ལེའུ་བཞི་བ། ཚིག་རྒྱན་གྱི་ཡོན་ཏན་སྤྱིར་བསྟན་པ།

 

          སྙན་ངག་གི་གཞུང་འདིར་ཡོན་ཏན་བཅུའམ་དོན་ལ་རྒྱན་གཙོ་བོ་བཅུ་དགུ་སྟེ་ཚིག་རྒྱན་རིག་པའི་རྩ་བར་གྱུར་བའི་རྒྱན་ཐམས་ཅད་ཀྱི་སྤྱི་ཁོག་འདི་རྣམས་བོད་རང་གི་སྐད་ཡིག་སྒྱུ་རྩལ་གྱི་ཁྱད་ཆོས་དངོས་དང་སྦྱར་ཏེ་ཅུང་ཟད་གསར་བཤད་བྱས་ཡོད།

 

གཅིག བརྗིད་པའི་ཡོན་ཏན།

 

          འདི་ནི་ཚིག་གི་བརྗིད་ཉམས་ཤིག་སྟེ། རྩ་བར། བརྗིད་པ་ཚིག་སྡུད་མང་བོ་ཉིད། དེ་ནི་ལྷུག་མ་དག་གིའང་གསོས། ཞེས་ཕྲད་དང་རྣམ་དབྱེ་སོགས་ཀྱི་ཚིག་ཚོགས་བསྐྱུངས་པའི་ཚིག་ཉུང་ལ་དོན་འདུས་པའི་ཚིག་སྦྱོར་སྤུས་དག་པའི་སྡེབ་སྦྱོར་ཞིག་ལ་འདིར་བརྗིད་པའི་ཡོན་ཏན་ཟེར་ཅིང༌། འདི་ནི་རྩོམ་རིགས་སྤྱིའི་ཡོན་ཏན་ཞིག་ཡིན་ལ། ལྷག་པར་སྒྱུ་རྩོམ་རིགས་ལ་ཚིག་གི་བརྗིད་ཉམས་ཤུགས་ཆེ་བ་དགོས།

          དེ་བས། ཐོག་མར་བརྡ་སྤྲོད་གཞུང་ནས་བཤད་པའི་ཚིག་སྡུད་དེ། འབྲུ་མང་བོ་དང༌། ལས་འཛིན་པ་དང༌། བ་གཉིས་པ་དང༌། སྐྱེས་བུ་དང༌། ཟླས་དབྱེ་བ་དང་བཅས་པའི་ཚིག་སྡུད་བྱེད་སྟངས་རྣམས་ལེགས་པར་ཤེས་དགོས།

འདི་ལ་ཡང་དབྱེ་ན་ཅུང་ཟད་སྡུད་པའི་བརྗིད་ཚིག་དང༌། ཤིན་ཏུ་སྡུད་པའི་བརྗིད་ཚིག་གཉིས་ཏེ། ཅུང་ཟད་སྡུད་པའི་བརྗིད་ཚིག་ནི་ཚིགས་བཅད་མ་ཡིན་པའི་སྒྱུ་རྩལ་རྩོམ་རིག་ཕལ་མོ་ཆེ་ཡིན་ལ། ཤིན་ཏུ་སྡུད་པའི་བརྗིད་ཚིག་ནི་ཚིགས་སུ་བཅད་པ་ཁོ་ནའི་ཁྱད་ཆོས་ཤིག་ཡིན་སྙམ།

དཔེར་ན། དགྱེས་གླུར།

 གཡོན་མིག་དཀྱུས་ཕྲ་ཟུར་འཕང་སྐྱེས་བུ་ལ།

 རྣོ་མཚོན་ལ་འགོང་མི་བཟད་གདུང་བ་བསྐྱེད།།

 འདོད་པ་མི་ལྡན་འཕགས་རྣམས་མི་སྡུག་མིག།

 ཕྲ་མོའིདབྱེ་བ་མི་མངའ་ངོ་མཚར་ཆེ།

          ཞེས་པར་མཚོན་ན། གཡོན་ཅན་མ་ཡིས་མིག་ཟུང་དཀྱུས་རིང་ལ་ཕྲ་བའི་ཟུར་མདའ་དེ་གང་ལ་འཕང་བའི་སྐྱེས་བུ་དེ་ལ། རྣོ་བའི་མཚོན་ཆ་རྩུབ་མོའི་ནུས་པ་ལ་ཡང་འགོང་བའི་མི་བཟད་པའི་གདུང་བ་རབ་ཏུ་བསྐྱེད་ཀྱང༌། འདོད་པའི་ཆགས་པ་མི་ལྡན་པའི་འཕགས་པ་རྣམས་ལ་ནི། མི་སྡུག་པའི་མིག་གི་རྣམ་འགྱུར་ཕྲ་མོའིདབྱེ་བ་ཙམ་ཡང་མི་མངའ་བ་ནི་ངོ་མཚར་ཆེའོ། ཞེས་པ་དག་གི་བར་ལ་བྱེད་སྒྲ་དང་འབྲེལ་སྒྲ་སོགས་ཕྲད་དང་རྣམ་དབྱེ་ཅི་རིགས་པ་ཤིན་ཏུ་བསྡུས་པ་ལྟ་བུ་སོགས་སྐབས་འདིའི་དཔེ་བརྗོད་དུ་བཀོད་པའི་མཁས་པ་དག་གི་དཔེ་བརྗོད་ཕལ་མོ་ཆེ་རྣམས་སོ།

 

གཉིས། ཡི་གེའི་སྦྱོར་བའི་ཡོན་ཏན།

 

          འདི་ནི་ཚིགས་བཅད་ཀྱི་ཡི་གེའི་དྲག་ཞན་སྡེབ་ཚུལ་གྱི་སྦྱོར་བ་ཞིག་གོ

༡། ཡི་གེའི་དྲག་ཞན་དབྱེ་ཚུལ།

          དེ་ཡང་ཐོག་མར་ཡི་གེ་དྲག་ཞན་གྱི་དབྱེ་ཚུལ་ཤེས་དགོས་པས་ཅུང་ཟད་བཤད་ན། ལེགས་སྦྱར་སྐད་ཀྱི་སྲོག་ཆེ་ཆུང་གི་དབྱེ་བའི་ཡི་གེའི་རྣམ་གཞག་དེ་རྣམས་ནི་རང་རེའི་རྟགས་འཇུག་གཞུང་ནས་བཤད་པའི་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་ཚུལ་དང་རྒྱབ་འགལ་དུ་སོང་བའང་ཡོད་པས། ལེགས་སྦྱར་དང་བསྟུན་ན་རང་རེའི་བརྡ་སྤྲོད་པའི་གཞུང་ལུགས་དང་འགལ་བ་ཙམ་དུ་མ་ཟད་ལག་ལེན་ལའང་མི་འཚམ་པས་འདིར་༸གོང་ས་ལྔ་བ་ཆེན་པོ་དང་འབྲུག་ཁམས་སྤྲུལ་སོགས་ཀྱི་དགོངས་དོན་བཞིན་རྟགས་འཇུག་གི་གཞུང་དང་མཐུན་པར་ཡི་གེའི་དྲག་ཞན་དབྱེ་ན་འོས་ཏེ། ཕོ་ཡིག་ཀ་ཅ་ཏ་པ་ཙ་དང་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ཡི་གེ་རྐྱང་བ་དང་དེ་དག་ལ་མགོ་འདོགས་ཅི་རིགས་བྱས་པ་རྣམས་དང༌། མིང་གཞི་མོ་ཡིག་ཡིན་ཡང་སྔོན་འཇུག་ཕོ་བ་ཡིག་ཡོད་པ་གང་ཞིག་ལ་རྗེས་འཇུག་ཕོ་ཡིག་ག་ད་བ་ས་གང་རུང་ཅན་ཉིས་ལྡན་རྣམས། དཔེར་ན། བཞག བཤད། བགོས་ལྟ་བུ། ཡང་སྔོན་འཇུག་ད་བ་གཉིས་གང་རུང་གི་མོ་ཡིག་ར་བཏགས་ཅན་རྣམས་དང་དེ་བཞིན་རྗེས་འཇུག་ག་ད་བ་ས་གང་རུང་གི་མོ་ཡིག་ར་བཏགས་ཅན་རྣམས། དཔེར་ན། དགྲ བགྲངས༌། བསྲུངས། དྲུག དྲུད། བྲིས་ལྟ་བུ། གཞན་ཡང་ལ་བཏགས་ཡི་གེ་དྲུག་པོ་དང་མགོ་ཅན་གང་ཞིག་ལ་ར་བཏགས་དང་ཡ་བཏགས་གང་རུང་ཡོད་པའི་སུམ་རྩེག་ཡི་གེ་རྒྱ་སྤྱ་སྦྱ་སྨྱ་སྒྲ་སྤྲ་སྦྲ་སྨྲ་སྣྲ་བཅས་དང་ད་དྲག་ཅན་ཁག་ཅིག ཤིན་ཏུ། རོལད། གྱུརད། བསྙལད་ལྟ་བུ་རྣམས་ནི་སྒྲ་རྩོལ་དྲག་པའི་ཁོངས་སུ་འགྲོ་བས་ཡི་གེའི་སྦྱོར་བ་རྩུབ་པའམ་ལྕི་བར་འཇོག་འོས། ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་ཞ་ཟ་འ་ཡ་ར་ལ་ཤ་ས་ཧ་ཨ་བཅས་ཉི་ཤུ་བོ་རྐྱང་བ་ཡིན་ན་བཤད་ཅི་དགོས། སྔོན་འཇུག་བ་དང་རྗེས་འཇུག་ག་ད་བ་ས་བཞི་བོ་མ་ཡིན་པའི་མགོ་འདོགས་ཅི་རིགས་ཅན་ཚང་མ་སྒྲ་རྩོལ་ཞན་པར་གཏོགས་པས་ཡི་གེའི་སྦྱོར་བ་འཇམ་པའམ་ཡང་བར་འཇོག་འོས་སོ། དེས་ན་སྙན་ངག་གི་སྐབས་འདིར་དྲག་ཞན་ཕོ་མོ་གཉིས་སུ་ཕྱེ་ན་འཚམ་པས་འོག་ཏུ་དེ་ལྟར་བརྗོད་དོ།

༢། དྲག་ཞན་སྡེབ་ཚུལ་གྱི་དབྱེ་བ།

          ཡི་གེའི་སྦྱོར་བའི་སྒྲ་རྩོལ་གྱི།

          འཇམ་རྩུབ་མཉམ་པའི་དབྱེ་བ་གསུམ།

          ཚིགས་བཅད་གཅིག་གི་ནང་ལ་མོ་ཡིག་ཤས་ཆེ་བས་སྒྲ་རྩོལ་འཇམ་པ་ཅན་དང༌། ཕོ་ཡིག་ཤས་ཆེ་བས་སྒྲ་རྩོལ་རྩུབ་པ་ཅན། ཕོ་མོའི་ཡི་གེ་མང་ཉུང་དེ་ཙམ་མེད་པས་སྒྲ་རྩོལ་རན་པའམ་འཇམ་རྩུབ་དོ་མཉམ་པའི་རིགས་ཅན་གསུམ་ནི་རང་བཞིན་གྱིས་ཡོང་གིན་ཡོད་པའི་སྒྲ་རྩོལ་ཆེ་ཆུང་བར་མའི་དབྱེ་བ་ཞིག་ཡིན།

          ཀ༽ འཇམ་པ་ལའང་ནང་གསེས་སུ་ཚིགས་བཅད་གཅིག་གི་ནང་དུ་མོ་ཡིག་མང་བས་སྒྲ་རྩོལ་འཇམ་པ་ཤས་ཆེ་བའི་སྦྱོར་བ་ཅན་དང༌། མོ་ཡིག་འབའ་ཞིག་ལས་གྲུབ་པའི་ཤིན་ཏུ་འཇམ་པའི་སྦྱོར་བ་ཅན་གཉིས་ཏེ། རིམ་བཞིན་དཔེར་འགོད་ན།

༡། འཇམ་ཤས་ཆེ་བའི་སྦྱོར་བ་ཅན།

          དགའ་མ་ཡི་ནིརེག་པ་འདིས།

          ལུས་ལ་སྤུ་ལོང་རྒྱས་པ་དང༌།

          ཡིད་ནི་བདེ་བར་བྱེད་པ་དང༌།

          མིག་དག་ཟུམ་པར་བྱེད་ཅིང་འཇུག

          ལྟ་བུའི་ཚེག་ཁྱིམ་ཉེར་བརྒྱད་ལས་ཡིག་འབྲུ་དྲུག་མ་གཏོགས་ཚང་མ་མོ་ཡི་ཡི་གེ་ཡིན་པས་ངག་ལ་སྐྱོར་ཚེ་སྒྲ་རྩོལ་ཡང་འཇམ་པ་ཡོང༌། ཡང་ན།

          དགའ་བའི་འཛུམ་གྱིས་ཀུན་ནས་བསུས།

          འཇམ་པའི་མལ་ལ་བདེ་བར་བསྙལ།

          ཞིམ་པོའི་འོ་ཡིས་སྦྲིད་པར་བྱས།

          ཆགས་པའི་ཆང་གིས་ཡོངས་སུ་བཟི།

ཕོ་ཡིག་༡༠དང་མོ་ཡིག་༡༨ཅན་ལྟ་བུ་ཡང་ངོ།་

༢། ཤིན་ཏུ་འཇམ་པའི་སྦྱོར་བ་ཅན།

          འཇམ་མཉེན་ཤ་ཡི་རེག་བྱ།

          རང་བྱུང་ཞལ་གྱི་བསུང་ཞིམ།

          སྙན་འཇེབས་ངག་གི་གསུང་གཞས།

          ཡིད་སེམས་གཡོ་བའི་མཛེས་མ།

          མཛེས་སྡུག་རྨ་བྱའི་བུ་མོ།

          རྨི་ལམ་ནང་ལ་མཇལ་བྱུང༌། །ལྟ་བུ་མོ་ཡིག་ཁོ་ནའི་སྦྱོར་བའོ།

          ཁ། གོང་གི་ལྡོག་ཕྱོགས་ཡི་གེའི་སྦྱོར་བ་ལྕི་བ་ཅན་ལའང༌། ནང་གསེས་སུ། ཚིགས་བཅད་གཅིག་ནང་ཕོ་ཡིག་གཙོ་ཆེ་བས་སྒྲ་རྩོལ་རྩུབ་ཤས་ཆེ་བའི་སྦྱོར་བ་ཅན་དང༌། ཕོ་ཡིག་འབའ་ཞིག་ལས་གྲུབ་པའི་ཡི་གེའི་སྦྱོར་བ་ཤིན་ཏུ་རྩུབ་པ་ཅན་གཉིས་ཏེ། རིམ་བཞིན་དཔེར་བརྗོད་ན།

༡། རྩུབ་ཤས་ཆེའི་སྦྱོར་བ་ཅན་ནི།

       ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ།

མཁས་པར་གྱུར་ན་དུལ་བར་གནས།

ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ།

རྒྱ་མཚོ་ཅ་ཅོ་ག་ལ་སྒྲོག

          ཅེས་པར་མཚོན་ན་ཚེག་ཁྱིམ་ཉེར་བརྒྱད་ལས་ཡིག་འབྲུ་༡༨་ཕོ་ཡིག་ལས་གྲུབ་པས་སྒྲ་རྩོལ་ཡང་རྩུབ་ཤས་ཆེ་བ་ཡོང༌།

༢། ཤིན་ཏུ་རྩུབ་པའི་སྦྱོར་བ་ཅན་ནི།

          གཏུམ་དྲག་དཔའ་རྩལ་དཔུང་སྟོབས་ཅན།

          སྟག་རྒོད་ཁྲོས་པའི་དཔའ་སྐད་ཅན།

          སྲ་བརྟན་བློ་སྤོབས་ཟླ་བྲལ་ཁྱོད།

          ཕྱོགས་ཀུན་རྒྱལ་སྟེ་རྒྱལ་མཚན་བསྒྲེངས། །ལྟ་བུ་ཕོ་ཡིག་འབའ་ཞིག་གི་སྦྱོར་བའོ།

          ཕོ་མོའི་ཡི་གེའི་གྲངས་ཕལ་ཆེར་མཚུངས་པའི་སྦྱོར་བ་མཉམ་པ་ཅན་ནི་དཔེར་ན།

མཆུ་བསྐྱོད་པ་ཡིས་བརྡ་སྤྲོད་ཅིང༌།

          སྨོས་པའི་ཚེ་ན་མིག་འཛུམ་བྱེད།

          རྣམ་ཐར་ཐོས་ན་འཁུན་འཆོར་བ།

          གང་ལ་བྱུང་ཡང་ཐ་ཤལ་རྟགས།

          ཞེས་པར་མཚོན་ན་ཕོ་ཡིག་༡༣་དང་མོ་ཡིག་༡༥་མང་ཉུང་ཁྱད་པར་ཆེན་པོ་མེད་པས་སྒྲ་རྩོལ་ཡང་རན་པ་ཙམ་དུ་གནས། ཡང་ན། བོད་མཁས་པའི་དཔེ་བརྗོད་དུ།

 རྩྭ་ལྗང་མྱུ་གུའི་འདབ་དང་ཀ་མ་ལ།

 རྣམ་བཀྲ་དབྱར་གྱི་དཔལ་མོ་ཡིད་འོང་མར།

 འཁྲིལ་ཕྱིར་སྤྲིན་ཚོགས་སྒྲོགས་ལ་འབྲུག་སྒྲ་ཡིས།

 སྒེག་རྣམས་སྒྲོ་གདུགས་སྒྲེང་ཞིང་གར་བསྒྱུར་རོ། །ཕོ་༡༥དང་མོ་༢༡

          དེ་ལྟར། སྙན་ངག་མེ་ལོང་མར། སྦྱར་བ་དང་མཉམ་པ། ཤིན་ཏུ་གཞོན་པ་བཅས་ནི་ཡི་གེ་འཇམ་རྩུབ་ཀྱི་སྦྱོར་བ་གཙོ་ཆེར་བཤད་པ་ཞིག་ཡིན་པས། དེ་དག་ལས་རང་རེ་ལ་ཅུང་མཁོ་བ་ནི་འཇམ་པ་དང་རྩུབ་པ། འཇམ་རྩུབ་དོ་མཉམ་པ་གསུམ་ལ་འདུ་བར་བྱས་པ་ཡིན་ལ། སྤྱིར་ན་ཕོ་མོའི་ཡི་གེའི་སྦྱོར་ཚུལ་མ་འདྲེས་པའི་རྩོམ་ཞིག་ཡོང་དཀའ་ན་ཡང༌། འདིར་ཚིགས་བཅད་སྙན་དངགས་ཀྱི་སྡེབ་སྦྱོར་བྱེད་ཚུལ་གྱི་ཆ་ནས་བཤད་པ་ཡིན།

འདི་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། སྙན་དངགས་ནི་གྱེར་འདོན་བྱེད་པའི་སྒྲ་དང་དབྱངས་ཀྱི་འགྱུར་ཁུགས་རང་བཞིན་ཅན་ཞིག་ཡིན་པས་འདི་ལ་ཡང་སྒྲ་གདངས་འཇམ་མཉེན་ཆེ་བའི་ཁྱད་ཆོས་དང༌། རྩུབ་དྲག་ཆེ་བའི་ཁྱད་ཆོས། དེ་གཉིས་བསྲེས་པའི་སྐབས་རེ་འཇམ་ཞིང་མཚམས་རེར་རྩུབ་པའི་ཁྱད་ཆོས་དག་ཐོན་པ་ནི་ཡི་གེའི་སྦྱོར་བ་འདི་ཁོ་ནའི་ཡོན་ཏན་ཡིན་ནོ།

 

          གསུམ། སྙན་པའི་ཡོན་ཏན།

 

          "སྙན་པ་ཉམས་ལྡན་ཚིག་དང་ནི། དངོས་པོ་ལ་ཡང་ཉམས་གནས་པ།" ཞེས་པ་སྟེ། སྙན་དངགས་གང་ཞིག་ལ་སྒྲ་མཚུངས་པའི་ཚིག་གི་ཉམས་མངོན་པར་འདོན་པའི་ཡོན་ཏན་དང༌། བརྗོད་དོན་དངོས་པོའི་རོ་ཉམས་ཁོ་ན་འདོན་པའི་ཡོན་ཏན་ཅན་གཉིས་སོ། དེ་ཡང་རྩ་བར།

          ངེས་པར་རྒྱན་རྣམས་ཀུན་ལ་ཡང༌།

          དོན་གྱི་ཉམས་དག་སྦྱིན་པར་བྱ།

          སྒྲ་ནི་གང་དང་ཅི་ཡིས་ཀྱང༌།

          གང་ཞིག་མཚུངས་པར་ཉམས་མྱོང་བ།

          དེ་ཡི་གཟུགས་སོགས་ཚིག་ཉེ་བ།

          རྗེས་སུ་ཁྲིད་བཅས་ཉམས་དང་ལྡན།།

          ཡང་ཚིགས་བཅད་སྙན་དངགས་ཐམས་ཅད་ལ་གཙོ་བོ་དོན་གྱི་ཉམས་དང་ཕལ་བ་སྒྲ་ཡི་ཉམས་དེ་རིགས་གཉིས་སུ་དབྱེ་བ་ཡོད་དེ། སྒྲ་ཡི་ཉམས་འདོན་ཚུལ་ལ་སྒྲ་མཚུངས་ཡི་གེའི་སྦྱོར་བའི་སྒྲ་རྒྱན་རིགས་གཉིས་ཡོད་དེ། གཅིག་ནི་རྐང་པའི་གནས་ངེས་ཅན་གྱི་སྒྲིག་གཞི་རང་བཞིན་ཅན་གྱི་གཟུགས་མཚུངས་པའི་ཟུང་ལྡན་སོགས་ཀྱི་སྒྲ་རྒྱན་དང༌། ལག་ལེན་དངོས་ནང་གནས་ངེས་མེད་ཀྱི་ཟུང་ལྡན་དང། སུམ་ལྡན་ཅན་ཡང་ཡོད། ཅིག་ཤོས་ནི་གནས་ངེས་མེད་དུ་སྦྱོར་བའི་གཟུགས་མི་མཚུངས་ཀྱང་སྒྲ་མཐུན་ཙམ་གྱི་ཡི་གེ་རྗེས་སུ་ཁྲིད་པའི་རིགས་སོ།

          སྐབས་འདིར་ཤར་བའི་སྦྱར་བའི་དཔེ་བརྗོད་དང་སྒྲའི་སྙན་པའི་ཡོན་ཏན་སྐབས་ཀྱི་ཡི་གེ་རྗེས་སུ་ཁྲིད་པ་གཉིས་གཅིག་ཏུ་བསྡུས་ཏེ་རང་རེར་འཚམ་པར་རིགས་བསྒྲེས་པའོ།

རྗེས་ཁྲིད་ཀྱི་ཡོན་ཏན་བཤད་པ།

          ཚིགས་བཅད་གང་དུ་མིང་གཞི་ཡི།

          ཡི་གེ་གང་ཞིག་བཟློས་པ་སྟེ།

          དེ་ཡང་ཡི་གེ་གཅིག་དང་འགའ།

          མང་དང་ཅུང་ཟད་བཟློས་པ་བཞི།

          ཚིགས་བཅད་གཅིག་ནང་དུ་མིང་གཞིའི་ཡི་གེ་གང་རུང་གཅིག་གཉིས་གསུམ་བཞི་སོགས་ལན་འགའ་རེར་བཟློས་པ་ལ་ཡི་གེ་རྗེས་སུ་ཁྲིད་པ་ཞེས་བྱ་སྟེ། དེ་ལ་ཡང༌། ཚིགས་བཅད་རེ་རེའི་ནང་དུ་མིང་གཞིའི་ཡི་གེ་གཅིག་བཟློས་པ་དང༌། གཉིས་དང་གསུམ་སོགས་འགའ་ཞིག་བཟློས་པ་བཅས་ཡི་གེའི་མང་ཉུང་གི་དབྱེ་བ་གཉིས་དང༌། ཡང་ཡི་གེ་དེ་དག་བཟློས་གྲངས་མང་བ་དང་ཉུང་བའི་དབྱེ་བ་གཉིས་བཅས་བཞི་ཙམ་མོ།

༡། ཡི་གེ་གཅིག་ལན་མང་དུ་བཟློས་པ་ནི།

དཔེར་ན། འདར་ལོ་ཙཱ་བས།

 ཡང་དག་དད་དང་གདུང་བ་བརྗེད་མེད་དུ།

 དང་བའི་ཡིད་ནི་ད་དུང་འགྱུར་མེད་པ།

 ད་ལྟ་ཙམ་མིན་དེ་བཞིན་རྒྱུན་དུ་ཡང༌།

 དང་བོའི་མགོན་དེར་འདུད་དོ་དགེ་བར་མཛོད། །ཅེས་དང་།

 ཡང་ཡང་ཡོལ་མེད་ཡིད་ཀྱི་ཡོལ་གོ་རུ།

 ཡང་དག་ཡོངས་ཀྱི་ཡུལ་དུ་མ་གྱུར་པ།

 ཡང་དག་ཡིད་འོང་ཡིད་བཞིན་དབང་གི་རྒྱལ།

 ཡབ་གཅིག་ཡུད་ཙམ་མ་ཡིན་རྟག་ཏུ་རོལ།

 

 ལང་ལོང་ཆུ་འཛིན་ལངས་པའི་གྲིབ་མ་ལ།

 ལ་ལ་ཡིད་ལ་འབབ་པའི་གཏམ་ལ་གཞོལ།

 ལེ་ལོ་དང་བྲལ་ལོང་མེད་བརྩོན་ལྡན་འགའ།

 ལ་འུར་ལམ་མཆོག་ལེན་ལ་འབད་པར་བྱེད། །ཅེས་པ་གསུངས་པ་ལྟ་བུའོ།

༢། ཡི་གེ་གཅིག་ལན་འགའ་ཙམ་བཟློས་པ་ནི། དཔེར་ན། དབྱངས་ཅན་དགྱེས་གླུར།

 ཡོན་ཏན་དབྱར་མཚོ་ལྟ་བུར་རྒྱས་པ་རྣམས།

 ནན་ཏན་འབད་པ་ཆེན་པོས་མཁས་པར་འགྱུར།

 འོན་ཏང་སྔོན་གོམས་བག་ཆགས་སད་པ་ལས།

 ནན་ཏར་མ་བྱས་མཐོང་བ་ཙམ་གྱིས་ཤེས།།

༣། ཡི་གེ་བཞི་ཉུང་ངུར་བཟློས་པ་ནི། དཔེར་ན། དབྱངས་ཅན་དགྱེས་གླུར།

 པ་སངས་ལྟར་དཀར་པད་མའི་བཞིན།

 མཛེས་ལྡན་སྒྱུག་མོ་གར་སྟབས་བསྒྱུར།

 རྔ་ཤོན་རྔ་ཡབ་ཐོགས་ནས་འགྱིང༌།

 སྐད་སྙན་མགྲིན་གླུ་ལེན་ནམ་སྙམ། །ལྟ་བུ་སོགས་རིགས་འགྲེའོ།

          ཁ། ཟུང་ལྡན་ལ་ཡང་གནས་ངེས་མེད་ཀྱི་ཟུང་ལྡན་དང༌། གནས་ངེས་པའི་ཟུང་ལྡན་རིགས་གཉིས་ཡོད་དེ། དང་པོའི་དཔེར་འོས་པ་ནི།  འདར་ལོས།

 རིང་ནས་རིང་དུ་བསྒྲུབས་པའི་སྟེས་དབང་གིས།

 དྭངས་ཤེལ་ལྟར་དྭངས་ཡིད་ཀྱི་མེ་ལོང་ངོས།

 སྒྲིབ་མེད་འཆར་བའི་སྒྲིབ་བྲལ་ཡེ་ཤེས་སྐུ།

 འབྲལ་མེད་འདི་ཡིས་འདི་ཕྱིའི་དོན་ཀུན་འགྲུབ། །ལྟ་བུའོ།

ཡང་དབྱངས་ཅན་དགྱེས་གླུར།

 རབ་དཀར་གངས་རི་ལྟར་དཀར་བ།

 དཀར་མཛེས་པད་མ་དཀར་བོར་འགྲན།

 ལེགས་དཀར་སྒེག་མོའི་གདོང་ལྟར་དཀར།

 

 སྤྲིན་དཀར་རྗེས་འགྲོ་ལྷག་བསམ་དཀར། ལྟ་བུ་ཡང་ངེས་མེད་དང་ངེས་ཅན་ནོ།

 

          གཉིས་པ་གནས་ངེས་པའི་ཟུང་ལྡན་ནི། དཔེར་ན། དུང་དཀར་བས།

 ས་སྟེང་ཀུན་དགེ་དགེ་བཅུའི་དཔལ་ཡོན་ཀུན།

 ས་མཐོའི་ཡུལ་ལྗོངས་ལྗོངས་རྣམས་གང་བའི་ཡུལ།

 མ་འོངས་མདུན་ལམ་ལམ་ཆེན་ཡངས་པའི་མདུན།

 མ་ཐོགས་མྱུར་བསྐྱོད་བསྐྱོད་ལ་གོམསྟབས་མྱུར། །ཅེས་པ་ལྟ་བུར་མཚོན་ན་རྐང་པ་ཐོག་མ་གཉིས་ཀྱི་མགོ་དང༌། ཐ་མ་གཉིས་ཀྱི་མགོར་བར་ཆོད་པ་དང༌། ཡང༌། རྐང་པ་བཞི་གའི་དབུས་ཀྱི་གནས་མཐུན་པ་ལ་བར་མ་ཆོད་པ།  ཡང༌། རྐང་པ་རེ་རེའི་ཚེག་དབར་གསུམ་པ་དང་ཐ་མ་རྣམས་བར་ཆོད་པའི་ཟུང་ལྡན་སྟེ། རབ་སྤེལ་ཟུང་ལྡན་འདི་འདྲ་སོགས་ཟུང་ལྡན་སྒྲ་རྒྱན་གྱི་རྣམ་གཞག་རྒྱས་པ་རྣམས་སོ།།

 

བཞི། དྲང་འཁྱོག་གི་ཡོན་ཏན།

 

          "རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས། ངག་གི་རང་བཞིན་ཐ་དད་གཉིས།" ཞེས་གསུངས་པ་བཞིན། སྙན་དངགས་ཀྱི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆ་ནས་དྲང་བོར་བརྗོད་པ་རང་བཞིན་བརྗོད་པའི་རྒྱན་དང༌། དཔེ་ལ་སོགས་པ་འཁྱོག་པོར་སྨྲ་བ་ཟུར་མིག་གི་རྒྱན་གྱི་དབྱེ་བ་གཉིས་སོ།

༡། དྲང་བརྗོད་ཡོན་ཏན་ནི། དཔེར་ན།

          སྤྲིན་གྱི་ཕྲེང་བ་ལྡན་དུས་སུ།

          སྙན་པར་སྒྲོག་པའི་མགྲིན་ལྡན་པ།

          རྨ་བྱ་དག་གིས་མཇུག་མ་དག

       ཟླུམ་པོར་བྱས་ནས་གར་བྱེད་དོ། །ཞེས་རྨ་བྱ་དག་མྱོས་པའི་སྐབས་ཀྱི་བྱ་བའི་རང་བཞིན་འགའ་ཇི་བཞིན་བརྗོད་པ་ལྟ་བུ་ལ་སོགས་པའོ། འདི་ནི་ཤིན་ཏུ་གཞོན་པའི་ཁྱད་ཆོས་གཙོ་བོ་ཚིག་རྒྱན་གྱི་སྦྱོར་ཚུལ་རང་བཞིན་བརྗོད་པའི་རྒྱན་གྱི་ཡོན་ཏན་དེ་ལོགས་སུ་རང་བཞིན་བརྗོད་པའི་ཡོན་ཏན་ཞེས་བཀར་བའོ།

 

༢། འཁྱོག་སྨྲ་ཟུར་མིག་གི་ཡོན་ཏན། དཔེར་ན། སྙན་ངག་མེ་ལོང་མར།

          ཆང་མིག་དང་མཚུངས་ཟུར་མིག་གི

          མདའ་ཡིས་འདོད་པ་འདི་རྒྱལ་ཏེ།

          གལ་ཏེ་བདག་ཀྱང་སྡིག་ཟད་ན།

          འདོད་པ་ལ་ནི་ཐལ་མོ་སྦྱོར།

          ཅེས་པ་སྟེ། ཆང་གིས་བཟི་བའི་མིག་ཟིམ་བུ་དང་འདྲ་བའི་མཛེས་མ་གང་གི་ཆགས་ཉམས་ཆེ་བའི་ཟུར་མིག་གི་འདོད་ལྷའི་མདའ་མོ་དག་གིས། འདོད་པའམ་ཆགས་པ་འདི་ཉིད་འདོད་པའི་ཁམས་འདིར་རྒྱལ་བར་གྱུར་བ་སྟེ། ཆགས་པའི་གཞན་དབང་དུ་མ་གྱུར་བ་ཞིག་མེད་པ་སྟེ། དཔའ་བོ་མཛེས་མའི་ལག་ནས་ཐར་དཀའ་ཞེས་པ་དང་འདྲ། གལ་ཏེ། ཁོ་བོ་ཡང་སྡིག་པ་ཟད་པར་འགྱུར་ན། འདོད་པའི་ལྷ་མཐུ་བོ་ཆེ་ཁྱོད་ལ་ཕྱག་འཚལ་ལོ། ཞེས་པའི་ཚིག་གིས་སྡིག་པ་འཕེལ་བར་འགྱུར་ན་བདག་གིས་ཕྱི་ཕྱག་བགྱི་བ་བསྟན་པས་

སྐབས་འདིའི་བརྗོད་པ་པོ་ནི་འདོད་པའི་ཉེས་དམིགས་མཐོང་བའི་སྐྱེས་བུ་ཞིག་གིས་སྨྲས་པ་ལྟར་གོ་འོས་སྙམ།

འདི་ནི་རིམ་བཞིན་དཔེ་དང་གཟུགས་ཅན་འགོག་རྒྱན་བཅས་པའི་རབ་སྤེལ་གྱི་འཁྱོག་པར་བརྗོད་པའོ།

གཞན་ཡང་རྩ་བར། རླུང་གིས་རི་ཡི་ཤིང་ཕྲེང་བཞིན། །གཞན་གྱི་སྡེ་ནི་དཔའ་བས་བཅོམ། །མཐའ་ནི་ག་ཤེད་སོང་བ་བཞིན། །རྡུལ་གྱིས་ནམ་མཁའ་ཁྱབ་པར་གྱུར། །ཅེས་པ་སོགས་དཔེ་གཟུགས་དང་རབ་རྟོག འུད་བརྗོད་སོགས་ཀྱི་རྒྱན་ཕལ་མོ་ཆེའི་རིགས་སོ།

ལྔ། གསལ་རིབ་ཀྱི་ཡོན་ཏན་བཤད་པ།

          སྙན་དངགས་ཀྱི་ཐ་སྙད་བཀོལ་སྟངས་ཀྱི་ཆ་ནས་ཡོངས་གྲགས་རྒྱུན་སྤྱོད་གོ་བདེའི་ཐ་སྙད་བཀོལ་བའི་ཁ་གསལ་བའི་ཡོན་ཏན་དང༌། མངོན་བརྗོད་སོགས་གོ་དཀའ་བའི་ཐ་སྙད་བཀོལ་བའི་ཁ་དམ་པ་རབ་རིབ་ཀྱི་ཡོན་ཏན་གཉིས་སོ།

༡། ཁ་གསལ་རབ་དྭངས་ཀྱི་ཡོན་ཏན།

          ཨུཏཔལ་སྔོན་པོའི་འོད་མདངས་ཀྱིས།

          ཟླ་བའི་མཚན་མ་མཛེས་པར་གྱུར།

          ཅེས་པ་ལྟ་བུ་འཇིག་རྟེན་ཡོངས་གྲགས་ཀྱི་ཐ་སྙད་དག་བཀོལ་བས་དོན་བདེ་བླག་ཏུ་གོ་ཐུབ་པ་སྟེ། ཟླ་བ་རབ་ཏུ་དཀར་བ་ཉ་གང་བ་དེའི་ངོས་ལ་ཁ་དོག་སྔོ་བསངས་རི་བོང་གཟུགས་ཀྱིས་མཛེས་མདངས་རྒྱས་ཞེས་པའོ།

གཞན་ཡང་བོད་མཁས་པས།

 ཕ་མཐའ་བྲལ་བའི་ནམ་མཁའ་སྔོ་བསངས་མར།

 བགྲོད་པའི་ཟླ་བ་བདུད་རྩིའི་འོད་སྣང་ཅན།

 མུན་པའི་གོ་འཕང་འཇིག་ལ་མཁས་པ་ཡི།

 ངོ་མཚར་མི་མཇེད་འཇིག་རྟེན་འདི་ན་གསལ།

 ཞེས་པ་ལྟ་བུའོ།

༢། ཁ་དམ་རབ་རིབ་པའི་ཡོན་ཏན། དཔེར་ན།

          ཤིན་ཏུ་དཀར་མིན་ཆུ་ལས་སྐྱེས།

          དེ་འདྲས་མཚན་པ་འོད་དཀར་ཅན།

          ཞེས་པ་སྟེ། འདིའི་དོན་གོང་དང་གཅིག་པ་ཡིན་ན་ཡང༌། ཤིན་ཏུ་དཀར་མིན་ཞེས་ཁ་དོག་གསལ་བོར་མ་བརྗོད་པ་དང༌། ཆུ་ལས་སྐྱེས་པའི་སྒྲ་བཤདཙམ་ལ་བརྟེན་ནས་ཨུཏཔལ་སྔོན་པོ་བསྟན་པ་དང༌། ཟླ་བ་ལའང་འོད་དཀར་ཅན་སྟེ་འོད་ཟེར་དཀར་བོའི་རང་བཞིན་ཅན་ཞེས་ཁྱད་ཆོས་བརྗོད་པའི་མིང་གི་མངོན་བརྗོད་ཀྱིས་སྨྲས་པས་ཁ་དམ་པའམ་གོ་དཀའ་བའི་ཚུལ་ཅན་ནོ།

          གཞན་ཡང༌། བོད་མཁས་པས།

 སྣང་མིན་ལམ་དུ་འཕྱན་ལ་བརྩེ་བའི་གཉེན།

 བདུད་རྩིའི་ཟེར་བརྒྱས་ཡོངས་གང་ཆུ་ལས་སྐྱེས།

 འགྲོ་འདིའི་ལེགས་བྱས་ཀྱིས་དྲངས་ལྷ་རྩེན་མར།

 རོལ་འདི་ཚངས་པའི་བུ་ཡི་ཡི་གར་འོང༌།         

          མུན་པ་ལ་སྣང་མིན་ཞེས་ལྡོག་ཕྱོགས་ནས་བརྗོད་པ་དང༌། རིག་བྱེད་གཏམ་རྒྱུད་དུ་ཟླ་བ་རྒྱ་མཚོ་བསྲུབས་པ་ལས་བྱུང་བར་སྨྲ་བས་ཆུ་ལས་སྐྱེས་ཞེས་པའི་སྒྲ་བཤད་ཡོད་པ་དང༌། ཁྱད་ཆོས་གཞན་པ་བདུད་རྩིའི་ཟེར་བརྒྱས་གང་བ་གཉིས་ཀྱིས་ཟླ་བ་བསྟན་པ་དང༌། བསོད་ནམས་ལ་ལེགས་བྱས་དང༌། ནམ་མཁའ་ལ་ལྷ་རྩེན་མ། བྲམ་ཟེ་ལ་ཚངས་པའི་བུ་ཞེས་མངོན་བརྗོད་དག་ཀྱང་བཀོད་པས་གོང་མ་ལས་ཁ་དམ་པའོ།

 

དྲུག མངོན་ལྐོག་གི་ཡོན་ཏན།

 

          ཡང་སྙན་དངགས་ལ་གཏམ་རྒྱུད་སོགས་བརྗོད་བྱའི་དོན་ཁ་གསལ་བར་སྟོན་པའི་དོན་མངོན་གསལ་བའི་ཡོན་ཏན་དང༌། དོན་མི་གསལ་བ་ལྐོག་གྱུར་རམ་ཟུར་ཙམ་སྟོན་པའི་ཡོན་ཏན་གཉིས་སུ་ཡང་དབྱེ་སྟེ།

མངོན་གསལ་བའི་ཡོན་ཏན།

          སྔོན་དུས་ཁྱབ་འཇུག་ཕག་པར་སྤྲུལ།

          རྨིག་པས་བཅད་པའི་ཀླུ་ཁྲག་གིས།

          དམར་བ་ཆུ་ཡི་གཏེར་ཆེན་ལས།

          ས་གཞི་འདི་ནི་མཆེ་བས་བཏེགས།

          ཞེས་པ་འདིར་གཏམ་རྒྱུད་ཅིག་བསྡུས་ཡོད་ན་ཡང་སུས་ཀྱང་རགས་ཙམ་རྟོགས་ཐུབ་པས་ཀློག་མཁན་ལ་ཕན་པ་ཆེའོ། གཞན་ཡང་ས་སྐྱ་ལེགས་བཤད་ལས།

          གཡོ་ཅན་བཟང་པོའི་ཚུལ་བསྟན་ནས།

          ཕྱི་ནས་དོན་ལ་བསླུ་བ་ཡོད།

          རི་དྭགས་རྔ་མ་བསྟན་ནས་ནི།

          ཁྲེལ་འདས་བོང་བུའི་ཤ་དག་བཙོང༌།

          ཞེས་པའི་ཤ་འཚོང་གི་གཏམ་རྒྱུད་བསྡུས་པ་ཁྱོད་ཀྱིས་ཏམ་རྒྱུད་དངོས་གོ་མེད་ན་ཡང༌། ཁོས་ཇི་ལྟར་གཞན་མགོ་སྐོར་ཚུལ་གྱི་སྤྱོད་ཚུལ་གསལ་བར་རྟོགས་སོ།

 

ཁ། ལྐོག་གྱུར་བའི་ཡོན་ཏན།

          ཕག་པ་ཆེན་པོ་གང་གིས་ས།

          ཆུ་གཏེར་དམར་པའི་ཀློང་ལས་ཕྱུང༌།

          ཞེས་པ་ཙམ་ལས་མ་བརྗོད་ན་གཏམ་རྒྱུད་དེ་ཉིད་གོ་མྱོང་མཁན་ཞིག་ལས་གཞན་སུས་ཀྱང་དཔྱད་དུ་མེད་པས། ཡོངས་གྲགས་ཀྱི་གཏམ་རྒྱུད་སོགས་དང༌། ཚིག་ཚོགས་ཤིན་ཏུ་བསྐྱུང་དགོས་ཚེ་འདི་ལྟར་ཡང་སྨྲ་རིགས་ཏེ།

དཔེར་ན་སྐྱེ་བོ་གསོ་ཐིགས་ལས།

          དགོས་པ་མེད་པའི་བརྫུན་ཚིག་ནི།

          ནམ་ཡང་བརྗོད་པར་མི་བྱའོ།

          བདག་མི་ཕན་པར་གཞན་གནོད་པ།

          དཔེར་ན་ནེ་ཙོའི་བརྫུན་ཚིག་བཞིན།

ཞེས་པའི་ནེ་ཙོའི་རྫུན་སྨྲས་པའི་གཏམ་རྒྱུད་ཀྱི་བསྡུས་པ་འདི་འདྲ་ནི་ཇི་སྲིད་གཏམ་རྒྱུད་དེ་ཉིད་མཐོང་ཐོས་སུ་མ་གྱུར་བ་དེ་སྲིད་དུ་རང་ངོས་དཔྱད་དེ་སྒྲུང་ཤེས་ཐུབ་པ་མེད་པ་བཞིན་སྟེ། ལེགས་བཤད་རྩོམ་ཡིག་རྣམས་སུ་འདི་འདྲ་ཤིན་ཏུ་མང་ངོ༌།

 

བདུན། རྒྱ་ཆེ་ཆུང་གི་ཡོན་ཏན།

 

སྙན་དངགས་ལ་བརྗོད་སྟངས་དང་མཚོན་སྟངས་ཀྱི་ཆ་ནས་བསྟོད་སྨད་གང་དག་ཚིག་ཟིན་ལ་ཡོད་པ་དེ་ཙམ་ལས་གོ་རྒྱུ་གཞན་མེད་པའི་གོ་རྒྱ་ཆུང་བའི་སྤྱིར་གཏང་གི་ཡོན་ཏན་ཅན་གྱི་རིགས་ཤིག་དང༌། ཡང་སྐྱོན་ཡོན་སོགས་རེ་རེ་ནས་མ་བགྲང་ཡང་ཤུགས་ནས་གཏིང་ཟབ་མོར་མཚོན་ཐུབ་པའི་གོ་རྒྱ་ཆེ་བའི་དམིགས་བསལ་གྱི་ཡོན་ཏན་གཉིས་སོ།

          གོ་རྒྱ་ཆུང་བའི་སྤྱིར་བཏང་གི་ཡོན་ཏན་ཅན་ནི། དཔེར་ན། རབ་དྭངས་དང་དོན་གསལ་གྱི་ཡོན་ཏན་ལྟ་བུ་དང༌། རང་བཞིན་བརྗོད་པའི་རྒྱན་དང་ཆོས་དཔེ་དངོས་དཔེའི་རྩ་བའི་དཔེ་འཇོག་ལྟ་བུའི་རིགས་ཏེ་ཚིག་གི་དངོས་བསྟན་གྱི་དོན་ཙམ་ལས་ཟུར་དང་ཤུགས་ནས་གཞན་དག་གོ་རྒྱུ་ཆེར་མེད་པ་རྣམས་སོ།

          ཁ། གོ་རྒྱ་ཆེ་བའི་དམིགས་བསལ་གྱི་ཡོན་ཏན་ཅན་ནི། དཔེར་ན།

          སློང་བ་རྣམས་ཀྱི་བཀྲེན་པའི་མིག

          ལན་ཅིག་ཁྱོད་གདོང་ལ་ལྷུང་བ།

          ལྷ་གཅིག་གནས་སྐབས་དེ་ནས་སླར།

          གཞན་གྱི་གདོང་ལ་ལྟ་མ་ཡིན། །ཞེས་དང༌།

          རིན་ཆེན་རྩིག་པ་ལ་འཕོས་པའི།

          གཟུགས་བརྙན་བརྒྱ་ཡིས་བསྐོར་གྱུར་བ།

          ལང་ཀའི་དབང་ཕྱུག་དེ་ཁོ་ན།

          ཧ་ལུ་མན་ཐས་དཀའ་བས་ཤེས།

          ཞེས་པ་འདིས་ཀྱང་དངོས་སུ་སྤྲེའུ་ཡིས་སྲིན་རྒྱལ་གང་ཡིན་གཟུགས་བརྙན་མང་པོའི་ནང་ནས་ཡུན་རིང་བརྟགས་ཏེ་ཤེས་པའི་ཚུལ་དུ་བརྗོད་ན་ཡང། ཤུགས་ནས་མགྲིན་བཅུ་བའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་མཚོན་པས་སོ།

 

བརྒྱད། འཚམ་པ་དང་འུད་བརྗོད་ཀྱི་ཡོན་ཏན།

 

          ཡང་སྙན་དངགས་ཀྱི་རྗོད་སྟངས་ཆ་ནས་འཇིག་རྟེན་ཡོངས་གྲགས་ཀྱི་བརྗོད་བབ་དང་མཚུངས་པར་བསྔགས་པའི་འོས་ཤིང་འཚམ་པར་བརྗོད་པའི་མཛེས་པའི་ཡོན་ཏན་ཞིག་དང༌། འཇིག་རྟེན་གྱི་བརྗོད་བབ་ལས་འདས་པའི་འུད་ཆེན་པོས་བརྗོད་པའི་ཡོན་ཏན་གཉིས་སུའང་དབྱེ་བ་ཡོད་དེ།

 

༡། འཚམ་པར་སྨྲ་བའི་ཡོན་ཏན།

སྙན་ངག་མེ་ལོང་མར།

          དཀའ་ཐུབ་ཕུང་བོ་ཁྱོད་འདྲ་ཡི།

          ཞབས་ཀྱི་རྡུལ་ནི་གཙང་མ་དག

          ཡང་དག་བཏབ་པ་གང་ཡིན་པ།

          དེ་དག་ཁོ་ན་ངེས་པར་ཁྱིམ།

ཞེས་དང་ཡང༌།

          སྐྱོན་མེད་ལུས་ཅན་ཁྱོད་ཀྱི་ནི།

          ལག་པའི་འཁྲི་ཤིང་བར་དག་ཏུ།

          རབ་རྒྱས་ནུ་མ་འདི་དག་གིས།

          གོ་སྐབས་རྙེད་པར་འགྱུར་མ་ཡིན།

 

༢། འུད་བརྗོད་ཀྱི་ཡོན་ཏན།

          འཇིག་རྟེན་འདས་ཤིང་བརྗོད་འདོད་ཀྱིས། དོན་གང་ཤིན་ཏུ་བཀོད་གྱུར་བ། དེ་ཡང་སྙན་དངགས་མཁན་རྣམས་རྒྱན། དཔེར་ན་རྩ་བར།

          ཁྱོད་ཀྱི་ཞབས་རྡུལ་ལྷུང་བ་ཡིས།

          ཉེས་པ་དག་ནི་མ་ལུས་བཀྲུས།

          དེ་ནས་བཟུང་སྟེ་བདག་གི་ཁྱིམ།

          ལྷ་ཡི་ཁྱིམ་བཞིན་བསྟེན་པར་འོས།

ཞེས་དང་ཡང༌།

          ཁྱོད་ཀྱི་ནུ་འབུར་འདི་ལྟ་བུ།

          རྣམ་པར་རྒྱས་པར་གྱུར་བ་འདི།

          ངེས་པར་མ་བརྟགས་བྱེད་པོ་ཡིས།

          ནམ་མཁའ་དག་ནི་ཆུང་ངུར་སྤྲུལ། །ལྟ་བུའོ།

 

དགུ བྱ་ཚིག་སོགས་སྦྱོར་ཚུལ་གྱི་ཡོན་ཏན།

 

          སྙན་དངགས་ཀྱི་བྱ་ཚིག་སྦྱོར་སྟངས་ཀྱི་ཆ་ནས་ནམ་རྒྱུན་གྱི་སྐད་ཆའི་བབ་དང་མཐུན་པར་བྱ་ཚིག་སྤྱོད་སྟངས་ཐུན་མོང་བ་དང༌། དེ་ལས་བཟློག་པའི་ཐུན་མོང་མ་ཡིན་པའི་རབ་རྟོག་གི་སྐད་ཆའམ། ཏིང་ངེ་འཛིན་གྱི་ཡོན་ཏན་གཉིས་སོ།

རྒྱུན་སྤྱོད་བྱ་ཚིག་གི་ཡོན་ཏན་ནི། དཔེར་ན།

      

ཆང་གིས་རབ་བཟི་སྐྱེས་བུ་དག

གང་སར་སྐྱུགས་པའི་དྲི་ངན་དང༌།

ཁ་ཆུ་སྣ་ཆུ་འཐོར་བ་ཡིས།

སྐྱེ་བོ་གཞན་ཡང་སྐྱུགས་པར་བྱེད། །ཅེས་དང༌།

ཡང་ན།

  ༡།      ཉི་མའི་འོད་ཟེར་འཕྲོ་བ་རྣམས།

          ཐིམ་པའི་རབ་རྒྱས་པད་མ་ཡི།

          གེ་སར་རྡུལ་རྣམས་འབབ་པ་ནི།

          བུང་བ་རྣམས་ཀྱིས་ལོངས་སུ་སྤྱོད།

  ༢། ཉི་མ་གསར་བའི་འོད་འཕྲོས་ཚེ།

          ཀུ་མུ་ད་རྣམས་ཁ་ཟུམ་ཞིང༌།

          པད་མ་དག་ནི་ཁ་བྱེ་བར།

          བུང་བའི་ཚོགས་ནི་འཕུར་ལྡིང་བྱེད།

   ༣། རླུང་གིས་གཡོ་ཞིང་བསྐྱོད་པ་ཡིས།

          ཆུ་ཆར་དག་གིས་ནོན་གྱུར་བ།

          འབྲུག་གི་སྒྲ་སྒྲོག་སྤྲིན་གྱི་ཚོགས།

          རི་བོའི་རྩེ་ལ་བབ་པར་གྱུར།

          ཅེས་པ་ལྟ་བུ་སོགས་གང་ཟག་དང་བེམ་པོའིདངོས་པོ་ལ་སོགས་པར་སོ་སོར་མིང་དང་བྱ་ཚིག་གང་འོས་རེ་ལས་གང་ལ་ཡང་སྦྱར་ཆོག་ཆོག་ཅིག་མེད་པ་བཞིན། རྒྱུན་སྤྱོད་སྐད་ཆའི་འགྲོས་ཇི་བཞིན་ཚིག་སྦྱོར་སྤེལ་བའི་རིགས་སོ།

ཁ། ཏིང་འཛིན་ཡོན་ཏན།

          གོང་གི་སྐྱུགས་དང༌། སྐྱུགས་པ་འཐུང༌། ཁ་ཆུ་འཐོར་བ་ལྟ་བུའི་སྤྱིར་བཏང་གི་བྱ་ཚིག་མི་སྙན་པ་དག་ཀྱང༌། ཆོས་གཞན་ལ་སྦྱར་ནས་སྨྲས་ཚེ་རོ་ཉམས་མི་འདྲ་བའི་ཡིད་དུ་འོང་བའི་བྱ་ཚིག་ཏུ་འགྱུར་བ་ནི། དཔེར་ན།

          ༡། པད་མས་ཉི་ཟེར་སྐྱུགས་པ་རྣམས།

          འཐུངས་ནས་རྡུལ་དམར་སྐྱུགས་པ་ཡི།

          ཁ་ཆུ་འཐོར་བའི་ཟེགས་མ་རྣམས།

          བུང་བ་རྣམས་ལ་གཏོར་བ་བཞིན།

          ཞེས་སྨྲས་ཚེ། བརྗོད་དོན་གོང་གི་དོན་ལས་གཞན་མིན་ན་ཡང༌། བརྗོད་ཚུལ་དེ་ལས་ཆེས་ཆེར་སྙན་པའོ།

 ༢། ཉི་གཞོན་འཛུམ་མདངས་བསྟན་པ་ན།

          ཀུ་མུ་ད་རྣམས་མིག་ཟུམ་ཞིང༌།

          པད་མ་དག་ནི་མིག་ཕྱེ་སྟེ།

          བུང་བའི་ཚོགས་ལ་མགྲོན་བསུ་བྱེད།

          ཅེས་ཡང་གོང་གི་ཉི་མ་ཤར་ནས་པད་མ་བཞད་པ་སོགས་ཀྱི་བསྔགས་པའི་སྤྱིར་བཏང་གི་སྐད་ཆའི་རྗོད་ཚུལ་དེ་ལ། ང་ཚོ་མིའི་ཁྱད་ཆོས་སྦྱར་ནས་སྒྲོ་བཏགས་ཏེ་སྨྲས་ཚེ་མཛེས་ཉམས་ཆེའོ།

 ༣། ལྕི་བའི་མངལ་ཁུར་གྱིས་ངལ་ཞིང༌།

          འཁུན་པར་བྱེད་པའི་སྤྲིན་གྱི་ཕྲེང༌།

          དེ་དག་མཁའ་ལས་རི་བོ་ཡི།

          ཕང་པ་དག་ཏུ་ཡང་དག་ཉལ།

          ཞེས་གོང་གི་སྤྲིན་པ་ལ་བསྔགས་པ་དེར་ཡང༌།  བུད་མེད་སྦྲུམ་མ་བྱིས་པ་བཙའ་བཞིན་པ་ཞིག་གི་ངང་ཚུལ་གྱི་ལུས་མངལ་ཁུར་གྱིས་ལྕི་བ་དང༌། ཟུག་གཟེར་ལངས་པའི་འཁུན་པ། གྲོགས་མོའི་ཕང་བར་ཉལ་བ་བཅས་ཁྱད་ཆོས་འགའ་ཞིག་སྤྲིན་པ་གཅིག་པའི་ངང་ཚུལ་ལ་སྒྲོ་བཏགས་ཏེ་སྦྱར་བས། སྤྲིན་པ་དེ་ནི་སེམས་ལྡན་ལྟ་བུར་གྱུར་ཅིང༌། དོན་གྱི་ཉམས་ཁྱད་པར་བ་ཐོན་ནོ།

          དེ་ལྟར་བྱ་ཚིག་གིས་གཙོས་དངོས་པོ་གང་དག་གི་ཁྱད་ཆོས་གང་དག་ཕན་ཚུན་བརྗེ་ལེན་གྱིས་སྦྱོར་བའི་སྙན་དངགས་ཀྱི་ཆེས་ཐུན་མོང་མ་ཡིན་པའི་སྐད་ཆ་འདི་རིགས་ནི། གནའ་དེང་གི་མི་རིགས་སོ་སོའི་སྙན་དངགས་མཁན་པོ་རྣམས་ཀྱི་སྐད་ཆའི་སྒྱུ་རྩལ་བླ་ན་མེད་པ་ཞིག་ཡིན་ལ། དེང་སང་གི་རང་རེའི་སྙན་དངགས་གསར་བའི་བརྗོད་ཚུལ་ལ་ཡང་ཡོན་ཏན་འདི་ཤིན་ཏུ་གཅེས་པའོ།

 

བཅུ། དཔེ་དོན་སྦྱོར་ཚུལ་གྱི་ཡོན་ཏན།

 

          སྙན་ངག་གི་སྐབས་སུ་བརྗོད་དོན་གང་ཞིག་གི་དོན་གསལ་ཞིང་མཛེས་ཉམས་ཐོན་པའི་ཕྱིར་དཔེར་འགོད་ཚུལ་ཡང་མི་འདྲ་བ་མང་མོད། རགས་ཙམ་དུ་དབྱེ་ན།  ཚིག་གི་བརྗོད་ཚུལ་གྱི་ཆ་ནས་དཔེ་དོན་སོ་སོར་ཐ་དད་པ་གང་ཞིག་ལ་ཆ་གང་ཞིག་མཚུངས་པར་སྟོན་པའི་དཔེ་རྒྱན་གྱི་རིགས་ཤིག་དང༌། ཡང་དཔེ་དོན་སོ་སོར་མ་གྱུར་བར་ངོ་བོ་གཅིག་ཏུ་གྲུབ་པའམ་དཔེ་ཅན་དཔེའི་གཟུགས་སུ་བཀོད་པའི་གཟུགས་ཅན་གྱི་རྒྱན་གྱི་རིགས་གཉིས་སུ་འདུ་བ་ཡིན་ནོ།

༡། དཔེ་རྒྱན་ནི། དཔེར་ན།

བདག་ནི་ལྷ་ཡུལ་ལྟ་བུའི་འཕགས་ཡུལ་ན་གནས་ཀྱང༌།

བདག་གི་སེམས་འདི་ཐང་དཀར་རྒོད་པོ་དང་འདྲ་བར།

ཕ་ཡུལ་ཁ་བ་ཅན་གྱི་མཁའ་དབྱིངས་ན་ལྡིང་ངོ༌།

ལྟ་བུ་དང༌། ཡང་ན།

          ནུབ་ཀྱི་རི་མགོར་ལྷུང་བ་ཡི།

          མཐའ་དག་ཉི་འོད་མལ་སྟན་ཅན།

          མཁྲང་པའི་ནུ་མ་ལ་གནས་པའི།

          གོས་དམར་གཡོ་བཞིན་ཆུ་ལྡན་མ།

          ཞེས་ཉི་མ་ནུབ་ཁའི་འོད་ཀྱིས་ནུབ་རིར་དམར་མདངས་བཀྲ་བའི་མཛེས་པ་དེ་ནི། ལང་ཚོ་མ་ཞིག་གི་རབ་རྒྱས་ནུ་འབུར་སྒང་ལ་སྟོད་གོས་དམར་པོས་གཡོགས་པ་དང་མཚུངས་པར་བསྔགས་པ་འདི་ལྟར་དོན་གསལ་བྱེད་ཙམ་མ་ཡིན་པར་དོན་གྱི་ཉམས་ཆེས་མཛེས་པར་མངོན་ཚུལ་འདི་འདྲའི་རིགས་སོ།

༢། གཟུགས་ཅན་གྱི་རྒྱན་ནི། དཔེར་ན།

སློབ་དཔོན་ཐོན་མིའི་མགུར་ལས།

          རིག་པ་དྲི་མེད་ཀྱི་ནམ་མཁའ་ལ།

          ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར།

          སྨོན་ལམ་དག་པའི་རླུང་གིས་དྲངས།

          སྒྲ་ཚད་ཡི་གེའི་ཉི་ཟླ་ཤར།

          འགྲོ་བའི་མ་རིག་མུན་པ་སེལ།

ཞེས་པའི་དཔེ་ཅན་བློ་རིག་པ་དང་དཔེ་ནམ་མཁའ། དེ་བཞིན་ཐབས་ཤེས་དང་རྒྱུ་སྐར། སྨོན་ལམ་དང་རླུང༌། སྒྲ་ཚད་ཡི་གེ་དང་ཉི་ཟླ། མ་རིག་པ་དང་མུན་པ་བཅས་དཔེ་དོན་སོ་སོར་ཐ་མི་དད་པ་གཞི་མཐུན་གཟུགས་གཅིག་པ་ཡིན་པ་ལྟ་བུའི་བརྗོད་ཚུལ་ཞིག་གོ

དོན་སྙིང་ནི། ལྷན་སྐྱེས་སྤོབས་པའི་བློ་རིག་རྣམ་པར་བཀྲ་བའི་ཐོག་ལ། སྦྱངས་སྟོབས་ཀྱི་ཐབས་དང་ཤེས་རབ་རྒྱས་ཤིང༌། སྨོན་ལམ་དག་པས་མཚམས་སྦྱོར་བས། སྒྲ་དང་ཚད་མ། ཡི་གེའི་རིགས་དུ་མ་ཞིག་ཡང་དག་པར་རྟོགས་པས། ད་ནི་བོད་ཁ་བ་ཅན་གྱི་འགྲོ་བའི་ཡིག་རྨོངས་དང་དོན་རྨོངས་སེལ་བར་བྱེད་དོ། ཞེས་པའི་དོན་དེ། ནམ་མཁའ་རབ་ཏུ་དྭངས་པར་མཁའ་རླུང་གི་ཤུགས་ཀྱིས་དྲངས་ཏེ། རྒྱུ་སྐར་ཉི་ཟླ་ལྷན་ཅིག་ཤར་བའི་འོད་ཟེར་གྱིས་མུན་པ་མ་ལུས་སེལ་བར་བྱེད་པ་བཞིན་ནོ། ཞེས་གསུངས་པ་ལྟ་བུའོ།

 

བཅུ་གཅིག མཚོན་བྱེད་ཅན་གྱི་ཡོན་ཏན།

 

          འདི་ནི་གོང་ལྟར་དཔེ་དོན་ལྷན་ཅིག་འགོད་ཚུལ་དང་མི་འདྲ་བར། མཚོན་བྱེད་ཀྱི་དཔེ་ཁོ་ན་བཀོད་དེ་མཚོན་བྱའི་དཔེ་ཅན་གང་ཞིག་དེའི་ཤུགས་སམ་ཟུར་ནས་མངོན་པར་བྱེད་པའི་མཚོན་སྟངས་ཁྱད་པར་བ་ཞིག་སྟེ། བསྡུས་བརྗོད་དང་གབ་ཚིག་གཉིས་སོ།

༡། བསྡུས་བརྗོད་ཀྱི་རྒྱན།

དཔེར་ན། སྙན་ངག་མེ་ལོང་མར།

          བུང་བ་ཇི་ལྟར་འདོད་པ་བཞིན།

          པད་མ་རྒྱས་ལ་སྦྲང་རྩི་འཐུང།

          དྲི་ཞིམ་རྒྱས་པ་མ་ཡིན་ཡང༌།

          མེ་ཏོག་ཁ་མ་བྱེར་སྦྱོར་ལྟོས།

ཞེས་པའི་དཔེ་འདིས་མཚོན་བྱ་ནི།

          ཆགས་ལྡན་བུད་མེད་དར་མ་ལ།

          དགའ་བའི་རྩེ་དགས་བཅིངས་པ་དག

          བུ་མོ་འགའ་ཞིག་དག་ལ་ཡང༌།

          འདོད་པ་འཕེལ་བ་སྟོན་པར་བྱེད།

ཅེས་པའི་དོན་ནོ།

          དངོས་བྱུང་ལོ་རྒྱུས་ཀྱི་དཔེ་མཚོན་ལ་ཡང༌། དྲན་པ་ཡེ་ཤེས་གྲགས་པ་ཞེས་པའི་རྒྱ་གར་བའི་ལོ་ཙཱ་མཁས་ཆེན་དེ་ཉིད་སྔ་མོར་བོད་དུ་ཕེབས་དུས། གཙང་རྟ་ནག་གི་ཁྱིམ་ཚང་ཞིག་གི་ར་རྫི་བྱེད་པའི་སྐབས། བོད་མི་ཚོས་མཁས་དང་བླུན་པོའི་ཁྱད་པར་ཡང་ཤེས་ཀྱིན་མེད་པའི་ངང་ཚུལ་ལ་ཐུགས་སྐྱོ་བ་དང་ཟུར་ཟའི་སྙན་དངགས་ཚིགས་བཅད་གཅིག་བྲིས་ཏེ། མི་ཚང་དེའི་སྒོ་ཐེམ་ལ་སྦྱར་བ་ནི།

          རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།

          མཚན་མོར་མཁའ་ལ་རྒྱུ་བ་མ་མཐོང་ནས།

          དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས།

          གཟུགས་བརྙན་ཟླ་བར་བྱེད་པ་བྱིས་པའི་བློ།

ཞེས་པ་སོགས་སྙན་ཚིག་ཐོར་བུའི་རིགས་དང་གཞན་ཡང༌།

མ་གཞི་སྤང་དང་གཡག་གུ མཐུན་ན་བསམ་པ་མ་གཏོགས།

ལྷ་གཡག་ཞོལ་པོའི་རྩྭ་ཁ། གང་ནས་ཟ་ཟ་ཡིན་པ།

          ལྟ་བུ་ལ་སོགས་པའི་གཞས་ཚིག་མང་པོ་དང༌། བྱ་སྤྲེལ་གཏམ་རྒྱུད་དང༌། གཏམ་པད་མའི་ལ་གྱི་ཟློས་གར་སོགས་བརྩམས་སྒྲུང་དང༌། གཞན་ཡང་རི་བོང་ཅལ་འདྲོགས་སོགས་སྲོག་ཆགས་སེམས་ཅན་སྦྱར་བའི་གཏམ་རྒྱུད་ཧ་ཅང་མང་ལ། བསྡུས་བརྗོད་ལྷུག་རྩོམ་ཡང་མང་བས། བསྡུས་བརྗོད་ཀྱི་ཡོན་ཏན་ནམ་མཚོན་བྱེད་ཅན་གྱི་རྩོམ་ཐབས་འདི་ཉིད་བྲིན་ཆེ་ལ་སྒྱུ་རྩལ་གྱི་ནུས་པ་ཆེ་བས། དེང་རབས་རྩོམ་རིག་སྨྲ་བ་དག་གི་ཁ་ཡི་རྒྱན་དང་སྙིང་གི་གསོས་ཤིག་ཀྱང་ལགས་སོ།

          ལག་ལེན་དངོས་ཁྲོད་བསྡུས་བརྗོད་རྩོམ་ཡིག་མང་བོ་ཞིག་ལ་རབ་རྟོག་གི་ཡོན་ཏན་གྱིས་ནུས་པ་བླ་ལྷག་ཏུ་སྦྱིན་པར་བྱེད་དོ།

༢། གབ་ཚིག་གི་ཡོན་ཏན།

 

          གབ་ཚིག་ནི་བརྗོད་བྱ་གང་ཞིག་སྦས་ཏེ་དཔེ་མཚོན་གྱི་སྒོ་ནས་གོ་བར་བྱེད་པའི་རིག་རྩལ་ཞིག་ཡིན་པས། མཚོན་བྱེད་ཅན་གྱི་རྩོམ་རིགས་ཁོངས་སུ་གཏོགས་ན་ཡང༌། འདི་ནི་གབ་པའི་ཚིག་ཙམ་ལས། གནས་ལུགས་རྒྱུ་མཚན་སོགས་སྟོན་པའི་བརྗོད་བྱ་ཟབ་ཅིང་ཆེ་བའི་རྩོམ་ཡིག་གི་རིགས་སུ་མི་འགྱུར་བས་བསྡུས་བརྗོད་རྩོམ་ཡིག་དང་མི་འདྲ།

          དེ་ཡང་རྩོམ་ཚུལ་གྱི་སྒོ་ནས་གནའ་བོའི་ལྡེའུའམ་ཁེད་ཅེས་པ་དང༌། དེང་གི་ཚིགས་བཅད་ཁོ་ནའི་གབ་ཚིག་གསར་བ་གཉིས་སུ་འདུ།

༡། ལྡེའུ་ནི་དཔེར་ན།

 ཐང་དཀར་དཀར། ལུག་ནག་ནག ལུག་རྫི་གླུ་བ། ཅི།

          ཞེས་པའི་གབ་བྱ་དཔེ་ཆ་འདོན་པ་དང༌། ཡང་ན།

 དཀྱིལ་འཁོར་བར་སྣང་ཁམས་ན་འདུག

 ལྷ་བཟོ་དཀྱིལ་འཁོར་དབུས་ན་བཞུགས། ཅི་ཁེད།

          ཅེས་པའི་གབ་དོན་འབུ་སྡོམ་ཡིན་པ་ལྟ་བུ་སོགས་སོ་སོས་དཔྱད་སྟོབས་ཀྱིས་གབ་དོན་གང་ཡིན་ཤེས་བར་བྱ་བའི་རིག་རྩལ་ཞིག་གོ 

༢། གབ་ཚིག་གསར་བ།

          འདི་ནི་གནའ་སྔ་མོའི་ལྡེའུ་དང༌། སྙན་ངག་མེ་ལོང་མའི་གབ་ཚིག་གི་རྒྱན་བཅུ་དྲུག་དེ་གཉིས་ཀྱི་ལེགས་ཆ་བླངས་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་སྲོལ་གསར་བ་ཞིག་སྟེ། དཔེར་ན།

 སྤང་དཀར་ཐང་ན་ཚར་དུ་དངར་བ་ཡི།

 གནག་སྣུམ་གོས་བཟང་གྱོན་པའི་བལ་ལྡན་གྲངས།

 འཁར་བས་བགྲང་བཞིན་རྫི་བོ་བར་མེད་དུ།

 འགྱུར་ཁུགས་གླུ་དབྱངས་སྟོང་གིས་རྣམ་པར་བྲེལ།

ཞེས་པ་ལྟ་བུ་གོང་གི་དཔེ་ཆ་འདོན་པའི་ཁེད་དེའི་རྣམ་པ་བརྗེ་བསྒྱུར་གྱིས་ཉམས་ལྷག་པར་མཛེས་པར་ཐོན་ཞིང༌། གཞན་ཡང་བྱ་དངོས་གསར་བ་མཚོན་པའི་གབ་ཚིག་ནི་དཔེར་ན།

  རིང་ན་གནས་ཀྱང་རང་གི་ཁྱིམ་ནས་མཐོང༌།

  ཤེས་པ་བྲལ་ཡང་ཤེས་ལྡན་ཀུན་ལས་ལྷག

  འོད་ཀྱི་ཕོ་ཉས་སྣ་ཚོགས་སྣང་བྱེད་པའི།

  སྔོན་མེད་འཕྲུལ་གྱི་གཟུགས་སྣོད་འདི་ཅི་ཞིག ལྟ་བུའོ། །

 

བཅུ་གཉིས། རྐྱང་སྤེལ་གྱི་ཡོན་ཏན།

 

          རྒྱན་བྱེ་བྲག་གི་ཁྱད་པར་ཕྱེ་སྟེ་སྦྱོང་བའི་སྐབས་སུ། ཕན་ཚུན་མ་འདྲེས་པའི་དཔེར་བརྗོད་འགོད་དགོས་པ་རྣམས་དང༌། རྩོམ་ལུས་ཐུང་ངུའི་རིགས་འགའ་ཞིག་ལ་དཔེ་རྒྱན་སོགས་རྒྱན་རིགས་གཅིག་ཁོ་ནས་གྲུབ་པ་དག་ལ་རྒྱན་རྐྱང་པ་ཞེས་བརྗོད་པ་ཡིན། དེ་ལས་གཞན་སྒྱུ་རྩོམ་མང་པོ་ཞིག་ལ་གོང་གི་ཡོན་ཏན་དེ་དག་ཕན་ཚུན་འདྲེས་ནས་ཐོན་གྱིན་ཡོད་པས་རྒྱན་སྤེལ་མ་སྟེ། དེ་རིགས་ལ་ལྷག་པར་ཚིག་དོན་གྱི་ཉམས་ཀྱང་མི་འདྲ་བའི་ཁྱད་ཆོས་ཡོད་དེ། དཔེར་ན།

 དཀར་འཇམ་ཡིད་འཕྲོག་པད་མའི་ལྟེ་བ་རུ།

 དཀར་བསིལ་འདོད་ལྷའི་མེ་ལོང་ལྷུང་འདྲ་བའི།

 རི་བོང་འཛིན་པ་འོད་ཀྱི་འཕྲོ་འདུ་ཅན།

 བྱང་ཆུབ་སེམས་ཀྱི་ལང་ཚོ་གང་བ་མཚོན།

 ཡིད་འོང་སྒེག་ཅིང་འགྱིང་བཅས་ཙོག་པུའི་སྟབས།

 མཛེས་པའི་ཞབས་སོར་བཀྲམ་དེས་པད་རྩ་ལིའི།

 ཡིད་འོང་ཁེངས་པ་བསྙིལ་ཚེ་པད་མའི་དགྲ

 རབ་དགའི་འོད་ཟེར་སོ་ཕྲེང་དགོད་པ་བཞིན།

          ཞེས་པའི་ཚིགས་བཅད་གཉིས་པོའི་རྐང་དང་པོ་གཉིས་དྲང་བརྗོད་དང༌། གཞན་རྣམས་འཁྱོག་བརྗོད་དེ། ཚིགས་བཅད་དང་པོའི་རྐང་པ་གཉིས་པ་དང་གསུམ་པ་དཔེ་དང༌། བཞི་བ་ངེས་བསྟན་རྒྱན། ཚིགས་བཅད་གཉིས་པའི་གཉིས་གསུམ་དཔེ་དང༌། བཞི་བ་གཟུགས་ཅན་དང་ཏིང་འཛིན་རབ་རྟོག རི་བོང་འཛིན་པ་དང་པད་མའི་དགྲ་ལྟ་བུ་རབ་རིབ་ཀྱི་ཡོན་ཏན་སོགས་དང༌། གཞན་ཡང་ཆོད་པའི་ཟུང་ལྡན་སྒྲ་རྒྱན་དང་བཅས་པ་སྟེ། དབྱངས་ཅན་མ་པད་ཟླའི་གདན་ལ་བཞུགས་པའི་མཛེས་སྒེག་གི་ཉམས་ཡིད་དབང་འཕྲོག་པ་ཞིག་ཐོན་ཡོད་པ་བཞིན་ནོ།

          དེ་བཞིན་དུ་སྲོག་ཆགས་དང་རྩི་ཤིང་རིགས་ལ་སྦྱར་བའི་བསྡུས་བརྗོད་རྩོམ་ཡིག་ཅིག་ཡིན་ན། ཕལ་ཆེར་རབ་རྟོག་གི་ཡོན་ཏན་དང་འགྲོགས་ཤིང༌། དཔེ་གཟུགས་ལ་སོགས་པ་དོན་དང་སྒྲ་ཡི་རྒྱན་མང་བོ་ཞིག་རང་བཞིན་གྱིས་ཐོན་པས་ན། སྒྱུ་རྩལ་རྩོམ་རིགས་མང་པོ་ཞིག་རབ་སྤེལ་གྱི་ཡོན་ཏན་གྱིས་ཕྱུག་པས་ཚིག་དོན་གྱི་མཛེས་ཉམས་ཀྱང་ཕུན་སུམ་ཚོགས་པ་ཡོད། འོན་ཀྱང་ཡོན་ཏན་དེ་དག་རང་བཞིན་གྱིས་སླེབས་ན་མཛེས་ཀྱི་ཆེད་དུ་སྦྱར་བ་དང་བཙན་གྱིས་བཀོལ་ན་བརྒྱན་མ་ཤེས་རྒྱན་གྱིས་མཛེས་པ་སྒྲིབ་པར་བྱེད་པའི་སྐྱོན་དུའང་འགྱུར་ཉེན་ཆེའོ།།

          སྨྲས་པ།

 རང་རིགས་རིག་གནས་གང་དག་གཞི་རྩའི་ཐོག

 རིག་གནས་གཞན་དག་ལེགས་ཆ་ལེན་མཁས་ན།

 ཕུན་ཚོགས་རིག་གནས་རིག་པའི་ཟས་མཆོག་སྟེ།

 ཀུན་ལེན་ཀུན་དོར་གང་ཡང་ལེགས་ལམ་མིན།

 འདི་ལྟར་སྨྲས་ལ་འགལ་གནོད་ཅི་དང་གང༌།

 རྣམ་དཔྱོད་རལ་ཁ་འགྲན་ན་དཔའ་རྩལ་ཤེས།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php