་ན་ཅིག་ཤོས་ཏེ་རང་ཉིད་གནས་བཞིན་པའི་སྤྱི་ཚོགས་དེའི་ནང་གི་ལོ་རྒྱུས་ཀྱི་རིན་ཐང་དང་སློབ་གསོའི་ནུས་པ་ཅན་གྱི་གནས་ཚུལ་གསར་བ་ལེགས་པ་དག་ལ་བརྟེན་ནས་གསར་རྩོམ་བྱེད་པའོ།

       གང་འདྲ་དག་ནི་ལེགས་པའི་དོན་ཅན་ཡིན་ཞེ་ན། ནོར་དང་འདོད་པ་དང་ཆོས་དང་ཐར་བ་བཅས་དཔལ་ལྡན་སྡེ་བཞིའི་འབྲས་བུའི་དབང་དུ་གྱུར་བའམ་ལོངས་སུ་སྤྱོད་པའི་ཆོས་ཀྱི་རྒྱལ་པོ་སོགས་ནི་ཆེས་ལེགས་ཤོས་དང།། དེ་འདྲ་མ་ཡིན་ནའང་ཤེས་བྱ་རིག་པའི་གནས་གང་དག་ལ་ལ་སྦྱངས་པའི་མཁས་པ་ཆེན་པོ་འགྲོ་དོན་རྒྱ་ཆེན་སྒྲུབ་པ་རྣམས་ཀྱང་བསྔགས་བྱའི་མཆོག་ཡིན་ལ། གཞན་ཡང་འདྲེན་པ་ཅན་ཏེ་དམངས་ཀྱི་ལམ་སྣེ་འདྲེན་པའི་གཙོ་འཛིན་དང།། དམག་གི་དཔུང་འདྲེན་པའི་དཔའ་བོ་སོགས་བྱས་པ་རྗེས་ཅན་གྱི་མི་སྣ་གཙོ་བོ་དག་ཀྱང་འཇིག་རྟེན་པའི་ནང་ན་བཟང་པོའི་གྲས་ཡིན་ནོ།

ཁ༽ ནང་དོན་གྱི་དཔེ་མཚོན་གཙོ་བོ་འགའ་ཞིག་བསྟན་པ་ནི།

         གྲོང་ཁྱེར་རྒྱ་མཚོ་རི་དང་དུས།། ཉི་ཟླ་འཆར་བའི་བསྔགས་པ་དང༌།། སྐྱེད་ཚལ་ཆུ་ཡི་རོལ་རྩེད་དང༌།། ཆང་འཐུང་དགའ་བའི་དགའ་སྟོན་དང༌།། བསླུ་བ་དང་ནི་བག་མ་དང༌།། གཞོན་ནུ་སྐྱེ་དང་འཕེལ་བ་དང༌།། གྲོས་དང་ཕོ་ཉ་བགྲོད་པ་དང༌།། གཡུལ་དང་འདྲེན་པ་དར་བས་ཀྱང༌།། བརྒྱན་པར་གྱུར་ཅིང་མདོར་བསྡུས་མིན།།

         དཔེར་ན་སྔོན་མའི་དུས་སུ་རྒྱ་གར་རང་གི་རྒྱལ་པོ་དག་གི་ལོ་རྒྱུསམཚོན་པའི་སྙན་ངག་ཆེན་པོ་རྣམས་ཀྱི་ནང་དོན་ནི། འདྲེན་པ་གཙོ་བོ་རྒྱལ་པོའི་བཞུགས་ཡུལ་གྲོང་ཁྱེར་གྱི་བཀོད་པ་དང།། རང་བྱུང་ཁོར་ཡུག་རྒྱ་མཚོ་དང།། རི་བོ། དུས་བཞིའི་རྣམ་པ། ཞོགས་ཀའི་ཉི་མ་དང་སྲོད་ཀྱི་ཟླ་བ་འཆར་བའི་ཚུལ་བཅས་ལ་བསྔགས་པ་བརྗོད་དེ་ཁོར་ཡུག་ཞིབ་འབྲི་དང།། རྒྱལ་པོའི་སྐྱེད་མོས་ཚལ་གྱི་མཛེས་སྡུག་དང་དེ་ལ་ལོངས་སུ་སྤྱོད་པའི་ཚུལ། རྒྱལ་པོའི་བཙུན་མོ་དང་སྲས་སོས་སོགས་ཆུ་ལ་རྐྱལ་བ་དང་ཆུ་གཏོར་བ་སོགས་ཀྱི་རྩེད་འཇོ། དེ་བཞིན་དེ་དག་གི་ཆང་འཐུང་རྒྱས་སྤྲོས་ཀྱི་འཚོ་བ། རྒྱལ་པོ་དང་བཙུན་མོ་དགའ་མགུར་རོལ་བའི་ཚུལ། རྒྱལ་པོའམ་རྒྱལ་སྲས་སོགས་མཛེས་མ་གཞན་དག་གི་གཡོ་སྒྱུས་བསླུ་བའི་ཚུལ། དེ་དག་གིས་བག་མ་གསར་བ་གསར་བ་ཡང་ཡང་ལེན་པའི་དགའ་སྟོན་དང།། བཙུན་མོ་ལ་ཁྱེའུ་བཙའ་བའི་ཚུལ་དང་བཙས་སྟོན་དང།། རྒྱལ་སྲས་དེ་མ་མ་དུ་མས་བསྐྱངས་ཏེ་འཚར་ལོངས་བྱུང་ཚུལ། རྒྱལ་བློན་སོགས་གྲོས་ལ་འཚོགས་པ། རྒྱལ་ཁབ་ཕན་ཚུན་བར་སོགས་ལ་ཕོ་ཉ་བགྲོད་ཚུལ། དམག་དྲངས་ཏེ་གཡུལ་འགྱེད་བྱེད་པ། ཚུར་ཕྱོགས་རྒྱལ་ནས་མངའ་ཐང་ལོངས་སྤྱོད་དར་རྒྱས་ཕུན་སུམ་ཚོགས་པར་བྱུང་ཚུལ་ལ་སོགས་པས་ཀྱང་སྐབས་སྐབས་སུ་འཚམས་པར་བརྒྱན་ཞིང།། དེ་དག་ཡང་རགས་ཙམ་ཞིག་ཚིག་ཉུང་མདོར་བསྡུས་སུ་བཀོད་པ་མིན་པ་སྟེ། ཁོར་ཡུག་དང་འཚོ་བ་རྣམས་རེ་རེ་ནས་ཞིབ་འབྲི་བྱས་ཏེ་ནང་དོན་རྒྱ་ཆེ་ཞིང་ཟབ་པར་རྩོམ་པ་བཞིན་ནོ།

༤༽རྩོམ་ལུས་ཧྲིལ་བོར་ཉམས་འགྱུར་ལྡན་དགོས་པ།

"ཉམས་དང་འགྱུར་བ་དག་གིས་གཏམས།།"

         སྙན་ངག་གི་ཚིག་དོན་གྱི་རྒྱན་སྣ་ཚོགས་དང་ཟློས་གར་གྱི་ཉམས་བརྒྱད་སོགས་ཡིད་འགྱུར་གསལ་བར་མངོན་པའི་དོན་གྱི་རོ་ཉམས་དག་ལ་བརྟེན་ནས། སྐབས་སུ་བབ་པའི་གོང་གི་རྒྱལ་པོ་སོགས་མི་སྣ་དང་ཁོར་ཡུག་དེ་དག་གསོན་ཉམས་དང་ལྡན་པར་མཚོན་པར་བྱས་ཏེ་རྩོམ་ཡིག་གི་ཐོག་མཐའ་བར་གསུམ་ངོ་མཚར་དང་དགའ་བ། སྐྱོ་བ་དང་འཇིགས་སྣང་སོགས་ཆགས་སྡང་གི་ཉམས་དང་ཡིད་འགྱུར་གྱིས་ཡོངས་སུ་ཁེངས་ནས་ཀློག་མཁན་ལའང་དེ་བཞིན་ཆགས་སྡང་སོགས་ཀྱི་ཚོར་སྣང་འཕེལ་བ་ཞིག་དགོས་པ་བསྟན་པའོ།

 

༥༽རྩོམ་ལུས་ཤིན་ཏུ་རིང་བ་མ་ཡིན་པ།

         སརྒ་ཤིན་ཏུ་རྒྱ་ཆེ་མིན།། ལེའུ་རེ་རེར་ཚིགས་བཅད་སྟོང་ཕྲག་ཅན་སོགས་ཧ་ཅང་མང་བ་མིན་ལ། ཡང་ན་ལེའུ་བརྒྱ་ཕྲག་ཅན་སོགས་ཤིན་ཏུ་རྒྱ་ཆེ་བ་མཐོང་བ་ཙམ་ནས་ཐང་འཆད་པ་དེ་འདྲ་མིན་པ་སྟེ། ཀློག་མཁན་རྣམས་མི་ཉོབ་པའི་མང་ཉུང་འཚམས་པ་ཞིག་ཡིན་ན་ལྟ་ཀློག་མཁན་མང་ངོ།།

 

      དེ་ཡང་ཤེས་རབ་གོ་ཆས། "འཇིག་རྟེན་གཞུང་མང་འདི་ལ་འཇིགས་པ་དག །བསྡུས་ཏེ་བསྟན་ན་བདག་ལ་དགའ་བ་དང༌། །ཚེ་དང་བློ་དག་ཤིན་ཏུ་ཆུང་བའི་ཕྱིར། །དེ་བས་བསྡུས་ནས་བསྟན་ལ་འཇིག་རྟེན་འཇུག །" ཞེས་གསུངས་པ་བཞིན་ནོ།།

 

 

༦༽སྡེབ་སྦྱོར་བཟང་པོ་དགོས་པ་བསྟན་པ།

         མཉན་འོས་བྲིསྒྲྣ་ལེགས་མཚམས་སྦྱར།།

         དོན་གྱི་རོ་ཉམས་དང་དཔེ་སོགས་ཚིག་གི་ཉམས་ཐོན་པའི་ཐོག ཚིག་མཚམས་ཀྱི་ངལ་བསོ་དང་ཡི་གེ་ལྕི་ཡང་ཕྲད་དང་རྣམ་དབྱེ་བཅས་པའི་མཚམས་སྦྱོར་ལེགས་པའི་ཚིགས་བཅད་སྡེབ་སྦྱོར་ཀློག་མཁན་གྱི་ངག་ལ་བདེ་ཞིང་ཉན་པ་པོའི་རྣ་བར་སྙན་པ་ཞིག་ཀྱང་དགོས།

༧༽རྩོམ་ཡིག་གི་ངལ་བསོའི་རྣམ་པ་བསྟན་པ།

         "ཀུན་ཏུ་སརྒ་དག་གི་མཐའ།། ཐ་དད་ལྡན་པས་འཇིག་བརྟེན་མཛེས།།"

         དཔེར་ན། ལེའུ་དང་པོ་ཡི་གེ་བདུན་མའི་ཚིགས་བཅད་རྐྱང་ཡིན་ན་དེའི་མཇུག་གི་ངལ་བསོ་བའི་ཚིགས་བཅད་ཁ་ཤས་དེ་ཡི་གེ་བཅོ་ལྔ་བའི་སྡེབ་སྦྱོར་ཡིན་པ་དང༌། དོན་རྒྱན་ཡིན་ན་མཇུག་སྒྲ་རྒྱན་ཡིན་ལྟ་བུ། ལེའུ་རང་གི་གཞུང་གི་ཚིགས་བཅད་དང་མཇུག་གི་ཚིགས་བཅད་གཉིས་རྣམ་པ་མི་འདྲ་བ་མ་ཟད། ལེའུ་སོ་སོའི་མཇུག་སྡུད་པའི་ཚིགས་བཅད་དག་ཀྱང་ཕན་ཚུན་མི་འདྲ་བ། རང་རེ་ལ་མཚོན་ན་ཀ་རྩོམ་ལྟ་བུ་ཡང་ཐ་དད་ཡིན། གཞན་ཡང་ལེའུ་རེ་རེའི་མགོ་མཇུག་བར་གསུམ་གྱི་སྡེབ་སྦྱོར་ཡང་མི་འདྲ་བ་དོན་གྲུབ་རྒྱལ་གྱི་གཞོན་ནུའི་ཡིད་ཀྱི་མཛེས་རྒྱནལྟ་བུ་སོགས་ཚིགས་བཅད་ཀྱི་རྣམ་པ་སྣ་ཚོགས་སུ་བྱེད་པ་དག་ཀྱང་ཀློག་མཁན་མགུ་བར་བྱེད་པའི་ཆོས་ཡིན།

༨༽སྒྱུ་རྩོམ་གྱི་ཕན་ནུས་རང་བཞིན་བསྟན་པ།

         "སྙན་ངག་དམ་པའི་རྒྱན་ལྡན་ནི།། བསྐལ་བའི་བར་དུ་གནས་པར་འགྱུར།།"

         གོང་དུ་བརྗོད་པའི་ཁྱད་ཆོས་ཡོན་ཏན་དེ་དག་དང་ལྡན་པའི་སྙན་ངག་མཆོག་དམ་པའི་རྒྱན་ལྡན་ནི་མི་རབས་ནས་མིརབས་སུ་ལྟ་ཀློག་བྱེད་མཁན་རྒྱུན་མི་འཆད་པར་འབྱུང་བས་ཇི་སྲིད་བསྐལ་བ་མ་འཇིག་པའི་བར་དུ་གནས་པར་འགྱུར་རོ།

      དེ་འདྲའི་དུས་ཡུན་རིང་པོར་གནས་ཐུབ་པ་དེས་སྒྱུ་རྩོམ་གྱི་སྤྱི་ཚོགས་ཕན་ནུས་རང་བཞིན་མཚོན་པ་ཡིན་ལ་སྙན་ངག་པའི་འཆི་བ་མེད་པའི་མི་ཚེའི་རིན་ཐང་ཞིག་མཚོན་པ་ཡང་ཅིས་མིན།

༩༽སྐྱོན་ཡོན་བསྟན་པ།

         "གང་ཞིག་ཡན་ལག་འགས་དམན་ཡང༌།། གལ་ཏེ་སྦྱར་རྣམས་ཕུན་ཚོགས་ཀྱིས།། དེ་རིག་མགུ་བར་བྱེད་པ་ན།། འདིར་ནི་སྙན་ངག་སྐྱོན་མ་ཡིན།།"

         གལ་ཏེ། གོང་དུ་དཔེར་མཚོན་པའི་སྙན་ངག་ཆེན་པོའི་བརྗོད་བྱ་དེ་དག་ལས་ཡན་ལག་འགའ་ཞིག་ངེས་པར་མ་ཚང་ན་སྐྱོན་དུ་འགྱུར་བ་ཡིན་ནམ་ཞེ་ན། དེ་དག་ཡོངས་སུ་མ་ཚང་ཡང་སྐབས་དོན་གཙོ་བོ་དག་སྡེབ་སྦྱོར་དང་རྒྱན་ཕུན་སུམ་ཚོགས་པས་སྤྲས་ཏེ། ཚིག་དོན་གཉི་གས་སྙན་ངག་པ་རྣམས་ཀྱི་ཡིད་ཚིམ་པར་བྱེད་པར་འགྱུར་ན་སྙན་ངག་སྐྱོན་ཅན་མ་ཡིན། ཞེས་པའི་ཤུགས་ནས་གལ་ཏེ་གོང་གི་ནང་དོན་རྣམས་ཡོངས་སུ་ཚང་བ་མ་ཟད་དེ་བས་ཤིན་ཏུ་རྒྱ་ཆེ་ཡིན་ན་ཡང།། སྙན་ངག་ཤེས་མཁན་རྣམས་མི་དགའ་བར་འགྱུར་ན་སྙན་ངག་མཚན་ཉིད་པ་མ་ཡིན་པ་སྟེ། སྙན་ངག་གི་སྐྱོན་ཡོན་འབྱེད་པའི་ཀློག་པ་པོ་ནི་སྙན་ངག་ཤེས་མཁན་རྣམས་ལས་གཞན་དག་ལ་སྐལ་མེད་ཚུལ་ཡང་གོ་བར་བྱའོ།

༡༠༽དྲང་ལྡོག་གི་བསྔགས་ཚུལ་གཉིས།

 "ཐོག་མར་འདྲེན་པ་ཡོན་ཏན་གྱིས།། ཉེར་བར་བཀོད་ནས་དེ་ཡིས་ནི།། དགྲ་ལ་གནོད་པ་བྱེད་ཅེས་པའི།། ལམ་འདི་རང་བཞིན་མཛེས་པ་ཡིན།།"

         གོང་དུ་དཔེར་བསྟན་པའི་འདྲེན་པ་རྒྱལ་པོའི་མཁྱེན་ཡོན་དང༌། དཔའ་རྩལ་དང་ཐབས་འཕྲུལ། དཔུང་ཤུགས་སོགས་ཡོན་ཏན་མཐའ་དག་ལ་བསྔགས་པ་བརྗོད་པ་སྔོན་དུ་སོང་ནས། དེ་འདྲའི་མཐུ་ཡིས་ད་གཟོད་དགྲའི་དཔུང་དག་ཞུམ་པར་བྱས་པའམ་ཚར་བཅད་པ་སོགས་རྣམ་པར་རྒྱལ་ཚུལ་གྱི་བསྔགས་པའི་ལམ་འདི་ནི་སྤྱིར་རང་བཞིན་གྱིས་མཛེས་པར་སྣང་པའི་སྤྱི་སྲོལ་ཡིན།

    "རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས།། དགྲ་བོ་ལ་ཡང་བསྔགས་བྱས་ནས།། དེ་ལས་རྒྱལ་བར་འདྲེན་པ་ནི།། ཁྱད་འཕགས་བརྗོད་པའང་བདག་དགའ་སྐྱེས།།"

         ཡང་ན་དེ་ལས་ལྡོག་སྟེ། རིགས་མཐོ་བ་དང་བརྩོན་འགྲུས་དང་མང་དུ་ཐོས་པ། དཔའ་རྩལ་ཆེ་བ། གཡོ་སྒྱུ་མང་བ་སོགས་དགྲ་བོ་དེ་ལའང་སྤྱིར་སྨད་འོས་ཡིན་མོདསྙན་ངག་པས་རབ་ཏུ་བསྔགས་ནས། དེ་ལྟ་བུའི་དགྲ་ཟླ་ལས་ཀྱང་རྒྱལ་པོ་གང་ཉིད་རྒྱལ་བར་གྱུར་བ་ཞེས། འདྲེན་པ་རྒྱལ་པོའི་མཐུ་སྟོབས་སོགས་ནི་ཤིནཏུ་ཁྱད་དུ་འཕགས་ཚུལ་བརྗོད་པའི་ལམ་འདིར་ཡང་དབྱུག་པ་ཅན་བདག་ནི་དགའ་བ་སྐྱེས་སོ།།

 

ཁ༽ རྩོམ་ལུས་གཉིས་པ། ཚིག་ལྷུག

 

༡༽ ཚིག་ལྷུག་གི་གོ་དོན་དང་དབྱེ་བ།

     རྐང་པ་མེད་པའི་ཚིག་རྒྱུན་ལྷུག་པའོ། རྐང་པ་མེད་པབརྗོད་བྱ་གང་ཞིག་སྟོན་ཡང༌། རྗོད་བྱེད་ལ་ཚིག་རྐང་བསྒྲིགས་པའི་སྡེབ་སྦྱོར་མེད་པར། ཚིག་གི་རྒྱུན་རིང་བོ་གཙོ་བོར་གྱུར་བའི་སྤྱི་རྩལ་རྩོམ་ལུས་རིགས་ཤིག་ལ་གོ

          དེ་ལའང་ཚིག་རིང་ཐུང་ཅི་རིགས་སུ་ཡོད་པའི་ལྷུག་པ་ཤད་ཀྱིས་བཅད་མཚམས་མང་བ་ཅན་དང། ཆུ་བོའི་རྒྱུན་བཞིན་མགོ་ནས་མཇུག་བར་ལ་ཤད་ཀྱིས་བཅད་པ་མེད་པ་གཉིས་ཡོད། མཚན་གཞི་ནི་དཔེར་ན། འགྲོ་མགོན་འཕགས་པས་རྒྱལ་བོ་ཡབ་སྲས་ཀྱིས་མཆོད་རྟེན་བཞེངས་པ་ལ་བསྔགས་པའི་སྡེབ་སྦྱོར་<དནཌཀ> ལྟ་བུའོ། ཡིན་ན་ཡང། རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཁྱད་ཆོས་དང་བྲལ་ན་སྙན་ངག་གམ་རྩོམ་རིག་མིན་པས། དེ་དག་ནི་སྙན་ངག་གི་རྩོམ་ལུས་ལ་མི་གཏོགས་པའང་ཤེས་པར་བྱའོ།

          བརྗིད་པ་ལྷུག་པ་དག་གིའང་གསོས། ཞེས་འབྱུང་བ་བཞིན། ཚིག་ལྷུག་སྙན་ངག་གི་ཚིག་གི་སྡེབ་སྦྱོར་སྤེལ་སྟངས་ལའང་ཕྲད་དང་རྣམ་དབྱེ་ངེས་པར་དགོས་པ་རྣམས་ལས་གཞན་དག་སྡུད་གང་ཐུབ་ཀྱིས་ཚིག་རོ་སོགས་སྤངས་ནས་ཚིག་སྤུས་དག་པ་དང་ཀློག་བདེ་ཞིག་དགོས་པ་གལ་ཆེ། རང་རེ་བོད་ལ་བཅད་ལྷུག་སྤེལ་མའི་སྐབས་ཀྱི་ཚིག་ལྷུག་དུམ་བུ་རེ་ལས་ཚིག་ལྷུག་སྙན་ངག་མཚན་ཉིད་པ་ཤིན་ཏུ་ཉུང་མོད། དེང་སང་ཕྱི་ལུགས་ཀྱི་རྩོམ་ཚུལ་བཞིན་ལྷུག་རྩོམ་ཞེས་པའི་རྩོམ་ལུས་རང་རྐྱ་འཕེར་བ་ཞིག་དར་ཁྱབ་སོང་ཡོད་པ་འདིའང་ང་ཚོའི་གསར་རྩོམ་གྱི་གྲུབ་འབྲས་རིན་ཐང་ཆེ་བ་ཞིག་ཡིན།

 

༢༽ ལྷུག་རྩོམ་གསར་བའི་གོ་དོན།

 

          རྩོམ་རིག་གསར་དར་གྱི་ལྷུག་རྩོམ་ཞེས་པ་འདི་ཡང་ཕྱིའི་རྩོམ་ལུས་ནི་རྐང་པས་མ་བཅད་པའི་ཚིག་ལྷུག་པོར་བརྗོད་པ་ཞིག་ཡིན་ན་ཡང། རྩོམ་ལུས་གཞན་པ་དང་མི་འདྲ་བའི་རང་གི་ཁྱད་ཆོས་ཡོད་དེ།

༡༽ བརྗོད་བྱ་སྣ་མང་ཅི་རིགས་པ་འབྲི་ཆོག་པ།

༢༽ མཚོན་ཐབས་སྣ་མང་ཅི་རིགས་པས་མཚོན་ཆོག་པ།

༣༽ རྩོམ་ཡིག་གཅིག་གིས་བརྗོད་བྱ་གཅིག་གམ་གནད་འགག་གཅིག་སྐོར་གླེང་བ།

༤༽ སྒྲིག་གཞི་རང་དབང་ཆེ་བ།

༥༽ རྗོད་ཚིག་སྙན་འཇེབས་ལྡན་པ་དང་ལྔ་བོ་ནི་སྤྱི་རྩལ་ལྷུག་རྩོམ་སྤྱིའི་ཁྱད་ཆོས་གཙོ་བོ་ཡིན།

 

༣༽ ལྷུག་རྩོམ་བའི་དབྱེ་བ།

 

    ༡༽ དོན་བརྗོད་ལྷུག་རྩོམ། ནང་དོན་མཚོན་ཚུལ་སྒྲུང་རྩོམ་དང་འདྲ་ཡང་སྒྲུང་རྩོམ་གྱི་མཚན་ཉིད་ཇི་བཞིན་མི་ཚང་བའི་དོན་གྱི་བྱུང་བ་བརྗོད་པའི་སྒྲུང་མ་གཏམ་གྱི་ལྷུག་རྩོམ།

          ༢༽  སྙན་དངགས་ལྷུག་མ། རྩོམ་ལུས་འདི་དེ་སྔ་བོད་ལ་ཤིན་ཏུ་ཉུང་མོད། དེང་སང་མངས། 

 

          གཅོད་མཚམས་ངེས་མེད་ཀྱི་སྙན་དངགས་ལྷུག་མ་སྟེ། དཔེར་ན།

 

 

          ག༽ རྩོམ་ལུས་གསུམ་པ། སྤེལ་མའི་སྙན་ངག

 

 གོ་དོན་དང་དབྱེ་བ།

ཚིགས་བཅད་དང་ནི་ཚིག་ལྷུག་གཉིས།
སྤེལ་མའི་སྒྱུ་རྩལ་རྩོམ་ལུས་རིགས།

   འདི་ལ་ཡང། ཚིགས་བཅད་མང་ལ་ལྷུག་པ་ཉུང་བའི་རིགས་དང༌། ལྷུག་པ་མང་ལ་ཚིགས་བཅད་ཉུང་བའི་རིགས་དང། བཅད་ལྷུག་ཕལ་ཆེར་མཉམ་པ་བཅས་རིགས་གསུམ་ཡོད།

          འདི་ལ་རྣམ་པའི་ཆ་ནས་གཏམ་བརྗོད་ཟློས་གར་སོགས་འཁྲབ་གཞུང་རྩོམ་རིག་དང༌། འཁྲབ་གཞུང་མ་ཡིན་པའི་རྣམ་ཐར་སོགས་ལྟ་ཀློག་རྩོམ་རིག་གཉིས་ཡོད།

 

  དེང་སང་གི་ང་ཚོའི་གཏམ་བརྗོད་ཟློས་གར་གྱི་འཁྲབ་གཞུང་རྩོམ་ཡིག་རྣམས་ནི་ཟློས་གར་རྩོམ་རིག་དངོས་ཡིན་ན་ཡང༌། དེ་དག་མང་ཤོས་ཚིག་ལྷུག་འབའ་ཞིག་གི་རྩོམ་ལུས་ཡིན་པ་ལས་བཅད་ལྷུག་སྤེལ་མ་མིན་པས་སྐབས་འདིའི་མཚན་གཞིར་མི་འགྲོ་བས། ཟློས་གར་རྩོམ་རིག་དང་སྒྲུང་རྩོམ་གྱི་སྐོར་ནི་སྐབས་གཞན་དུ་གླེང་བར་བྱའོ།

         སྤེལ་མའི་སྙན་ངག་ལ་ཐུང་འབྲིང་རིང་གསུམ་གྱི་དབྱེ་བའང་ཡོད་དེ། ཐུང་ངུ་ནི་དཔེར་ན།

<རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ> <རི་བོང་ཆུ་འཆག་མས་སྤྱང་ཀི་བཏུལ་པ> སོགས་མང་ངོ༌།

   འབྲིང་ནི། <བྱ་སྤྲེལ་གཏམ་རྒྱུད>་དང་། རྫ་དཔལ་སྤྲུལ་གྱྀ<གཏམ་པད་མའི་ཚལ་གྱི་ཟློས་གར>དང༌། རྗེ་ཙོང་ཁ་པའི<རྟག་ངུའི་རྟོགས་བརྗོད་དཔག་བསམ་གྱི་ལྗོན་པ>ལྟ་བུ་སོགས་ཅུང་མང་ངོ༌།

          རིང་མོ་ཡང་ནི། <བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད> <ཆོས་རྒྱལ་ནོར་བཟང་གི་རྣམ་ཐར>སོགས་དེང་གི་ལྷ་མོའི་འཁྲབ་གཞི་བརྒྱད། མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི<<གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད>>ལྟ་བུ་སྟེ་ཉུང༌ངོ་།

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php