ལེའུ་གསུམ་པ།

རྩོམ་པའི་སྐྱོན་སྤོང་བ།

 

བརྗོད་བྱ་རྗོད་བྱེད་མཚོན་ཐབས་ཀྱི།

སྐྱོན་དག་ངོས་འཛིན་སྤོང་བ་དང༌།

དམིགས་བསལ་དག་ཀྱང་ཤེས་པར་བྱ།

          རྩོམ་པའི་སྐབས་སུ་གཟབ་དགོས་པའམ་ངེས་པར་སྤོང་དགོས་པའི་སྐྱོན་དུ་མ་ཡོད་ཀྱང༌། བསྡུ་ན། བརྗོད་བྱ་དོན་གྱི་སྐྱོན་སྤོང་ཚུལ་དང༌། རྗོད་བྱེད་ཚིག་གི་སྐྱོན་སྤོང་ཚུལ། མཚོན་ཐབས་སྒྱུ་རྩལ་གྱི་སྐྱོན་སྤོང་ཚུལ་བཅས་གསུམ་མོ།

 

དང་པོ། བརྗོད་བྱ་དོན་གྱི་སྐྱོན་ལ་གཟབ་ཚུལ།

          དོན་ཉམས་པ།

          སྤྱིར་བརྗོད་དོན་ག་ཡིན་འདི་ཡིན་མེད་པའི་དོན་ཉམས་ཅན་དང༌། བརྗོད་བྱ་གང་ཞིག་ཡོད་ཀྱང་བརྗོད་སྙིང་གིས་སྟོང་བའི་དོན་ཉམས་གཉིས་སོ།

          ༡། མེ་ལོང་མར། "ཚོགས་པའི་དོན་གྱིས་སྟོང་པ་གང༌། དེ་ནི་དོན་ཉམས་ཞེས་པར་འདོད།" ཞེས་དང་དེའི་དཔེ་མཚོན་དུའང༌། འདི་ནི་རྒྱ་མཚོ་འཐུང་བྱེད་དེ། བདག་ནི་དེ་རིང་རྒ་བས་གཟིར། སྤྲིན་འདི་རབ་ཏུ་སྒྲོག་བྱེད་དེ། འཕྲོག་བྱེད་ས་སྲུང་དག་ལ་དགའ། ཞེས་སྐྱེས་བུ་འདིས་བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོ་འཐུང་བར་བྱེད་ཅིང༌། བདག་ནི་དེ་རིང་གློ་བུར་རྒས་ཏེ་སྡུག་བསྔལ་བར་བྱེད་དོ་ཞེས་པ་ལྟ་བུའི་གཏན་ཚིགས་དང་བྲལ་བའི་ཚིག་སྐྱོན་ཅན་དང༌། གང་ལྟར་རྐང་པ་རེ་རེར་དོན་ཙམ་ཞིག་ཡོད་ཀྱང༌། ཚིག་རྐང་བཞི་བོ་དེ་དག་དེ་དག་ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པས་ངག་དོན་གྱི་ཚིགས་བཅདཅིག་ཏུ་གྲུབ་མེད་པས་ན་ཚིག་གི་ཚོགས་པ་སྤྱིའི་ཆ་ནས་དོན་ཉམས་པའམ་དོན་སྟོང་པར་གྱུར་བ་ཡིན།

          "འདི་སེམས་རྣལ་དུ་མི་གནས་པས། མངོན་པར་བརྗོད་པ་སྨད་མིན་ཏེ། གཞན་དུ་དེ་ལྟ་བུ་ལ་སོགས། སྙན་ངག་མཁན་པོ་སུ་ཞིག་སྦྱོར།" ཅེས་པ་ལྟར་སྙན་ངག་མཁན་པོ་དག་ལ་འདི་འདྲའི་སྐྱོན་ཆེན་པོ་ཞིག་མི་འབྱུང་མོད། གསར་དུ་ཚིགས་བཅད་སྦྱོང་མཁན་ཚོར་མཚོན་ན་འདི་འདྲའི་སྐྱོན་ཡང་འབྱུང་ངོ༌།

          འོ་ན་ང་ཚོས་དེ་འདྲའི་ཚིགས་བཅད་དམ་ཚིག་ལྷུག་ཡང་རུང་སྟེ་འབྲེལ་མེད་དོན་གཞན་གྱི་ཚིག་དུམ་ཞིག་ལ་བརྗོད་པའི་མཚན་ཉིད་ཀྱང་མི་ཚང་བས་ངེས་པར་སྤོང་དགོས་པ་ཞིག་ཡིན་ན་ཡང༌། འདི་ལའང་དམིགས་བསལ་གྱི་སྐབས་སམ་ཆེད་དུ་དེ་འདྲ་བརྗོད་དགོས་པའི་དུས་མེད་པ་མིན་ཏེ། "མྱོས་པ་སྨྱོན་པ་བྱིས་པ་ཡིས། བརྗོད་ལས་གཞན་ལ་དེ་སྐྱོན་ནོ།" ཞེས་གསུངས་པ་ལྟར། ཁྱེད་རང་གི་རྩོམ་ཡིག་ནང་ལ་ར་བཟི་དང་སྨྱོན་པ། བྱིས་པ་དང་ལོ་ལོན་ཧོན་ལོག་ལྟ་བུའི་རིགས་ཀྱི་མི་སྣ་རེ་ཡོད་ན་དེ་དག་ལ་སྐབས་སུ་བབ་པའི་སྐད་ཆ་དེ་འདྲ་སྨྲ་རུ་འཇུག་པ་དེ་ནི་མི་སྣའི་དམིགས་བསལ་ཁྱད་ཆོས་སོགས་མཚོན་པའི་དགོས་པ་ཡོད།

          ༢། སྙིང་དོན་གྱིས་སྟོང་བ་ནི། སྤྱིར་རྩོམ་འབྲི་མཁན་ཞིག་ལ་མཚོན་ན་དོན་དག་གང་ཡང་མེད་པ་ཞིག་སུས་ཀྱང་མི་འབྲི་མོད། "དོན་མེད་ཚིག་ནི་ནེ་ཙོའི་མ་ཎི་ཡིན།" ཞེས་གསུངས་པ་ལྟར་ང་ཚོས་གང་ཞིག་འབྲི་རྒྱུའི་བྱདངོས་དག་ལ་གོ་བ་གཏིང་ཟབ་མོ་དང་ངོས་འཛིན་ཡང་དག་པ་ཞིག་མ་ལོན་པར་གཞན་དག་གི་རྗེས་ཟློས་ཙམ་དུ་འབྲི་བར་བྱེད་པ་ནི་ནེ་ཙོའི་མ་ཎི་འདོན་པ་དང་འདྲ་སྟེ། འདི་ནི་དོན་མ་གོ་བར་དོན་ཙམ་ཞིག་འབྲི་བ་སྟེ། རྩོམ་མཁན་རང་ངོས་ཀྱི་ལྟ་ཚུལ་དང་བསམ་འདུན་གང་ཡང་མེད་པར་སྨྲས་པའི་སྤྱིར་བཏང་གི་བརྗོད་བྱ་ཙམ་ཞིག་སྟེ་འདི་འདྲ་ཡང་བརྗོད་བྱའི་སྙིང་པོས་སྟོང་བའི་རྩོམ་ཡིན་པས་སྤོང་བར་བྱའོ།

          དེ་ལྟ་ན་རྩོམ་འབྲི་བ་གསར་བ་ཚོས། ར་བཟི་དང་སྨྱོན་པ་བྱིས་པ་དག་གིས་ཡིད་ལ་གང་ཤར་ཚང་མ་ངག་ནས་བརྗོད་པར་བྱེད་པ་དང་མི་འདྲ་བར༌། དོན་གྱི་རྣམ་དཔྱད་ཚིག་གི་ཕྲེང་ཞེས་ཐོག་མར་སྙན་ངག་གི་ལུས་ཀྱི་གོ་དོན་སྐབས་ནས་ནན་གྱིས་གསལ་བར་བསྟན་པ་ལྟར་ཡིད་ལ་བསམ་པའི་དོན་གང་དང་གང་ཞིག་རྣམ་པར་དཔྱད་དེ་གཏན་ལ་ཕབ་ནས་དེ་དོན་ཚིག་གི་ཕྲེང་བའི་ནང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གསལ་ཐུབ་པའམ་གོ་རྒྱུ་ཚོར་རྒྱུ་ཡོད་པ་དགོས་སོ།།

          ཁ། ཐེ་ཚོམ་ཅན་ནམ་དོན་མི་གསལ་བའི་སྐྱོན།

          ངེས་པའི་དོན་དུ་རབ་སྦྱར་བའི། ཚིག་རྣམས་ཉིད་ཀྱིས་གལ་ཏེ་དོན། ཐེ་ཚོམ་སྐྱེད་པར་བྱེད་པའང་སྐྱོན། ཞེས་པ་ལྟར། རྩོམ་ཡིག་གི་ནང་དོན་དེ་འམ་འདི། ཡང་ན་གཞན་ཞིག་གང་ཡིན་ལ་བློ་དོགས་བསྐྱེད་དེ་ཀློག་པ་པོས་བརྗོད་དོན་དངོས་གསལ་རྟོགས་མི་ཐུབ་པའི་ཚིག་སྦྱོར་དག་ཀྱང་རྩོམ་པའི་སྐྱོན་ཡིན།

          འདིར་ཡང་དམིགས་བསལ་གྱི་སྐབས་ཡོད་དེ། ཐེ་ཚོམསྐྱེད་པའི་སླད་དུ་ནི། གལ་ཏེ་འགའ་ཞིག་རབ་སྦྱར་ན། འདི་ནི་རྒྱན་ཉིད་དུ་འགྱུར་གྱི། དེ་ལ་སྐྱོན་མེད་འདི་ལྟ་སྟེ། ལུས་སྐྱེས་མིན་པའི་གདུང་བ་ཡིས། ཟིལ་གྱིས་མནན་ཅིང་དུས་རྩུབ་མོས། ཟོས་པའི་མ་སྨད་མ་དེ་མཐོང༌། ཁྱོད་ལ་བདག་གི་རེ་བས་ཅི། འདོད་པས་གཟིར་རམ་ཚ་བས་གདུངས། ཞེས་པ་ངེས་མེད་བྱེད་པའི་ཚིག རྩེད་འཇོའི་སྐྱེས་པ་འཁྲུགས་པར་ནི། བྱ་ཕྱིར་ཕོ་ན་མོས་སྨྲས་སོ།།

          དོན་གཅིག་པའམ་བཟློས་པའི་སྐྱོན།

          "དོན་ཉིད་དམ་ནི་སྒྲ་ལ་ཡང༌། ཁྱད་པར་མེད་པར་སྔར་བརྗོད་པ། གལ་ཏེ་སླར་ཡང་རབ་བསྒྲགས་པ།" ཞེས་གསུངས་པ་ལྟར། རྩོམ་ཡིག་རིང་ཐུང་གང་ཞིག་གི་ནང་དུ་དགོས་པ་དམིགས་བསལ་མེད་པར་བརྗོད་དོན་གཅིག་པ་ཞིག་ཡང་ཡང་གླེང་བ་ནི་བཟློས་པའི་སྐྱོན་ནོ།

          འདིར་ཡང་དམིགས་བསལ་གྱི་སྐབས་ཡོད་དེ། "རྗེས་སུ་བརྩེ་སོགས་ཁྱད་པར་ལས། གལ་ཏེ་འགའ་ཞིག་བརྗོད་འདོད་ན། ཡང་བརྗོད་ལ་སོགས་སྐྱོན་མེད་དེ། འདི་ནི་རྒྱན་དུ་རིགས་པ་ཡིན།" ཞེས་གསུངས་པ་ལྟར། རང་གི་བརྩེ་སེམས་སོགས་ཤུགས་ཆེར་མཚོན་པའམ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྨྲ་བ་དག་ནི་སྐྱོན་མ་ཡིན་ཏེ། དཔེར་ན་གཏམ་པད་མའི་ཚལ་གྱི་ཟློས་གར་ལས།

 

དེས་ན། གལ་ཆེན་དོན་ཆེན་གྱི་ཚུལ་དེ་ལྟའི་དགོས་པ་མེད་ཕྱིན་ཚིག་དོན་བསྐྱར་ཟློས་མི་བྱའོ།།

 

          ང༽ དོན་འགལ་བའི་སྐྱོན།

         "ངག་གཅིག་གམ་ནི་རྒྱུན་ལ་ཡང༌། སྔ་མ་ཕྱི་མ་གཞན་འཇོམས་པ། འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན། ཞེས་ལ་ལྟར་སྤྱིར་ཚིགས་སུ་བཅད་པའི་ངག་གཅིག་གམ་ཡང༌། ཡང་ན་ཚིག་གི་རྒྱུན་ནམ། རྩོམ་ཡིག་གི་མགོ་མཇུག་བར་གསུམ་གྱི་གཞུང་དུ། སྔ་ཕྱི་བར་གསུམ་དུ་བཤད་པའི་དོན་རྣམས་ཕན་ཚུན་མི་མཐུན་པ་གཅིག་གིས་གཅིག་འཇོམས་པ་ལྟ་བུའི་འགལ་བར་གྱུར་བའི་སྐྱོན་ཏེ། དཔེར་ན། 

"དགྲ་རིགས་མཐའ་དག་འཇོམས་པ་དང༌། སྣ་ཚོགས་ཁུར་འདི་རྒྱལ་གྱུར་ཅིག འབྱུང་བོ་ཀུན་ལ་བརྩེ་བ་ཅན། ཁྱོད་ལ་དགྲ་ནི་སུ་ཡང་མེད།" ཅེས་ཚིག་རྐང་སྔ་མ་གཉིས་ཀྱི་ནང་ལ་དགྲ་རིགས་མཐའ་དག་འཇོམས་ནས་རྒྱལ་བར་གྱུར་ཅེས་དང༌། ཚིག་རྐང་ཕྱི་མ་གཉིས་སུ་སེམས་ཅན་ཐམས་ཅད་ལ་རིས་སུ་མ་ཆད་པའི་བརྩེ་བ་ཅན་ཡིན་པས་ཁྱོད་ལ་དགྲ་སུ་ཡང་མེད་དོ།  ཞེས་པ་ལྟ་བུ་ཚིགས་བཅད་གཅིག་གི་ནང་དུ་སྐྱེས་བུ་གཅིག་ལ་འགལ་ཟླའི་དོན་གྱི་བསྟོད་ཚུལ་འདི་འདྲ་ཡང་འབྲི་མཁན་ཡོད་སྲིད། ལྷག་པར་བརྗོད་བྱ་སྣ་འདུས་ཀྱི་རྩོམ་ཡིག་རིང་བོ་འབྲི་དུས་སྔ་ཕྱི་བར་གསུམ་དུ་ལུང་དང་རིགས་པ་འགལ་བ་སོགས་སྐྱོན་ཕྲ་རགས་ཡོང་ངེས་བས་གཟབ་པར་བྱའོ།

          དམིགས་བསལ་སྐྱོན་དུ་མི་འགྱུར་བའི་སྐབས་ཀྱང་ཡོད་དེ། "མངོན་པར་ཆགས་ལྡན་སེམས་ལ་ནི། སྐབས་དེ་འགའ་ཞིག་ཡོད་པ་ན། གང་ལ་འགལ་བའི་དོན་ཅན་གྱི། ཚིག་ཀྱང་མངོན་པར་འདོད་པར་འགྱུར།" ཅེས་པ་སྟེ། དཔེར་ན།

"གཞན་གྱི་བུད་མེད་ལ་སྲེད་པ། འཕགས་པ་དག་གིས་ག་ལ་རིགས། དེ་ཡི་སོ་སྒྲིབ་གཡོ་བ་དག བདག་ནི་ནམ་ཞིག་འཐུང་འགྱུར་རམ།" ཞེས་གཞན་གྱི་བདག་ཏུ་བཟུང་བའི་བུད་མེད་མཛེས་མ་ཞིག་ལ་ཆགས་པའི་སྐྱེས་བུ་ཞིག་གིས་བརྗོད་པ་ལྟར། ཕྱོགས་གཅིག་ནས་ཁྱོ་ག་ཡོད་པའི་བུད་མེད་ལ་འདོད་སྲེད་སྐྱེད་པ་ནི་འཕགས་པའམ་སྐྱེས་བུ་དམ་པ་དག་གིས་མི་འོས་སོ་ཞེས་སྨྲས་ནས། ཡང་བུད་མེད་དེའི་མཆུ་སྒྲོས་སྙིང་རྗེ་བོ་དེའི་འགྲམ་ཆང་ཞིམ་པོ་དེ་བདག་གིས་དུས་ནམ་ཞིག་ལ་འཐུང་ཐུབ་པར་འགྱུར་རམ་ཞེས་ཚིག་སྔ་ཕྱི་འགལ་བ་ལྟར་སྣང་མོད་ཀྱང༌། འདོད་ལྡན་རང་ཉིད་དེར་ཤིན་ཏུ་ཆགས་པས་འདོད་སྲེད་ཀྱི་གཏམ་དེ་ལྟར་ཐལ་བ་ལ་སྐྱོན་མེད་པ་མ་ཟད། ངང་ཚུལ་དེ་མི་འོས་པ་ཞིག་ཡིན་པ་ཤེས་བཞིན་དུ་ཡང་ད་དུང་རང་དབང་མེད་པར་འདོད་སྲེད་སྐྱེ་བའི་བསམ་འདུན་གསལ་བོར་མཚོན་པས་ན་འདོད་ལྡན་དག་གི་རང་གཤིས་ཇི་བཞིན་མཚོན་པའོ།

          འོ་ན། རྩོམ་འབྲི་དུས་རང་ཉིད་ཀྱི་ལྟ་བ་རྣམ་དག་གམ་ཕྱོགས་ལྷུང་ངེས་ཅན་ཞིག་ཡོད་པའི་སྒོ་ནས་རྩོམ་ཡིག་ནང་དུ་ཅི་ཞིག་གི་སྐོར་བྲིས་ཀྱང་ཚིག་དོན་སྔ་ཕྱི་འགལ་བ་མེད་པར་གཅིག་གྲོགས་གཅིག་གིས་བྱེད་ཐུབ་པའམ་ཕན་ཚུན་གཞོགས་འདེགས་བྱེད་ཐུབ་པའི་བརྗོད་དོན་ཁོ་ན་འབྲི་རྒྱུར་གཟབ་པར་བྱའོ།

          གཞན་ཡང་བྱེ་བྲག་ཏུ་ད་དུང༌། དཔེར་ན་བོད་ཀྱི་ས་ཆར་དཔེ་བལྟས་ནས་རྒྱ་གར་ཤིང་ནགས་སུ་འབྲི་གཡག་དང་ཕོ་རོག་མང་ཚུལ་སོགས་བརྗོད་པ་ལྟ་བུ་ཡུལ་ལུང་དང་འགལ་བ། དགུན་དུས་ཁུ་བྱུག་གི་སྐད་སྙན་སྒྲོག་པ་ལྟ་བུ་དང༌། སྔོན་ཆད་བོད་ལ་གནམ་གྲུ་སོགས་ཡོད་ཚུལ་སྨྲ་བ་ལྟ་བུ་ནི་དུས་དང་འགལ་བ། དེང་སང་བོད་མི་ཚོར་ཆོས་དད་མེད་པའམ་ཆོས་ལུགས་མི་དགོས་པར་སྨྲ་བ་སོགས་མི་རིགས་ཀྱི་ཁྱད་ཆོས་དང་འགལ་བ། དལ་བའི་དབྱངས་དང་མྱུར་བའི་གར་སྟབས་ཡིད་དུ་འོང་ལྟ་བུ་སོགས་སྒྱུ་རྩལ་དང་འགལ་བ། ཚ་དྲོད་འབར་བའི་ཙན་དན་ཡལ་གར་རི་བོང་རྭ་རྩེ་བརྡར། ལྟ་བུ་དངོས་པོའི་ཁྱད་ཆོས་དང་འགལ་བ་སོགས་སྤྱིར་ཡོངས་སུ་གྲགས་པ་རྣམས་མི་ནོར་ན་ཡང་རང་ཉིད་འཚོ་བར་ཆ་རྒྱུས་མེད་ཅིང་མཐོང་ཐོས་ཀྱི་རྒྱ་ཆུང་ན་དེ་འདྲའི་སྐྱོན་ཆེན་པོ་དག་ཀྱང་འབྱུང་ཉེན་ཆེ་སྟེ། དཔེར་ན།

 

 

གཉིས་པ། རྗོད་བྱེད་ཚིག་གི་སྐྱོན།

 

གཅིག བརྡ་སྤྲོད་པའི་གཞུང་དང་འགལ་བ།

          ༡། དག་ཆ་མ་ནོར་བ། རྩོམ་རིག་ནི་ངེས་པར་སྐད་ཡིག་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས། མ་མཐའ་ཡང་རྩོམ་འབྲི་བ་ཞིག་ཡིན་ན་ཐོག་མར་མིང་ཚིག་གང་མང་ཞིག་ཤེས་དགོས་པ་མ་ཟད་ཡི་གེའི་དག་ཆ་ཡང་གང་ལེགས་ཤིག་ལྡན་དགོས་ངེས་རེད།

          ༢། ཚིག་གི་མཚམསསྦྱོར་ཉམས་པ།

          ཚིག་ཕྲད་དང་རྣམ་དབྱེ་སྦྱོར་ཚུལ་ལོག་པ་དང༌། ཚིག་སྡུད་བྱེད་སྟངས་མ་འཚམ་པའི་ཚིག་གི་མཚམས་སྦྱོར་ཉམས་པ།

"མཚོན་བྱ་མཚན་ཉིད་ལམ་མ་མཚོན།

ཚིག་སྦྱོར་མཆོག་གིས་མི་འདོད་པ།

སྒྲ་ཉམས་ཡིན་ཏེ་མཆོག་རྣམས་དག

འདོད་པ་ཉིད་ནི་སྐྱོན་མ་ཡིན།" ཞེས་པ་བཞིན་ནོ།

 

གཉིས་པ་ཚིག་གི་སྡེབ་སྦྱོར་མི་སྙན་པ།

          ༡། ཚིག་གི་གཅོད་མཚམས་ཉམས་པ།

          དེ་ཡང་མེ་ལོང་མར།

"ཚིགས་བཅད་རྣམས་ལ་ངེས་པའི་གནས།

ཚིག་གི་གཅོད་མཚམས་ངལ་བསོ་རིག

ཉམས་པས་ཉན་པོ་དགའ་མིན་སྐྱེད།" ཅེས་སྨྲས་པ་ལྟར་ཚིགས་སུ་བཅད་པར་མ་ཟད། ཚིག་ལྷུག་པ་གང་ཞིག་ཡིན་ན་ཡང་ཀློག་ཚེ་ཚིག་གི་མཚམས་ཚིགས་སམ་ངལ་བསོའི་གཅོད་མཚམས་འོས་འཚམ་ཞིག་མེད་ན་ཀློག་མི་བདེ་བའི་སྐྱོན་ཆེ། ཚིག་རྐང་སྙོམ་པའི་སྡེབ་སྦྱོར་ལ་མཚོན་ན་ལྷག་པར་ཚིག་རྐང་སོ་སོའི་ཆ་དང་ཡ་ཡི་གནས་འདྲ་མཚུངས་སུ་དགོས་པ་གལ་ཆེ།

          ༢། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་ངག་གི་བརྗོད་པ་གང་ཞིག་ཡིན་ན་ཡང་བརྡ་སྤྲོད་དང་མ་འགལ་བ་ཙམ་གྱིས་མི་ཆོག་པར་ཚིག་གི་སྦྱོར་བ་ཀུན་ནས་ལེགས་ཤིང་སྙན་ཆ་ལྡན་པ་ཞིག་ཐོན་པར་འབད་དགོས།

"གང་དུ་ཡི་གེ་ཆད་ལྷག་དང༌།

ལྕི་ཡང་ཇི་ལྟ་བཞིན་མི་གནས།

དེ་འདྲ་སྡེབ་སྦྱོར་ཉམས་ཀྱང་སྲིད།"

 

གསུམ་པ། ཚིག་གི་བྱེད་ལས་ཉམས་པ།

          ཐད་ཀར་བརྗོད་པ་དང་ཟུར་གྱིས་བརྗོད་པ་གང་ཞིག་ཡིན་ཡང་ཚིག་དེས་ངེས་པར་སྐབས་དོན་ཞིག་སྟོན་པ་དང་ཞོར་དུ་སྐད་ཆའི་ཉམས་ཀྱང་ཐོན་པའི་རྗོད་ཚིག་ཅིག་ངེས་པར་ཡིན་དགོས།

 

          བཞི་བ་ཚིག་ཚོགས་མང་བའི་སྐྱོན།

          ཚིག་བརྒྱ་ཡིས་དོན་གཅིག་ཀྱང་སྟོན་རྒྱུ་མེད་པའམ། སྐབས་དོན་དང་མ་འབྲེལ་བའི་རྗོད་ཚིག་མང་དུ་སྨྲ་བ། གཞན་ཡང་དོན་ཆུང་ངུ་ཞིག་ལ་ཚིག་གི་མཛེས་རྒྱན་དུ་མས་སྤྲས་པ་བཅས་ནི་ཚིག་རོ་མང་བའི་ཚིག་ཚོགས་སུ་འགྱུར་བས་གཟབ་པར་བྱའོ།

ལྔ་བ། གྲོང་ཚིག་གི་སྐྱོན།

 

          ༡། འདོད་གཏམ་དམར་བརྗོད།

  "།དེ་ལྟ་ན་ཡང་གྲོང་པ་ཉིད།

  །མིན་པའི་ཁུར་འདི་ཕལ་ཆེར་འཛིན།"

          གྲོང་པའམ་འཇིག་རྟེན་པའི་འདོད་གཏམ་དམར་རྗེན་དུ་བརྗོད་པ་མཁས་པའམ་ཡ་རབས་དང༌། མང་པོའི་ཁྲོད་དུ་བརྗོད་རྒྱུ་ནི་ངོ་ཚའི་གནས་ཡིན་པས་སྙན་ངག་གི་རོ་ཉམས་དང་ལྡན་པར་བརྗོད་འོས་ཏེ། དཔེར་ན།

  །ཆགས་ལྡན་བདག་ནི་ཁྱོད་ལ་དགའ།

  །ཅིའི་ཕྱིར་འདོད་པ་སྐོང་མི་བྱེད།

  །ཅེས་འདི་གྲོང་པའོ་དོན་ཅན་ཏེ།

  །ཉམས་དང་བྲལ་བས་སྤང་བར་བྱ།

  །གཡོན་མིག་འདོད་པ་གཏུམ་པོ་ནི།

  །ངེས་པར་བདག་ལ་བརྩེ་བ་མེད།

  །འོན་ཀྱང་་ཁྲོ་མེད་ཁྱོད་ལ་དགའ།

  །ཞེས་འདི་རོ་དང་ལྡན་པས་མཛེས།

 

          ༢། ངོ་ཚའི་ཚིག་སྐྱོན།

   །སྒྲ་ལའང་གྲོང་པ་ཉིད་ཡོད་དེ།

   དེ་ནི་ལེགས་པའི་ཅིག་ཤོས་གྲགས།

          སྙན་ངག་གི་སྐབས་སུ་ཚིག་ཀྱང་ཚོགས་པར་དབྱུང་བར་བྱ་བ། མཁས་པ་རྣམས་དགའ་བར་བྱེད་པའི་སྒྲ་སྦྱར་གྱི། ཚོགས་པར་དབྱུང་དུ་མི་རུང་བ་བླུན་པོ་དགའ་བ་བསྐྱེད་ཀྱང༌། མཁས་པ་རྣམས་ཀྱིས་འཕྱས་གདགས་སུ་རུང་བའི་སྒྲ་མི་སྦྱར་རོ། དཔེར་ན།

  །མོ་མཚན་བཟང་ལྡན་འདི་ཡིས་ནི།

  ཁྱིམ་གཉིས་སུ་ནི་ཕུན་ཚོགས་བསྐྱེད།

  །བྱ་ལྕེ་གཉིས་པ་འདི་ཡིས་ནི།

  །མཛའ་བོ་སོ་སོར་འབྱེད་པར་བྱེད།

ཞེས་པའི་དོན་ནི།

།མཚན་ཉིད་བཟང་ལྡན་བུད་མེད་འདིས།

ཁྱིམ་གཉིས་སུ་ནི་དཔལ་སྟེར་བྱེད།

འདབ་ཆགས་ལྕེ་གཉིས་འདི་དག་གིས།

མཛའ་མཐུན་སོ་སོར་འབྱེད་པར་བྱེད། ཅེས་པ་ཡིན་པས་དོན་ལ་ངོ་ཚ་ཅི་ཡང་མེད་ཀྱང་ཚིག་གི་ཆ་ནས་ངོ་ཚར་འགྱུར་བས་སྤང་བྱའོ།།

 

གསུམ་པ། མཚོན་ཐབས་སྒྱུ་རྩལ་གྱི་སྐྱོན།

 

གཅིག དཔེའི་སྐྱོན།

 

  །བློ་ལྡན་མི་དགྱེས་མེད་གང་ལ།

  །ངེས་པར་དཔེ་ཡི་སྐྱོན་དག་ནི།

  །ཐ་དད་རྟགས་དང་ཚིག་ལ་མེད།

  །དམན་དང་ལྷག་པ་ཉིད་ལའང་མེད།

          རྟགས་དང་ཚིག་ཐ་དད་དམ་དཔེ་དོན་ལྷག་ཆད་ཡོད་ཀྱང་མཚུངས་ཆོས་འོས་པ་དང་སྡེབ་སྦྱོར་ལ་སྐྱོན་མེད་ན་བློ་ལྡན་སྙན་ངག་པ་རྣམས་མི་དགའ་བ་མེད་ཅེས་པའི་དོན།

།མ་ནིང་འདི་འགྲོ་བུད་མེད་བཞིན།

།བུད་མེད་འདི་སྨྲ་སྐྱེས་པ་བཞིན།

།བདག་གི་གྲོགས་འདི་སྲོག་རྣམས་བཞིན།

།རིག་པ་རྣམས་བསྒྲུབས་ནོར་བཞིན་ནོ།

 

།ས་གཞི་སྐྱོང་བ་ཁྱོད་བཞིན་དུ།

།ལྷ་ཡི་རྒྱལ་པོ་རྣམ་པར་མཛེས།

།ཚ་ཟེར་ཅན་གྱི་ནུས་པ་ལ།

།མི་བདག་གཟི་ཡིས་འགོངས་པར་ནུས།

།ཞེས་པ་དེ་ལྟ་བུ་ལ་སོགས།

།སྐལ་བཟང་ནམ་ཡང་གཏོང་མིན་ཉིད།

         

།སྦྱོར་བ་འགའ་ལ་ངག་རིག་རྣམས།

།མི་དགྱེས་པ་ཡོད་ཇི་ལྟར་ན།

།ངང་མོ་བཞིན་དུ་ཟླ་བ་དཀར།

།མཚོ་རྣམས་བཞིན་དུ་མཁའ་དྲི་མེད།

ཁྱི་བཞིན་དཔའ་བོ་རྗེ་ལ་གུས།

།ཉི་མ་བཞིན་དུ་མེ་ཁྱེར་གསལ།

།འདི་འདྲ་སྤངས་ཏེ་མཁས་རྣམས་ཀྱིས།

།རྒྱུ་ཡང་འདིར་ནི་བསམ་པར་བྱོས།

 

          དེ་ཡང་དབྱངས་ཅན་གྱི་མགུལ་རྒྱན་ལས། "རི་སུལ་ཤིང་གཅིག་པ། ནགས་ཚང་ཚིང་ཅན། ཆུ་འབབ་པ་ཞེས་བྱ་བ་ལ་སོགས་པ་དང༌། རི་སུལ་ནགས་ཚང་ཚིང་གི་ནང་ནས་བྲག་གི་བུ་ག་ནས་ཆུ་འབབ་པ་ལ་སོགས་པ་སྐྱོན་ཅན་དུ་བཤད་པ་དང༌། ཁོ་བོའི་རྣམ་པར་རྟོག་པས་བསམས་ན། ཆུ་སྐྱར་བྱི་ལ་ཆོམ་རྐུན་དག །སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས། །མངོན་པར་འདོད་པའི་དོན་སྒྲུབ་པ། །ཞེས་པའི་དོན་ལ་སྐྱོན་ཅི་ཡང་མེད་མོད། སྙན་ངག་གི་སྐབས་ཡིན་ན། མུ་སྟེགས་དག་གིས་ཁྱེད་ཀྱི་ཐུབ་པ་དེ་ལྟར་སྤྱོད་དམ་ཞེས་ཅོ་འདྲིའི་དོགས་པ་ལ། སྐྱེས་རབས་ལས། བྱང་ཆུབ་སེམས་དཔའ་ཉའི་རྒྱལ་པོས་སྨྲས་པ། ཁྭ་རྣམས་རབ་ཏུ་དགའ་བ་མེད་པར་མཛོད། །ཅེས་གསུངས་པ་ལ་བྱང་ཆུབ་སེམས་དཔའི་ཚིག་གི་རྒྱན་དུ་མི་མཛེས་ཏེ། ཁྭའི་འཇིགས་པ་འདི་ལས་བདག་ཅག་སྐྱོབ་ཅེས་བརྗོད་ན་མཛེས་པར་མངོན་ནོ། །འདི་ལྟ་བུའི་དཔེར་བརྗོད་དབྱངས་ཅན་གྱི་མགུལ་རྒྱན་ལས་མང་དུ་བརྗོད་ཀྱང༌། ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་ཏེ། རང་གིས་ལེགས་པར་བརྟགས་ལ་ཤེས་པར་བྱའོ།

 

གཉིས། ཉམས་འགྱུར་འགལ་བའི་སྐྱོན།

 

འདོད་པའི་དོན་ལ་བསྟེན་པ་ཡི།

གར་དང་གླུ་སོགས་སྒྱུ་རྩལ་ཏེ། ཞེས་གསུངས་པ་ལྟར། བརྩམས་ཆོས་ནང་གི་མི་སྣའི་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་མངོན་པར་མཚོན་བྱེད་ལུས་ཀྱི་ཉམས་འགྱུརསྣ་ཚོགས་དང༌། གླུ་དབྱངས་དང་སྨྲེ་ངག་སོགས་ངག་གི་ཉམས་འགྱུར་དུ་མ་ཇི་བཞིན་ཐོན་མིན་ནི་སྒྱུ་རྩལ་མཚོན་ཐབས་ལ་རག་ལས་ཡོད། དེ་ཡང་ལུས་ཁོ་ནའི་ཉམས་འགྱུར་དང་ངག་ཁོ་ནའི་ཉམས་འགྱུར། ལུས་ངག་ཟུང་འབྲེལ་གྱི་ཉམས་འགྱུར་བཅས་ཞིབ་འབྲིའི་ཐབས་ཚུལ་གསུམ་དུ་གཏོགས།

 

          གར་གྱི་ཉམས་དགུ

 

   །སྒེག་པའི་རྒྱན་ལ་མི་སྡུག་དང༌།

   །དྲག་ཤུལ་ངམ་པའི་རྒྱན་མི་སྦྱར།

          ལུས་དང་ལོངས་སྤྱོད་མཛེས་ཤིང་སྒེག་པ་ཡིད་དགའ་བ་བསྐྱེད་པའི་སྙན་ངག་ལ། དེ་དང་འཚམ་པའི་དཔེ་དང་ཚིག་གི་རྒྱན་མཛེས་ཤིང་ཡིད་འཕྲོག་པར་བྱེད་པ་སྦྱར་གྱི། མི་སྡུག་ཅིང་ཡིད་དུ་མི་འབབ་པ་དང༌། དྲག་ཤུལ་གྱི་སྒོ་ནས་སྐྲག་པ་སྐྱེད་པ་དང་ངམ་པའི་སྒོ་ནས་གཞན་ཞུམ་ཞིང་སྤ་སྐོང་བར་བྱེད་པའི་རྒྱན་མི་སྦྱར།

   །དཔའ་བའི་རྒྱན་ལ་དགོད་པ་དང༌།

   །སྙིང་རྗེ་ཞི་བའི་རྒྱན་རྣམས་སྤང༌།

          དཔའ་ཞིང་རྟུལ་ཕོད་པའི་ཚིག་གི་སྦྱོར་བ་ལ་དགོད་ཅིང་བཞད་གད་དུ་འགྱུར་བའི་ཚིག་དང༌། སྙིང་རྗེས་བརྩེ་བ་སྐྱེད་པ་དང༌། ཞི་བས་ཞུམ་ཞིང་ཡིད་འཕམ་པར་བྱེད་པའི་རྒྱན་མི་སྦྱར་ཏེ་ཕན་ཚུན་འགལ་བས་ཚིག་གི་ནུས་པ་འཇོམས་པའི་ཕྱིར་རོ། ནུས་པ་མི་འཇོམས་ཤིང་འགལ་བ་མེད་ན་སྐབས་དང་མཐུན་པར་སྦྱར་བ་ལ་ཉེས་པ་མེད་དོ།

          །མི་སྡུག་པ་ལ་སྒེག་པ་དང༌།

          །སྙིང་རྗེ་ཞི་བའི་རྒྱན་མི་སྦྱར།

          མི་སྡུག་པ་ནི་མཛེས་པ་དང་འགལ་བ་ཡིན་ལ། སྒེག་པ་ནི་མཛེས་པ་དང་འབྲེལ་བའི་ཕྱིར་དང༌། སྙིང་རྗེ་ནི་ཕ་རོལ་འཛིན་པའི་བསམ་པ་ཡིན་ལ། མི་སྡུག་པ་ནི་སྤོང་བའི་རྒྱུ་ཡིན་པའི་ཕྱིར་དང༌། ཞི་བ་ནི་དུལ་ཞིང་ཞི་གནས་དང་མཐུན་པ་ཡིན་ལ། མི་སྡུག་པ་ནི་སེམས་སུན་འབྱིན་པ་རྣམ་པར་གཡེང་བའི་ཆ་དང་མཐུན་པའི་ཕྱིར་ཕན་ཚུན་འགལ་བ་ཡིན་ནོ།

   །དགོད་པའི་རྒྱན་ལ་དྲག་ཤུལ་དང༌།

   །འཇིགས་རུང་སྙིང་རྗེ་ཞི་བ་སྤང༌།

          དགོད་ཅིང་གད་མོ་འབྱིན་པར་བྱེད་པའི་ཚིག་གི་སྦྱོར་བ་ལ་དྲག་ཤུལ་ནི་རྩུབ་པ་སྐྱེད་པར་བྱེད་ལ་རྩུབ་པ་ནི་ངུར་འཇུག་པ་དང་འབྲེལ་གྱི། དགོད་པ་དང་མ་འབྲེལ། སྙིང་རྗེའང་དེ་དང་ཆ་མཐུན་ལ། ཞི་བའང་ཡིད་སྐྱོ་བ་དང་ཆ་མཐུན་གྱི་དགོད་པ་དང་མ་འབྲེལ་ལོ།

   །དྲག་ཤུལ་འཇིགས་རུང་རྣམ་གཉིས་ལའང༌།

  །དེ་བཞིན་སྙིང་རྗེ་ཞི་བ་སྤང༌།

          དྲག་ཤུལ་འཇིགས་སུ་རུང་བ་ནི་རྩུབ་ཅིང་གཞན་ལ་གནོད་པའི་ཆོས་ཡིན་ལ། སྙིང་རྗེ་དང་ཞི་བ་ནི་འཇམ་ཞིང་ཕན་འདོགས་པ་ཡིན་པས་ཕན་ཚུན་འགལ་བའི་ཕྱིར་རོ།

།སྙིང་རྗེ་ཞི་བ་རྣམ་གཉིས་ལ།

  །སྒེག་དང་དཔའ་དགོད་དྲག་ཤུལ་དང༌།

  །འཇིགས་རུང་ངམ་པ་དྲུག་པོ་སྤང༌།

          སྙིང་རྗེ་དང་ཞི་བ་ནི་ཕན་འདོགས་ཤིང་དུལ་བའི་ཡན་ལག་ཡིན་ལ། སྒེག་པ་ནི་འཕྱར་བ་དང་གཡེང་ཞིང་རྣམ་པར་མ་ཞི་བའི་ཆོས་ཡིན། དེ་བཞིན་དུ་དཔའ་བ་དང༌། དགོད་པ་དང༌། དྲག་ཤུལ་དང༌། འཇིགས་སུ་རུང་བ་ནི་དེ་དག་ལས་བཟློག་པ་ཡིན་པའི་ཕྱིར་རོ།

          གལཏེ་ཆོས་དང་འབྲེལ་བའི་སྐབས་སུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དཔའ་དང་འཇིགས་སུ་རུང་བ་ལ་སོགས་པ་འགའ་ཞིག་མི་འགལ་བ་ནི། གོང་དུ་དཔའ་བའི་སྐབས་སུ་བཤད་པ་ལྟར་སྐབས་དང་སྦྱར་བ་བཤད་པར་བྱའོ།།

   །ངམ་པའི་རྒྱན་ལ་སྙིང་རྗེ་དང༌།

   །ཞི་བ་གཉིས་ནི་རྣམ་པར་སྤང༌།

 

          སྒེག་པ་བསྔགས་པའི་སྐབས་སུ་སྙིང་རྗེ་དང་གཞན་རྣམས་རྣམ་པ་ཅུང་ཟད་འགལ་བ་ཡིན་ཡང༌། བརྗོད་འདོད་ཀྱི་སྟོབས་ཀྱིས་སྐྱོན་མེད་ཅིང་ཡོན་ཏན་དུ་འགྱུར་ན་སྐབས་དང་སྦྱར་ཏེ་སྙན་ངག་གི་ཚུལ་དང་མི་འགལ་ན་སྐྱོན་མེད།

།སྙིང་རྗེ་ཞི་བ་རྣམ་གཉིས་ལ།

།སྒེག་ཅིང་དཔའ་བ་ལ་སོགས་པའི།

།ཚིག་རྒྱན་སྦྱར་ན་གཉིས་པོ་འཇིག

།དེ་ཕྱིར་བཅོས་མའི་དཔེ་རྒྱན་སྤང༌།

          སྙིང་རྗེ་དང་ཞི་བ་གཉིས་རང་བཞིན་གྱིས་ཉེ་བར་ཞི་བ་ཡིན་པས་དེ་དང་མཐུན་པའི་རང་བཞིན་གྱིས་རྒྱན་རྐང་གི་ཁོང་ནས་སྐྱེས་བའི་ཚིག་བརྩེ་བ་དང་དུལ་བ་བསྐྱེད་ནུས་པས་ཕ་མས་བུ་སྡུག་པ་ལ་བརྗོད་པ་ལྟ་བུ་མ་བཅོས་པ་ཉིད་རྒྱན་གྱི་དམ་པ་ཡིན་ནོ། །འདི་ལ་བཅོས་མའི་ཚིག་རྒྱན་མི་སྦྱར་ཏེ། སྦྱར་ན་བརྩེ་བ་དང་དུལ་བ་ངང་གིས་སྐྱེས་པ་བཅོས་ནས་བྱས་པ་ལྟ་བུར་འགྱུར་བའི་ཕྱིར་རོ། །སྙིང་རྗེའི་དཔེ་བརྗོད་པ་ཐམས་ཅད་སྒྲོལ་དང༌། ཞི་བའི་དཔེ་བརྗོད་པ་ལྕགས་ཀྱི་ཁྱིམ་དུ་སྐྱེས་པའི་རབས་ལ་སོགས་པ་ལྟར་ཤེས་པར་བྱའོ།།

   །སྒེག་སོགས་རྣམས་ལ་ཞི་བའི་དཔེ།

   །མི་འཇུག་ཞི་ལ་སྒེག་སོགས་བཞིན།

   །དེ་བཞིན་ཕན་ཚུན་འགལ་བའི་དཔེ།

   །ཀུན་ལ་རང་གིས་བརྟགས་ཏེ་སྦྱར།

          ཞི་བ་ལ་སྒེག་པ་ལ་སོགས་པའི་དཔེ་མི་འཇུག་པ་བཞིན་དུ། སྒེག་པ་ལ་ཞི་བའི་དཔེ་དང༌། དྲག་ཤུལ་ལ་སྙིང་རྗེའི་དཔེ་མི་འཇུག་པ་བཞིན་དུ་སྙིང་རྗེ་ལ་དྲག་ཤུལ་གྱི་དཔེ་མི་འཇུག་པ་ལ་སོགས་པ་རང་གིས་བློས་བརྟགས་ཏེ་ཤེས་པར་བྱའོ།།

 

གསུམ། སྒྲིག་གཞི་མི་འཚམ་པ།

         

མདོར་བསྟན་རྗེས་སུ་མཐུན་པར་ནི།

གལ་ཏེ་རྗེས་བསྟན་མ་བྱས་ན།

རིམ་པ་ཉམས་པའི་སྐྱོན་ཡིན་དོར།

 

འགྲོ་བ་རྣམས་ཀྱི་གནས་པ་དང༌།

སྤྲུལ་དང་འཇིག་རྒྱུ་མ་སྐྱེས་པ།

བདེ་འབྱུང་སྲེད་མེད་ཆུ་སྐྱེས་ཀྱི།

སྐྱེ་གནས་ཅན་གྱིས་ཁྱེད་རྣམས་སྲུངས།།

རིག་བྱེད་གཏམ་རྒྱུད་ལས། འཇིག་རྟེན་འདི་ཐོག་མར་ལྷ་ཆེན་ཚངས་པས་སྤྲུལ་པ་དང་དེ་ནས་ཁྱབ་འཇུག་གི་མཐུས་གནས་པ་དང་མཐར་བདེ་འབྱུང་དབང་ཕྱུག་གིས་འཇིག་པའམ་སྡུད་པར་བྱེད་ཅེས་པའི་གོ་རིམ་འཆོལ་ནས་སྨྲས་པའོ། 

 

འཇིག་རྟེན་གནས་པ་དང་ཐོག་མར་སྤྲུལ་པ་དང་མཐར་

དབང་ཕྱུག་དང་ཁྱབ་འཇུག་དང་ཚངས་པ་གསུམ། 

 

འབྲེལ་བ་ངེས་པར་ཤེས་པའི་རྒྱུར།

གང་ཡང་གལ་ཏེ་འབད་བྱས་ན།

རིམ་པ་འདས་ཀྱང་སྐྱོན་མིན་དཔེར།

གཉེན་དང་ལུས་དང་ཡུལ་གཏོང་བའི།

དང་པོ་མཐའ་མ་ཉོན་མོངས་རིང༌།

བར་མ་སྐད་ཅིག་གཏོང་བ་འོ།

 

 

བཞི། ཕྱི་རོལ་ཡུལ་དང་འགལ་བའི་སྐྱོན།

 

རི་ནགས་ཡུལ་འཁོར་ལ་སོགས་ཡུལ།

ཉིན་མཚན་དུས་དྲུག་ལ་སོགས་དུས།

འབྱུང་བོ་རྒྱུ་དང་མི་རྒྱུ་བའི༌།

འཇུག་པ་འཇིག་རྟེན་མིང་ཅན་ནོ།

རིགས་པ་གཏན་ཚིགས་རིགས་བདག་ཉིད།

ཐོས་བཅས་གསུངས་པ་ལུང་ཉིད་དེ།

སྙན་ངག་མཁན་པོ་བག་མེད་ལས།

དེ་དེར་ཇི་ལྟར་གྲགས་པ་བཞིན།

མིན་པར་བརྗོད་པ་དག་ཀྱང་སྐྱོན།

 

 

ཞོར་དུ་སྐྱོན་དུ་མི་འགྱུར་ཚུལ། 

 

     ས་པཎ་གྱིས། “དངོས་པོའི་གནས་ལུགས་འཆད་པ་དང་། །སྐྱོན་ཡོན་བསྔགས་པ་རྣམ་གཉིས་ཡོད། །སྐྱོན་དང་ཡོན་ཏན་སྒྲོག་པ་ན། །སྙན་ངག་མཁན་གྱི་ལུགས་བཞིན་དུ། །བྱ་རྒོད་ཕུང་པོའི་རི་ལ་ཡང་། །མཐོ་བ་ཟླུམ་པ་ལ་སོགས་བཤད། །བོད་ཀྱི་ཐང་ཆེན་ཇི་བཞིན་དུ། །འཕགས་པའི་ཡུལ་གྱི་རི་ཆེན་ཡིན། །དེ་ལྟར་འཆད་ལ་སྙན་ངག་མཁན། །སྐྱོན་དུ་བརྩི་བ་གང་ཡང་མེད། །དངོས་པོའི་གནས་ལུགས་འཆད་པ་ན། །ལྷག་ཆད་འཁྲུལ་བ་བྱུང་བ་ལ། །དེ་ལ་མཁས་རྣམས་སྐྱོན་དུ་བརྩི།

 

         དེ་ལྟར་ཚིག་དོན་སོགས་སྐྱོན་གང་གིས་ཀྱང་མ་གོས་པར་སྐབས་དོན་ལེགས་ཤིང་སྙན་པར་སྦྱར་ན། "ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།"ཞེས་གསུངས་པ་བཞིན་དུ་འགྱུར་རོ།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php